Jump to content

བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་རྒྱལ་སྲས་འཇུག་ངོགས།

From Wikisource

Page: 1 ༄༅། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་རྒྱལ་སྲས་འཇུག་ངོགས་བཞུགས་སོ། །

Page: 2 ༄༅། །རྗེ་བཙུན་དམ་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཞབས་ལ་གུས་པར་ཕྱག་འཚལ་ལོ། །གང་གི་མཁྱེན་པ་ཉེས་པ་ཀུན་ཟད་མཚན་དཔེའི་དཔལ་ འབར་སྐུ་བཞིའི་དཀྱིལ་འཁོར་ཆོས་དབྱིངས་མཁར་འཕགས་ཏེ། །ཐུགས་རྗེ་ཆེན་པོས་ཡན་ལག་དྲུག་ཅུའི་གསུང་གི་འོད་ཟེར་མཐའ་ཡས་འགྲོ་ལ་དྲི་མེད་རབ་འཕྲོ་ཞིང༌། །ལྷུན་ གྱིས་གྲུབ་ཅིང་རྒྱུན་མི་འཆད་པའི་མཛད་པ་བཟང་པོས་མཐའ་ཡས་འགྲོ་བའི་མུན་པ་སེལ་མཛད་པ། །ཐུབ་དབང་རྣམས་དང་བླ་མ་སྐྱེས་ཆེན་འཇམ་པའི་དབྱངས་ཀྱི་ཞབས་ལ་བདག་ ནི་གུས་པར་ཕྱག་འཚལ་ལོ། །རང་ཉིད་ཚེ་རབས་ཀུན་ཏུ་འདྲིས་ཕྱིར་དང༌། །སྐལ་མཉམ་གཞན་ལའང་ཕན་པར་འགྱུར་སྙམ་དུ། །རྒྱལ་སྲས་དམ་པའི་སྤྱོད་ལ་འཇུག་པ་ཡི། །

Page: 3 ༄༅། །ཚིག་དོན་མཁས་པའི་བཞེད་པ་བཞིན་དུ་བྲི། །རང་ལྟ་མཆོག་འཛིན་ཞགས་པས་བཅིངས་པ་ཡིས། །དམན་པའི་བྱང་ཆུབ་ཐོབ་པར་བྱེད་པ་ལ། །ཟབ་མོའི་ དེ་ཉིད་རྟོགས་པ་མི་དགོས་ཞེས། །བཞེད་པ་ལོག་པར་འཆད་རྣམས་བསལ་གྱིས་ཉོན། །དེ་ལ་འདིར་རྒྱལ་བ་ཐུབ་པའི་དབང་པོ་དེ་ཉིད་ཀྱིས་དང་པོར་བྱང་ཆུབ་ཀྱི་མཆོག་ཏུ་སེམས་ བསྐྱེད། བར་དུ་བསྐལ་པ་གྲངས་མེད་དུ་མར་སྦྱིན་སོགས་ཕར་ཕྱིན་གྱི་སྤྱོད་པས་ཚོགས་གཉིས་རྫོགས་པར་བྱས་ཤིང༌། མཐར་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འ ཁོར་ལོ་རིམ་པ་གསུམ་དུ་བསྐོར་བར་མཛད་དེ། དང་པོར་འཕགས་པའི་བདེན་པ་བཞི་ལ་ལན་གསུམ་དུ་བཟླས་ཤིང་རྣམ་པ་བཅུ་གཉིས་སུ་བསྐོར་བར་མཛད་དོ། །ཉན་ཐོས་ཀྱི་

Page: 4 རིགས་ཅན་རྒྱུད་སྨིན་པ་ཁ་ཅིག་ལ་ནི་བདེན་པ་བཞི་བསྟན་པ་ཙམ་གྱིས་ཀྱང༌། རྟེན་འབྱུང་སྤྲོས་པའི་མཐའ་དང་བྲལ་བ་ཁོང་དུ་ཆུད་པར་འགྱུར་ལ། མགོན་པོ་ཀླུ་སྒྲུབ་ཀྱི་བསྟན་བཅོས་དང༌། རིགས་པ་དྲུག་ཅུ་པའི་འགྲེལ་པ་སློབ་དཔོན་ ཟླ་བ་གྲགས་པས་བཀྲལ་བ་ལྟར། ཐེག་པ་དམན་པའི་སྡེ་སྣོད་རྣམས་ལས་དངོས་སུ་ཡང་བདག་མེད་ཕྲ་མོ་ལན་དུ་མར་གསུངས་སོ། །དེ་ནས་མདོ་རྒྱས་འབྲིང་བསྡུས་གསུམ་སོགས་གང་ཟག་དང་ཆོས་ལ་བདག་མེད་རྒྱས་པར་སྟོན་པའི་ ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བར་མཛད་དོ། །དེ་ནས་ཐབས་ཀྱི་ཆ་རྒྱ་ཆེན་པོ་དང་བཅས་པའི་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་བར་མཛད་དོ། །དེ་ལ་སྤྱིར་གསུང་རབ་མཐའ་དག་གི་དགོངས་ པ་འགྲེལ་ཞིང༌། ཁྱད་པར་དུ་ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་དགོངས་པ་རྫོགས་པར་བཀྲལ་ནས་གསུང་རབ་མཐའ་དག་ཐེག་པ་ཆེན་པོའི་རིགས་དང་ལྡན་པའི་གང་ཟག་གཅིག་སངས་རྒྱ་བའི་ལམ་གྱི་ཡན་ལག །ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ རྒྱས་པར་གཏན་ལ་འབེབས་པའི་དམ་པའི་ཆོས་སྤྱོད་པ་ལ་འཇུག་པ་ནི་གང་བཤད་པར་བྱ་བའོ། །བསྟན་བཅོས་འདིའི་མཛད་པ་པོ་ནི་སློབ་དཔོན་འཕགས་པ་ཞི་བའི་ལྷ་གསུང་རབ་མཐའ་དག་གི་དགོངས་པ་རྫོགས་པར་རྟོགས་ཤིང༌། བདག་ པས་གཞན་གཅེས་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ། རང་ཉིད་འབའ་ཞིག་གི་བདེ་བ་ལ་ལྟོས་པ་མེད་པ་གཞན་གྱི་ཕན་བདེ་ལ་མཐའ་གཅིག་ཏུ་གཞོལ་བ། ཁྱད་པར་དུ་རྣལ་འབྱོར་བླ་མེད་ཀྱི་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་སྤྱད་པའི་སྒོ་ནས།

Page: 5 ༄༅། །ཐེག་པ་ཆེན་པོའི་ལམ་རྫོགས་པར་མཛད་པ་དེ་ཉིད་དོ། །དེས་མཛད་པའི་བསྟན་བཅོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལ་བཞི། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་ ཏོ། །དང་པོ་ནི། རྒྱ་གར་ན་སྐད་རིགས་བཞི་ཡོད་པ་ལས་སཾ་སྐྲྀ་ཏའི་སྐད་དུ། བསྟན་བཅོས་འདིའི་མིང་བོ་དྷི་ནི་བོད་སྐད་དུ་བྱང་ཆུབ་དང༌། ས་ཏྭ་ནི་སེམས་དཔའ་དང༌། ཙཱརྱ་ནི་སྤྱོད་པ་དང༌། ཨ་བ་ཏ་ར་ནི་འཇུག་པ་ཞེས་བྱའོ། །བམ་པོ་དང་ པོ། གཉིས་པ་ནི། སངས་རྒྱས་དང་ཞེས་སོགས་ཏེ་ཕྱོགས་གང་དུ་གཏོགས་པ་ངོས་བཟུང་བའོ། །དེ་ཡང་འགྱུར་གྱི་བར་ཆད་ཞི་བ་དང༌། སྡེ་སྣོད་མཐའ་དག་གི་དགོངས་འགྲེལ་ཡིན་ཡང༌། གཙོ་བོར་མདོ་སྡེའི་སྡེ་སྣོད་ཀྱི་དགོངས་འགྲེལ་དུ་ ཤེས་པར་བྱའོ། །བམ་པོའི་གྲངས་ཀྱི་བཤད་པ་གོ་བར་སླ་བས་མ་བཀོད་དོ། །གསུམ་པ་ལ་གཉིས། ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་བཤད་པ་ལ་འཇུག་པའི་བྱ་བ། ལམ་གྱི་རིམ་པ་བཤད་པ་དངོས་སོ། །དང་པོ་ལ་གསུམ། མཆོད་ བརྗོད་དང༌། བཤད་པར་དམ་བཅའ་དང༌། ཁེངས་སྐྱུང་ཞིང་རྩོམ་པར་སྤྲོ་བའི་རྒྱུ་མཚན་ནོ། །དང་པོ་ལ་གསུམ། དགོས་དོན་དང༌། བསྡུས་དོན་དང་། ཚིག་དོན་ཏོ། །དང་པོ་ནི། ཡུལ་ཁྱད་པར་ཅན་གྱི་ཡོན་ཏན་བརྗོད་ཅིང་སྐྱབས་སུ་སོང་བས་ རང་ཉིད་སྐྱེས་བུ་དམ་པར་རྟོགས་པ་དང༌། བསྟན་བཅོས་རྩོམ་པ་སོགས་ཀྱི་བར་ཆད་ཞི་བ་དང༌། མཐར་ངེས་ལེགས་ཐོབ་ཅིང་གདུལ་བྱ་གཞན་གྱིས་ཀྱང་དེའི་རྗེས་སུ་ཞུགས་པས་ལེགས་ཚོགས་ཐམས་ཅད་འགྲུབ་པའོ། །གཉིས་པ་ནི།

Page: 6 དཀོན་མཆོག་གསུམ་དང་ཕྱག་བྱ་བའི་འོས་སུ་གྱུར་པ་གཞན་དག་ལ་ཡང་ཕྱག་འཚལ་བ་བསྟན་ཏོ། །གསུམ་པ་ནི། སུ་ག་ཏའི་སྒྲ་སྤངས་པ་དང་རྟོགས་པ་གཉིས་ལ་བཤད་དུ་ཡོད་པས་སྤངས་པ་ཕུན་ཚོགས་ཀྱི་ཡོན་ཏན་ནི། སྐྱེས་བུ་གཟུགས་ ལེགས་པ་བཞིན་དུ་ཉོན་མོངས་པའི་སྒྲིབ་པ་ཟད་པར་སྤངས་པས་ལེགས་པའམ་མཛེས་པར་གཤེགས་པ་དང༌། རིམས་ནད་ལེགས་པར་བྱང་བ་བཞིན་དུ་ཉོན་མོངས་པའི་དབང་གིས་སླར་འཁོར་བར་མི་ལྡོག་པར་གཤེགས་པ་དང༌། བུམ་པ་ ལེགས་པར་གང་བ་བཞིན་དུ་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་ཟད་པར་སྤངས་པས་མ་ལུས་པར་གཤེགས་པས་བདེ་བར་གཤེགས་པའོ། །བདེ་བ་ནི་ལེགས་པ་སོགས་དང༌། གཤེགས་པ་ནི་དེའི་བདག་ཉིད་དུ་སོན་པའོ། །དེ་གསུམ་གྱིས་ རིམ་པ་བཞིན་དུ་ཕྱི་རོལ་པའི་ཆགས་བྲལ་དང༌། རྒྱུན་ཞུགས་ཕྱིར་འོང་སོགས་དང༌། དམན་པའི་དགྲ་བཅོམ་ལས་ཁྱད་པར་དུ་བྱས་པའོ། །རྟོགས་པ་ཕུན་ཚོགས་ཀྱི་དབང་དུ་བྱས་ན་བདག་མེད་པ་གཉིས་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་ མཁྱེན་པ་དང༌། མཁྱེན་པ་བརྟན་པ་དང༌། མ་ལུས་པར་མཁྱེན་པས་བདེ་བར་གཤེགས་པའོ། །དེ་དག་གིས་ཀྱང་རིམ་པ་བཞིན་དུ་གང་ཟག་གསུམ་ལས་ཁྱད་པར་དུ་འཕགས་པའོ། །དེས་སངས་རྒྱས་དཀོན་མཆོག་ལ་བསྟོད་པ་བསྟན་ཏོ། །དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་དྲི་མ་མཐའ་དག་དང་བྲལ་བའི་ཆོས་ཀྱི་སྐུ་ནི་ཆོས་དཀོན་མཆོག་སྟེ། དེ་གང་ལ་མངའ་བ་ནི་བདེ་བར་གཤེགས་པའོ། །སྔ་ཕྱི་གཉིས་ཀྱིས་གཟུགས་ཀྱི་སྐུ་གཉིས་ཀྱང་བསྡུས་ཤིང༌། ཚིག་ཕྱི་མས་

Page: 7 ༄༅། །བྱང་ཆུབ་སེམས་དཔའི་འགོག་ལམ་ཡང་མཚོན་པས། སངས་རྒྱས་དཀོན་མཆོག་དང་ཐེག་པ་ཆེན་པོའི་ཆོས་དཀོན་མཆོག་མཐའ་དག་ཕྱག་གི་ཡུལ་ལོ། །སྲས་ནི་བྱང་ཆུབ་སེམས་དཔའ་འཕགས་པ་སྟེ། དེ་དང་ བཅས་པའི་དཀོན་མཆོག་གསུམ་མོ། །དེ་དག་དང་གཞན་ཡང་ཕྱག་བྱ་བའི་འོས་སུ་གྱུར་པ་མཁན་པོ་དང་སློབ་དཔོན་ལ་སོགས་ཀུན་ལའང་སྒོ་གསུམ་གུས་པས་ཕྱག་འཚལ་བའོ། །ཏེ་ནི་ཁྲུས་བྱས་ཏེ་ཟས་ཟ་ཞེས་པ་ལྟར་འོག་མ་འདྲེན་ པའོ། །གཉིས་པ་ལ་བཞི། བརྗོད་བྱ་ངོས་བཟུང་བ་དང༌། རང་བཟོའི་ཉེས་པ་སྤང་བ་དང༌། ཟློས་པ་སྤང་བ་དང༌། དགོས་སོགས་བཞི་ངོས་བཟུང་བའོ། །དང་པོ་ནི། བརྗོད་པར་བྱ་ཞེས་དྲང་ངོ༌། །གང་ན་བདེ་བར་གཤེགས་པའི་སྲས་བྱང་ ཆུབ་སེམས་དཔའ་རྣམས་ཀྱི་དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད། སྦྱིན་སོགས་ཕར་ཕྱིན་གྱི་སྤྱོད་པ་ཉམས་སུ་བླངས་ཏེ་སངས་རྒྱས་ཐོབ་པར་བྱེད་པའི་ལམ་གྱི་རིམ་པ་མཐའ་དག་འདུས་པའི་སྡོམ་མོ། །ཊཱིཀྐ་ཁ་ཅིག་གིས་སྡོམ་པ་འབའ་ ཞིག་ལ་བཤད་པ་ནི་ཚིག་གི་དོན་མ་ཡིན་ནོ། །གཉིས་པ་ནི། ཁྱོད་ཀྱིས་རང་བཟོར་བྱས་པ་མ་ཡིན་ནམ། འདི་སུ་ཞིག་འཛིན་པར་འགྱུར་ཞེ་ན། དེའི་སྐྱོན་མེད་དེ། ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་མཐའ་དག་བཤད་པ་ལ་འཇུག་པ་ནི་ སྟོན་པའི་ལུང་གསུང་རབ་ཇི་ལྟ་བ་བཞིན་དུ་འཆད་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། འོ་ན་ལུང་ལ་བརྟེན་ནས་རྟོགས་པར་བྱས་པས་ཆོག་གི ། འདི་བརྩམས་པས་ཅི་བྱ་ཞེ་ན། ཟློས་པའི་སྐྱོན་མེད་དེ་ལུང་གི་དོན་བདེ་བླག་ཏུ་རྟོགས་

Page: 8 པའི་ཆེད་དུ་མདོར་བསྡུས་ནས་ནི་འཆད་པ་ཡིན་པའི་ཕྱིར་རོ། །བཞི་པ་ནི། ཐེག་པ་ཆེན་པོའི་ལམ་འབྲས་བུ་དང་བཅས་པ་བརྗོད་བྱ་དང༌། བསྟན་བཅོས་འདི་ལ་བརྟེན་ནས་དེ་ཁོང་དུ་ཆུད་པ་དགོས་པ་དང༌། དེ་ལ་བརྟེན་ནས་མཐར་སངས་ རྒྱས་ཐོབ་པ་ཉིང་དགོས་དང༌། ཕྱི་མ་ཕྱི་མ་སྔ་མ་སྔ་མ་མེད་ན་མི་འབྱུང་བ་འབྲེལ་བའོ། །རྩོམ་པར་དམ་བཅའ་བའི་དགོས་པ་ནི། དམ་བཅས་པ་མཐར་ཕྱིན་པའི་ཆེད་ཡིན་ནོ། །གསུམ་པ་ལ་གསུམ། ཁེངས་སྐྱུངས་ཏེ་གཞན་དོན་དུ་གཙོ་བོར་ མ་མཛད་པ་དང༌། བསྟན་བཅོས་རྩོམ་པར་སྤྲོ་བའི་རྒྱུ་མཚན་དང༌། སྐལ་བ་མཉམ་པ་གཞན་གྱི་ཡང་དོན་དུ་འགྱུར་བར་བསྟན་པའོ། །དང་པོ་ནི། གསུང་རབ་ཇི་ལྟ་བ་བཞིན་བརྗོད་པ་ཡིན་ན། གསུང་རབ་ལ་བརྟེན་ནས་རྟོགས་པར་བྱ་བ་ཡིན་གྱི་འདི་ བརྩམས་པས་ཅི་བྱ་ཞེ་ན། གསུང་རབ་ལ་བརྟེན་ནས་དེའི་དོན་བདེ་བླག་ཏུ་རྟོགས་ནུས་པའི་གང་ཟག་གཞན་གྱི་དོན་དུ་བདག་གིས་བསྟན་བཅོས་འདི་མ་བྱས་ཏེ། བརྗོད་བྱའི་དོན་སྔོན་ཆད་གསུང་རབ་ལས་མ་བྱུང་བ་ཅུང་ཟད་ཙམ་ཡང་བསྟན་ བཅོས་འདིར་བརྗོད་དུ་མེད་ལ། དོན་ལ་ཁྱད་མེད་ཀྱང་ཚིག་ལ་ཡི་གེ་ལྕི་ཡང་སྤེལ་བ་ལ་སོགས་པའི་སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་པ་མིན་ཏེ། རྒྱུ་མཚན་གཉིས་པོ་དེའི་ཕྱིར་རོ། །གཉིས་པ་ནི། ཞི་བ་ལྷ་ངས་བསྟན་བཅོས་འདི་ བརྩམས་པ་ལ་དགོས་པ་ཡོད་དེ། སྔར་ཤེས་ཟིན་པ་རྣམས་མི་ཉམས་ཤིང་འཕེལ་བའི་དོན་དུ་རང་གི་ཡིད་ལ་གོམས་པའི་ཆེད་ཡིན་པའི་ཕྱིར། འདི་ཞེས་པའི་ཉེ་ཚིག་སྨོས་པ་ནི། སློབ་དཔོན་གྱི་ཐུགས་ལ་རྫོགས་པ་ལ་དགོངས་པའམ་ཡང་ན་འདི་

Page: 9 ༄༅། །བརྩམས་པ་ཡིན་གྱི་རྫོགས་པ་ནི་མ་ཡིན་ནོ། །ཞེས་པའི་ཐ་ཚིག་གོ ། རང་གི་དོན་དུ་རྩོམ་ན་རང་གིས་ཁོང་དུ་མ་ཆུད་ན་བསྟན་བཅོས་རྩོམ་པར་མི་རིགས་ལ་ཁོང་དུ་ཆུད་ན་དེ་ཉིད་གོམས་པར་རིགས་མོད་བསྟན་བཅོས་བརྩམས་ ཅི་དགོས་ཤེ་ན་སྐྱོན་མེད་དེ། དགེ་བ་རྒྱ་ཆེན་པོ་ལ་སྔར་ནས་ཞུགས་པ་རྒྱུན་མ་ཆད་པར་སྒོམ་པའི་ཕྱིར་ཡིན་ལ་བསྟན་བཅོས་སུ་བཀོད་པས་ཀྱང་ཡིད་གོང་ནས་གོང་དུ་འཕེལ་བར་འགྱུར་བས། བདག་གི་དད་པ་དང་ཤེས་རབ་དང་སྙིང་རྗེ་ལ་ སོགས་པའི་ཤུགས་བསྟན་བཅོས་སུ་བཀོད་པ་འདི་དག་གིས་ཀྱང་རེ་ཤིག་དང་པོར་རང་གི་རྒྱུད་ལ་འཕེལ་བར་འགྱུར་ལ་དེ་ནས་བསྟན་བཅོས་འདི་མཐོང་བའི་སྐལ་མཉམ་གཞན་གྱིས་ཀྱང་ཁོང་དུ་ཆུད་པར་འགྱུར་རོ། །རེ་ཤིག་དང་ལ་ ཞེས་པའི་ཚིག་གི་ནུས་པས་གཞན་ལ་ཕན་པ་འཕེན་པར་བྱེད་པ་ཡིན་ནོ། །གསུམ་པ་ནི། གཞན་གྱི་དོན་དུ་ཡང་ངེས་པར་འགྱུར་ཏེ། བདག་དང་སྐལ་བ་མཉམ་པ་ཐེག་པ་ཆེན་པོའི་གང་ཟག་གཞན་གྱིས་ཀྱང་ཅི་སྟེ་གཞུང་དུ་བཀོད་པ་འདི་དག་ མཐོང་ན་རང་ཉིད་བཞིན་དུ་དོན་ཡོད་པར་འགྱུར་བས་སོ། །འགྲེལ་ཆེན་དུ་ཅི་སྟེ་ཞེས་པ་གལ་ཏེ་ཞེས་བཤད་ནས་རང་དོན་དུ་བྱེད་པ་མྱོང་བས་གྲུབ་པ་གལ་ཏེ་གཞན་གྱིས་མཐོང་ན་ཡང་དོན་ཡོད་ཅེས་བཤད་པ་ནི། དོན་འདྲ་སྟེ་དོན་ནི་གཞན་དོན་དུ་ བསྟན་བཅོས་རྩོམ་པའི་དགོས་པ་བཤད་པ་ཡིན་ནོ། །སྔར་དགོས་འབྲེལ་གྱི་དོན་བསྟན་པ་ཡང་བསྟན་བཅོས་འདི་ལ་གཞན་དག་འཇུག་པའི་ཡན་ལག་ཏུ་བསྟན་པར་ཤེས་པར་བྱའོ། །

ལེའུ་དང་པོ། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བཤད་པ།

[edit]

གཉིས་པ་ལམ་གྱི་རིམ་པ་བཤད་པ་དངོས་ལ་གཉིས།

Page: 10 དལ་འབྱོར་གྱི་རྟེན་ལ་སྙིང་པོ་བླང་བའི་ཕྱིར་བསྐུལ་བ་དང༌། སྙིང་པོ་ཇི་ལྟར་ལེན་པའི་ཚུལ་བཤད་པའོ། །དང་པོ་ནི།དལ་འབྱོར་ཐོབ་པའི་རྟེན་འདི་ལ་ངེས་པར་དམ་པའི་ཆོས་སྒྲུབ་དགོས་ཏེ། ཆོས་བཅོ་བརྒྱད་དང་ལྡན་པའི་དལ་འབྱོར་འདི་ནི་ རྙེད་པ་ཤིན་ཏུ་དཀའ་སྟེ་དེའི་རྒྱུ་སྒྲུབ་པ་ཤིན་ཏུ་དཀོན་པའི་ཕྱིར་ཏེ། མི་ལུས་ཙམ་ཞིག་ཐོབ་པ་ལ་ཡང་ཚུལ་ཁྲིམས་སྣ་གཅིག་བསྲུང་དགོས་ལ། དལ་འབྱོར་ཁྱད་པར་ཅན་ཐོབ་པ་ལ་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང༌། སྦྱིན་པ་ལ་ སོགས་པས་གྲོགས་བྱས་སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་བ་དགོས་ན་དེ་སྒྲུབ་པ་ཤིན་ཏུ་རྙེད་དཀའ་བའི་ཕྱིར་རོ། །དལ་འབྱོར་དོན་ཆེ་བ་བསམ་པ་ནི། དལ་འབྱོར་ཐོབ་པའི་རྟེན་འདི་ལ་སྐྱེས་བུའི་འདོད་དོན་སྒྲུབ་དགོས་ཏེ་སྐྱེས་བུའི་དོན་མངོན་ མཐོ་དང་ངེས་ལེགས་སྒྲུབ་ནུས་པའི་རྟེན་ཐོབ་པར་གྱུར་པ་ལ། བརྩོན་པ་ཆེན་པོས་བསྒྲུབ་པར་བྱ་སྟེ་གལ་ཏེ་མི་འཆི་བའི་འདུ་ཤེས་སོགས་ཀྱིས་རྟེན་འདི་ལ་ཕྱི་མ་ཕན་ཆད་ཀྱི་ཕན་པ་མ་བསྒྲུབས་ན་ཕྱིས་རྟེན་འདི་ཡང་དག་པར་འབྱོར་བར་ག་ལ་འགྱུར་ ཏེ། རང་ཅག་མི་ཁོམ་པའི་གནས་སུ་གནས་པ་ཤས་ཆེ་ལ་དེ་ནས་བདེ་འགྲོའི་རྒྱུ་སྒྲུབ་པ་ཤིན་ཏུ་དཀོན་པའི་ཕྱིར་རོ། །དལ་འབྱོར་རྙེད་དཀའ་བ་ནི། བཤེས་སྤྲིང་ལས། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་བུག་པ་དང༌། །རུས་སྦལ་ཕྲད་པ་ལས་ ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱད་པས་དེ་འབྲས་མཆིས་པར་མཛོད། །ཅེས་སོ། །མི་ཁོམ་པ་བརྒྱད་སྤངས་པ་ནི་དལ་བ་སྟེ་མི་ཁོམ་པ་བརྒྱད་ནི་བཤེས་སྤྲིང་ལས། ལོག་པར་ལྟ་བ་འཛིན་དང་དུད་

Page: 11 ༄༅། །འགྲོ་ཉིད། །ཡི་དྭགས་ཉིད་དང་དམྱལ་བར་སྐྱེ་བ་དང༌། །རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཏུ། །ཀླ་ཀློར་སྐྱེ་བ་གླེན་ཞིང་ལྐུགས་པ་ཉིད། །ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་བགྱི་མི་ཁོམ་སྐྱོན་བརྒྱད་པོ། ། དེ་དག་དང་བྲལ་ཁོམ་པ་རྙེད་ནས་ནི། །སྐྱེ་བ་ལྡོག་པའི་སླད་དུ་འབད་པར་མཛོད། །ཅེས་སོ། །གནས་བརྒྱད་པོ་དེ་དག་ཏུ་དགེ་བ་བྱ་བའི་དལ་བ་མེད་པས་མི་ཁོམ་པ་ཞེས་བྱའོ། །འབྱོར་པ་བཅུ་ནི་ཉན་ཐོས་ཀྱི་ས་ལས། རང་འབྱོར་ལྔ་ནི། མི་ཉིད་དབུས་ སྐྱེས་དབང་པོ་ཚང༌། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་ཏེ་ལས་མཐའ་མ་ལོག་པ་ནི་མཚམས་མེད་བྱས་སམ་བྱེད་དུ་བཅུག་པ་མ་ཡིན་པ་དང༌། གནས་ལ་དད་པ་ནི་སྡེ་སྣོད་གསུམ་ལ་དད་པའོ། །གཞན་འབྱོར་ལྔ་ནི་དེ་ཉིད་ལས། སངས་རྒྱས་བྱོན་དང་དམ་ཆོས་སྟོན། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་བཤད་དོ། །གཉིས་པ་ལ་གཉིས། སྤྱིའི་རྣམ་གཞག་དང༌། སོ་སོའི་དོན་བཤད་པའོ། །དང་པོ་ནི། བསྟན་བཅོས་འདིས་སྐྱེས་ བུ་ཆེན་པོའི་བསམ་པ་སྦྱོང་བའི་ཡན་ལག་ཏུ་སྐྱེས་བུ་ཆུང་འབྲིང་གི་བསམ་པ་སྦྱོང་བ་སྔོན་དུ་བཏང་ནས། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དེ་སྤྱོད་པ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབས་ནས། སངས་རྒྱ་བའི་ལམ་ གྱིི་རིམ་པ་རྫོགས་པར་སྟོན་པ་ཡིན་ནོ། །དེ་ལ་ཐོག་མར་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ལ་དེའི་ཕན་ཡོན་ལེགས་པར་བསམས་ནས་སྤྲོ་ཤུགས་ལྷག་པར་འཕེལ་བ་ཞིག་དགོས་པ་ལེའུ་དང་པོས་སྟོན་ལ་སྐྱེས་བུ་ཆུང་འབྲིང་

Page: 12 གི་བསམ་པ་སྦྱོང་བ་དེའི་ཡན་ལག་ཏུ་འཆད་དོ། །དེ་ནས་བྱམས་པ་དང་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ལ་འཁོར་ལོ་སྒྱུར་བའི་རྒྱལ་པོ་སྤྱན་འདྲེན་པའི་གནས་ཁང་སོགས་བྱི་དོར་བྱེད་པ་བཞིན་དུ་འགལ་རྐྱེན་སྡིག་ པ་བཤགས་པ་དང༌། མཐུན་རྐྱེན་ཚོགས་བསགས་ནས་བྱང་ཆུབ་ཀྱི་སེམས་གཟུང་དགོས་པའི་སྔ་མ་ལེའུ་གཉིས་པ་དང༌། ཕྱི་མ་ལེའུ་གསུམ་པས་བསྟན་ཏོ། །སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་པའི་དགེ་བ་རྣམས་མི་ཉམས་པའི་ཡན་ལག་བག་ ཡོད་བསྟེན་དགོས་པ་ལེའུ་བཞི་པས་བསྟན་ལ། ཕར་ཕྱིན་དྲུག་ཉམས་སུ་ལེན་པའི་ཚུལ་ནི་འོག་མ་རྣམས་ཀྱིས་བསྟན་ཏེ་དེ་ལ་དྲན་པ་དང་ཤེས་བཞིན་བསྲུང་བའི་སྒོ་ནས་ཚུལ་ཁྲིམས་ལ་སློབ་པའི་ཚུལ་རྒྱས་པར་ལེའུ་ལྔ་པས་བསྟན་ལ། བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་ལ་སློབ་ཚུལ་དེ་ནས་ལེའུ་བཞིས་རིམ་པ་བཞིན་བསྟན་ཏོ། །ལེའུ་བཅུ་པས་ལུས་ལོངས་སྤྱོད་དགེ་རྩ་རྣམས་གཞན་ལ་གཏོང་བའི་སེམས་པ་སྦྱོང་ཚུལ་རྒྱས་པར་བསྔོ་བའི་ཁྱད་པར་ དུ་བྱས་ནས་སྟོན་པས་སྦྱིན་པ་ལ་སློབ་ཚུལ་རྒྱས་པར་ལེའུ་བཅུ་པས་སྟོན་ལ། བྱང་ཆུབ་ཀྱི་སེམས་གཟུང་བ་སོགས་ཀྱི་སྐབས་སུ་ཡང་སྟོན་ཏོ། །འབྲས་བུ་སངས་རྒྱས་ཀྱི་གནས་ཚུལ་ལེའུ་དགུ་པས་བསྟན་ཏོ། །གཉིས་པ་ལ་གཉིས། བྱང་ཆུབ་ཀྱི་ སེམས་སྒོམ་པའི་ཕན་ཡོན་བསམ་པ་དང༌། སེམས་གཉིས་བསྐྱེད་ནས་སྤྱོད་པ་ལ་སློབ་པའི་ཚུལ་ལོ། །དང་པོ་ལ་གཉིས། ལེའུའི་གཞུང་བཤད་པ་དང༌། ལེའུའི་མཚན་ནོ། །དང་པོ་ལ་གཉིས། སྡིག་པ་སྤོང་ཞིང་དགེ་བ་སྒྲུབ་རིགས་པར་

Page: 13 ༄༅། །གདམས་པ་དང༌། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་རྒྱས་པར་བསམ་པའོ། །དང་པོ་ནི། རང་ཅག་དགེ་བ་ཉམས་ཆུང་ཞིང་སྡིག་པ་སྟོབས་ཆེ་བའི་དུས་འདིར་སྡིག་པའི་གཉེན་པོར་བསྒོམ་པ་ལ་འབད་པར་རིགས་ཏེ་ཇི་ལྟར་ཏེ་ དཔེར་ན་མཚན་མོ་མུན་ནག་སྤྲིན་རུམ་ནས་གློག་འགྱུ་བའི་རྐྱེན་གྱིས་དུས་སྐད་ཅིག་ཙམ་གཟུགས་རབ་ཏུ་སྣང་བ་སྟོན་པ་ལྟར། དེ་བཞིན་དུ་སངས་རྒྱས་ཀྱི་མཐུ་ཡིས་བརྒྱ་ལམ་ན་འཇིག་རྟེན་པ་རྣམས་ལ་བསོད་ནམས་བྱ་སྙམ་པའི་དགེ་བ་ སྒྲུབ་པའི་བློ་གྲོས་ཐང་འགའ་ཙམ་འབྱུང་གི །དུས་རྒྱུན་དུ་མི་འབྱུང་ལ་རྒྱུ་མཚན་དེ་ལྟ་བས་ན་དགེ་བ་ཉམས་ཆུང་བ་ཉིད་ལ་དུས་རྟག་ཏུ་གནས་པ་དང༌། སྤྲིན་རུམ་གྱི་མུན་པ་དང་འདྲ་བར་ངན་འགྲོ་སྐྱེད་པའི་སྡིག་པ་སྟོབས་ཆེན་པོ་ཐུབ་པར་ དཀའ་ཞིང༌། འཇིགས་པ་ཆེན་པོ་བསྐྱེད་པས་ཤིན་ཏུ་མི་བཟད་པ་ཡོད་པའི་དུས་སུ་ཤེས་པར་བྱས་ལ། དགེ་བ་སྒྲུབ་ཅིང་སྡིག་པ་སྤོང་བ་ལ་འབད་པར་བྱའོ། །དགེ་བ་ཉམས་ཆུང་ཉིད་ལ་རྟག་ཅེས་པ་དུས་ལ་འགྲེལ་པས་བཤད་ལ། དགེ་བ་མཐུ་ ཆུང་བ་དང་སྡིག་པ་སྟོབས་ཆེ་བའི་སྐབས་སུ་ཤེས་པར་བྱ་བའི་དོན་དུ་ཡང་བཤད་དོ། །གཉིས་པ་ལ་བཞི། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བཤད་པ་དང༌། བྱང་ཆུབ་ཀྱི་སེམས་ངོས་བཟུང་བ་དང༌། དེ་ལ་ཕན་ཡོན་དེ་དག་འབྱུང་བའི་རྒྱུ་མཚན་དང༌། བྱང་ཆུབ་ཀྱི་སེམས་སྒོམ་པའི་གང་ཟག་ལ་བསྟོད་པའོ། །དང་པོ་ལ་གསུམ། སྡིག་པ་མཐའ་དག་འཇོམས་ཤིང་དགེ་བ་མཐའ་དག་སྒྲུབ་ནུས་པ་དང༌། མིང་དང་དོན་ཁྱད་པར་ཅན་ཐོབ་པ་དང༌། ཕན་ཡོན་དཔེས་བཤད་པའོ། །དང་པོ་ལ་གསུམ།

Page: 14 སྡིག་པ་ཆེན་པོ་འཇོམས་པ་དང༌། བདེ་མཆོག་སྒྲུབ་ནུས་པ་དང༌། ཇི་ལྟར་འདོད་པའི་དོན་སྒྲུབ་ནུས་པའོ། །དང་པོ་ནི། བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པ་ལ་འབད་པར་རིགས་ཏེ། དམྱལ་བའི་རྒྱུ་ལ་སོགས་པའི་སྡིག་པ་མི་བཟད་པ་དེ་ནི་ རྫོགས་པའི་བྱང་ཆུབ་ཀྱི་སེམས་མིན་པ་དགེ་བ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར་ཏེ་གང་གིས་ཀྱང་ཟིལ་གྱིས་གནོན་མི་ནུས་པའི་ཕྱིར་རོ། །དོན་དམ་སེམས་བསྐྱེད་ཀྱིས་སྒྲིབ་པའི་ས་བོན་སྤོང་བའི་ནུས་པ་ཡོད་པ་འདིར་བཤད་བྱའི་གཙོ་བོ་ མ་ཡིན་གྱི། འདིར་ནི་ཀུན་རྫོབ་སེམས་བསྐྱེད་ཀྱིས་ངན་འགྲོའི་རྒྱུ་སྔར་བསགས་འདག་ཅིང་ཕྱི་མ་རྒྱུན་གཅོད་པར་བྱེད་པའི་ཕན་ཡོན་བསྟན་ཏོ། །གཉིས་པ་ནི། བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་འབད་པར་རིགས་ཏེ། བསྐལ་པ་གྲངས་མེད་དུ་མར་སེམས་ ཅན་ལ་ཕན་པའམ་ཐབས་ལ་རབ་ཏུ་དགོངས་ཤིང་སེམས་པར་མཛད་པའི་ཐུབ་དབང་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་འདི་ཉིད་སེམས་ཅན་ལ་ཕན་པར་གཟིགས་ཤིང༌། སེམས་བསྐྱེད་པ་འདི་ནི་སེམས་ཅན་ཚད་མེད་པའི་སྐྱེ་བོའི་ཚོགས་ རྣམས་ཀྱིས་བདེ་བ་མཆོག་སྐྲ་འབལ་བ་ལ་སོགས་པའི་དཀའ་སྤྱད་ལ་ལྟོས་པ་མེད་པར་ལམ་བདེ་བས་བདེ་བླག་ཉིད་དུ་ཐོབ་པར་བྱེད་ནུས་པའི་ས་བོན་ལྟ་བུ་ཡིན་པའི་ཕྱིར་རོ། །བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། ། ཞེས་འཆད་པ་ལྟར་རོ། །གསུམ་པ་ནི། རང་གཞན་ཀུན་ལ་ཕན་པའི་ཐབས་མཆོག་ཡིན་པས་སེམས་དེ་ཉིད་བསྒོམ་པར་རིགས་ཏེ། སྐྱེས་བུ་འབྲིང་གི་བསམ་པ་སྦྱངས་པས་རང་རྒྱུད་ཀྱི་སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང་སྐྱེས་བུ་

Page: 15 ༄༅། །ཆེན་པོའི་བསམ་པ་སྦྱངས་པས་སེམས་ཅན་ཐམས་ཅད་ཀྱི་མི་བདེ་བ་བསལ་བར་འདོད་པ་དང༌། མངོན་མཐོ་དང་ངེས་ལེགས་ཀྱི་བདེ་མང་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང་ཐབས་མཆོག་ཏུ་གྱུར་པ་གཞན་མེད་པས་བྱང་ཆུབ་ཀྱི་ སེམས་ཉིད་བསྐྱེད་པར་བྱ་ཞིང་དུས་རྟག་ཏུ་བཏང་བ་སྟེ་ཉམས་པར་མི་བྱའོ། །གཉིས་པ་ནི། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་འབད་པར་རིགས་ཏེ། སྨོན་པ་དང་འཇུག་པའི་བྱང་ཆུབ་ཀྱི་སེམས་སྐྱེས་པར་གྱུར་ན་དེ་མ་ཐག་པའི་སྐད་ཅིག་གིས་ མིང་ཁྱད་པར་ཅན་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཞེས་བརྗོད་པར་བྱ་ཞིང་མིང་གི་དོན་ཁྱད་པར་ཅན་འཇིག་རྟེན་པ་ལྷ་མིར་བཅས་པས་ཐལ་མོ་སྦྱོར་བ་དང༌། ཕྱག་བྱ་བར་འོས་པའི་གནས་སུ་འགྱུར་བའི་ཕྱིར་རོ། །ས་ཆེན་པོ་ལ་བཞུགས་པའི་ བྱང་ཆུབ་སེམས་དཔའ་རྣམས་འབའ་ཞིག་ཡོན་ཏན་དེ་དག་དང་ལྡན་པ་མ་ཡིན་ཏེ། ལས་ཉོན་གྱི་དབང་གིས་འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་པ་རྣམས་ཀྱིས་ཀྱང་སེམས་བསྐྱེད་ན་དེ་མ་ཐག་ཕན་ཡོན་དེ་དག་ཐོབ་པའི་ཕྱིར་རོ། །གསུམ་ པ་ལ་དྲུག །དམན་པ་མཆོག་ཏུ་བསྒྱུར་བའི་དཔེ། རྙེད་དཀའ་ཞིང་རིན་ཐང་ཆེ་བའི་དཔེ། འབྲས་བུ་མི་ཟད་ཅིང་འཕེལ་བའི་དཔེ། འཇིགས་པ་ཆེན་པོ་ལས་སྐྱོབ་ནུས་པའི་དཔེ། སྡིག་པ་ཚེགས་མེད་པར་འཇོམས་པའི་དཔེ། ཕན་ཡོན་མདོ་ལས་ བསྟན་པའི་ཚུལ་ལོ། །དང་པོ་ནི། ཕན་ཡོན་འདི་དག་བསམས་ནས་ཀྱང་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་བླངས་ནས་མི་ཉམས་པར་རབ་ཏུ་བརྟན་པར་བཟུང་ཞིག་སྟེ་གཟུང་བར་བྱ་སྟེ། གསེར་འགྱུར་རྩིའི་རྣམ་པའི་མཆོག་གསེར་འགྱུར་

Page: 16 གྱི་རྩི་སྲང་གཅིག་གིས་ལྕགས་སྲང་སྟོང་གསེར་དུ་བསྒྱུར་བར་ནུས་པ་ལྟ་བུར་རྒྱུ་དང་ངོ་བོའི་སྒོ་ནས་ཀྱང་མི་གཙང་བའི་ལུས་འདི་བླངས་ནས་དེ་ཉིད་རྒྱལ་བའི་སྐུ་རིན་ཆེན་རིན་ཐང་མེད་པར་སེམས་དེ་ཉིད་ཀྱིས་བསྒྱུར་བས་ནའོ། །སྡོང་པོ་བཀོད་པ་ལས། དངུལ་ཆུའི་རིགས་གསེར་དུ་སྣང་བ་ཞེས་བྱ་བ་སྲང་གཅིག་གིས་ལྕགས་སྲང་སྟོང་གསེར་དུ་བསྒྱུར་ནུས་པ་དཔེར་མཛད་ནས་སེམས་བསྐྱེད་ཀྱི་ཕན་ཡོན་གསུངས་པ་བསྡུས་པའོ། །གཉིས་པ་ནི། འགྲོ་བའི་གནས་འཁོར་བའི་རྒུད་པ་མཐའ་དག་དང་བྲལ་ བར་འདོད་པ་རྣམས་ཀྱིས་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུའི་རིན་ཆེན་བྱང་ཆུབ་ཀྱི་སེམས་ལེགས་པར་བསྐྱེད་ནས་མི་ཉམས་པར་བརྟན་པར་གཟུང་བར་བྱ་སྟེ། དེད་དཔོན་མཁས་པས་ཚོང་པ་རྣམས་རིན་པོ་ཆེའི་གླིང་དུ་འཁྲིད་པ་ལྟར་འགྲོ་བའི་ དེད་དཔོན་ཟླ་མེད་པས་གཅིག་པུ་སངས་རྒྱས་དང༌། ཚད་མེད་བློས་ཏེ་ཚད་མེད་པའི་བློ་གྲོས་གང་ལ་མངའ་བ་དེས་འགྲོ་བའི་དབུལ་བ་སེལ་བའི་ཐབས་མཆོག་གང་ཡིན་ལེགས་པར་ཡོངས་སུ་བརྟགས་ན་བྱང་ཆུབ་ཀྱི་སེམས་དེ་ཉིད་རིན་ཆེ་བས་ཏེ་ དཀོན་པ་དང་ཕན་འདོགས་ཆེ་བའི་ཐབས་སུ་གཟིགས་པའི་ཕྱིར་རོ། །གསུམ་པ་ནི། དགེ་བ་མི་ཟད་ཅིང་འཕེལ་བར་འདོད་པས་ཀྱང་བྱང་ཆུབ་ཀྱི་སེམས་བསྒོམ་པར་རིགས་ཏེ། བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་པའི་དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི་ འབྲས་བུ་བསྐྱེད་ནས་སླར་ཡང་འབྲས་བུ་བསྐྱེད་པའི་ནུས་པ་ཟད་པར་འགྱུར་བ་ཉིད་ཡིན་ལ། དཔག་བསམ་གྱི་ཤིང་བཞིན་དུ་བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་འབྲས་བུ་འབྱིན་པས་མི་ཟད་ཅིང་གོང་ནས་གོང་དུ་འཕེལ་བར་འགྱུར་བའི་ཕྱིར་རོ། །

Page: 17 ༄༅། །བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། རྒྱ་མཚོ་ཆེན་པོར་ལྷུང་བའི་ཆུའི་ཐིགས་པ་བསྐལ་པའི་མཐའི་བར་དུ་མི་ཟད་པ་བཞིན་དུ་བྱང་ཆུབ་ཏུ་བསྔོས་པའི་དགེ་བ་ཡང་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་མི་ཟད་པར་གསུངས་སོ། ། བཞི་པ་ནི། བྱང་ཆུབ་ཀྱི་སེམས་བསྒོམ་པ་དེ་ལ་བླང་དོར་ལ་བཟོད་པ་ལྷུར་ལེན་པའི་བག་ཅན་རྣམས་ཀྱིས་རྒྱུ་མཚན་ཅིས་མི་བརྟེན་བརྟེན་པར་རིགས་ཏེ། དཀོན་མཆོག་གསུམ་ལ་གནོད་པ་དང་མཚམས་མེད་སོགས་སྡིག་པ་ཤིན་ཏུ་མི་བཟད་པ་ བྱས་ན་ཡང་དཔའ་བོ་སྟོབས་ལྡན་ལ་བརྟེན་ནས་ལམ་གྱི་འཇིགས་པ་ཆེན་པོ་སྐྱོབ་པ་ལྟར་བྱང་ཆུབ་ཀྱི་སེམས་གང་ལ་བརྟེན་ནས་ངན་འགྲོའི་འཇིགས་པ་དེ་དག་ཡུད་ཙམ་གྱིས་སྒྲོལ་བར་འགྱུར་བའི་ཕྱིར་རོ། །ལྔ་པ་ནི། སེམས་བསྐྱེད་དེ་སྡིག་པ་འཇོམས་ པའི་ནུས་པ་ཆེན་པོ་དང་ལྡན་ཏེ། སེམས་བསྐྱེད་དེས་ནི་བསྐལ་པ་འཇིག་པའི་དུས་མཐའི་མེས་བསམ་གཏན་དང་པོ་མན་ཆད་ཀྱི་སྣོད་སྲེག་པར་བཞིན་དུ་དམྱལ་བ་སྐྱེད་པའི་སྡིག་པ་ཆེན་པོ་རྣམས་དུས་སྐད་ཅིག་གཅིག་གིས་ངེས་པར་སྲེག་བྱེད་པའི་ ཕྱིར་རོ། །དེས་ནི་མྱོང་ངེས་ཀྱི་ལས་ཀྱི་ནུས་པ་འཇོམས་པར་བྱེད་ནུས་ན་མ་ངེས་པ་ལྟ་ཅི་སྨོས་སོ། །ཤིང་རྟ་ཆེན་པོ་རྣམས་ཀྱིས་སྟོབས་བཞི་ཚང་བའི་བཤགས་པས་མྱོང་ངེས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ཡང་འདག་ཅིང་མྱོང་ངེས་སུ་བཤད་པ་ནི། གཉེན་པོའི་ཕྱོགས་བསྒོམ་པ་མེད་ན་མྱོང་ངེས་སུ་ལུང་དང་རིགས་པ་དུ་མས་བསྒྲུབས་སོ། །དྲུག་པ་ནི། བྱང་ཆུབ་ཀྱི་སེམས་ལ་ཕན་ཡོན་དེ་དག་ངེས་པར་འབྱུང་སྟེ། སེམས་དེའི་ཕན་ཡོན་དང་བསྔགས་པ་དཔག་ཏུ་མེད་པ་དག་བྱམས་མགོན་བློ་དང་

Page: 18 ལྡན་པ་བྱང་ཆུབ་སེམས་དཔས་སྡོང་པོ་བཀོད་པའི་མདོར་བྱང་ཆུབ་སེམས་དཔའ་གཞོན་ནུ་ནོར་བཟང་ལ་སྒྲ་ཇི་བཞིན་པར་བཤད་པའི་ཕྱིར་རོ། །སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་ བུའོ། །འགྲོ་བ་ཐམས་ཅད་ཀྱི་དཀར་པོའི་ཆོས་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུའོ། །ཞེས་པ་ནས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུའོ། །ཉོན་མོངས་པའི་དགྲ་ཕམ་པར་བྱེད་པ་ལ་མདུང་ཐུང་ལྟ་བུའོ། །ཞེས་ སོགས་རྒྱ་ཆེར་གསུངས་སོ། །གཉིས་པ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ངོས་བཟུང་བ་ལ་གསུམ། ངོ་བོའི་དབྱེ་བ་དང༌། དབྱེ་བ་དཔེས་བཤད་པ་དང༌། སྨོན་འཇུག་གཉིས་ཀྱི་ཕན་ཡོན་གྱི་ཁྱད་པར་བཤད་པའོ། །དང་པོ་ནི། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ པ་དེ་ཆོས་ཅན། ངོ་བོའི་སྒོ་ནས་མདོར་བསྡུས་ན་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། བྱང་ཆུབ་ལ་དམིགས་པའི་སྨོན་པའི་སེམས་བསྐྱེད་དང་ནི་བྱང་ཆུབ་ལ་དམིགས་པའི་འཇུག་པ་སེམས་བསྐྱེད་ཉིད་ཡིན་ཏེ་ཡིན་པའི་ཕྱིར་རོ། །ཐེག་ཆེན་སེམས་བསྐྱེད་ ཀྱི་མཚན་ཉིད་ནི། གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་གཉེར་གྱི་འདུན་པ་དང་མཚུངས་ལྡན་གྱི་སེམས་སོ། །དེ་ལ་ངོ་བོའི་སྒོ་ནས་དབྱེ་ན་སྨོན་འཇུག་གཉིས་དང་གྲོགས་ཀྱི་སྒོ་ནས་ཉེར་གཉིས་དང༌། ས་མཚམས་ཀྱི་སྒོ་ནས་ཕྱེ་ན་མོས་ དང་ལྷག་བསམ་དག་པ་སོགས་བཞིའོ། །སྨོན་འཇུག་སེམས་བསྐྱེད་ཙམ་ཞིག་ནི་ཚོགས་ལམ་ཁྱད་པར་ཅན་མ་ཐོབ་པ་ནས་ཀྱང་ཡོད་ལ། ཚོགས་ལམ་ཁྱད་པར་ཅན་ནི་བསྐལ་པ་གྲངས་མེད་གསུམ་ནས་སངས་རྒྱ་བའི་ལམ་གྱི་འགོ་རྩོམ་པ། མངོན་རྟོགས་རྒྱན་

Page: 19 ༄༅། །ལས་གསུངས་པའི་ཡོན་ཏན་བརྒྱ་ཞེ་བཞིའི་མངོན་པར་རྟོགས་པའི་རིགས་མཐའ་དག་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་ཅིང་ཐོག་མར་ཉམས་སུ་ལེན་ནུས་པ་ནས་སོ། །ཁ་ཅིག་སངས་རྒྱས་ལ་ཐེག་ཆེན་སེམས་བསྐྱེད་མེད་པར་འདོད་པ་ནི་ ཁ་ན་མ་ཐོ་བ་ཤིན་ཏུ་ཆེ་སྟེ། འཇུག་པ་སེམས་བསྐྱེད་མེད་ན་འཇུག་པའི་སྡོམ་པ་ཡང་མེད་པར་འགྱུར་ལ་དེ་ལྟ་ན་སངས་རྒྱས་ལ་སོ་སོར་ཐར་པའི་སྡོམ་པ་དང་རིག་པ་འཛིན་པའི་སྡོམ་པ་སོགས་ཀྱང་མེད་པར་ཁས་ལེན་དགོས་པས་སྡོམ་པ་རྒྱུན་ཆད་པ་ཉིད་ དུ་འགྱུར་རོ། །གཞན་ཡང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སེམས་བསྐྱེད་དུ་རང་ཉིད་ཀྱིས་ཁས་བླངས་པ་དང་ཡང་འགལ་ལོ། །འཇུག་སྡོམ་དང་འཇུག་པ་སེམས་བསྐྱེད་འགལ་ཡང་འཇུག་པ་སེམས་བསྐྱེད་ལེན་པའི་ཆོ་ག་ལས་ལོགས་སུ་འཇུག་ སྡོམ་ལེན་དགོས་པར་འདོད་པ་ནི་མ་གོ་བ་ཆེན་པོ་ཡིན་ནོ། །ཀུན་རྫོབ་པའི་སེམས་བསྐྱེད་ནི་གཟུགས་ཀྱི་སྐུ་སོགས་སངས་རྒྱས་ཀྱི་ཀུན་རྫོབ་པའི་སྐུ་ལ་ཡང་དམིགས་པས་བཞག་ལ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་དོན་དམ་པའི་ གནས་ལུགས་མངོན་སུམ་དུ་རྟོགས་པའི་སེམས་དེ་ཉིད་ཡིན་ལ། འདི་ལ་དོན་དམ་བྱང་ཆུབ་ཀྱི་སེམས་སུ་གཞུང་དུ་མར་བཤད་ཀྱི་ཐེག་ཆེན་སེམས་བསྐྱེད་དུ་བཤད་པ་མེད་དོ། །སྨོན་པ་སེམས་བསྐྱེད་ཙམ་ཞིག་ནི་ཆོ་ག་ལ་མི་ལྟོས་པར་སྐྱེ་ལ་སེམས་ དེ་ཉིད་སངས་རྒྱས་མ་ཐོབ་བར་དུ་ནམ་ཡང་མི་གཏོང་སྙམ་དུ་དམ་བཅའི་ལྕགས་ཀྱུ་གཉིས་པས་ཟིན་པ་ནི་ཆོ་གས་ལེན་པར་ཇོ་བོ་ཨ་ཏི་ཤའི་གདམས་ངག་ལས་གསུངས་ཏེ། དེ་ཡང་ཚེ་འདིར་སེམས་བསྐྱེད་མི་ཉམས་པའི་རྒྱུ་ལ་སློབ་པ་དང་ནག་པོའི་

Page: 20 ཆོས་བཞི་སྤོང་བ་དང༌། དཀར་པོའི་ཆོས་བཞི་སྟེན་པ་སོགས་ཚེ་རབས་གཞན་དུ་སེམས་བསྐྱེད་དང་མི་འབྲལ་བའི་རྒྱུ་ལ་སློབ་པ་སོགས་སྨོན་སེམས་ཀྱི་བསླབ་བྱ་ལ་སློབ་ནུས་པ་གཅིག་གིས་ལེན་པ་ཡིན་ནོ། །དེ་མ་ཐོབ་པ་ཐོབ་པར་བྱེད་པའི་ཚུལ་སོགས་རྒྱས་པར་རྗེ་བཙུན་ བློ་བཟང་གྲགས་པ་དཔལ་བཟང་པོའི་ཞལ་སྔ་ནས་མཛད་པའི་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་རིམ་པ་ཆེ་བ་ལས་ཤེས་པར་བྱའོ། །འཇུག་པ་སེམས་བསྐྱེད་མ་ཐོབ་པ་ཐོབ་པར་བྱེད་པའི་ཚུལ་དང་བསླབ་བྱ་སོགས་རྒྱས་པར་རྗེ་བཙུན་དེ་ཉིད་ཀྱིས་མཛད་པའི་ བྱང་སའི་ཚུལ་ཁྲིམས་ལེའུའི་རྣམ་བཤད་ལས་ཤེས་པར་བྱ་ཞིང་ཚིག་མངས་སུ་དོགས་པས་འདིར་མ་སྤྲོས་སོ། །གཉིས་པ་ནི། མལ་ན་འདུག་ཀྱང་རུང་ལུས་ཀྱི་འགྲོ་བའི་བྱ་བས་མ་ཟིན་པའི་ཡུལ་དེར་འགྲོ་བར་བྱའོ་སྙམ་པའི་ཡུལ་དེར་འགྲོ་བར་འདོད་པའི་ བློ་དང༌། རྐང་པ་འདེགས་འཇོག་སོགས་འགྲོ་བའི་བྱ་བས་ཟིན་པའི་དུས་ཀྱི་ཡུལ་དེར་འགྲོའོ་སྙམ་པའི་བློའི་བྱེ་བྲག་ཡུལ་དེར་འགྲོའོ་སྙམ་པའི་བློར་མཚུངས་ཀྱང༌། འགྲོ་བའི་བྱ་བས་ཟིན་པ་དང་མ་ཟིན་པའི་ཁྱད་པར་ཡོད་པ་ཇི་ལྟར་ཤེས་པ་ལྟར་དཔེ་དེ་ བཞིན་དུ་མཁས་པས་སྨོན་འཇུག་སེམས་བསྐྱེད་འདི་གཉིས་ཀྱི་བྱེ་བྲག་རིམ་པ་བཞིན་དུ་ཤེས་པར་བྱ་སྟེ། གཞན་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སེམས་སུ་མཚུངས་པ་ལ་སྦྱིན་སོགས་ཕར་ཕྱིན་གྱི་སྤྱོད་པ་ཉམས་སུ་ལེན་པའི་བྱ་བས་ཟིན་ པ་ལ་ལྟོས་མི་དགོས་པའི་རིགས་སུ་གནས་པ་དང་དེ་ལ་ལྟོས་དགོས་པའི་རིགས་སུ་གནས་པའོ། །སློབ་དཔོན་ཀ་མ་ལ་ཤཱི་ལ་སོགས་མཁས་པ་རྣམས་བཞེད་པ་འདྲ་སྟེ་མ་སྤྲོས་སོ། །གསུམ་པ་ལ་གཉིས། སྨོན་སེམས་ཀྱི་ཕན་ཡོན་དང༌། འཇུག་སེམས་ཀྱི་

Page: 21 ༄༅། །ཕན་ཡོན་ནོ། །དང་པོ་ནི། འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཞིང། རྡོ་རྗེ་རིན་པོ་ཆེའི་ མིང་ཡང་མི་འདོར་ལ་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ །རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནན་ཏན་དང་བྲལ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་གྱི་རྒྱན་ཐམས་ཅད་ཟིལ་ གྱིས་གནོན་ཞིང༌། བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ་འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ། ཞེས་གསུངས་པ་ལྟར། བྱང་ཆུབ་ཏུ་སྨོན་པའི་སེམས་ལས་ནི་འཁོར་བ་ན་གནས་པའི་ཚེ་འབྲས་བུ་ཆེན་པོ་འབྱུང་ཡང་ཇི་ལྟར་ འཇུག་པའི་སེམས་ལས་བསོད་ནམས་བར་མ་ཆད་དུ་འབྱུང་བ་བཞིན་དུ་བསོད་ནམས་རྒྱུན་ཆགས་བར་མ་ཆད་དུ་འབྱུང་བ་མིན་ནོ། །གཉིས་པ་ནི། གང་ནས་བཟུང་སྟེ་སེམས་ཅན་གྱི་ཁམས་མཐའ་ཡས་པ་འཁོར་བ་ལས་རབ་ཏུ་སྒྲོལ་ཞིང་སངས་རྒྱས་ཀྱི་ ས་ལ་དགོད་པའི་ཕྱིར་ཏུ་འཁོར་བ་ཇི་སྲིད་པར་གཞན་དོན་ལས་མི་ལྡོག་པའི་སེམས་ཀྱིས་སུ་འཇུག་སེམས་དེ་ཡང་དག་པར་བླངས་པར་གྱུར་པ་དུས་དེ་ནས་གཟུང་སྟེ་གཉིད་ལོག་གམ་ར་རོ་བ་སོགས་ཀྱིས་བག་མེད་པར་གྱུར་ཀྱང་བསོད་ནམས་ཀྱི་ཤུགས་ དུས་རྒྱུན་མི་འཆད་པར་དུ་མ་ཞིག་ཚད་ནམ་མཁའ་དང་མཉམ་པར་རབ་ཏུ་འབྱུང་སྟེ། སྨོན་སེམས་ནི་འབྲས་བུ་ལ་དོན་གཉེར་ཙམ་དུ་ཟད་ལ་འཇུག་སེམས་ནི་སངས་རྒྱས་ཀྱི་རྒྱུ་རྫོགས་པ་སྒྲུབ་པས་ཟིན་པའོ། །གསུམ་པ་དེ་ལ་ཕན་ཡོན་དེ་དག་འབྱུང་བའི་

Page: 22 རྒྱུ་མཚན་ལ་གཉིས། ལུང་དགོད་པ་དང༌། རིགས་པས་སྒྲུབ་པའོ། །དང་པོ་ནི། འཇུག་སེམས་འདི་ནི་ཕན་ཡོན་དེ་དག་དང་ལྡན་པར་འཐད་པ་རིགས་པ་དང་བཅས་པར་བྱང་ཆུབ་སེམས་དཔའ་ལག་བཟང་གིས་ནི་ཞུས་པའི་མདོ་ལས་དེ་བཞིན་གཤེགས་པ་ཉིད་ ཀྱིས་གསུངས་སོ། །གང་གི་ཆེད་དུ་ན་ཉན་ཐོས་རིགས་མ་ངེས་པ་ཁ་ཅིག་ཚོགས་རྒྱ་ཆེན་པོ་གསོག་པ་ལ་འཇིགས་ཤིང༌། ཐེག་པ་ཆེན་པོ་ལ་སེམས་ལོག་ནས་ཉན་ཐོས་ཀྱི་བྱང་ཆུབ་དོན་དུ་གཉེར་བ་དམན་པ་ལ་མོས་པའི་སེམས་ཅན་གྱི་དོན་གྱི་ཕྱིར་ཏེ། དམན་པ་ལ་མོས་པ་བཟློག་ནས་ཐེག་པ་ཆེན་པོ་ལ་དགོད་པའི་ཕྱིར་ཏུ་གསུངས་སོ། །གཉིས་པ་ལ་གཉིས། སྨོན་སེམས་ལས་ཕན་ཡོན་ཐོབ་པའི་འཐད་པ་དང༌། འཇུག་སེམས་ལས་ཐོབ་པའི་འཐད་པའོ། །དང་པོ་ལ་བཞི། དགེ་བ་སྒྲུབ་པའི་བྱེད་ལས་ མཐའ་ཡས་པས་ཕན་ཡོན་ཆེ་བ་དང༌། དེ་བས་ལྷག་པའི་ཕན་སེམས་གཞན་མེད་པ་དང༌། སེམས་ཅན་རྣམས་ལ་དེ་འདྲ་བའི་ཕན་སེམས་རང་དོན་དུ་ཡང་མ་སྐྱེས་པ་དང༌། མཇུག་བསྡུས་ཏེ་བསྔགས་པའོ། །དང་པོ་ནི། དེད་དཔོན་མཛའ་བོའི་བུ་མོ་ལྟར་ དམིགས་རྣམ་རྒྱ་ཆུང་བ་སེམས་ཅན་རྣམས་ཀྱི་ཀླད་ནད་ཙམ་བསལ་ལོ་སྙམ་དུ་བསམས་ན་ཡང་གཞན་ལ་ཕན་འདོགས་པའི་བསམ་པ་དང་ལྡན་ཏེ། བསོད་ནམས་དཔག་མེད་དང་ལྡན་པར་འགྱུར་ན་སེམས་ཅན་རེ་རེའི་མི་བདེ་བ་དཔག་ཏུ་མེད་པ་བསལ་ བར་འདོད་ཅིང་སེམས་ཅན་རེ་རེའང་སངས་རྒྱས་ཀྱི་ཡོན་ཏན་དཔག་མེད་ཅན་དུ་བསྒྲུབ་པར་འདོད་པ་ལ་བསོད་ནམས་མཐའ་ཡས་པ་ཡོད་པ་སྨོས་ཅི་དགོས་སོ། །གཉིས་པ་ནི། ཕན་སེམས་འདི་ལྟ་བུ་འཇིག་རྟེན་ན་བུ་ལ་ཕན་པར་འདོད་པ་

Page: 23 ༄༅། །ཕའམ་ཡང་ན་མ་ཡང་རུང་གང་ཟག་གཞན་སུ་ལ་བདེ་བ་མཆོག་སྒྲུབ་པ་འདི་འདྲའི་ཕན་སེམས་ག་ལ་ཡོད་ལྷ་དང་བདེན་པར་སྨྲ་བའི་དྲང་སྲོང་རྣམས་ཀྱང་རུང་ཚད་མེད་པ་བཞིས་གནས་པའི་ཚངས་པ་ལ་ཡང་ཕན་སེམས་ འདི་འདྲ་ཡོད་པ་མེད་དོ། །གསུམ་པ་ནི། སེམས་ཅན་དེ་དག་ཉིད་ལ་སྔོན་རང་གི་དོན་དུའང་འདི་འདྲའི་ཕན་སེམས་རྨི་ལམ་དུ་ཡང་མ་རྨིས་ན་གཞན་གྱི་དོན་དུ་དངོས་སུ་ག་ལ་སྐྱེ་སྟེ་མ་མྱོང་ངོ༌། །བཞི་པ་ནི། སེམས་ཅན་གཞན་དག་ལ་རང་གི་དོན་དུ་ ཡང་སྐད་ཅིག་ཙམ་ཡང་མི་འབྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ལ་སེམས་ཅན་མཐའ་དག་གི་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སྤོང་བའི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་སེམས་གང་སེམས་ཀྱི་རིན་ཆེན་ཁྱད་པར་འཕགས་པ་འདི་སྔ་ན་མེད་ པའི་རྨད་དུ་བྱུང་བ་ངོ་མཚར་བ་ཞིག་འཁྲུངས་པ་འདི་ལ་གཞན་དག་གིས་ཀྱང་ངོ་མཚར་བར་བཟུང་ནས་འབད་པར་བྱའོ། །གཉིས་པ་ལ་གསུམ། དངོས་དང༌། དེའི་འཐད་པ་དང༌། དོགས་པ་བསལ་བའོ། །དང་པོ་ནི། སྨོན་པའི་ཕན་ཡོན་ཤིན་ཏུ་ ཆེ་ན་སྤྱོད་པ་ཉམས་ལེན་གྱི་བྱ་བས་ཟིན་པ་དེ་བས་ཀྱང་ཁྱད་པར་འཕགས་ཏེ། འགྲོ་བ་ཀུན་གྱི་མངོན་མཐོ་དང་ཐར་པའི་བདེ་བ་ཐོབ་པར་བྱེད་པས་དགའ་བའི་རྒྱུ་དང་སེམས་ཅན་མཐའ་དག་གི་སྡུག་བསྔལ་གྱི་ནད་འཇོམས་པའི་སྨན་གྱི་རྩིར་གྱུར་པ་ ཡིད་བཞིན་གྱི་ནོར་བུ་རིན་ཆེན་ལྟ་བུའི་སེམས་ཀྱི་བསོད་ནམས་གང་ཡིན་པ་དེ་ལ་ཚད་ཇི་ལྟར་གཞལ་གྱིས་ལང་སྟེ་མཐའ་ཡས་པའི་ཕྱིར་རོ། །དཔའ་བྱིན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་

Page: 24 ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས་སོ། །རྒྱས་པར་བསླབ་བཏུས་སུ་སྡོང་པོ་བཀོད་པའི་མདོ་དྲངས་ནས་གསུངས་པ་ལྟར་ཤེས་པར་བྱའོ། །གཉིས་པ་ནི། འགྲོ་བ་ཐམས་ཅད་བསྐྱབ་པའི་ཆེད་དུ་ བདག་སངས་རྒྱས་སུ་གྱུར་ཅིག་སྙམ་པའི་ཕན་པར་བསམས་པ་ཙམ་གྱིས་ཀྱང་བྱེ་བ་ཁྲག་ཁྲིག་གི་སངས་རྒྱས་ཀྱི་ཞིང་ན་མཆོད་པ་ཇི་སྙེད་ཡོད་པས་སངས་རྒྱས་མཆོད་པ་ལས་བསོད་ནམས་ཁྱད་པར་འཕགས་པར་ཏིང་ངེ་འཛིན་རྒྱལ་པོ་ལས་གསུངས་ན་ སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་བདེ་བ་སྒྲུབ་པའི་དོན་དུ་སྒྲུབ་པ་ཉམས་ལེན་གྱི་བརྩོན་པ་རྒྱ་ཆེན་པོ་འབད་པ་ལ་བསོད་ནམས་མཐའ་ཡས་པ་སྨོས་ཅི་དགོས་སོ། །གསུམ་པ་ནི། སེམས་ཅན་རང་ཉིད་བདེ་བ་འདོད་ཅིང་སྡུག་བསྔལ་མི་ འདོད་ལ་དེ་ལྟར་འབད་པས་བདེ་བ་ཐོབ་ཅིང་སྡུག་བསྔལ་སྤོང་ནུས་པས་བདེ་སྡུག་གི་འདོར་ལེན་རང་ཉིད་མཁས་པ་མ་ཡིན་ནམ། གཞན་གྱིས་དེའི་དོན་དུ་བརྩོན་ཅི་ཞིག་དགོས་ཞེ་ན། ངེས་པར་བརྩོན་པར་བྱ་དགོས་ཏེ། སེམས་ཅན་རྣམས་ལ་སྡུག་བསྔལ་ འདོར་འདོད་པའི་སེམས་ཡོད་ཀྱང་ཉོན་མོངས་པའི་དབང་གིས་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་བསྒྲུབས་པས་འཁོར་བ་མཐའ་མེད་དང༌། ངན་སོང་གི་སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག་ལ་བདེ་བ་འདོད་ཀྱང་དེ་དག་གི་ཐབས་ལ་རྨོངས་ཤིང་གཏི་མུག་ པས་སྦྱོར་བས་རང་གི་བདེ་བ་དགྲ་ལྟར་འཇོམས་པའི་ཚུལ་གྱིས་བདེ་སྡུག་གི་ཐབས་ལ་ལོག་པར་ཞུགས་པའི་ཕྱིར་རོ། །རྒྱུ་མཚན་དེས་ན་བདེ་སྡུག་གི་ཐབས་ལ་རྨོངས་བའི་སེམས་ཅན་གང་ཞིག་བདེ་བས་ཕོངས་པ་དང་སྡུག་བསྔལ་མང་པོ་དང་ལྡན་

Page: 25 ༄༅། །པ་དེ་དག་ལ་མངོན་མཐོ་དང་ངེས་ལེགས་ཀྱི་བདེ་བ་ཀུན་གྱིས་ཚིམ་པར་བྱེད་པ་དང༌། སྡུག་བསྔལ་ཐམས་ཅད་རྒྱུན་གཅོད་པར་བྱེད་ཅིང་བླང་དོར་ལ་རྨོངས་པའི་གཏི་མུག་ཀྱང་ནི་སེལ་བར་བྱེད་པའི་བྱེད་ལས་ཅན་གྱི་སེམས་དེ་དང་ དགེ་བ་མཚུངས་པ་གཞན་ག་ལ་ཡོད། ཕན་པ་ཐམས་ཅད་སྒྲུབ་ཅིང་གནོད་པ་ཐམས་ཅད་ལས་སྐྱོབ་པའི་དེ་འདྲའི་བཤེས་ཀྱང་གཞན་ག་ལ་ཡོད། བླང་དོར་གྱི་གནས་མཐའ་དག་ཕྱིན་ཅི་མ་ལོག་པར་སྟོན་པའི་བསོད་ནམས་དེ་འདྲའང་གཞན་ག་ལ་ཡོད་མེད་ པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་འབད་པར་བྱའོ། །བཞི་པ་ལ་གསུམ། མ་བཅོལ་ཡང་སྙིང་རྗེ་ཆེན་པོས་དྲངས་ནས་གྲོགས་མཛད་པས་བསྔགས་པར་འོས་པ་དང༌། ཕན་པ་ཅུང་ཟད་བསྒྲུབ་པ་ལ་བསྟོད་པར་འོས་ན་ཕན་བདེ་མཐའ་དག་སྒྲུབ་ པ་ལ་ཆེས་བསྔགས་པར་འོས་པ་དང༌། ཞིང་མཆོག་ཏུ་གྱུར་པས་བསྐྱབས་པར་འོས་པའོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་རྣམས་ལ་བསྟོད་ཅིང་བསྔགས་པར་བྱ་བ་ཡིན་ཏེ། འཇིག་རྟེན་ན་སྔར་ཕན་བཏགས་པ་ལ་ལན་ལྡོན་པ་གང་ཡིན་ པ་དེ་ལའང་བྱས་པ་གཟོ་བའི་སྐྱེས་བུ་ཡིན་ནོ་ཞེས་རེ་ཤིག་བསྔགས་པར་འོས་ན་མ་བཅོལ་ཡང་སྙིང་རྗེ་ཆེན་པོས་དྲངས་ནས་ལེགས་པར་བྱེད་པ་ཕན་བདེ་མཐའ་དག་སྒྲུབ་པའི་བྱང་ཆུབ་སེམས་དཔའ་ལྷ་མིར་བཅས་པས་བསྔགས་པར་འོས་པ་ སྨོས་ཅི་དགོས་ཞེས་པའོ། །གཉིས་པ་ནི། འཇིག་རྟེན་ན་འགྲོ་བ་ཉུང་ཟད་བརྒྱ་ལ་སོགས་པ་ལ་དངོས་པོ་དམན་པ་ནར་མའི་ཟས་སྦྱོར་བ་དང༌། དུས་སྐད་ཅིག་སྟེ་ཡུན་ཐུང་ངུར་ཁ་ཟས་ཙམ་སྦྱིན་པར་བྱེད་པ་དང༌། སྦྱོར་བ་དམན་པ་བཀུར་སྟི་མི་བྱེད་པར་

Page: 26 ༄༅། །བརྙས་པ་དང་བཅས་པ་དང་ཕན་པ་ཆུང་བ་ཉིན་ཕྱེད་འགྲངས་པར་བྱེད་པ་ཡང་དགེ་བ་བྱེད་པའི་སྦྱིན་བདག་ཆེན་པོ་ཡིན་ཞེས་སྐྱེ་བོས་བཀུར་ན་ཞིང་རྒྱ་ཆེ་བ་སེམས་ཅན་གྲངས་མཐའ་ཡས་པ་ལ་འཁོར་བ་ཇི་སྲིད་ཀྱི་དུས་རིང་དུ་སྦྱིན་བྱའི་དངོས་པོ་ཁྱད་པར་ འཕགས་པ་བདེ་བར་གཤེགས་ཀྱི་ཟག་པ་མེད་པའི་བདེ་བ་བླ་ན་མེད་པ་སྟེར་ཞིང༌། ཕན་འདོགས་ཀྱི་ཁྱད་པར་ཡིད་ལ་བསམ་པ་མཐའ་དག་རྫོགས་པར་བྱེད་པ་སྦྱོར་བ་གུས་པ་དང་བཅས་པས་དུས་རྟག་ཏུ་སྦྱིན་པར་བྱེད་པ་བཀུར་བར་འོས་པ་ལྟ་ཞིག་ སྨོས་ཅི་དགོས་དེས་ན་སེམས་དང་ལྡན་པས་བྱང་ཆུབ་སེམས་དཔའ་ལ་རྩེ་གཅིག་ཏུ་གུས་པར་བྱའོ། །གསུམ་པ་ལ་གསུམ། བྱང་ཆུབ་སེམས་དཔའ་ལ་ཅུང་ཟད་ཙམ་ཡང་སྨད་པར་མི་རིགས་པའི་རྒྱུ་མཚན་དང༌། དད་པ་བསྒོམ་པར་རིགས་པའི་རྒྱུ་ མཚན་དང༌། དེས་ན་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་འོས་པའོ། །དང་པོ་ནི། སེམས་ཅན་གང་ཞིག་ཕན་བདེ་མཐའ་དག་སྦྱིན་པར་བྱེད་པ་དེ་འདྲའི་རྒྱལ་སྲས་སྦྱིན་བདག་མཐར་ཐུག་པ་ལ། སྐུར་བ་འདེབས་ཤིང་གནོད་པར་བྱ་བར་འདོད་པའི་གལ་ཏེ་ ངན་སེམས་སྐྱེད་པར་བྱེད་པ་དེ་སྡིག་པའི་ཕུལ་དུ་བྱུང་བ་ཡིན་ཏེ། ངན་སེམས་སྐྱེད་པར་བྱེད་ན་རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས། འཇམ་དཔལ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བའི་སེམས་བསྐྱེད་ ཅིང་བརྙས་པའི་སེམས་བསྐྱེད་པ་དེ་སྲིད་དུ། དེས་བདག་བསྐལ་པར་དམྱལ་བར་གནས་པར་བྱའོ་ཞེས་གོ་ཆ་བགོ་བར་བྱའོ། །ཞེས་གསུངས་པས་ངན་སེམས་སྐྱེད་པའི་སེམས་ཀྱི་སྐད་ཅིག་གི་གྲངས་བཞིན་དུ་གྲངས་དེ་སྙེད་ཀྱི་བསྐལ་པར་ནི་དམྱལ་

Page: 27 ༄༅། །བར་གནས་པར་འགྱུར་རོ་ཞེས་ཐུབ་པས་གསུངས་པས་གནས་འདི་ལ་གཟབ་པར་བྱ་སྟེ། དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མཆོད་རྟེན་བཤིག་པའམ་བསྲེགས་པ་ ལས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་གནོད་སེམས་སོགས་བསྐྱེད་ན་སྡིག་པ་ཆེས་གྲངས་མེད་པ་སྐྱེ་བར་གསུངས་ཤིང༌། དེའི་ཤེས་བྱེད་དུ་སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་པར་གསུངས་པས་སངས་རྒྱས་ ཀྱི་རྒྱུ་ལ་གནོད་པ་བྱས་པས་སྡིག་པའི་ཕུལ་དུ་བྱུང་བར་གསུང་རབ་དགོངས་འགྲེལ་དང་བཅས་པ་དུ་མ་ལས་གསུངས་སོ། །གཉིས་པ་ནི། འོན་ཏེ་གང་ཟག་གང་ཞིག་བྱང་ཆུབ་སེམས་དཔའ་ལ་ཡིད་རབ་ཏུ་དང་བར་བྱེད་ན། དད་པ་དེའི་འབྲས་བུ་སྔར་སྡིག་ པའི་འབྲས་བུ་བཤད་པ་དེ་བས་ལྷག་པར་འཕེལ་བ་སྟེ། དང་བའི་སེམས་ཀྱི་སྐད་ཅིག་ཇི་སྙེད་ཡོད་པ་དེ་བས་ཀྱང་ཆེས་གྲངས་མང་བའི་བསྐལ་པར་འབྲས་བུ་ཁྱད་པར་ཅན་ཉམས་སུ་མྱོང་བར་འགྱུར་ཏེ། ངེས་པ་དང་མ་ངེས་པ་ལ་འཇུག་པ་ཕྱག་རྒྱའི་ མདོ་ལས་གསུངས་པ་ལྟར་རོ། །གསུམ་པ་ནི། རྒྱལ་སྲས་ཆེན་པོ་རྣམས་ལ་གནོད་པ་དང་སྡུག་བསྔལ་བསྐྱེད་པའི་བསམ་པ་སོགས་དོ་གལ་ཆེན་པོས་ཏེ་སྲོག་ལ་བབ་ཀྱང་ཁོང་ཁྲོ་བ་སོགས་སྡིག་པའི་སེམས་མི་འབྱུང་ཞིང་དགེ་བ་ངང་གིས་འཕེལ་ བར་འགྱུར་རོ། །འགྲེལ་པ་ལྟར་ན་ཁོང་ཁྲོ་སོགས་ཁོ་བོ་དེར་གནས་པའི་དོན་མེད་དོ་སྙམ་པ་ལྟ་བུར་བྱང་ཆུབ་སེམས་དཔའི་རྒྱུད་ལ་མི་འབྱུང་བ་ལ་དོ་གལ་ཆེན་པོས་མི་འབྱུང་བར་བཤད་དོ། །དོན་ནི་སེམས་དཔའ་རྣམས་སྲོག་ལ་བབ་ཀྱང་སྡིག་

Page: 28 པ་མི་མཛད་ཅིང༌། དགེ་བ་ངང་གིས་འཕེལ་བའི་དོན་ཏོ། །རྒྱུ་མཚན་དེ་བས་ན་གང་ཟག་གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ་སྐྱེས་པ་དེའི་སྐུ་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་བཟོད་པའི་ལེའུ་ནས་འཆད་པར་འགྱུར་བ་དང༌། རྒྱལ་པོ་བྱམས་ པའི་སྟོབས་ཀྱི་སྐྱེས་རབས་ལས་འབྱུང་བའི་གནོད་སྦྱིན་ལྔས་སྐུ་ལུས་ཀྱི་ཁྲག་འཐུངས་ཀྱང་མཐར་འཕགས་པའི་གོ་འཕང་ལ་བཀོད་པ་བཞིན་དུ་སེམས་དཔའ་གང་ལ་གནོད་པ་བྱས་ཀྱང་གནོད་ལན་མི་བྱེད་པར་མ་ཟད་བདེ་བ་འབའ་ཞིག་སྐྱེད་པ་དང་ འབྲེལ་བའི་བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆིའོ། །མདོར་བསྡུས་ན་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ལམ་གང་དུ་འཇུག་ཀྱང་ཐེག་པ་ཆེན་པོར་འཇུག་པའི་སྒོ་སེམས་བསྐྱེད་ཉིད་ཡིན་པས་སེམས་དེ་ཐབས་དུ་མས་འབད་ནས་བསྐྱེད་དགོས་ལ། དེ་ སྐྱེད་པ་ལ་ནི་སྔར་བཤད་པ་ལྟར་སྔོན་དུ་སེམས་བསྐྱེད་ཀྱི་ཕན་ཡོན་བསྒོམས་ནས་སྙིང་ཐག་པ་ནས་ཕན་ཡོན་ལ་སྤྲོ་ཤུགས་འཕེལ་བ་ཞིག་དང༌། ཡན་ལག་བདུན་པ་སྐྱབས་འགྲོ་དང་བཅས་པ་དགོས་པར་བྱང་སེམས་ཀྱི་ལམ་གྱི་རིམ་པ་སྟོན་པའི་གཞུང་ མཆོག་ཏུ་གྱུར་པ་བསྟན་བཅོས་འདི་དང་བསླབ་བཏུས་ལས་གསུངས་སོ། །དེ་ལྟར་གསུངས་པའི་ཕན་ཡོན་ཀྱང་བསྡུ་ན་གཉིས་ཏེ་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་ནོ། །དང་པོ་ལ་ཡང་ངན་འགྲོར་མི་ལྟུང་བ་དང་བདེ་འགྲོར་སྐྱེ་བ་གཉིས་ཏེ། སེམས་བསྐྱེད་དེ་སྐྱེས་ན་ངན་འགྲོའི་རྒྱུ་སྔར་བསགས་དུ་མ་འདག་པ་དང་ཕྱིས་གསོག་པ་རྣམས་རྒྱུན་འཆད་པ་དང་བདེ་འགྲོའི་རྒྱུ་སྔར་བསགས་རྣམས་དེས་ཟིན་པས་རྒྱ་ཆེར་འཕེལ་བ་དང༌། གསར་དུ་གསོག་པ་རྣམས་ཀྱང་དེས་ཀུན་ནས་སློང་བས་

Page: 29 ༄༅། །ཟད་པའི་མཐའ་མེད་པའོ། །མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པ་རྣམས་ཀྱང་སེམས་དེ་ལ་བརྟེན་ནས་བདེ་བླག་ཏུ་འགྲུབ་པ་ལ་དེའི་སྔོན་དུ་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་ལ་ཐོབ་འདོད་ཀྱི་འདུན་པ་བཅོས་མ་མ་ ཡིན་པ་གཅིག་མེད་ན་ཕན་ཡོན་དེ་དག་སེམས་བསྐྱེད་ལས་འབྱུང་བས་སེམས་བསྐྱེད་པ་ལ་འབད་པར་བྱའོ་ཞེས་སྨྲས་ཀྱང་ཚིག་ཙམ་དུ་འགྱུར་བས་རང་གི་རྒྱུད་ལ་བརྟགས་ན་ཤིན་ཏུ་གསལ་ལོ། །མངོན་མཐོ་དང་ངེས་ལེགས་ཀྱི་ཕན་ཡོན་གཉིས་ པོ་ལ་ཐོབ་འདོད་སྐྱེད་པ་ལ་སྐྱེས་བུ་ཆུང་འབྲིང་གི་བསམ་པ་སྦྱོང་དགོས་ཤིང༌། དེ་ནས་བྱམས་པ་དང་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་འཇུག་པ་ཡིན་ནོ། །དལ་འབྱོར་མི་ལུས་ཐོབ་པའི་ཤེས་ལྡན་དག །བྱང་ཆུབ་སེམས་ གཉིས་འབད་པས་སྒོམ་པ་ནི། །དལ་འབྱོར་རྟེན་ལ་སྙིང་པོ་ལེན་པའི་མཆོག །སྔོན་དུ་སེམས་དེའི་ཕན་ཡོན་འབད་པས་བསྒོམ། །བསྡུ་བའི་ཚིགས་སུ་བཅད་པའོ། །གཉིས་པ་ལེའུའི་མཚན་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་ བཤད་རྒྱལ་སྲས་འཇུག་ངོགས་ཞེས་བྱ་བ་ལས། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བཤད་པ་ཞེས་བྱ་བ་སྟེ་ལེའུ་དང་པོའི་འགྲེལ་པའོ།། །།

ལེའུ་གཉིས་པ། སྡིག་པ་བཤགས་པ།

[edit]

གཉིས་པ་བྱང་ཆུབ་ཀྱི་སེམས་གཉིས་བསྐྱེད་ནས་སྤྱོད་པ་ལ་སློབ་པའི་ཚུལ་ལ་གཉིས། བྱང་ ཆུབ་ཀྱི་སེམས་གཟུང་བ་དང༌། སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་ཚུལ་ལོ། །དང་པོ་ལ་གཉིས། སྦྱོར་བའི་ཡན་ལག་ཕྱག་དང་མཆོད་པ་དང་སྐྱབས་འགྲོ་སྔོན་དུ་བཏང་སྟེ་སྟོབས་བཞི་ཚང་བའི་སྒོ་ནས་འགལ་རྐྱེན་སྡིག་པ་བཤགས་པ་དང༌། དགེ་བ་

Page: 30 ལ་རྗེས་སུ་ཡི་རང་བ་སོགས་མཐུན་རྐྱེན་ཚོགས་གསོག་པ་སྔོན་དུ་བཏང་སྟེ་སེམས་གཟུང་བ་དངོས་སོ། །དང་པོ་ལ་གཉིས། ལེའུའི་གཞུང་བཤད་པ་དང༌། ལེའུའི་མཚན་ནོ། །དང་པོ་ལ་བཞི། མཆོད་པ་དང༌། ཕྱག་དང༌། སྐྱབས་འགྲོ་དང༌། སྡིག་པ་ བཤགས་པའོ། །དང་པོ་ལ་གཉིས། མཆོད་པ་ཕུལ་བའི་དགོས་པ་དང༌། མཆོད་པ་དངོས་སོ། །དང་པོ་ནི། དངོས་པོ་གྱ་ནོམ་པ་དང་བསམ་པ་དང་སྦྱོར་བ་གུས་པས་ལེགས་པར་མཆོད་པར་བྱའོ། །གང་གི་ཆེད་དུ་ན་སེམས་ཅན་ཐམས་ཅད་ཀྱི་ལེགས་ ཚོགས་ཐམས་ཅད་འབྱུང་བའི་རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར་དུའོ། །ཡུལ་གང་ལ་མཆོད་ན་དེ་བཞིན་གཤེགས་པ་རྣམས་དང་འཕགས་པ་དམ་པ་རྣམས་ཀྱི་ཡིན་པས་དམ་པའི་ཆོས་དཀོན་མཆོག་རང་བཞིན་གྱིས་དག་པ་ལ་གློ་བུར་གྱི་ དྲི་མ་མེད་པའི་ཐེག་པ་ཆེན་པོའི་འགོག་པ་དང་། ལམ་གྱི་བདེན་པ་དང༌། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང༌། འཇམ་པའི་དབྱངས་ལ་སོགས་པ་སངས་རྒྱས་ཀྱི་སྲས་ཡོན་ཏན་གྱི་རྒྱ་མཚོ་ཆེན་པོ་རྣམས་ལའོ། །གཉིས་པ་ལ་གསུམ། བདག་པོས་ མ་བཟུང་བའི་རྫས་ཀྱི་མཆོད་པ་དང༌། རང་གི་ལུས་དབུལ་བ་དང༌། བློས་སྤྲུལ་པའི་མཆོད་པའོ། །དང་པོ་ལ་གསུམ། མཆོད་པའི་རྫས་དང༌། ཇི་ལྟར་དབུལ་བའི་ཚུལ་དང༌། བདག་པོས་མ་བཟུང་བའི་རྫས་འབུལ་བའི་རྒྱུ་མཚན་ནོ། །དང་པོ་ནི། འཇིག་ རྟེན་ན་བདག་པོས་མ་བཟུང་བའི་མེ་ཏོག་པདྨ་སོགས་མེ་ཏོག་དང༌། ཨ་རུ་ར་སོགས་འབྲས་བུ་ཇི་སྙེད་ཡོད་པ་དང༌། ག་བུར་སོགས་སྨན་གྱི་རིགས་ཀྱི་རྣམ་པ་གང་དག་ཡོད་པ་དང༌། འཇིག་རྟེན་གྱི་ཁམས་ན་གསེར་དངུལ་སོགས་རིན་ཆེན་ཇི་སྙེད་ཡོད་པ་དང་མཚོ་

Page: 31 ༄༅། །དང་རྫིང་བུ་སོགས་ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་པ་དང༌། གསེར་ལ་སོགས་པའི་རིན་ཆེན་རི་བོ་བརྒྱད་ལ་སོགས་པ་དང་ནི་དེ་བཞིན་དུ་ནགས་ཚལ་དང་ས་ཕྱོགས་དབེན་ཞིང་ཉམས་དགའ་བ་དང་ལྗོན་ཤིང་རང་གི་མེ་ཏོག་སྣ་ཚོགས་ པའི་རྒྱན་གྱིས་སྤྲས་ཤིང་མཛེས་པར་སྤུད་པ་དང༌། ཤིང་གང་འབྲས་བུ་བཟང་པོ་སྨིན་པ་ལྕི་བས་ཡལ་ག་ཐུར་ལ་དུད་པ་དང་ལྷ་དང་ཀླུ་ལ་སོགས་པའི་འཇིག་རྟེན་ན་ཡང་ལྷན་ཅིག་སྐྱེས་པ་དང་སྦྱར་བ་ལས་བྱུང་བ་དང༌། གྱུར་པ་ལས་བྱུང་བའི་དྲི་བཟང་པོ་ དང་ནི་བདུག་པའི་སྤོས་དང་དགོས་འདོད་འབྱུང་བའི་དཔག་བསམ་ལྗོན་ཤིང་དང་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་ཤིང་དང༌། ཡིད་བཞིན་གྱི་མཚོ་དང་ཁྲུས་ཀྱི་རྫིང་བུ་པདྨས་བརྒྱན་པ་དང་དེ་ན་ངང་པ་ཤིན་ཏུ་སྒྲ་སྙན་པ་སྒྲོག་པ་ཡིད་དུ་འོང་བ་དང༌། ཐོང་ གཤོལ་གྱིས་མ་སྨོས་པ་རང་འཁྲུངས་པའི་ལོ་ཏོག་གི་རྣམ་པ་དང་དེ་ལ་སོགས་པའི་གཞན་ཡང་དཀོན་མཆོག་ལ་མཆོད་པར་འོས་པའི་རྒྱན་མཛེས་པ་རྣམས་ནི་དབུལ་བར་བགྱིའོ། །འགྲེལ་པའི་དོན་མ་གོ་བ་ཁ་ཅིག་གིས་གཞུང་གི་གོ་རིམས་གཞན་ དུ་བཤད་དོ། །གཉིས་པ་ནི། ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་བཏུགས་པ་མཐའ་ཡས་པ་ན་བདག་པོས་ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན་བདག་གིས་བློ་ཡིས་བླངས་ནས་མཆོད་པའི་ཡུལ་ཐུབ་པ་སྐྱེས་བུ་རྣམས་ཀྱི་མཆོག་སྲས་དང་ བཅས་པ་རྣམས་ལ་གུས་པས་ལེགས་པར་འབུལ་ན་ཡོན་གནས་དམ་པ་ཀུན་ལ་ཐུགས་རྗེ་ཆེན་པོ་མངའ་བ་རྣམས་ཀྱིས་བདག་ལ་བརྩེ་བར་དགོངས་ནས། བདག་གི་མཆོད་པ་འདི་དག་བཞེས་ཤིག་ཅེས་པའོ། །གསུམ་པ་ནི། ཡིད་ལས་བྱུང་བའི་

Page: 32 མཆོད་པ་ཙམ་ཅིའི་ཕྱིར་བྱེད། དངོས་པོ་ཡིད་དུ་འོང་བ་དེ་དང་དེ་དངོས་སུ་འབུལ་བར་རིགས་སོ་ཞེ་ན། བདག་ནི་སྔོན་བསོད་ནམས་རྒྱ་ཆེན་པོ་བསགས་པ་དང་མི་ལྡན་པས་ཇི་ལྟར་འདོད་པའི་ལོངས་སྤྱོད་མེད་པའི་བཀྲེན་ཆེན་དུ་གྱུར་ཏེ། མཆོད་པའི་ནོར་ གཞན་རང་དབང་ཅན་བདག་ལ་ཅང་མ་མཆིས་པས་དེས་ན་མཐའ་གཅིག་ཏུ་གཞན་དོན་ལ་དགོངས་པའི་མགོན་གྱིས་བདག་པོས་མ་བཟུང་བའི་མཆོད་པ་འདི་དག་བདག་གི་དོན་གྱི་སླད་དུ་ཉིད་ཀྱི་མཐུས་བཞེས་ཤིག་ཅེས་པའོ། །གཉིས་པ་ནི། བདག་ལ་དབུལ་ བར་བྱ་བའི་ལུས་ཡོད་པས་དེ་དབུལ་བར་བྱའོ་ཞེས་པ་ནི། རྒྱལ་བ་དང་དེའི་སྲས་རྣམས་ལ་བདག་གིས་ནི་རང་དབང་བའི་བདག་གི་ལུས་རྣམ་པ་ཀུན་ཏུ་བདག་གིར་བྱ་བའི་བློ་དོར་ནས་དུས་གཏན་དུ་དབུལ་བར་བགྱི་བས་སེམས་དཔའ་མཆོག་རྣམས་བདག་ གི་ལུས་ཡོངས་སུ་བཞེས་ཤིག །ཕུལ་བའི་དགོས་པ་དད་ཅིང་གུས་པས་ཁྱེད་ཀྱི་འབངས་སུ་མཆི་ཞིང་བཀའ་བཞིན་དུ་བསྒྲུབ་པར་བགྱིའོ། །ཕུལ་ནས་བྱ་བ་ཅི་ཞིག་བྱེད་ན་བདག་ནི་ཁྱེད་ཀྱིས་ཡོངས་སུ་བཟུང་བས་ན་འཇིགས་པ་ཐམས་ཅད་དང་བྲལ་བའི་ སྐྱབས་ལ་བརྟེན་པས་སྲིད་པ་ན་མི་འཇིགས་ཤིང་འཇིགས་པ་དང་བྲལ་ནས་སེམས་ཅན་རྣམས་ལ་ཕན་པར་བགྱིད་ཅིང༌། རང་ཉིད་ཀྱིས་དོན་མེད་པའི་སྔོན་གྱི་སྡིག་པ་བསགས་པ་ལས་ཡང་དག་པར་འདའ་བར་བགྱིད་ཅིང་སྡིག་པ་གཞན་ཡང་སླན་ཆད་ སྲོག་ལ་བབ་ཀྱང་མི་བགྱིད་དོ། །གསུམ་པ་བློས་སྤྲུལ་པའི་མཆོད་པ་ལ་གཉིས། བླ་ན་ཡོད་པའི་མཆོད་པ་དང༌། བླ་ན་མེད་པའི་མཆོད་པའོ། །དང་པོ་ལ་བཅུ་གཉིས། ཁྲུས་དང༌། ན་བཟའ་དང། རྒྱན་དང༌། བྱུག་པ་དང༌། མེ་ཏོག་དང༌། སྤོས་དང༌། ཞལ་ཟས་དང༌། སྣང་

Page: 33 ༄༅། །གསལ་དང༌། གཞལ་མེད་ཁང་དབུལ་བ་དང༌། གདུགས་དང༌། རོལ་མོ་དང༌། མཆོད་པའི་རྣམ་པ་རྒྱུན་མི་འཆད་པར་བྱིན་གྱིས་བརླབ་པའོ། །དང་པོ་ལ་གསུམ། ཁྲུས་ཁང་དང༌། ཁྲུས་གསོལ་བའི་ཚུལ་དང༌། སྐུ་ཕྱི་བའོ། །དང་པོ་ནི། ཁྲུས་གང་དུ་གསོལ་ན་ཁྲུས་ཀྱི་ཁང་པ་ཙན་དན་ལ་སོགས་པས་ཆག་ཆག་བཏབ་པས་ཤིན་ཏུ་དྲི་ཞིམ་པ་དང༌། ཤེལ་གྱི་ས་གཞི་ཁ་དོག་གསལ་ཞིང་འོད་འཚེར་བ་བྱི་དོར་གྱིས་བསྟར་བ་ལ་རིན་ཆེན་འོད་འབར་བའི་ཀ་བ་དང་གདུང་ལ་སོགས་པ་ཡིད་དུ་འོང་བ་ དང་ལྡན་པ་དང་སྟེང་དུ་མུ་ཏིག་གིས་སྤྲས་པས་འོད་ཆགས་པའི་བླ་རེ་བྲེས་པ་དེར་རོ། །གཉིས་པ་ནི། དེ་བཞིན་གཤེགས་པ་དང་དེའི་སྲས་རྣམས་ལ་རིན་ཆེན་གསེར་ལ་སོགས་པའི་བུམ་པ་མང་པོ་དྲི་ཞིམ་པོ་དང་སྦྱར་བའི་སྤོས་ཀྱི་ཆུ་ཡིད་དུ་འོང་བ་མེ་ ཏོག་དང་བཅས་པས་ལེགས་པར་བཀང་བ་སྙན་པའི་གླུ་དང་ནི་རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ་པར་བྱའོ། །གསུམ་པ་ནི། དེ་ནས་མཆོད་ཡུལ་དེ་དག་གི་སྐུ་ལ་མཚུངས་པ་མེད་པའི་གོས་འཇམ་ཞིང་གཙང་ལ་དྲི་ཞིམ་པོས་རབ་ཏུ་བསྒོས་ པས་སྐུ་ཕྱིའོ། །གཉིས་པ་ནི། བྱི་དོར་བྱས་པའི་རྗེས་དེ་ནས་མཆོད་ཡུལ་དེ་ལ་ཁ་དོག་ལེགས་པར་བསྒྱུར་བའི་ན་བཟའ་ཤིན་ཏུ་དྲི་ཞིམ་པ་དམ་པ་འབུལ་ལོ། །ཁྱིམ་པའི་ཆ་བྱད་ཅན་ཡིན་ན་གོས་བཟང་པོ་སྲབ་ལ་འཇམ་པ་དབྱིབས་དང་ཁ་དོག་སྣ་ཚོགས་ དང་བཅས་པ་དབུལ་བར་བྱའོ། །གསུམ་པ་ནི། རྣ་རྒྱན་ལ་སོགས་པའི་རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས་ཞེས་པ་ནི་གདུབ་བུ་སོགས་སོ། །དེས་འཕགས་པ་ཀུན་ཏུ་བཟང་དང་མི་ཕམ་པ་དང་འཇམ་དབྱངས་དང་འཇིག་རྟེན་དབང་ཕྱུག་སོགས་

Page: 34 ལའང་བརྒྱན་པར་བགྱིའོ། །བཞི་པ་ནི། སྟོང་གསུམ་ཀུན་ཏུ་དྲི་ཞིམ་པོའི་ངད་ལྡང་བའི་དྲི་མཆོག་རྣམས་ཀྱིས་ཐུབ་དབང་ཀུན་གྱི་སྐུ་གསེར་དྲི་མ་སྦྱངས་པའི་གཙོ་མ་བྱི་དོར་ལེགས་པར་བྱས་པ་བཞིན་དུ་འོད་ཆགས་ཤིང་འབར་བའི་སྐུ་དེ་དག་བྱུག་པར་ བགྱིའོ། །ལྔ་པ་ནི། ཐུབ་དབང་མཆོད་གནས་མཆོག་ལ་དབུལ་བར་བགྱིའོ། །གང་གིས་ན་ཡིད་དུ་འོང་བའི་མེ་ཏོག་མན་ད་ར་བ་དང་པདྨ་དང་ཨུཏྤ་ལ་ལ་སོགས་པ་དྲི་ཞིམ་པོ་ཐམས་ཅད་སིལ་མར་བྱས་པ་དང༌། མེ་ཏོག་གི་ཕྲེང་བ་སྤེལ་ལེགས་ཤིང་ཡིད་དུ་འོང་ བ་རྣམས་ཀྱིས་ཀྱང་མཆོད་པར་བགྱིའོ། །དྲུག་པ་ནི། བདུག་པའི་སྤོས་མཆོག་ཡིད་འཕྲོག་པ་ཨ་ཀ་རུ་ལ་སོགས་པ་དྲི་དང་ཕྱོགས་བཅུར་ཁྱབ་པ་ཡི་བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ་བར་བགྱིའོ། །བདུན་པ་ནི། ཞལ་ཟས་ཀྱི་ཁྱད་པར་ལི་ཁ་ར་དང་ བཏུང་བའི་ཁྱད་པར་སོགས་བཟའ་བཏུང་ཁ་དོག་དྲི་རོ་སྣ་ཚོགས་དང་བཅས་པ་ཡི་ལྷ་བཤོས་རྣམས་ཀྱང་རྒྱལ་བ་སྲས་བཅས་དེ་ལ་དབུལ་བར་བགྱིའོ། །བརྒྱད་པ་ནི། སྣོད་གསེར་གྱི་པདྨ་ཚར་དུ་དངར་བ་སྟེ་དུ་མ་བསྒྲིགས་པའི་ནང་དུ་བཞག་པ་འོད་འབར་ བའི་རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱིའོ། །དགུ་པ་ནི། ས་གཞི་ལེགས་པར་བསྟར་བ་སྤོས་ཀྱིས་བྱུགས་པ་དེར་མེ་ཏོག་ཡིད་དུ་འོང་བ་སིལ་མ་བཀྲམ་པར་བྱས་པ། གཞལ་མེད་ཀྱི་ཕོ་བྲང་ནང་ན་ལྷ་མོ་རྣམས་ཀྱིས་བསྟོད་དབྱངས་སྙན་པ་ཡིད་དུ་འོང་བ་ དང་ལྡན་པ་དང༌། མུ་ཏིག་དང་རིན་ཆེན་དུ་མའི་རྒྱན་གྱི་ཆུན་བུ་འཕྱང་བས་མཛེས་པ་དང་འོད་འབར་བ་དཔག་གཡས་ཀྱིས་སྟེང་གི་ནམ་མཁའ་མཛེས་པར་བྱས་པ་ནམ་མཁའི་རྒྱན་དུ་གྱུར་པ་དེ་དག་ཀྱང་ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱིའོ། །

Page: 35 ༄༅། །བཅུ་པ་ནི། རིན་ཆེན་སྣ་ཚོགས་ལས་བྱས་པའི་གདུགས་མཛེས་པ་གསེར་གྱི་ཡུ་བ་ཅན་མཐའི་ཁོར་ཡུག་རིན་པོ་ཆེ་དུ་མས་སྤྲས་པའི་རྒྱན་གྱི་རྣམ་པ་ཡིད་དུ་འོང་བས་བརྒྱན་ཅིང་དབྱིབས་ལེགས་པ་མིག་གིས་བལྟ་ན་སྡུག་པ་ཕུབ་སྟེ་ བསྒྲེང་བ་ཡང་དུས་རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱིའོ། །བཅུ་གཅིག་པ་ནི། སྔར་ཕུལ་བ་དེ་ལས་གཞན་ཡང་མཆོད་པའི་ཚོགས་རྫ་རྔ་ལ་སོགས་པའི་རོལ་མོ་དང་དབྱངས་སྙན་པ་ཡིད་དུ་འོང་བ་དང་ལྡན་པ་ཐོས་པ་ཙམ་གྱིས་སེམས་ཅན་གྱི་ སྡུག་བསྔལ་བསལ་ནས་ཆིམ་པའམ་ཡིད་སིམ་པར་བྱེད་པའི་སྤྲིན་རྣམས་སོ་སོར་གནས་ཤིང་འབྱུང་བར་གྱུར་ཅིག་པའོ། །བཅུ་གཉིས་པ་ནི། གསུང་རབ་ཡན་ལག་བཅུ་གཉིས་དང་འགོག་ལམ་གྱིས་བསྡུས་པའི་དམ་ཆོས་དཀོན་མཆོག་ཐམས་ཅད་དང་ཐུགས་ ཀྱི་རྟེན་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་རྣམས་དང་རི་མོར་བྲིས་པ་ལ་སོགས་པའི་སྐུ་གཟུགས་ལ་རིན་ཆེན་མེ་ཏོག་ལ་སོགས་པ་མཆོད་པའི་ཆར་འཁོར་བ་ཇི་སྲིད་ཀྱི་བར་རྒྱུན་མི་འཆད་པར་འབབ་པར་ཤོག་ཅིག་པའོ། །གཉིས་པ་བླ་ན་མེད་པའི་ མཆོད་པ་ནི། ཇི་ལྟར་འཇམ་དབྱངས་དང་ཀུན་ཏུ་བཟང་པོ་ལ་སོགས་པ་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་བཞེད་པའི་མཆོད་རྫས་ནམ་མཁའ་གང་བ་སྤྲུལ་ནས་རྒྱལ་བ་རྣམས་ལ་མཆོད་པ་མཛད་པ་དེ་བཞིན་དུ་བདག་གིས་ ཀྱང་དེ་བཞིན་གཤེགས་པ་ལྷ་མི་རྣམས་ཀྱི་མགོན་པོ་སྲས་དང་བཅས་པ་རྣམས་ལ་མཆོད་པར་བགྱིའོ། །དཀོན་མཆོག་ཏ་ལ་ལར། མེ་ཏོག་ཕལ་ཆེར་མེ་ཏོག་བླ་རེ་དང། །མེ་ཏོག་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མེ་ཏོག་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་

Page: 36 ནས། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་ཕྱག་འཚལ་བ་ལ་གཉིས། ངག་གིས་བསྟོད་པ་བརྗོད་པ་དང༌། ལུས་ཀྱིས་འདུད་པའོ། །དང་པོ་ནི། མཁྱེན་པ་དང་བརྩེ་བ་ལ་སོགས་པའི་ཡོན་ཏན་གྱི་རྒྱ་མཚོ་ རྣམས་ལ་བདག་གིས་ཡོན་ཏན་མཐའ་ཡས་པ་བརྗོད་པའི་བསྟོད་དབྱངས་ཀྱི་ཡན་ལག་རྒྱ་མཚོས་བསྟོད་པར་བགྱིའོ། །དབྱངས་ནི་ངག་ཡིན་ལ་ཡན་ལག་ནི་དེའི་རྒྱུ་དང་རྒྱ་མཚོ་ནི་མང་པོའི་སྒྲ་སྟེ། ལུས་རེ་རེ་ལ་ཡང་མགོ་དཔག་ཏུ་མེད་པ་དང་མགོ་རེ་རེ་ལ་ ཡང་ལྕེ་དཔག་ཏུ་མེད་པར་མོས་ནས་བསྟོད་པའོ། །གཞན་ཡང་འཕགས་པའི་ཚོགས་དེ་དག་ལ་བསྟོད་དབྱངས་བདག་གིས་མ་བྱས་ཀྱང་སྙན་པའི་སྤྲིན་མཐའ་ཡས་པ་ངེས་པར་ཡུལ་དུས་ཀུན་ཏུ་འབྱུང་བར་གྱུར་ཅིག། །གཉིས་པ་ལ་གསུམ། དཀོན་ མཆོག་གསུམ་དང༌། བྱང་ཆུབ་ཀྱི་སེམས་སྐྱེ་བའི་གཞི་སོགས་དང༌། མཁན་སློབ་སོགས་ལ་ཕྱག་འཚལ་བའོ། །དང་པོ་ནི། དུས་གསུམ་དུ་བྱོན་གཤེགས་མཛད་པའི་སངས་རྒྱས་ཀུན་དང་ལུང་དང་རྟོགས་པའི་ཆོས་དང་ཚོགས་ཀྱི་མཆོག་བྱང་ཆུབ་སེམས་ དཔའ་འཕགས་པ་དང་བཅས་པ་རྣམས་ལ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཀུན་གྱི་གྲངས་དེ་སྙེད་ཀྱི་ལུས་སྤྲུལ་ཏེ། བཏུད་པས་ནི་བདག་ཕྱག་འཚལ་ལོ། །གཉིས་པ་ནི། བྱང་ཆུབ་ཀྱི་སེམས་ཀྱི་གཞི་ནི་སེམས་དེ་འབྱུང་བའི་རྒྱུ་སྟེ་ཐེག་པ་ཆེན་པོའི་སྡེ་སྣོད་ དང༌། སེམས་སྐྱེ་བའི་རྐྱེན་བྱེད་པའི་གང་ཟག་དང་གང་དུ་བསྐྱེད་པའི་ས་ཕྱོགས་རྣམས་དང་སངས་རྒྱས་ཀྱི་སྐུ་གཟུགས་སོགས་མཆོད་རྟེན་རྣམས་ལ་བདག་ཕྱག་འཚལ་ལོ། །གསུམ་པ་ནི། སོ་ཐར་གྱི་ཚིག་སྔ་ཕྱི་རྫོགས་པར་བྱེད་པ་ལ་སོགས་པའི་

Page: 37 ༄༅། །མཁན་པོ་དང་དེ་བཞིན་དུ་གང་ལ་སྡོམ་པ་སྦྱིན་པ་ལ་སོགས་བའི་སློབ་དཔོན་དང༌། ཐར་པའི་ལམ་ལ་འབད་པའི་བརྟུལ་ཞུགས་མཆོག་གི་ཁུར་འཛིན་པ་རྣམས་ལ་ཡང་ཕྱག་འཚལ་ལོ། །གསུམ་པ་སྐྱབས་སུ་འགྲོ་བ་ནི། སྐྱབས་ འགྲོའི་དོན་ནི་འཇིགས་པ་དང་སྡུག་བསྔལ་ལས་སྒྲོལ་བའི་རྟེན་དུ་ཡིད་ཀྱིས་འཛིན་ཅིང་ངག་གིས་བརྗོད་པ་སྟེ། དེ་ལ་རྒྱུའི་སྐྱབས་འགྲོ་དང་འབྲས་བུའི་སྐྱབས་འགྲོའོ། །དང་པོ་ནི་གྲུབ་ཟིན་པའི་དཀོན་མཆོག་གསུམ་འཇིགས་པ་ལས་སྒྲོལ་བའི་རྟེན་དུ་ འཛིན་པ་ཡིན་ལ། གཉིས་པ་ནི་རང་རྒྱུད་ལ་ཐོབ་པར་བྱ་བའི་སངས་རྒྱས་དང་ཆོས་དཀོན་མཆོག་འཇིགས་པ་ལས་སྒྲོལ་བའི་རྟེན་དུ་འཛིན་པའོ། །གང་ལ་བརྟེན་ནས་སྐྱབས་སུ་འགྲོ་བའི་རྒྱུ་དང་སྐྱབས་འགྲོའི་ཡུལ་དང་ཡོན་ཏན་ཤེས་པ་དང་ཁྱད་པར་ཤེས་ པ་དང་ཁས་བླངས་པ་དང་གཞན་དུ་མི་སྨྲ་བ་དང་བཞིས་སྐྱབས་སུ་སོང་བའི་ཚུལ་དང༌། སྐྱབས་འགྲོའི་བསླབ་བྱ་དང་བཅས་པ་རྣམས་བླ་མ་བདག་ཉིད་ཆེན་པོས་མཛད་པའི་ཕར་ཕྱིན་ལམ་རིམ་ཆེ་བ་ལས་ཤེས་པར་བྱ་བས་འདིར་མ་སྤྲོས་སོ། །ལམ་བདེན་ ལ་དོན་དམ་པའི་སྐྱབས་མ་ཡིན་པའི་ཁྱབ་པ་ཁས་ལེན་པའི་ལོག་པར་འཆད་པ་དགག་པ་དང༌། སྐྱབས་སྤྱིའི་རྣམ་གཞག་དང་ཀུན་རྫོབ་པ་དང་དོན་དམ་པའི་སྐྱབས་ཀྱི་ཁྱད་པར་སོགས་ནི་ཐེག་པོ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་རྣམ་བཤད་དུ་ བཤད་ཟིན་པ་ལས་ཤེས་པར་བྱའོ། །སྐབས་འདིར་ནི་གཞན་རྒྱུད་ལ་གྲུབ་ཟིན་པའི་ཐེག་པ་ཆེན་པོའི་དཀོན་མཆོག་གསུམ་དང༌། རང་རྒྱུད་ལ་འབྱུང་འགྱུར་གྱི་དཀོན་མཆོག་གསུམ་དམིགས་པའི་ཡུལ་དུ་བྱས་ཏེ་དུས་འདི་ནས་བཟུང་སྟེ་བླ་ན་མེད་པའི་བྱང་

Page: 38 ཆུབ་ཀྱི་སྙིང་པོར་ཏེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཆོས་སྐུ་མངོན་དུ་བྱེད་པའི་བར་ཏེ། དེར་མཆིས་ཀྱི་བར་དུ་སངས་རྒྱས་རྣམས་ལ་སྐྱབས་སུ་མཆི་ཞིང་ཐེག་ཆེན་གྱི་ཆོས་དཀོན་མཆོག་དང་བྱང་ཆུབ་སེམས་དཔའ་ཡི་ཚོགས་བྱང་སེམས་འཕགས་པ་རྣམས་ལའང་ དེ་བཞིན་དུ་སྐྱབས་སུ་མཆི་བ་སྟེ། གྲུབ་ཟིན་གྱི་སངས་རྒྱས་ལ་ལམ་སྟོན་པའི་སྟོན་པ་དང་རང་རྒྱུད་ལ་ཐོབ་པར་བྱ་བའི་ཆོས་དཀོན་མཆོག་ལ་སྐྱབས་དངོས་དང་གྲུབ་ཟིན་གྱི་ཐེག་ཆེན་འཕགས་པ་ལ་སྐྱབས་སྒྲུབ་པའི་གྲོགས་སུ་འཛིན་ཅིང་ཁས་ལེན་པའོ། །བཞི་པ་སྟོབས་བཞི་ཚང་བའི་སྒོ་ནས་སྡིག་པ་བཤགས་པ་ལ། སྤྱིའི་རྣམ་གཞག་ནི། དང་པོ་ཉིད་ནས་ཉེས་སྤྱོད་ཀྱི་མ་གོས་པ་ལ་འབད་པར་བྱ་ལ། འབད་ཀྱང་བག་མེད་པ་དང་ཉོན་མོངས་མང་བ་ལ་སོགས་པའི་དབང་གིས་ཉེས་པ་བྱུང་ན་ཇི་མི་སྙམ་པར་བཞག་ ཏུ་མི་རུང་བས། སྟོན་པ་ཐུགས་རྗེ་ཅན་གྱིས་ཕྱིར་བཅོས་པའི་ཐབས་གསུངས་པ་རྣམས་ལ་འབད་དགོས་སོ། །དེ་ཡང་ལྟུང་བ་ཕྱིར་བཅོས་ནི་སྡོམ་པ་གོང་འོག་སོ་སོ་ནས་གསུངས་པ་ལྟར་བྱ་ལ་སྡིག་པ་ཕྱིར་བཅོས་པ་ནི་སྟོབས་བཞིའི་སྒོ་ནས་བྱ་སྟེ། ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཡང་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན་འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་ སྤྱོད་པ་དང༌། གཉེན་པོ་ཀུན་ཏུ་སྤྱོད་པ་དང༌། ཉེས་པ་ལས་སླར་ལྡོག་པའི་སྟོབས་དང༌། རྟེན་གྱི་སྟོབས་སོ་ཞེས་གསུངས་ཏེ་བྱས་ཤིང་བསགས་པའི་ལས་ནི་མྱོང་ངེས་ཡིན་པས་དེ་ཟིལ་གྱིས་གནོན་ནུས་ན་མ་ངེས་པ་ལྟ་ཅི་སྨོས། དེ་ལ་སྟོབས་དང་པོ་ནི་མི་དགེ་

Page: 39 ༄༅། །བའི་ལས་བྱས་པ་ལ་འགྱོད་པ་མང་བ་ཡིན་ཏེ་འདི་སྐྱེ་བ་ལ་མི་དགེ་བའི་ལས་ཀྱིས་འབྲས་བུ་གསུམ་བསྐྱེད་ཚུལ་ལེགས་པར་བསྒོམ་དགོས་སོ། །སྟོབས་གཉིས་པ་ལ་བསླབ་བཏུས་ལས་གསུངས་པ་ལྟར་མདོ་སྡེ་ཟབ་མོ་ལ་བརྟེན་པ་ དང༌། སྟོང་པ་ཉིད་སྒོམ་པ་དང༌། བཟླས་པ་ལ་བརྟེན་པ་དང༌། སྐུ་གཟུགས་ལ་བརྟེན་པ་དང༌། མཆོད་པ་ལ་བརྟེན་པ་དང༌། མཚན་ལ་བརྟེན་པ་སོགས་སོ། །སྟོབས་གསུམ་པ་ནི་ཕྱིན་ཆད་མི་དགེ་བ་ཡང་དག་པར་སྔོམ་པའོ། །བཞི་པ་ནི་བྱང་ཆུབ་ཀྱི་སེམས་ སྒོམ་པ་སོགས་སོ། །འདིར་ནི་སྟོབས་དང་པོ་རྒྱས་པར་གསུངས་སོ། །དེ་ལ་ཡང་སྡིག་པ་བྱས་པའི་དུས་དང༌། རྒྱུ་དང༌། སྒོ་དང༌། སྦྱོར་བ་དང༌། ཡུལ་དང༌། ཇི་ཙམ་བྱས་པ་རྣམས་དྲན་པར་བྱའོ། །སོ་སོའི་དོན་ལ་བཞི་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་ སྤྱོད་པའི་སྟོབས་དང༌། རྟེན་གྱི་སྟོབས་དང༌། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང༌། ཉེས་པ་ལས་སླར་ལྡོག་པའི་སྟོབས་སོ། །དང་པོ་ལ་བཞི་སྟེ། སྡིག་པ་ཇི་ལྟར་བྱས་པའི་ཚུལ་བརྟགས་ཏེ་འགྱོད་པ་བྱ་བ་དང༌། སྡིག་པ་དང་བཅས་བཞིན་དུ་འཆི་ བས་འཇིགས་ནས་འགྱོད་པ་བསྒོམ་ཞིང་སྐྱབས་སུ་འགྲོ་བ་དང༌། དོན་མེད་པའི་སྡིག་པ་བྱས་པའི་ཚུལ་རྒྱས་པར་བསམས་ནས་འགྱོད་པ་བསྒོམ་པ་དང༌། སྡིག་པས་འཇིགས་པའི་ཚུལ་བསམ་པའོ། །དང་པོ་ལ་བཞི། གང་ལ་སྡིག་པ་བཤགས་པའི་ཡུལ་ ལ་མཁྱེན་པར་གསོལ་བ་དང༌། དུས་དང་རྒྱུ་དང་རྣམ་པ་སོགས་ཀྱི་སྒོ་ནས་སྡིག་པ་བྱས་པ་སྤྱིར་བཤགས་པ་དང༌། ཡུལ་ཁྱད་པར་ཅན་ལ་སྡིག་པ་སྟོབས་ལྡན་བྱས་པ་བཤགས་པ་དང༌། མི་འདོད་པའི་འབྲས་བུ་ལ་བསམས་ཏེ་འགྱོད་པས་བཤགས་པའོ། །

Page: 40 དང་པོ་ནི། ཕྱོགས་རྣམས་ཀུན་ན་བཞུགས་པའི་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོ་མངའ་བ་རྣམས་ལ་ཐལ་མོ་སྦྱར་ཏེ་སྡིག་པ་བྱས་པ་འགྱོད་པས་བཤགས་པར་གསོལ་བ་འདེབས་པ་ནིའོ། །གཉིས་པ་ནི། དུས་ཐོག་མ་མེད་ པ་དང་ལྡན་པའི་འཁོར་བར་འཁོར་བ་ནས་བཟུང་སྟེ་ཚེ་རབས་འདིའམ་གཞན་དག་ལ་བདག་ནི་ལས་ཀྱི་རྣམ་སྨིན་ལ་རྨོངས་པར་གྱུར་པའི་དབང་གིས་རང་གིས་སྡིག་པ་བགྱིས་པ་དང༌། གཞན་དག་བགྱིད་དུ་སྩལ་བ་ཉིད་དང་ནི་ལས་འབྲས་ལ་རྨོངས་པའི་ གཏི་མུག་འཁྲུལ་བས་བདག་ནོན་ཏེ་གཞན་གྱིས་སྡིག་པ་བྱས་པ་ལ་རྗེས་སུ་ཡི་རང་བ་གང་བགྱིས་པའི་ནོངས་པ་དེ་ནི་རང་གིས་ནོངས་པར་མཐོང་བར་བགྱིས་ནས་འགྱོད་བཞིན་དུ་བསམ་པ་ཐག་པས་མགོན་པོ་རྣམས་ལ་བཤགས་ཏེ་མི་འཆབ་ཅིག་མི་སྦེད་ པའོ། །གསུམ་པ་ནི། འཁྲུལ་པ་ཅན་བདག་གིས་ཡུལ་དཀོན་མཆོག་གསུམ་དང་ནི་ཕ་མའམ་བསོད་ནམས་ཀྱི་ཞིང་བླ་མ་གཞན་དག་ལ་རྒྱུ་ཉོན་མོངས་པ་དུག་གསུམ་གྱི་སྒོ་ནས་སྡིག་པ་འབྱུང་བའི་སྒོ་ལུས་ངག་དང་ཡིད་ཀྱིས་གནོད་པ་བགྱིས་པ་གང་ལགས་ པ་བཤགས་པར་བགྱིའོ། །བཞི་པ་ནི། དམྱལ་བ་ལ་སོགས་པའི་འབྲས་བུ་འབྱིན་པའི་རྒྱུ་ཆགས་སོགས་ཉེས་པ་དུ་མའི་སྐྱོན་ཆགས་པའི་སྡིག་ཅན་བདག་གིས་སྲོག་གཅོད་སོགས་སྡིག་པ་གང་སྡུག་བསྔལ་ཆེན་པོ་བསྐྱེད་པས་ཤིན་ཏུ་མི་བཟད་པ་བགྱིས་ པ་དེ་ཐམས་ཅད་འདྲེན་པ་རྣམས་ལ་བཤགས་སོ། །གཉིས་པ་ནི། སྡིག་པ་དེ་མ་ཐག་མ་བཤགས་ན་བདག་ནི་སྡིག་པ་མ་བྱང་བར་སྡིག་པ་དང་བཅས་ཏེ་འཆི་བདག་གིས་སྔོན་དུ་འགུམ་པར་འགྱུར་དུ་མཆི་ཞིང་ངན་འགྲོར་སྐྱེ་བས་ཐབས་ཇི་ལྟར་བྱས་

Page: 41 ༄༅། །ན་སྡིག་པ་འདི་ལས་ངེས་པར་ཐར་བར་འགྱུར་བར་མྱུར་བའི་ཚུལ་གྱིས་བདག་ལ་བསྐྱབ་ཏུ་གསོལ་ལོ། །སྡིག་པ་མ་བྱང་བར་དུ་མི་འཆི་བས་མྱུར་དུ་བསྐྱབ་ཅི་དགོས་ཤེ་ན། དུས་སྐད་ཅིག་ཀྱང་ཡིད་བརྟན་མི་རུང་བའི་འཆི་བདག་འདི་ སྡིག་སྦྱོང་བྱས་པ་དང་མ་བྱས་པ་ལ་སོགས་པའི་དུས་ལ་མི་སྡོད་ཅིང་བྱ་བ་ཚར་མ་ཚར་ལ་མི་ལྟོས་པས་གང་ཟག་ན་བ་དང་མི་ན་བ་ཀུན་གྱིས་ཀྱང་ཚེ་ཚད་མ་རྫོགས་ཀྱང་གློ་བུར་དུ་འཆི་བས་ཚེ་ལ་དེ་རིང་མི་འཆི་བ་ཙམ་ལ་ཡང་ཡིད་མི་བརྟན་ཅིང་ཡིད་བརྟན་ མི་རུང་བས་སྡིག་པ་མྱུར་དུ་སྦྱང་བར་བྱའོ། །གསུམ་པ་ལ་བཞི། གཉེན་དང་ལུས་ལོངས་སྤྱོད་སོགས་ཡིད་བརྟན་མི་རུང་བར་མ་ཤེས་པས་དེ་དག་གི་དོན་དུ་སྡིག་པ་བྱས་པ་ལ་འགྱོད་པ་དང༌། འཆི་བའི་ཚེ་དྲན་པའི་ཡུལ་ཙམ་དུ་འགྱུར་བའི་དཔེ་དང༌། ཡིད་བརྟན་མི་རུང་བ་ད་ལྟར་ཡང་མངོན་སུམ་དུ་གྲུབ་པས་དེ་དག་གི་དོན་དུ་སྡིག་པ་བྱས་པ་ལ་འགྱོད་པ་དང༌། རང་ཉིད་ནམ་འཆི་ངེས་པ་མེད་པར་མ་རྟོགས་པས་སྡིག་པ་བྱས་པ་ལ་འགྱོད་པའོ། །དང་པོ་ནི། གཉེན་དང་ལོངས་སྤྱོད་སོགས་དང་ལྷན་ཅིག་སྐྱེས་ པའི་ཤ་རུས་སོགས་ཐམས་ཅད་བོར་ཏེ་རང་ཉིད་གཅིག་པུ་ཕ་རོལ་ཏུ་ཆ་དགོས་པར་བདག་གིས་དེ་ལྟར་མ་ཤེས་པས་མཛའ་བ་བསྲུང་བ་དང་མི་འཛའ་བ་གཞོམ་པའི་དོན་གྱི་ཕྱིར་སྡིག་པ་རྣམ་པ་སྣ་ཚོགས་བྱས་པས་འགྱོད་པའོ། །དེ་དག་གི་དོན་དུ་ སྡིག་པ་བྱ་བར་མི་རིགས་ཏེ། མི་མཛའ་བ་རྣམས་ཀྱང་དེ་མ་ཐག་མེད་པར་འགྱུར་ཞིང་མཛའ་བ་རྣམས་ཀྱང་ཁྱད་མེད་པར་འགྱུར་ལ་བདག་ཀྱང་མེད་པར་འགྱུར་བ་སྟེ། དེ་བཞིན་དུ་གཉེན་དང་ལོངས་སྤྱོད་སོགས་ཐམས་ཅད་མེད་པར་འགྱུར་བས། ཡིད་བརྟན་

Page: 42 ཅུང་ཟད་ཀྱང་མི་རུང་བས་དེ་དག་གི་ཆེད་དུ་ཆགས་སྡང་གིས་སྡིག་པ་བྱས་པ་ལ་འགྱོད་པའོ། །གཉིས་པ་ནི།དཔེར་ན་རྨི་ལམ་དུ་བདེ་བ་ཅུང་ཟད་ཅིག་ཉམས་སུ་མྱོང་བ་སད་པའི་ཚེ་དྲན་པའི་ཡུལ་ཙམ་དུ་འགྱུར་བ་བཞིན་དུ་སྔར་བདེ་བར་རློམ་པའི་དངོས་པོ་གང་ དང་གང་ལོངས་སྤྱད་པ་དེ་དང་དེ་འཆི་བའི་ཚེ་དྲན་པའི་ཡུལ་ཙམ་དུ་འགྱུར་བས་ད་ལྟ་ཉིད་ནས་ཆོས་འབའ་ཞིག་བྱ་བར་ཐག་གཅོད་པ་ལན་མང་དུ་བྱའོ། །གང་དང་གང་འདས་པ་ཐམས་ཅད་མཐོང་བར་མི་འགྱུར་བར་དྲན་པའི་ཡུལ་ཙམ་དུ་ཟད་པའོ། །གསུམ་པ་ ནི། གཞན་ཡང་རེ་ཤིག་གསོན་པའི་ཚེ་འདི་ཉིད་ལ་ཡང་སྔར་མཛའ་བ་དང་མི་མཛའ་བ་དུ་མ་འདས་པ་མྱོང་བས་གྲུབ་ལ་དེ་དག་གི་དོན་དུ་བྱས་པའི་སྡིག་པའི་རྣམ་སྨིན་མི་བཟད་པ་གང་ཡིན་པ་མདུན་ན་གནས་པས། སྡུག་བསྔལ་སྐལ་གཞན་མི་ལེན་ན། ། གེགས་བྱེད་མཛའ་བས་ཅི་ཞིག་བྱ། །ཞེས་གསུངས་པ་ལྟར་དེ་དག་གི་དོན་དུ་སྡིག་པ་བྱས་པ་ལ་འགྱོད་པ་ཡང་དང་ཡང་དུ་བསམ་པར་བྱའོ། །བཞི་པ་ནི། དེ་ལྟར་བདག་ནི་ནམ་འཆི་ངེས་པ་མེད་པ་ཚེ་ཡུད་ཙམ་གྱིས་གློ་བུར་བ་ཞེས་བདག་གིས་རྟོགས་ པར་མ་གྱུར་པས་གཏི་མུག་དང་འདོད་ཆགས་དང་ཞེ་སྡང་གིས་སྡིག་པ་རྣམ་པ་དུ་མ་བྱས་ཤིང་སྡིག་པས་ངན་འགྲོར་ལྷུང་བས། འཆི་ངེས་པ་དང༌། ནམ་འཆི་ངེས་མེད་དང༌། འཆི་བའི་ཚེ་ཆོས་མ་གཏོགས་གཞན་གང་གིས་ཀྱང་མི་ཕན་པ་བསམ་ཞིང༌། ངན་ འགྲོའི་ཉེས་དམིགས་བསམས་ལ་སྡིག་པ་བྱས་པ་ལ་འགྱོད་པ་ལན་དུ་མར་བསྒོམ་པར་བྱའོ། །བཞི་པ་ལ་བཞི། ཚེ་ལ་སྣོན་པ་མེད་ཅིང་འབྲིད་བྱེད་བར་མ་ཆད་དུ་ཡོད་པས། ངེས་པར་འཆི་ཞིང་སྡིག་པ་དང་བཅས་བཞིན་དུ་འཆི་བས་འཇིགས་པ་དང༌།

Page: 43 ༄༅། །སྡིག་པ་མ་དག་ན་ཚེ་འདི་ཉིད་དུ་ཡང་སྡུག་བསྔལ་མྱོང་དགོས་པ་དང༌། འཇིགས་པ་ཆེན་པོ་འབྱུང་བའི་རྒྱུ་མཚན་དང༌། ཕྱི་མར་སྡུག་བསྔལ་གྱིས་གདུང་བར་འགྱུར་བའི་ཚུལ་ལོ། །དང་པོ་ནི། འགྲོ་འཆག་ཉལ་གསུམ་གང་བྱེད་ཀྱང་ ཉིན་མཚན་སྐད་ཅིག་ཀྱང་སྡོད་པ་ཡོད་མེད་པར་ཚེ་འདི་རྟག་ཏུ་གོད་པས་ཏེ་བྲི་བར་འགྱུར་ཞིང་སྣོན་པ་གུད་ནས་ཅུང་ཟད་ཙམ་ཡང་འོང་བ་མེད་ན་བདག་ལྟ་བུ་ངེས་པར་འཆི་བར་རྒྱུ་མཚན་ཅིས་མི་འགྱུར་ངེས་པར་འཆི་ཞིང༌། ནམ་འཆི་ངེས་པ་མེད་པས་ སྡིག་པ་སྦྱོང་བ་ལ་འབད་པར་བྱའོ། །འགོད་ཅེས་པ་ལྟར་ན་ཉིན་མཚན་གྱིས་ཚེ་སོ་སོར་འགོད་པའི་དོན་ནོ། །གཉིས་པ་ལ་གསུམ། སྡིག་པ་མ་བྱང་ན་སྲོག་འཆད་པའི་སྡུག་བསྔལ་གཉེན་བཤེས་སོགས་ཀྱིས་སྐྱོབ་མི་ནུས་པ་དང༌། བསོད་ནམས་མ་ བྱས་པས་འཇིགས་པ་དང༌། འགྱོད་པས་གདུངས་པའོ། །དང་པོ་ནི། བསོད་ནམས་མ་བྱས་ན་འཆི་བའི་ཚེ་བདག་ནི་མལ་ན་འདུག་བཞིན་དུ་གཉེན་བཤེས་ཇི་ལྟར་བརྩེ་གདུང་ཆེ་བ་རྣམས་ཀྱིས་མཐའ་སྐོར་ཡང་སྲོག་གཅོད་པའི་ཚོར་བའི་སྡུག་བསྔལ་ དག་བདག་ཉིད་གཅིག་པུས་མྱོང་བར་འགྱུར་ཞིང་འཇིགས་པ་སེལ་བྱེད་མེད་པར་མ་ཟད། འཇིགས་པའི་ཤ་ཚུགས་ཅན་གྱི་གཤིན་རྗེའི་ཕོ་ཉས་ཟིན་པ་ལ་གཉེན་ཡོད་པས་ཅི་ཕན་བཤེས་ཀྱིས་ཅི་ཕན་ཆོས་འབའ་ཞིག་སྐྱབས་སུ་གྱུར་པའོ། །གཉིས་པ་ནི། དེའི་ ཚེ་སྐྱབས་འགྲོ་དང་ཚུལ་ཁྲིམས་བསྲུང་བ་སོགས་བསོད་ནམས་གཅིག་པུ་སྐྱབས་ཀྱི་མཆོག་ཡིན་ན་དེ་ཡང་བདག་གིས་མ་བརྟེན་ཏོ། །ཞེས་པ་དགེ་བ་མ་བྱས་པས་འགྱོད་པའོ། །གསུམ་པ་ནི། སྐྱབས་གནས་ལ་མགོན་པོ་ཞེས་བོས་ནས་བག་མེད་བདག་

Page: 44 གིས་ནི་ངན་འགྲོའི་འཇིགས་པ་འདི་འདྲ་ཡོད་པ་མ་འཚལ་ཞིང་མ་ཤེས་ནས་ཚེ་མི་རྟག་པ་གཉེན་སོགས་ཚེ་འདིའི་ཆེད་དག་ཏུ་སྡིག་པ་མང་པོ་ཉེ་བར་བསྒྲུབས་པས་འགྱོད་པའོ། །གསུམ་པ་ནི། སྐྱེ་བོ་འགའ་ཞིག་ཆད་པ་བཅད་པའི་དོན་དུ་ཡན་ལག་གཅོད་ པའི་སར་དེ་རིང་མིས་ཁྲིད་པའང་བྲེད་པར་འགྱུར་ཏེ། ཁ་སྐམ་པ་དང་། བཞིན་གྱི་མདངས་ཉམས་པ་དང༌། མིག་རྩ་ངན་པ་ལ་སོགས་པ་སྔ་མ་ལས་རྣམ་འགྱུར་གཞན་དུ་འགྱུར་བར་སྣང་ན་རང་དང་སྐལ་བ་མི་མཉམ་པའི་གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་ ལྟ་བུའི་ཤ་ཚུགས་ཅན་གྱིས་བཟུང་བར་གྱུར་ཅིང་འཇིགས་པ་ཆེན་པོ་འཆི་བའི་ནད་ཀྱིས་ཐེབས་པར་གྱུར་པས་རབ་ཏུ་ཉམ་ཐག་པ་ལ་འཇིགས་པ་ཆེན་པོ་ཡོད་པ་སྨོས་ཅི་དགོས། དེས་ན་སྡིག་པ་ལ་འགྱོད་པར་བྱའོ། །བཞི་པ་ནི། དམྱལ་བར་སྐྱེས་ ནས་དམྱལ་སྲུང་རྣམས་མཐོང་བའི་ཚེ་ཀྱི་ཧུད་སྐྱེས་བུ་སུ་ཞིག་གིས་འཇིགས་པ་ཆེན་པོ་འདི་ལས་བདག་ལེགས་པར་སྐྱོབ་པར་བྱེད་པར་འགྱུར་ཞེས་ཤིན་ཏུ་སྐྲག་ཅིང་བྲེད་ཤ་ཐོན་པའི་མིག་བགྲད་ནས་ཕྱོགས་བཞིར་སྐྱབས་དག་ཚོལ་བར་བྱེད་ལ་ དེ་ལྟར་བཙལ་ཡང་ཕྱོགས་བཞིར་སྐྱབས་མེད་པར་མཐོང་ནས་ནི་དེ་ནས་ཀུན་ཏུ་ཡི་མུག་འགྱུར་བས་ད་ལྟ་ཉིད་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱའོ། །དེས་ན་དམྱལ་བའི་གནས་དེར་འཇིགས་པ་ལས་སྐྱོབ་པའི་སྐྱབས་ཡོད་པ་མ་ཡིན་ན་ དུས་དེའི་ཚེ་བདག་གིས་ཇི་ལྟར་བྱ་ཐབས་ཅི་ཡང་མེད་པས་ད་ལྟ་ཉིད་ནས་འཇིགས་པ་དང་བྲལ་བའི་རྒྱུ་ལ་འབད་པར་བྱའོ། །གཉིས་པ་རྟེན་གྱི་སྟོབས་ལ་གསུམ། ད་ལྟ་ཉིད་ནས་དཀོན་མཆོག་གསུམ་གྱི་སྐྱབས་ལ་བརྟེན་པ་དང༌། སྨོན་ལམ་གྱི་སྟོབས་ཅན་གྱི་རྒྱལ་

Page: 45 ༄༅། །བའི་སྲས་ལ་བརྟེན་པ་དང༌། སྐྱབས་སུ་སོང་ནས་དེ་དག་གི་བཀའ་བཞིན་དུ་བསྒྲུབ་པའོ། །དང་པོ་ནི། ངན་འགྲོར་སྐྱེས་པའི་ཚེ་སྐྱབས་བཙལ་ཡང་མི་རྙེད་པ་དེ་བས་ན་རྒྱལ་བ་འགྲོ་བའི་མགོན་པོ་སྦྱོར་བས་འགྲོ་བ་ཐམས་ཅད་སྐྱོབ་པའི་དོན་ དུ་བརྩོན་པ་འཇིགས་པ་ལས་སྐྱོབ་པའི་མཐུ་ཕུལ་དུ་བྱུང་བ་མངའ་བས་སྟོབས་ཆེན་པོ་འཇིགས་པ་ཀུན་སེལ་ནུས་པ་ལ་མྱུར་དུ་དེ་རིང་ཉིད་ནས་སྐྱབས་སུ་མཆི་བར་བྱའོ། །གཞན་ཡང་རྒྱལ་བ་དེ་ཡིས་ཐུགས་སུ་ཆུད་པའི་ཆོས་བསྟེན་ན་འཁོར་བའི་འཇིགས་པ་ སེལ་བ་ཆོས་དཀོན་མཆོག་དང༌། འཕགས་པའི་གོ་འཕང་བརྙེས་པའི་བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་དེ་བཞིན་དུ་ཡང་དག་པར་སྐྱབས་སུ་མཆི་བ་སྟེ་ལམ་སྒྲུབ་པའི་གྲོགས་སུ་ཁས་བླང་བར་བྱའོ། །གཉིས་པ་ནི།བདག་ནི་ངན་འགྲོའི་འཇིགས་ པས་རྣམ་སྐྲག་ནས་སྨོན་ལམ་གྱི་སྟོབས་ཅན་གྱི་རྒྱལ་སྲས་ཀུན་ཏུ་བཟང་པོ་ལ་བདག་ཉིད་འབུལ་བས་འཇིགས་པ་ལས་བདག་བསྐྱབ་ཏུ་གསོལ་ཞེས་པའོ། །འཇམ་པའི་དབྱངས་ལ་བདག་ཉིད་ཀྱིས་ཏེ་གཞན་གྱིས་བསྐུལ་བ་མ་ཡིན་པར་ སེམས་དང་བས་བདག་གི་ལུས་འདི་དབུལ་བར་བགྱིའོ། །ལྷུན་གྱིས་གྲུབ་པ་དང་རྒྱུན་མི་འཆད་པ་གཉིས་ཀྱིས་གཞན་དོན་མཛད་པའི་ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བ་ཅན་སྤྱན་རས་གཟིགས་མགོན་དེ་ལ་ཡང་འཇིགས་པས་ཉམ་ཐག་པའི་ང་རོས་ འོ་དོད་འབོད་དོ། །ཇི་ལྟར་ཞེ་ན། སྡིག་ལྡན་བདག་ལ་བསྐྱབ་ཏུ་གསོལ་ཞེས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འཕགས་པ་ནམ་མཁའི་སྙིང་པོ་དང་སའི་སྙིང་པོ་དག་དང་ནི་བྱམས་པ་དང་སྒྲིབ་པ་རྣམ་སེལ་སོགས་ཐུགས་རྗེ་ཆེ་མགོན་ཐམས་ཅད་

Page: 46 ལ་སྐྱབས་སུ་ཚོལ་ཞིང༌། སྙིང་ནས་འོ་དོད་འབོད་པས་སྐྱོབས་ཤིག་ཅེས་པའོ། །ཕྱག་ན་རྡོ་རྗེ་གང་ཞིག་མཐོང་ན་གཤིན་རྗེའི་ཕོ་ཉ་དམྱལ་སྲུང་ལ་སོགས་སེམས་ཅན་ལ་སྡང་བ་རྣམས་སྐྲག་ནས་ཕྱོགས་བཞིར་འབྱེར་བར་བྱེད་པ་རྡོ་རྗེ་ཅན་ལ་ཡང་སྐྱབས་ སུ་མཆིའོ། །གསུམ་པ་ནི། བདག་གིས་སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས་ནས་སྡིག་པ་བྱས་ཤིང་དགེ་བ་མ་བྱས་ལ་ད་ནི་འཁོར་བ་མཐའ་མེད་དང་ངན་འགྲོའི་འཇིགས་པ་ཆེན་པོ་མཐོང་ནས་ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱིས་བླང་དོར་གྱི་གནས་ལ་ཁྱེད་ ཀྱི་བཀའ་བཞིན་དུ་བསྒྲུབས་པས་འཇིགས་པ་མྱུར་དུ་བསལ་དུ་གསོལ་ཞིག་པའོ། །གསུམ་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ལ་གཉིས། སྡིག་པ་སྦྱོང་བ་ལ་འབད་པར་རིགས་པའི་རྒྱུ་མཚན་དང༌། མྱུར་དུ་འབད་པར་རིགས་པའོ། །དང་པོ་ལ་གཉིས། ནད་ཀྱི་དཔེས་སྡིག་པ་མྱུར་དུ་སྦྱང་དགོས་པ་དང༌། གཡང་སའི་དཔེས་སྦྱར་དགོས་པར་བསྟན་པའོ། །དང་པོ་ལ་གསུམ། དཔེ་དོན་དགོད་པ་དང༌། དུག་གསུམ་གྱི་ནད་ཉེས་དམིགས་ཆེ་ཞིང་དེ་འཇོམས་པའི་སྨན་དཀོན་པ་དང༌། དེས་ན་སྨན་པ་མཆོག་སྟོན་ པའི་གསུང་ལྟར་སྒྲུབ་རིགས་པའོ། །དང་པོ་ནི། རླུང་མཁྲིས་སོགས་འཁྲུགས་པའི་ཐ་མལ་པའི་ནད་ཀྱིས་འཇིགས་ན་ཡང་ཤིར་དོགས་ནས་དེ་བཅོས་པའི་ཐབས་སྨན་པའི་ངག་བཞིན་དུ་བྱེད་དགོས་ན་ཐོག་མ་མེད་པ་ནས་འདོད་ཆགས་ལ་སོགས་ པ་དུག་གསུམ་གྱི་གཅོང་ནད་ཆེན་པོ་ཉེས་པ་བརྒྱ་སྟོང་ཕྲག་དུ་མའི་འབྱུང་ཁུངས་སུ་གྱུར་པའི་ནད་ཀྱིས་རྟག་ཏུ་བཏབ་པས་རང་ཅག་དེ་སེལ་བའི་སྨན་པ་མཆོག་རྒྱལ་བའི་བཀའ་བཞིན་དུ་གཉེན་པོ་བསྟེན་པར་རིགས་པ་སྨོས་ཅི་དགོས་སྡིག་པའི་གཉེན་པོ་

Page: 47 ༄༅། །ལ་འབད་པར་རིགས་སོ། །གཉིས་པ་ནི།བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བ་ལྟ་བུ་ནི་དེ་དག་གཅིག་གིས་ཀྱང་འཛམ་བུའི་གླིང་ན་གནས་པའི་མི་ཀུན་དམྱལ་བར་རློག་པར་བྱེད་པས་གནོད་པ་ཆེ་ན་ནད་དེ་དག་གསོ་བའི་སྨན་གཉེན་ པོ་ལམ་སྒོམ་པའི་ཚུལ་སོགས་སྟོན་པའི་གསུང་ལས་གཞན་ནི་ཚངས་པའི་འཇིག་རྟེན་སོགས་ཕྱོགས་གཞན་ཀུན་ནས་མི་རྙེད་ན་སྟེ་མི་རྙེད་པས་ཤིན་ཏུ་དཀོན་པའོ། །གསུམ་པ་ནི། ཉོན་མོངས་པའི་ནད་དེ་ལ་དེ་སེལ་བའི་སྨན་པ་ཐམས་ཅད་མཁྱེན་ པ་ཉོན་མོངས་པའི་ཟུག་རྔུ་ཐམས་ཅད་འབྱིན་པར་མཛད་པའི་བཀའ་ལྟར་མི་བྱེད་པར་འཁོར་བ་མཐའ་མེད་དང་ངན་འགྲོའི་རྒྱུ་ལ་སེམས་པ་ནི། ཤིན་ཏུ་གཏི་མུག་གོ་ཞེས་སྨད་པའི་གནས་ཡིན་པས་སྙིང་ཐག་པ་ནས་སྟོན་པ་ལ་སྐྱབས་སུ་སོང་སྟེ། སྟོན་པའི་བསྟན་པ་ཚུལ་བཞིན་དུ་ཉམས་སུ་བླང་བར་བྱའོ། །གཉིས་པ་ནི། གང་ལ་ལྷུང་ན་ཡན་ལག་ཙམ་གནོད་པར་འགྱུར་བའི་རི་ལ་སོགས་པ་གཡང་ས་ཐ་མལ་བ་ཆུང་ངུ་ལའང་ལྷུང་དོགས་ནས་བག་ཡོད་པས་གནས་པར་བྱ་དགོས་ན། དཔག་ ཚད་སྟོང་ཕྲག་དུ་མས་མཚོན་པའི་དཔག་ཚད་སུམ་ཁྲི་ཉིས་སྟོང་སོགས་ཀྱི་གཡང་སར་ལྷུང་བའི་གཡང་སར་ཡུན་རིང་པོར་གནས་དགོས་པ་ལ་བག་ཡོད་བྱ་དགོས་པ་སྨོས་ཅི་དགོས་པས་ཉོན་མོངས་ཀྱི་གཉེན་པོ་བསྟེན་པ་ལ་འབད་པར་བྱའོ། །གཉིས་ པ་ལ་གཉིས། དེ་རིང་ཉིད་ནས་སྡིག་པའི་གཉེན་པོ་བསྟེན་པ་ལ་འབད་བར་བྱ་བ་དང༌། སྡུག་བསྔལ་གྱིས་མི་འཇིགས་པ་ལ་རྒྱུ་མཚན་ཅི་ཡང་མེད་པས་ལམ་བསྒོམ་པ་ལ་ལེ་ལོ་བྱ་བར་མི་རིགས་པའོ། །དང་པོ་ནི།གཉེན་པོ་ལ་འབད་དགོས་ཀྱང་ཟླ་བ་

Page: 48 ཕྱི་མ་དང་ལོ་ཕྱི་མ་ལ་འབད་པར་བྱའོ་སྙམ་ན། དེ་རིང་ཉིད་ནས་འབད་པར་རིགས་ཏེ་དེ་རིང་ཁོ་ན་མི་འཆི་ཞེས་གཉེན་པོ་ལ་མི་འབད་པར་བདེ་བར་འདུག་པའི་ལེ་ལོས་གནས་པ་རིགས་པ་མ་ཡིན་ཏེ་དེ་རིང་མི་འཆི་བའི་ཡིད་བརྟན་མེད་པས་བདག་ནི་ཤི་ ནས་མེད་པར་འགྱུར་བའི་དུས་དེ་ནི་སང་ཕལ་ཆེར་གདོན་མི་ཟ་བར་འབྱུང་བས་ལེ་ལོ་མི་བྱ་བར་དེ་རིང་ཉིད་ནས་འབད་པར་བྱའོ། །ཀ་ནི་ཀའི་སྤྲིང་ཡིག་ལས། འདི་ཡང་དེང་ནི་འདི་བྱ་ཞེས། །བྱ་བ་མི་ལ་བཟང་པོ་མིན། །ནམ་ཞིག་ཁྱོད་ནི་མེད་འགྱུར་བའི། ། སང་དེ་གདོན་མི་ཟ་བར་འོང༌། །ཞེས་པ་ལྟར་རོ། །གཉིས་པ་ནི། འཆི་ཡང་འཇིགས་པ་བྱས་པས་མི་ཕན་པས་འཇིགས་མི་དགོས་སོ་ཞེ་ན། གཞན་ཐམས་ཅད་འཆི་བ་མཐོང་ཞིང་ཐོས་ལ་ཤི་ནས་ངན་འགྲོར་ལྷུང་བའི་འཇིགས་པ་ཡོད་བཞིན་དུ་བདག་ལ་ འཆི་བ་དང་སྡིག་པས་འཇིགས་མི་དགོས་ཞེས་མི་འཇིགས་པ་སྐྱེས་བུ་དམ་པ་སུ་ཡིས་བྱིན། སྟེར་བ་པོ་སུ་ཡང་མེད་པས་གཉེན་པོ་ལ་མ་འབད་ན་སྡིག་པ་དང་འཆི་བ་འདི་ལས་ཇི་ལྟར་ངེས་པར་ཐར་བར་འགྱུར་ཏེ་མི་ཐར་བས་ཤི་ནས་གདོན་མི་ཟ་བར་མེད་ པར་འགྱུར་ན་སྡིག་པའི་གཉེན་པོ་ལ་མི་འབད་པར་ཅིའི་ཕྱིར་ལེ་ལོའི་དབང་གིས་བདག་ཡིད་བདེ་བར་འདུག་པ་མི་རིགས་པས་ལམ་བསྒོམ་པ་ལ་འབད་པར་བྱའོ། །བཞི་པ་ཉེས་པ་ལས་སླར་ལྡོག་པའི་སྟོབས་ལ་གསུམ། སྡིག་པ་ལ་འགྱོད་པས་ཕྱིན་ ཆད་སྡོམ་པ་དང༌། སྔར་བྱས་བཤགས་པ་དང༌། མཁྱེན་པར་གསོལ་ནས་ཉེས་པ་ལས་ལྡོག་པར་དམ་བཅའ་བའོ། །དང་པོ་ལ་གཉིས། དོན་མེད་པའི་སྡིག་པ་སྤང་བ་དང༌། ཉིན་མཚན་ཀུན་ཏུ་སྡིག་པ་ལས་ཐར་པའི་ཐབས་ལ་འབད་པའོ། །དང་པོ་

Page: 49 ༄༅། །ལ་གཉིས། ལོངས་སྤྱོད་ལ་ཡིད་བརྟན་མི་རུང་བས་ཆགས་པར་མི་རིགས་པ་དང༌། གཉེན་སོགས་ལ་ཆགས་པར་མི་རིགས་པའི་དང་པོ་ནི། སྔོན་ཆད་འཁོར་བར་ལོངས་སྤྱོད་མྱོང་སྟེ་ཡིད་བརྟན་མི་རུང་བར་ཞིག་པ་ལས་ད་དུང་ བདག་ལ་སྙིང་པོ་དང་བཅས་པའི་ལོངས་སྤྱོད་ལྷག་པ་ཅི་ཡོད་ན་ཅུང་ཟད་ཀྱང་མེད་པས་བདག་ནི་སྙིང་པོ་མེད་པ་དེ་ལ་མངོན་པར་ཞེན་ཅིང་ཆགས་ནས་བླ་མའི་བཀའ་དང་འགལ་བར་བྱས་ཤིང་སྡིག་པ་བྱས་པས་འགྱོད་པའོ། །གཉིས་པ་ནི། བདག་གི་ ལུས་སྙིང་པོ་མེད་པ་གསོན་པའི་ཚེ་འདི་དང་དེ་བཞིན་དུ་གཉེན་དང་བཤེས་པ་རྣམས་ཀྱང་སྤངས་ནས་རང་ཉིད་གཅིག་པུ་ངེས་པ་མེད་པའི་ཕྱོགས་ག་ཤེད་རང་དབང་མེད་པར་འགྲོ་དགོས་ན་མཛའ་བ་དང་མི་མཛའ་བ་ཀུན་གྱིས་ཅི་ཞིག་རུང་སྟེ། ཕན་ པ་ཅུང་ཟད་ཀྱང་མེད་པས་དེ་ལ་ཆགས་པར་མི་རིགས་སོ། །གཉིས་པ་ནི། སྲོག་གཅོད་སོགས་མི་དགེ་བ་ལས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་འབྱུང་བས་སྡུག་བསྔལ་དེ་ལས་ཇི་ལྟར་ངེས་པར་ཐར་བར་འགྱུར་ཞེས་ཉིན་མཚན་རྟག་ཏུ་བདག་ གིས་ནི་དགེ་མི་དགེའི་ལས་འབྲས་འདི་ཉིད་འབའ་ཞིག་བསམ་པར་རིགས་སོ། །ལས་འབྲས་ལ་བསམ་པ་ཐག་པ་ནས་ངེས་པ་མ་རྙེད་ན་ཆོས་གང་ལ་ཡང་རྒྱལ་བ་དགྱེས་པའི་ངེས་པ་མི་རྙེད་པས་ཀུན་གྱི་འདི་ལ་འབད་པར་བྱ་སྟེ། ཁ་ཅིག་སྟོང་པ་ཉིད་ལ་ ངེས་པ་རྙེད་པ་སྐད་ཟེར་ནས་ལས་འབྲས་ལ་མི་རྩི་བ་ནི། གོ་བ་ཕྱིན་ཅི་ལོག་ཏུ་སོང་བར་གསལ་ཞིང༌། སྟོང་པ་རྟེན་འབྱུང་གི་དོན་དུ་གནས་པ་ལ་ངེས་པ་མ་རྙེད་པའོ། །གཉིས་པ་ལ་གཉིས། བཤགས་བྱའི་དངོས་པོ་དང༌། བཤགས་པའི་ཚུལ་ལོ། །དང་

Page: 50 པོ་ནི།བདག་ནི་ལས་འབྲས་ལ་རྨོངས་ཤིང་མི་ཤེས་པ་གཏི་མུག་པས་བཅས་པའི་རྟེན་ཅན་ཡིན་མིན་གྱི་གང་ཟག་སུ་གང་གིས་བྱས་ཀྱང་སྡིག་པའི་རིགས་སུ་གནས་པ་རང་བཞིན་གྱི་ཁ་ན་མ་ཐོ་བའམ་བཅས་པའི་རྟེན་ཅན་ཁོ་ན་ལ་དེ་ལྟར་གནས་པ་ བཅས་པའི་སྡིག་པ་གང་ཡིན་པ་ལས། བྱ་བ་ངན་པ་གང་ཡང་རུང་བ་བགྱིས་པ་རྣམས་སོ། །གཉིས་པ་ནི། སངས་རྒྱས་སྲས་དང་བཅས་པའི་མགོན་པོའི་སྤྱན་སྔར་མངོན་སུམ་དུ་སྤྱོད་ལམ་ཐལ་མོ་སྦྱར། བསམ་པ་སྡུག་བསྔལ་ལ་འཇིགས་པའི་ སེམས་ཀྱིས་ཡང་དང་ཡང་དུ་ཕྱག་འཚལ་ཏེ་སྡིག་པ་དེ་དག་ཐམས་ཅད་བཤགས་པར་བགྱིའོ། །གསུམ་པ་ནི། རྒྱུ་མཚན་དེ་བས་ན་འདྲེན་པ་རྣམས་ཀྱིས་བདག་གིས་སྡིག་པ་བྱས་པ་ནོངས་པ་ལགས་པས་ནོངས་པ་ལགས་པར་གཟུང་དུ་གསོལ་སྡིག་པ་བྱས་ པ་འདི་ནི་བྱ་བ་བཟང་པོ་མ་ལགས་པས་སླན་ཆད་བདག་ནི་སྲོག་ལ་བབ་ཀྱང་ཡོང་ཡེ་མི་བགྱིད་དོ། །ཞེས་པ་ནི་དེང་ཕྱིན་ཆད་རྒྱུན་གཅོད་ཅིང་སྡོམ་པར་བགྱིད་པའོ། །གསུང་རབ་དགོངས་འགྲེལ་དང་བཅས་པ་རྣམས་ནས་སྡིག་པ་སྦྱོང་པའི་སྒོ་མང་དུ་ གསུངས་ཀྱང་གཉེན་པོ་ཡོངས་སུ་རྫོགས་པ་ནི་སྟོབས་བཞི་ཚང་བའི་བཤགས་པ་འདིས་བཤགས་པ་ཡིན་ལ། དེས་མྱོང་ངེས་ཀྱི་སྡིག་པ་ཡང་འདག་པར་རྟོག་གེ་འབར་བ་དང༌། བརྒྱད་སྟོང་འགྲེལ་ཆེན་སོགས་ལས་གསུངས་སོ། །རང་ཅག་ལས་ འབྲས་ཀྱི་རྣམ་དབྱེ་ལ་མི་མཁས་ཤིང༌། ཅུང་ཟད་ཤེས་ཀྱང་འདོར་ལེན་ཚུལ་བཞིན་དུ་མི་བྱེད་པ་ལ་ཉི་མ་རེ་རེ་ཞིང་སྡིག་པའི་སྒོ་དུ་མ་འབྱུང་བས་རྒྱུན་དུ་སྟོབས་བཞིའི་བཤགས་པའི་ལམ་དུ་འཇུག་པར་བྱ་ཞིང༌། ཁྱད་པར་དུ་བྱང་ཆུབ་ཀྱི་སེམས་

Page: 51 ༄༅། །སྐྱེ་བའི་གེགས་སྦྱོང་བ་ལ་དམིགས་ནས་འབད་པར་བྱའོ། །ཆགས་དང་ཕྲག་དོག་རློམ་པས་ཁེངས་པ་ཡི། །ནོངས་པས་གཟིར་ལ་སེམས་མཆོག་མི་སྐྱེ་བས། །ལུས་ངག་ཡིད་ཀྱིས་འཁྲུལ་པ་གང་བགྱིས་པ། །དེ་ཀུན་བསམ་པ་ཐག་པས་ མགོན་ལ་བཤགས། །བསྡུ་བའི་ཚིགས་སུ་བཅད་པའོ། །གཉིས་པ་ལེའུའི་མཚན་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་རྒྱལ་སྲས་འཇུག་ངོགས་ཞེས་བྱ་བ་ལས་སྡིག་པ་བཤགས་པའི་ལེའུ་སྟེ་ལེའུ་གཉིས་པའི་འགྲེལ་ པའོ།། །།

ལེའུ་གསུམ་པ། བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བ།

[edit]

གཉིས་པ་དགེ་བ་ལ་རྗེས་སུ་ཡི་རང་བ་སོགས་མཐུན་རྐྱེན་ཚོགས་གསོག་པ་སྔོན་དུ་བཏང་སྟེ་བྱང་ཆུབ་ཀྱི་སེམས་གཟུང་བ་དངོས་ལ་གཉིས། ལེའུའི་གཞུང་བཤད་པ་དང༌། ལེའུའི་མཚན་ནོ། །དང་པོ་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། མཇུག་གི་བྱ་བའོ། །དང་པོ་ལ་ལྔ། དགེ་བ་ལ་རྗེས་སུ་ཡི་རང་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་བ་དང༌། དགེ་བ་བསྔོ་བ་དང༌། སྦྱིན་པའི་ཕར་ཕྱིན་ཉམས་སུ་ལེན་ པའི་ཡན་ལག་སྔོན་དུ་ལུས་ལོངས་སྤྱོད་དགེ་རྩ་གཏོང་བའི་སེམས་པ་སྦྱང་བའོ། །དང་པོ་ལ་གསུམ། མངོན་མཐོའི་རྒྱུ་འབྲས་ཀྱི་དགེ་བ་ལ་རྗེས་སུ་ཡི་རང་བ་དང༌། ཐར་པ་ཙམ་གྱི་རྒྱུ་འབྲས་ཀྱི་དགེ་བ་ལ་ཡི་རང་བ་དང༌། བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་འབྲས་ ལ་ཡི་རང་བའོ། །དང་པོ་ནི། འཁོར་བར་གནས་པའི་སེམས་ཅན་ཀུན་གྱི་ངན་སོང་གི་སྡུག་བསྔལ་ངལ་གསོ་ཞིང་མངོན་མཐོ་ཁྱད་པར་ཅན་ཐོབ་པར་བྱེད་པའི་རྒྱུའི་དགེ་བ་དང༌། དེའི་འབྲས་བུ་སྡུག་བསྔལ་ཅན་དག་མངོན་མཐོའི་བདེ་བར་

Page: 52 གནས་པ་ལ་བསམ་པ་དགའ་བས་དེ་ལྟ་བུ་ཡོད་པ་ཨ་རེ་ལེགས་སྙམ་དུ་རྗེས་སུ་ཡི་རང་ངོ༌། །གཉིས་པ་ནི། ཉན་རང་གི་བྱང་ཆུབ་ཀྱི་རྒྱུར་འགྱུར་བའི་ཐར་པ་ཆ་མཐུན་གྱི་དགེ་བ་སོགས་བསགས་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ༌། །དེའི་འབྲས་བུ་ལུས་ཅན་ རྣམས་འཁོར་བའི་སྡུག་བསྔལ་ལས་ངེས་པར་ཐར་ནས་མྱང་འདས་ཐོབ་པ་དེ་ལ་ཡང་ཡི་རང་ངོ༌། །གསུམ་པ་ནི། འགྲོ་བ་གཞན་སྐྱོབ་པ་རྣམས་ཀྱི་རྫོགས་པའི་བྱང་ཆུབ་དང་རྒྱལ་སྲས་རྣམས་ཀྱི་ས་བཅུ་ལའང་ཡི་རང་ངོ༌། །དེ་དག་གི་རྒྱུ་སེམས་ཅན་ ཐམས་ཅད་བདེ་བར་མཛད་པའི་ཆེད་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་དགེ་བ་རྒྱ་མཚོ་ལྟ་བུ་དང་སྦྱོར་བས་སེམས་ཅན་ལ་ཕན་པར་མཛད་པའི་སྤྱོད་པ་ལ་ཡང་ཡིད་བདེ་བ་དང་མཚུངས་ལྡན་གྱི་དང་བའི་དད་པ་བསྒོམས་ཤིང་དགའ་བས་རྗེས་སུ་ ཡི་རང་ངོ༌། །གཉིས་པ་ནི། སངས་རྒྱས་ནས་རིང་པོར་མ་ལོན་པ་ཆོས་མི་གསུངས་པར་བཞུགས་པའི་ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ་སྤྱོད་ལམ་ཐལ་མོ་སྦྱར་ཏེ་གུས་པས་གསོལ་བ་འདེབས་པ་ནི། དགོས་པ་སེམས་ཅན་སྡུག་བསྔལ་ཞིང་མ་ རིག་པའི་མུན་པར་འཐོམས་པ་རྣམས་ལ་ཐར་པའི་ལམ་གསལ་བར་བྱེད་པའི་ལུང་རྟོགས་ཀྱི་ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ་ཅིག་པའོ། །གསུམ་པ་ནི། རྒྱལ་བ་མྱ་ངན་ལས་འདའ་བར་བཞེད་པ་ལ་ཐལ་མོ་སྦྱར་ཏེ་གསོལ་བ་ནི་འགྲོ་བ་འདི་རྣམས་མ་རིག་ པས་བློ་གྲོས་ཀྱི་མིག་ལྡོངས་པར་མི་དགོད་ཅིང་སྟེ་མ་རིག་པའི་མུན་པ་བསལ་བའི་ཆེད་དུ་བསྐལ་པ་གྲངས་མེད་པར་བཞུགས་པར་གསོལ་ལོ། །བཞི་པ་ལ་བཞི། སྤྱིར་བསྔོ་བ་དང༌། ནད་པའི་དོན་དུ་བསྔོ་བ་དང༌། བཀྲེས་སྐོམ་སེལ་བའི་དོན་དུ་བསྔོ་བ་

Page: 53 ༄༅། །དང༌། འདོད་དགུ་འབྱུང་བའི་རྒྱུར་བསྔོ་བའོ། །དང་པོ་ནི། དེ་ལྟར་མཆོད་པ་ནས་བཟུང་སྟེ་གསོལ་བ་འདེབས་པའི་བར་འདི་དག་ཀུན་བྱས་ཏེ་དགེ་བ་བདག་གིས་ཅི་བསགས་པ་དེས་ནི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ ཅད་བསལ་བར་ཤོག་ཅིག་པའོ། །གཉིས་པ་ནི། དགེ་བ་དེ་དག་གི་མཐུས་འགྲོ་བ་ནད་པ་རྣམས་ཇི་སྲིད་དུ་ནད་སོས་གྱུར་གྱི་བར་དུ་ནི་བདག་ཉིད་སྨན་དང་སྨན་པ་ཉིད་དག་དང་ནད་པ་དེའི་ནད་གཡོག་བྱེད་པར་ཤོག་ཅེས་པའོ། །གསུམ་པ་ནི། བཀྲེས་སྐོམ་ཅན་རྣམས་ལ་ཟས་དང་སྐོམ་གྱི་ཆར་ཕབ་སྟེ་བཟའ་བཏུང་སྣ་ཚོགས་པས་བཀྲེས་པ་དང་སྐོམ་པའི་གནོད་པ་མཐའ་དག་བསལ་ནུས་པ་བསྐལ་པ་བར་མ་གསུམ་ལས་མུ་གེའི་བསྐལ་པ་བར་མའི་ཚེ་བདག་ནི་སེམས་ཅན་དེ་དག་གི་ཟས་ དང་སྐོམ་དུ་གྱུར་ནས་བཀྲེས་སྐོམ་ཞི་བར་བྱེད་ནུས་པར་གྱུར་ཅིག །བཞི་པ་ནི། སེམས་ཅན་ཡོ་བྱད་ཀྱིས་ཕོངས་ཤིང་དབུལ་བ་ལ་བདག་ནི་ལོངས་སྤྱད་པས་མི་ཟད་པའི་གཏེར་དུ་གྱུར་ཏེ་ཅི་འདོད་པའི་ཡོ་བྱད་མཁོ་དགུ་སྣ་ཚོགས་སུ་འགྱུར་ཞིང་ བསྒྲུབ་པ་ལ་འབད་རྩོལ་མེད་པར་མདུན་ན་ཉེ་བར་གནས་པར་གྱུར་ཅིག། །ལྔ་པ་ལ་གསུམ། ལུས་ལོངས་སྤྱོད་དགེ་རྩ་གཏོང་བའི་བསམ་པ་སྦྱང་བ་དང༌། དགེ་བ་ཆུད་མི་ཟ་བའི་རྒྱུ་རུ་སྨོན་པ་དང༌། ལོངས་སྤྱོད་པའི་རྒྱུ་རུ་སྨོན་པའོ། །དང་པོ་ལ་ གསུམ། གཏོང་བའི་ཚུལ་དང༌། ངེས་པར་གཏོང་རིགས་པའི་རྒྱུ་མཚན་དང༌། བཏང་ནས་ཇི་ལྟར་སྒྲུབ་པའི་ཚུལ་ལོ། །དང་པོ་ནི། བདག་གི་ལུས་དང་ཟས་གོས་ལ་སོགས་པའི་ལོངས་སྤྱོད་དང་དུས་གསུམ་དང་འབྲེལ་བའི་གཞི་གསུམ་གྱིས་བསྡུས་

Page: 54 པའི་དགེ་བ་ཐམས་ཅད་ཀྱང་དགོས་པ་སེམས་ཅན་ཀུན་གྱི་གནས་སྐབས་དང་མཐར་ཐུག་གི་དོན་སྒྲུབ་པའི་ཕྱིར་ཏུ་བསམ་པས་ཕངས་པ་དང་ལྟོས་པ་མེད་པར་བཏང་བར་བྱའོ། །གཉིས་པ་ལ་གཉིས། ཐམས་ཅད་ལ་ཆགས་པ་སྤངས་ཤིང་བཏང་བས་ མྱང་འདས་ཐོབ་པ་དང༌། སེམས་ཅན་སྦྱིན་པའི་ཞིང་མཆོག་ཡིན་པས་དེ་ལ་གཏོང་རིགས་པའོ། །དང་པོ་ནི། ལུས་ལོངས་སྤྱོད་དགེ་རྩ་ཐམས་ཅད་གཞན་དོན་དུ་གཏོང་བར་རིགས་ཏེ། དེ་ལྟར་ཐམས་ཅད་བཏང་བས་མྱ་ངན་ལས་འདའ་བ་ཐོབ་ནུས་ལ་ བདག་གི་བློ་ཡང་མི་གནས་པའི་མྱ་ངན་ལས་འདས་པ་སྒྲུབ་འདོད་པ་ཡིན་པས་སོ། །གཉིས་པ་ནི། ཐམས་ཅད་གཏོང་བར་ཆབས་གཅིག་པ་སྟེ་གཏོང་བར་འདྲ་བ་ལ་སེམས་ཅན་རྣམས་ལ་བཏང་བ་མཆོག་ཡིན་ཏེ་དེ་ལས་སངས་རྒྱས་ཐོབ་པའི་ཕྱིར་རོ། ། གསུམ་པ་ལ་གསུམ། དེང་ཕྱིན་ཆད་རང་གི་ལུས་ལ་རང་དབང་ཡོད་པའི་བློ་དོར་བ་དང༌། དེའི་དོན་རྒྱས་པར་བཤད་པ་དང༌། རིགས་པའི་ལས་ལ་སྦྱར་བའོ། །དང་པོ་ནི། ལུས་སོགས་བཏང་ནས་ཇི་ལྟར་བྱ་ཞེ་ན། བདག་གིས་ལུས་ཅན་ཐམས་ཅད་ལ་ བདག་གི་ལུས་འདི་ཅི་བདེར་བྱིན་ཟིན་གྱིས་ལུས་འདི་ལ་སེམས་ཅན་རྣམས་ཀྱིས་རྟག་ཏུ་གསོད་པ་དང་ཚིག་གིས་སྨོད་པའམ། ལུས་ཀྱིས་བརྡེག་པ་སོགས་ཅི་དགར་བྱེད་ལ་རག་ལུས་ལ་ཆགས་པ་དང་གཞན་ལ་ཁྲོ་བ་རྣམ་པ་ཐམས་ཅད་དུ་དགག་པར་བྱའོ། ། གཉིས་པ་ནི། དེང་ཕྱིན་ཆད་བདག་གི་ལུས་ལ་རྩེད་མོས་རྩེ་བར་བྱེད་དམ་མཐོ་འཚམ་པའི་ཅོ་འདྲི་བ་དང་ག་ཞའི་བཞད་གད་ཀྱི་རྒྱུ་བྱེད་ཀྱང་རུང་སྟེ་བདག་གི་ལུས་འདི་སེམས་ཅན་ཐམས་ཅད་ལ་བྱིན་ཟིན་གྱིས། ལུས་འདིའི་བསྲུང་བ་ལ་སོགས་པའི་

Page: 55 ༄༅། །ཁ་ཏས་ཅི་ཞིག་བྱ་ལྟོས་མེད་དུ་བཏང་ཟིན་པས་ཅི་དགར་གྱིས་ཤིག་པའོ། །གསུམ་པ་ནི། ལུས་དེ་ལ་འདི་ཕྱི་ཀུན་ཏུ་རང་གཞན་ཀུན་ལ་ཕན་པར་འགྱུར་ཞིང་གནོད་པར་མི་འགྱུར་བའི་དགེ་བའི་ལས་གང་ཡིན་པའང་བྱེད་དུ་ཆུག་ཅིག་ པའོ། །གཉིས་པ་ལ་གསུམ། གཞན་ལ་ཕན་པ་འབའ་ཞིག་གི་རྒྱུར་སྨོན་པ་དང༌། བསམ་པ་ཆུད་མི་ཟ་བའི་རྒྱུར་སྨོན་པ་དང༌། སྦྱོར་བ་ཆུད་མི་ཟ་བའི་རྒྱུར་སྨོན་པའོ། །དང་པོ་ནི། བདག་ལ་དམིགས་ནས་དུས་ནམ་དུ་ཡང་སེམས་ཅན་འགའ་ཡང་དོན་མེད་པ་ མི་འདོད་པ་འབྱུང་བའི་རྒྱུར་མ་གྱུར་ཅིག །གཉིས་པ་ནི། བདག་ལ་དམིགས་ནས་སྐྱེ་བོ་གང་དག་གིས་ཁྲོ་བའམ་དད་པའི་སེམས་བྱུང་ན་སེམས་དེ་ཉིད་ལ་བརྟེན་ནས་རྟག་ཏུ་སྐྱེ་བོ་དེ་དག་གི་གནས་སྐབས་དང་མཐར་ཐུག་གི་དོན་ཀུན་འགྲུབ་པའི་རྒྱུར་ གྱུར་ཅིག་པའོ། །གསུམ་པ་ནི། སྐྱེ་བོ་གང་དག་བདག་ལ་ངག་གིས་ཁ་ཟེར་རམ་གཞན་དག་ལུས་ཀྱིས་གནོད་པར་བྱེད་པའམ་དེ་བཞིན་དུ་ལྐོག་ཏུ་ཕྱར་ཁ་གཏོང་བའང་རུང་བྱ་བ་གང་བྱས་པ་དེ་ཐམས་ཅད་བྱང་ཆུབ་ཆེན་པོ་ཐོབ་པའི་སྐལ་བ་དང་ ལྡན་པར་གྱུར་ཅིག་པའོ། །གཉིས་པ་ལ་གསུམ། རང་ཉིད་གཞན་གྱི་ཉེར་མཁོ་མཐའ་དག་གི་རྒྱུར་སྨོན་པ་དང༌། དུས་དང་བྱེད་ལས་རྒྱ་ཆེ་བར་སྨོན་པ་དང༌། ཡུལ་དུས་ཆད་པ་མེད་པར་སྨོན་པའོ། །དང་པོ་ནི།བདག་ནི་མགོན་མེད་རྣམས་ཀྱི་མགོན་དང༌། བདག་སྐྱེ་བ་ཐམས་ཅད་དུ་ལམ་དུ་ཞུགས་པ་རྣམས་ཀྱི་དེད་དཔོན་དང་ཆུ་བོ་ལས་བརྒལ་འདོད་པ་རྣམས་ཀྱི་གྲུ་དང་ནི་གཟིངས་དང་ཟམ་པ་ཉིད་དུ་གྱུར་ཅིག་པའོ། །སྐམ་སའི་གླིང་དོན་དུ་གཉེར་བ་ལ་གླིང་དང་ནི་མར་མེ་འདོད་པ་ལ་མར་མེ་དང་གནས་མལ་

Page: 56 འདོད་པ་ལ་གནས་མལ་དང༌། བདག་ནི་ལུས་ཅན་གང་དག་བྲན་འདོད་པ་ལ་དེ་དག་ཀུན་གྱི་བྲན་དུ་འགྱུར་བར་ཤོག་ཅིག་པའོ། །ཟས་གོས་སོགས་ཇི་ལྟར་འདོད་པ་འབྱུང་བའི་ཡིད་བཞིན་ནོར་བུ་དང་བུམ་པ་བཟང་པོ་དང༌། ཞི་རྒྱས་ལ་སོགས་པའི་ལས་འགྲུབ་ པའི་རིག་སྔགས་གྲུབ་པ་དང་ནད་ཐམས་ཅད་སེལ་བའི་བཅུད་ལེན་གྱི་སྨན་ཆེན་པོ་དང་ཟས་གོས་སོགས་དགོས་འདོད་འབྱུང་བའི་དཔག་བསམ་གྱི་ནི་ཤིང་དག་དང༌། ཇི་ཙམ་འདོད་པ་འཇོར་ཡོད་པའི་ལུས་ཅན་རྣམས་ཀྱི་འདོད་འཇོའི་བར་གྱུར་ཅིག་སྙམ་ དུ་ཡང་དང་ཡང་དུ་སྨོན་པར་བྱའོ། །གཉིས་པ་ནི། ས་སོགས་འབྱུང་བ་ཆེན་པོ་བཞིས་སེམས་ཅན་རྣམས་ཀྱི་བྱ་བ་བྱེད་པ་དང༌། ནམ་མཁའ་བཞིན་དུ་དུས་རྟག་པར་ཡང་སེམས་ཅན་དཔག་ཏུ་མེད་པའི་རྣམ་པ་མང་པོའི་སྒོ་ནས་ཉེར་འཚོའི་རྒྱུར་ཡང་འགྱུར་ བར་ཤོག་ཅིག་པའོ། །དེ་ནི་དཀོན་བརྩེགས་ལས། བྱང་ཆུབ་སེམས་དཔའ་འབྱུང་བ་ལྔ་ལྟར་སེམས་ཅན་གྱི་དོན་བྱེད་པར་གསུངས་པ་ལྟར་རོ། །གསུམ་པ་ནི། དེ་བཞིན་དུ་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་གྱི་ཁམས་རྣམས་ལ་སྒོ་ མཐའ་ཡས་པའི་རྣམ་པ་ཀུན་ཏུ་ཐམས་ཅད་མྱ་ངན་ལས་འདས་པ་ཐོབ་པའི་བར་དུ་བདག་ནི་སེམས་ཅན་རྣམས་ཀྱི་ཕན་པ་འབའ་ཞིག་གི་སྒོ་ནས་ཉེར་འཚོའི་རྒྱུར་ཡང་ཤོག་ཅིག་སྙམ་དུ་ཡང་དང་ཡང་དུ་བསམས་པའི་སྒོ་ནས་བློ་སྦྱང་བར་བྱའོ། །གཉིས་པ་དངོས་ གཞི་ནི། ཇི་ལྟར་སྔོན་གྱི་བདེ་བར་གཤེགས་པ་རྣམས་ཀྱིས་ཐུགས་བསྐྱེད་པའི་ཚེ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་མདུན་དུ་སྨོན་པའི་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་ནི་བསྐྱེད་པར་མཛད་པ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པ་གཟུང་བའི་ཆེད་

Page: 57 ༄༅། །དུ་འཇུག་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སེམས་དཔའ་དེ་དག་ཇི་ལྟར་སློབ་པའི་རིམ་པ་བཞིན་སློབ་ཅིང༌། གནས་པ་ལྟར་དེ་བཞིན་བདག་གིས་ཀྱང་འགྲོ་བ་ཀུན་ལ་གནས་སྐབས་ དང་མཐར་ཐུག་གི་ཕན་པའི་དོན་དུ་སློབ་དཔོན་འཇུག་པའི་སྡོམ་པ་རྣམ་པར་དག་པ་ལྡན་པ་དངོས་སུ་ཡོད་པའམ། མེད་ན་ཡང་རྒྱལ་བ་སྲས་བཅས་མདུན་དུ་སྤྱན་དྲངས་ཏེ། དཔང་པོར་གསོལ་ནས་སྨོན་པའི་བྱང་ཆུབ་ཀྱི་སེམས་ནི་བསྐྱེད་པར་བགྱི་ ཞིང་དེ་བཞིན་དུ་ནི་འཇུག་སེམས་བླངས་ཏེ་བླངས་པའི་བསླབ་པ་ལའང་རིམ་པ་བཞིན་དུ་བསླབ་པར་བགྱིའོ། །ཞེས་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ། །སློབ་དཔོན་གྱི་རྗེས་སུ་ཟློས་པ་དང་དངོས་སུ་མེད་ན་ཡང་རྒྱལ་བ་སྲས་བཅས་ཀྱི་རྗེས་ སུ་ཟློས་པའི་མོས་པ་བྱའོ། །རིམ་པ་བཞིན་དུ་བསླབ་པའི་དོན་ནི། ལུས་སྦྱིན་པར་གཏོང་བ་སོགས་བསམ་པ་མ་དག་པར་མི་བྱེད་ཅིང་བྱས་ན་ཉེས་པར་འགྱུར་བ་དང༌། ཉེས་པ་མེད་ཅིང་ཚོགས་ཆེན་པོ་ཐོབ་པའི་དུས་སུ་བྱེད་པར་གསུངས་པ་ལྟར་ རིམ་པ་བཞིན་དུ་སློབ་པའི་དོན་ཡིན་གྱི། ཁ་ཅིག་གིས་སྡོམ་པའི་ཚུལ་ཁྲིམས་སོགས་ཚུལ་ཁྲིམས་གསུམ་ས་མཚམས་མི་འདྲ་བར་རིམས་ཅན་དུ་སློབ་པར་འཆད་པ་ནི་དོན་མིན་ནོ། །ཡང་འཇུག་སེམས་དང་འཇུག་སྡོམ་ལེན་པའི་ཆོ་ག་སོ་ སོར་བྱེད་པ་ཡང་ཤིང་རྟ་ཆེན་པོ་སུ་གང་གི་ཡང་བཞེད་པ་མ་ཡིན་ཞིང་མི་འཐད་དོ། །སྨོན་པ་སེམས་བསྐྱེད་སྔར་བླངས་ནས་སྤྱོད་པ་ལ་སློབ་འདོད་སྦྱངས་ཏེ་འཇུག་སེམས་ཕྱིས་ལེན་པ་ནི་གང་ཟག་གི་ཁྱད་པར་ལ་ཐབས་མཆོག་ཏུ་གྱུར་པ་ཡིན་ལ།

Page: 58 དཀྱུས་ཐོག་གཅིག་ལ་རིམ་པ་བཞིན་དུ་ལེན་ན་ཡང་རུང་བ་ཡིན་ནོ། །ཇི་ལྟར་ལེན་པའི་ཚུལ་སོགས་ནི་སྔར་བཤད་པ་ལྟར་བླ་མ་བདག་ཉིད་ཆེན་པོས་མཛད་པའི་བསྟན་བཅོས་རྣམས་ལས་ཤེས་པར་བྱ་བས་འདིར་མ་སྤྲོས་སོ། །གསུམ་པ་མཇུག་ལ་ གཉིས། རང་དགའ་བ་བསྒོམ་པ་དང༌། གཞན་དགའ་བ་བསྐྱེད་དུ་གཞུག་པའོ། །དང་པོ་ལ་གཉིས། རང་གི་དོན་གྲུབ་པ་དང༌། གཞན་གྱི་དོན་གྲུབ་པའོ། །དང་པོ་ལ་གསུམ། སེམས་གཟེངས་བསྟོད་དེ་དགའ་བ་བསྒོམ་པ་དང༌། སེམས་དེ་རྙེད་ནས་བག་ ཡོད་བསྒོམ་པ་དང༌། རྙེད་དཀའ་བའི་སེམས་རྙེད་པས་དགའ་བ་བསྒོམ་པའོ། །དང་པོ་ནི། དེ་ལྟར་བློ་དང་ལྡན་པ་བྱང་ཆུབ་སེམས་དཔའ་ཡིས་སེམས་རབ་ཏུ་དང་བ་དགའ་བ་དང་དད་པས་བྱང་ཆུབ་ཀྱི་སེམས་གཉིས་བརྟན་པར་བཟུང་ནས་མི་ཉམས་ཤིང་འཕེལ་ བའི་ཐབས་མཇུག་ཀྱང་རྒྱས་པར་ཉམས་སུ་བླངས་པར་བྱ་བའི་ཕྱིར་སེམས་ནི་འདི་ལྟར་སྤྲོ་བ་བསྐྱེད་ཅིང་གཟེངས་བསྟོད་དོ། །ཇི་ལྟར་ཞེ་ན། སེམས་བསྐྱེད་ཅིང་སྡོམ་པ་བཟུང་བའི་དུས་དེང་དུ་བདག་གི་ཚེ་འབྲས་བུ་ཡོད་པར་བྱས་ཤིང་མིའི་སྲིད་པ་ལེགས་ པར་ཐོབ་པ་དལ་འབྱོར་དོན་ཡོད་པར་བྱས་པའོ། །དེ་རིང་སངས་རྒྱས་ཀྱི་རིགས་སུ་སྐྱེས་པ་བྱང་ཆུབ་སེམས་དཔར་གྱུར་པའོ། །སངས་རྒྱས་ཀྱི་སྲས་སུ་ནམ་ཞིག་འགྱུར་ན་སྙམ་དུ་སྨོན་པ་དེ་སངས་རྒྱས་སྲས་སུ་ད་གྱུར་ཏོ་སྙམ་དུ་དགའ་བ་བསྒོམ་པའོ། །གཉིས་པ་ནི། དེ་ཙམ་གྱིས་ཆོག་གམ་སྙམ་ན་ད་ནི་བདག་གིས་ཅི་ནས་ཀྱང་ཡབ་སངས་རྒྱས་ཀྱི་རིགས་དང་མཐུན་པའི་སྒོ་གསུམ་གྱིས་ལས་བརྩམས་ཏེ་ཐོག་མཐའ་བར་གསུམ་དུ་སྐྱོན་མེད་ཅིང་ཡོན་ཏན་འབའ་ཞིག་གིས་བརྒྱན་པས་བཙུན་པའི་རིགས་

Page: 59 ༄༅། །འདི་ལ་སྨོན་པ་དང་འཇུག་པའི་བསླབ་བྱ་དང་འགལ་བའི་ཉེས་ལྟུང་གིས་རྒྱུད་རྙོག་པར་མི་འགྱུར་བའི་ཐབས་དེ་ལྟར་འབད་པར་བྱའོ། །གསུམ་པ་ནི། དབུལ་ཞིང་ཕོངས་བའི་ལོང་བས་ཕྱག་དར་གྱི་ཕུང་པོ་ལས་ཇི་ཞིག་ལྟར་ རིན་ཆེན་རྙེད་པ་ལྟར་དེ་བཞིན་དུ་ཇི་ཞིག་ལྟར་སྟེས་ནས་ཏེ་སྟེས་དབང་གིས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་བདག་ལས་སྐྱེས་པ་ནི་ངེས་པར་སངས་རྒྱས་ཀྱི་མཐུའོ། །གཉིས་པ་ལ་གསུམ། སེམས་ཅན་གྱི་སྡུག་བསྔལ་སེལ་ནུས་པ་དང༌། དེའི་ རྒྱུ་སྒྲིབ་པ་སེལ་ནུས་པ་དང༌། ཕན་བདེ་མཐའ་དག་སྒྲུབ་ནུས་པའོ། །དང་པོ་ལ་ལྔ། འགྲོ་བའི་འཆི་བདག་འཇོམས་པ་དང༌། དབུལ་བ་འཇོམས་པ་དང༌། ནད་འཇོམས་པ་དང༌། སྤྱིར་སྲིད་པའི་སྡུག་བསྔལ་འཇོམས་པ་དང༌། ཁྱད་པར་ངན་འགྲོའི་ སྡུག་བསྔལ་འཇོམས་པའོ། །དང་པོ་ནི། རང་དབང་མེད་པར་འཆི་བའི་འགྲོ་བའི་འཆི་བདག་འཇོམས་པར་བྱེད་པའི་བདུད་རྩི་མཆོག་ཀྱང་བྱང་ཆུབ་ཀྱི་སེམས་བསྐྱེད་པ་འདི་ཡིན་ནོ་རྒ་ཤི་མེད་པའི་ས་ལ་འགོད་པའི་ཕྱིར་རོ། །གཉིས་པ་ནི། ཟང་ཟིང་ དང་ཆོས་ཀྱི་ལོངས་སྤྱོད་མི་ཟད་པ་སྟེར་བས་འགྲོ་བའི་དབུལ་བ་སེལ་བ་ཡི་མི་ཟད་པའི་གཏེར་ཡང་སེམས་བསྐྱེད་པ་འདི་ཡིན་ནོ། །གསུམ་པ་ནི། འགྲོ་བའི་ནད་མཐའ་དག་རབ་ཏུ་ཞི་བར་བྱེད་པའི་སྨན་གྱི་མཆོག་ཀྱང་འདི་ཡིན་ནོ། །བཞི་པ་ནི། སྲིད་ པའི་ལམ་དུ་འཁྱམ་ཞིང་དུབ་པ་ཡི་འགྲོ་བའི་སྡུག་བསྔལ་གྱི་ངལ་བསོའི་གནས་བསིལ་བ་སྟེར་བའི་ལྗོན་ཤིང་ཡང་ཡིན་ནོ། །ལྔ་པ་ནི། འགྲོ་བ་ཐམས་ཅད་ངན་འགྲོ་ལས་སྒྲོལ་བར་བྱེད་པའི་སྤྱི་སྟེགས་ཀུན་གྱི་ཟམ་པ་ཡང་སེམས་བསྐྱེད་པ་འདི་ཡིན་ནོ། །

Page: 60 གཉིས་པ་ལ་གཉིས། ཉོན་སྒྲིབ་སེལ་བ་དང༌། ཤེས་སྒྲིབ་སེལ་བའོ། །དང་པོ་ནི། སེམས་བསྐྱེད་པ་འདི་འགྲོ་བའི་ཉོན་མོངས་ཀྱི་ཚ་གདུང་སེལ་བའི་སེམས་ཀྱི་ཟླ་བ་ཤར་བ་ཡིན་ཏེ། ཉོན་སྒྲིབ་མཐའ་དག་འཇོམས་ནུས་པའི་ཕྱིར་རོ། །གཉིས་པ་ནི། འགྲོ་བའི་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཤེས་སྒྲིབ་ཀྱི་རབ་རིབ་དག་དཔྱིས་ཏེ་རྩ་བ་ནས་འབྱིན་པའི་ཉི་མ་ཆེན་པོ་ཤར་བ་ཡང་ཡིན་ཏེ། ཚོགས་རྒྱ་ཆེན་པོས་བརྒྱན་པའི་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཤེས་སྒྲིབ་ཀྱི་ས་བོན་ཟད་པར་བྱེད་ པའི་ཕྱིར་རོ། །གསུམ་པ་ལ་གཉིས། ཕན་པ་མཐའ་དག་བསྒྲུབ་པ་དང༌། བདེ་བ་མཐའ་དག་བསྒྲུབ་པའོ། །དང་པོ་ནི། སེམས་བསྐྱེད་པ་འདི་ནི་གསུང་རབ་དམ་པའི་ཆོས་འོ་མའི་རྒྱ་མཚོ་ཆེན་པོ་ཐོས་བསམ་གྱི་ཤེས་རབ་ཀྱི་སྲུབ་ཤིང་གིས་ལེགས་ པར་བསྲུབས་པ་ལས་སྙིང་པོ་ཕྱུང་བ་ཡིན་པས། ཕན་པ་མཐའ་དག་སྐྱེད་པའི་རོ་ནུས་དང་ལྡན་པའི་མར་གྱི་ཉིང་ཁུ་ཕྱུང་བ་ཡིན་པས་ཀུན་གྱིས་འདི་ལ་འབད་པར་བྱའོ། །གཉིས་པ་ནི། འཁོར་བར་འཁྱམས་པའི་འགྲོ་བའི་འགྲོན་པ་སྲིད་པ་གསུམ་ པོའི་ལམ་དུ་རྒྱུ་ཞིང་ལྷ་མིའི་བདེ་བའི་ལོངས་སྤྱོད་ལ་སྤྱད་པར་འདོད་པ་ལ་སེམས་བསྐྱེད་པ་འདི་ནི་བདེ་བ་སྒྲུབ་པའི་ཐབས་མཆོག་ཏུ་ཉེ་བར་གནས་ཏེ་སེམས་ཅན་གྱི་འགྲོན་ཆེན་ཚིམ་པར་བྱེད་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་མངོན་མཐོ་དང་ ངེས་ལེགས་སྒྲུབ་པར་བྱེད་པས་སོ། །གཉིས་པ་ནི། བདག་གིས་དེ་རིང་རྒྱལ་བ་སྲས་དང་བཅས་པའི་སྐྱོབ་པ་ཐམས་ཅད་ཀྱི་སྤྱན་སྔར་འགྲོ་བ་སེམས་ཅན་ཐམས་ཅད་མཐར་ཐུག་ཕན་བདེ་ཐམས་ཅད་རྫོགས་པའི་བདེ་བར་གཤེགས་པ་ཉིད་དང་


Page: 61 ༄༅། །ནི་དེ་མ་ཐོབ་ཀྱི་བར་དུའང་ལྷ་མིའི་བདེ་བ་ལ་ཚིམ་པར་ལོངས་སྤྱད་པས་ཆོག་པའི་འགྲོན་དུ་བོས་ཟིན་གྱིས་དེང་ཕྱིན་ཆད་ལྷ་དང་ལྷ་མིན་དང་ལྟོ་འཕྱེ་ལ་སོགས་པ་རྣམས་ཀྱང་དགའ་བར་གྱིས་ཤིག་ཅེས་གཞན་ལ་དགའ་བ་སྐྱེད་ དུ་གཞུག་པའོ། །སེམས་གཉིས་བསྐྱེད་པའི་སྔོན་དུ་བསྟན་བཅོས་འདི་ནས་བཤད་པ་ལྟར། འགལ་རྐྱེན་སྒྲིབ་པ་སྦྱོང་བ་དང༌། མཐུན་རྐྱེན་ཚོགས་གསོག་པ་སྔོན་དུ་བཏང་ནས་སེམས་བསྐྱེད་པ་ནི། དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་ པའི་མཆོག་ཏུ་ཤེས་པར་བྱས་ནས་འབད་པར་བྱའོ། །དལ་འབྱོར་མི་ལུས་ཐོབ་པའི་ཤེས་ལྡན་དག །རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན། །རྒྱལ་སྲས་བྱེ་བས་བགྲོད་པའི་ལམ་གཅིག་པུ། །བྱང་ཆུབ་སེམས་གཉིས་བསྐྱེད་ལ་འབད་ པར་བྱ། །བསྡུ་བའི་ཚིགས་སུ་བཅད་པའོ། །གཉིས་པ་ལེའུའི་མཚན་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་རྒྱལ་སྲས་འཇུག་ངོགས་ཞེས་བྱ་བ་ལས། བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བའི་ལེའུ་སྟེ་ལེའུ་གསུམ་པའི་ འགྲེལ་པའོ།། །།

ལེའུ་བཞི་པ། བག་ཡོད་བསྟན་པ།

[edit]

གཉིས་པ་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་ཚུལ་ལ་བཞི། བྱང་ཆུབ་ཀྱི་སེམས་སྤྱོད་པ་དང་བཅས་པ་མི་ཉམས་པར་བྱེད་པའི་ཡན་ལག་བག་ཡོད་སྒོམ་ཚུལ་དང༌། ཚུལ་ཁྲིམས་ལ་སློབ་པའི་ཚུལ་དགེ་བའི་ཆོས་ ཀུན་དག་པར་སྲུང་བའི་ཐབས་དྲན་པ་དང་ཤེས་བཞིན་སྐྱོང་ཚུལ་གྱིས་ཁྱད་པར་དུ་བྱས་ནས་བཤད་པ་དང༌། ཕར་ཕྱིན་ལྷག་མ་བཞི་ལ་སློབ་ཚུལ་བཤད་པ་དང༌། ལུས་ལོངས་སྤྱོད་དགེ་རྩ་གཞན་དོན་དུ་གཏོང་བའི་སྦྱིན་པ་ལ་སློབ་ཚུལ་བསྔོ་བའི་

Page: 62 ཡན་ལག་གི་སྒོ་ནས་བཤད་པའོ། །དང་པོ་ལ་གཉིས། ལེའུའི་གཞུང་བཤད་པ་དང༌། ལེའུའི་མཚན་ནོ། །དང་པོ་ལ་གསུམ། བག་ཡོད་བསྒོམ་ཚུལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ནི། རྒྱལ་བའི་སྲས་ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྔར་བཤད་པ་དེ་ལྟ་བུར་བྱང་ཆུབ་ཀྱི་སེམས་གཉིས་རབ་ཏུ་བརྟན་པར་བཟུང་ནས་སེམས་སྐད་ཅིག་ཀྱང་གཡེལ་བ་མེད་པར་དུས་རྟག་ཏུ་ཡང་ཕར་ཕྱིན་དྲུག་དང༌། བསྡུ་བ་བཞིའི་བསླབ་པ་ལས་མི་འདའ་བར་བག་ ཡོད་ཀྱིས་མི་ཉམས་པར་བསྲུང་བ་ལ་འབད་པར་བྱའོ། །གཉིས་པ་ལ་གཉིས། བྱང་ཆུབ་ཀྱི་སེམས་ལ་བག་ཡོད་བསྒོམ་པ་དང༌། བསླབ་པ་ལ་བག་ཡོད་བྱ་བའོ། །དང་པོ་ལ་གཉིས། བྱང་ཆུབ་ཀྱི་སེམས་འདོར་དུ་མི་རུང་བའི་རྒྱུ་མཚན་དང༌། དོར་བའི་ཉེས་ དམིགས་སོ། །དང་པོ་ནི། བྱ་བ་གང་ཞིག་སྐྱོན་ཡོན་མ་བརྟགས་པར་བབ་ཅོལ་དུ་བརྩམས་པ་གང་ཡིན་པའམ། བྱ་བ་གང་ཞིག་ཅུང་ཟད་དཔྱད་ཀྱང་ལེགས་པར་མ་བརྟགས་པར་བྱས་པའི་བྱ་བ་དེ་ནི་དང་པོ་དམ་བཅའ་བྱས་པར་གྱུར་ཀྱང་དུས་ཕྱིས་བྱ་བའམ། འོན་ཏེ་བཏང་ཞེས་བརྟག་པའི་རིགས་ཏེ་བརྟགས་ནས་འཇུག་ལྡོག་བྱ་བར་རིགས་ན། དཔུང་བཟང་གིས་ཞུས་པའི་མདོ་ལས་གསུངས་པ་ལྟར་སངས་རྒྱས་རྣམས་དང་དེའི་སྲས་བྱམས་པ་ལ་སོགས་པ་ཤེས་རབ་ཆེན་པོས་སྡོང་པོ་བཀོད་པའི་མདོ་ ལ་སོགས་པར་སེམས་གང་བརྟགས་ཤིང་ཕན་ཡོན་གྱི་སྒོ་ནས་བསྔགས་ཤིང་འདོར་དུ་མི་རུང་བར་གསུངས་པ་དང། བདག་ཉིད་ཀྱིས་ཀྱང་སྔར་ཕན་ཡོན་སེམས་པ་ལ་སོགས་པའི་སྒོ་ནས་ངེས་པར་ལེན་དགོས་པར་རྒྱུ་མཚན་དུ་མས་བརྟགས་ཤིང་

Page: 63 ༄༅། །ལེགས་པར་བརྟགས་ནས་བླངས་པ་དེ་ལ་བཤོལ་དུ་ཅི་ཞིག་ཡོད་སངས་རྒྱས་མ་ཐོབ་ཀྱི་བར་དུ་མི་ཉམས་པར་བསྲུང་བར་བྱའོ། །གཉིས་པ་ལ་གསུམ། ངན་འགྲོར་འགྲོ་བའི་ཉེས་དམིགས་དང༌། གཞན་དོན་ལས་ཉམས་ པར་འགྱུར་བ་དང༌། ས་ཐོབ་པ་ལ་ཐག་བསྲིངས་པར་འགྱུར་བའོ། །དང་པོ་ལ་གསུམ། ངན་འགྲོར་འགྲོ་བའི་རྒྱུ་མཚན་དང༌། དེ་ལ་ཤེས་བྱེད་དགོད་པ་དང༌། འགལ་བ་སྤང་བའོ། །དང་པོ་ནི། གལ་ཏེ་དེ་ལྟར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ ས་ལ་འགོད་པར་དམ་བཅས་ནས་སྦྱོར་བ་ཉམས་ལེན་གྱི་ལས་ཀྱིས་བསྒྲུབ་པར་མ་བྱས་ན་སེམས་ཅན་དེ་དག་ཀུན་བསླུས་པར་གྱུར་ནས་བདག་གི་འགྲོ་བ་ཅི་འདྲར་འགྱུར་ཏེ། ངན་འགྲོར་འགྲོ་བ་ལས་མ་འདས་པའོ། །གཉིས་པ་ནི། སྦྱིན་བྱའི་དངོས་པོ་ ཕལ་པ་ཟན་ཁམ་གཅིག་སོགས་ཅུང་ཟད་ལའང་ཡིད་ཀྱིས་སྦྱིན་པར་བསམས་བྱས་ནས་མི་གང་སྦྱིན་པར་མི་བྱེད་པ་དེ་ཡང་དྲན་པ་ཉེར་གཞག་ལས། ཅུང་ཟད་ཙམ་ཞིག་བསམས་པ་ལས་མ་བྱིན་ན། ཡི་དྭགས་ཀྱི་འགྲོ་བར་སྐྱེ་ལ་དམ་བཅས་པ་ལ་མ་ བྱིན་ན། སེམས་ཅན་དམྱལ་བའི་འགྲོ་བར་འགྱུར་རོ་ཞེས་པ་དང༌། འགྲོ་བ་རྣམ་པར་འབྱེད་པའི་མདོ་ལས། མི་གང་འབྲས་ཆན་ཚོད་མ་འམ། །དེ་བཞིན་རྩ་བ་འབྲས་བུ་དག །ཡིད་ཀྱིས་སྦྱིན་ཞེས་དམ་བཅས་ནས། །འཇུངས་པས་སྦྱིན་པར་མི་བྱེད་ན། ། དེ་ནི་ཡི་དྭགས་འཇིག་རྟེན་དང༌། །སྡུག་བསྔལ་མི་བཟད་མྱོང་བར་འགྱུར། །ཞེས་ཡི་དྭགས་ཀྱི་རྒྱུར་གསུངས་ན། བླ་ན་མེད་པའི་བདེ་བ་དང་གནས་སྐབས་ལྷ་མིའི་བདེ་བ་ལ་བསམ་པ་ཐག་པས་ཚིག་ཙམ་མ་ཡིན་པར་གུས་པ་དང་བཅས་ཤིང་

Page: 64 སྐད་གསང་མཐོན་པོས་སེམས་ཅན་ཐམས་ཅད་མགྲོན་དུ་གཉེར་ནས་དེས་བཤོལ་ཏེ། འགྲོ་བ་ཐམས་ཅད་བསླུས་པར་བྱས་ན་བདེ་འགྲོར་ཅི་ག་འགྲོ་བར་འགྱུར་རམ་སྟེ་མི་འགྲོ་བས་སོ། །གསུམ་པ་ནི། འོ་ན་འཕགས་པ་ཤཱ་རིའི་བུས་སྔོན་བྱང་ཆུབ་ཏུ་ སེམས་བསྐྱེད་དེ། སྤྱད་པ་སྤྱོད་པ་ན་བདུད་ཀྱིས་ལག་པ་གཡས་པ་བསླང་བ་ལ་གཡས་པ་བཅད་དེ་གཡོན་གྱིས་བྱིན་པས། བདུད་ཀྱིས་མ་རངས་པའི་ཚིག་བརྗོད་པས་སྐྱོ་སྟེ། སེམས་བསྐྱེད་བཏང་ཡང་ཕྱིས་དགྲ་བཅོམ་ཐོབ་པར་གསུངས་པ་སོགས་དང་ འགལ་ལོ་ཞེ་ན། འཕགས་པ་ཤཱ་རིའི་བུ་སོགས་མི་གང་གིས་བྱང་ཆུབ་ཀྱི་སེམས་བཏང་ཡང་དེ་དག་ཐར་པ་ཐོབ་པར་མཛད་པ་ནི་ལས་ཚུལ་དེ་སོ་སོ་སྐྱེ་བོས་བསམ་གྱིས་མི་ཁྱབ་སྟེ་དེ་ནི་ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན་གྱི་གཞན་གྱིས་བསམ་པར་ མི་ནུས་སོ། །གཉིས་པ་ལ་གསུམ། བྱང་ཆུབ་ཀྱི་སེམས་ཉམས་ནས་ལྟུང་བ་ལྕི་བ་དང་བཅས་པས་གཞན་དོན་ཉམས་པ་དང༌། བྱང་ཆུབ་སེམས་དཔའ་གཞན་གྱི་དགེ་བ་ལ་བར་ཆད་བྱས་ན་ཡང་དེ་དང་མཚུངས་ཤིང་ངན་འགྲོར་འགྲོ་བ་དང༌། དེ་དག་གི་རྒྱུ་ མཚན་ནོ། །དང་པོ་ནི། སེམས་བསྐྱེད་ཉམས་པ་དེ་ནི་བྱང་ཆུབ་སེམས་དཔའ་ལ་རྩ་བའི་ལྟུང་བའི་ནང་ན་ཤིན་ཏུ་ལྕི་བ་སྟེ་འདི་ལྟར་ལྟུང་བ་དེ་ནི་བྱུང་བར་གྱུར་ན་གཞན་དོན་གྱི་བསམ་པ་ཉམས་པས་སེམས་ཅན་ཀུན་གྱི་དོན་ལ་དམན་ཏེ་སྤྱོད་པའི་ རྟེན་ཉམས་པའི་ཕྱིར་རོ། །འཕགས་པ་སྡུད་པ་ལས། གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་རང་རྒྱལ་དགྲ་བཅོམ་ཉིད་ལ་འདོད་བསྐྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་

Page: 65 ༄༅། །དེ་ནི་ཕས་ཕམ་བས་ཀྱང་ཤིན་ཏུ་ལྕི། །ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའི་སྡོམ་ལྡན་གྱིས་སྨོན་སེམས་བཏང་ན་རྩ་ལྟུང་འབྱུང་ལ་སྡོམ་པ་མ་བླངས་པས་སེམས་དེ་ཉམས་པར་བྱས་ན། སོ་ཐར་གྱི་ཕམ་པ་ལས་ སྡིག་པ་ཆེས་ལྕི་བར་གསུངས་སོ། །གཉིས་པ་ནི། གང་ཡང་གཞན་གྱིས་སྐད་ཅིག་ཙམ་ཡང་བྱང་ཆུབ་སེམས་དཔའ་འདིའི་བསོད་ནམས་ཏེ་དགེ་བ་ལ་བར་ཆད་དང་གེགས་བྱེད་པ་དེས་བྱང་ཆུབ་སེམས་དཔའ་དེའི་སེམས་ཅན་གྱི་དོན་འགྲུབ་པ་ལ་ ནུས་པ་དམན་པར་གྱུར་པར་བྱས་པས་གེགས་བྱེད་པ་དེའེི་ངན་འགྲོར་སྐྱེ་བ་ལེན་པའི་གྲངས་མུ་མཐའ་མེད་པར་འགྱུར་རོ། །རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས། ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཀྱི་ བདོག་པ་ཕྲོགས་ཤིང་སྲོག་བཅད་པ་བས་བྱང་ཆུབ་སེམས་དཔའི་དགེ་བ་དུད་འགྲོ་ལ་ཟན་ཆངས་གཅིག་སྦྱིན་པའི་བར་ཆད་བྱས་ན་སྡིག་པ་ཆེས་གྲངས་མེད་པར་གསུངས་པས་གནས་འདི་ལ་གཟབ་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་གང་ན་ ཡོད་མི་ཤེས་ཤིང་ཉེས་པ་འདི་ཡང་ཤིན་ཏུ་འབྱུང་ཉེ་བའི་ཕྱིར་རོ། །འདི་ལེགས་པར་བསྲུང་ནུས་ན་གང་ཟག་ལ་བརྟེན་པའི་ཉེས་པའི་སྒོ་ཕལ་ཆེར་སྤོང་ནུས་པའི་ཕྱིར་རོ། །གསུམ་པ་ནི། སྔར་བཤད་པའི་བྱ་བ་དེ་དག་ལ་སྡིག་པ་མཐའ་ཡས་ པའི་རྒྱུ་མཚན་ནི། སེམས་ཅན་གཅིག་གི་སྲོག་གནས་པའི་བདེ་བ་ཡང་བཤིག་ན་བདག་ཉིད་མཐོ་རིས་ལས་ཉམས་པར་འགྱུར་ན། ནམ་མཁའ་མ་ལུས་པའི་མཐའ་ཀླས་པའི་ལུས་ཅན་ཀུན་གྱི་བླ་ན་མེད་པའི་བདེ་བའི་རྒྱུ་བཤིག་ཅིང་བཅོམ་པས་

Page: 66 ངན་སོང་དུ་སྐྱེ་བ་སྨོས་ཅི་དགོས་སོ། །གསུམ་པ་ནི། སྔར་བཤད་པ་དེ་ལྟར་བྱང་ཆུབ་ཀྱི་སེམས་གཏོང་བའི་ལྟུང་བ་སྟོབས་ལྡན་དང་སླར་ཡང་བྱང་ཆུབ་ཀྱི་སེམས་སྟོབས་དང་ལྡན་པ་དག་འཁོར་བར་རེ་མོས་ཀྱིས་འདྲེ་བྱེད་ན་ལས་ཉོན་གྱིས་ངན་སོང་དང༌། མཐོ་རིས་སུ་རེས་མོས་ཀྱིས་སྐྱེ་དགོས་པས་རབ་དགའ་ལ་སོགས་པའི་ས་ཐོབ་པ་ལ་ཡུན་རིང་པོ་ཐོགས་པས་སྲོག་ལ་བབ་ཀྱང་བྱང་ཆུབ་ཀྱི་སེམས་མི་ཉམས་པ་ལ་འབད་པར་བྱའོ། །གཉིས་པ་ལ་གསུམ། ཉེས་པ་སྤང་བ་ལ་བག་བྱ་བ་དང༌། དགེ་བ་བསྒོམ་པ་ ལ་བག་བྱ་བ་དང༌། ཉོན་མོངས་སྤོང་བ་ལ་བག་བྱ་བའོ། །དང་པོ་ལ་ལྔ། སྡིག་ལྟུང་མ་སྤངས་ན་ངན་འགྲོར་བརྒྱུད་དགོས་པ་དང༌། སངས་རྒྱས་སྲས་བཅས་ཀྱིས་བཏང་སྙོམས་སུ་མཛད་པ་དང༌། དལ་འབྱོར་རྙེད་དཀའ་བ་དང༌། ངན་འགྲོར་སྐྱེས་ན་དགེ་བ་ སྒྲུབ་པའི་སྐབས་མེད་པ་དང༌། དལ་འབྱོར་རྙེད་དཀའ་བའི་རྒྱུ་མཚན་ནོ། །དང་པོ་ནི། དེ་ལྟ་བས་ན་ཇི་ལྟར་དམ་བཅས་པ་བཞིན་དུ་སེམས་ཅན་གྱི་དོན་དུ་སངས་རྒྱས་སྒྲུབ་པའི་བསླབ་པ་ལ་བདག་གིས་གུས་པས་བསྒྲུབ་པར་བྱ། སེམས་བསྐྱེད་དང་སྡོམ་པ་ བླངས་པའི་རྗེས་དེང་ནས་བསླབ་པ་ལ་བརྩོན་པར་མ་བྱས་ན་ལྟུང་བ་སྟོབས་ལྡན་གྱིས་འོག་ནས་འོག་ཏུ་ངན་སོང་དུ་སྐྱེ་བ་བརྒྱུད་མར་འགྲོ་བར་འགྱུར་རོ། །གཉིས་པ་ནི། སངས་རྒྱས་སྲས་བཅས་ཀྱིས་སྐྱོབ་པས་སྐྱོན་མེད་དོ་སྙམ་ན། སེམས་ཅན་ཐམས་ཅད་ལ་ ཕན་པ་མཛད་པའི་སངས་རྒྱས་གྲངས་མེད་པ་འདས་པར་གྱུར་ཀྱང་བདག་ནི་སེམས་བསྐྱེད་དང་བསླབ་པ་ཉམས་པའི་རང་གི་ཉེས་པས་མགོན་པོ་དེ་ཡི་གསོ་བའི་སྤྱོད་ཡུལ་དུ་མ་གྱུར་ཏོ། །མངོན་རྟོགས་རྒྱན་ལས། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང༌། །ཞེས་

Page: 67 ༄༅། །སོགས་གསུངས་པ་ལྟར་རོ། །ཕྱིས་སྐྱོབ་བས་སྐྱོན་མེད་སྙམ་ན། ད་དུང་སྔར་གྱི་དེ་བཞིན་དུ་བག་མེད་པར་བདག་བྱེད་ན་ཡང་དང་ཡང་དུའང་གསོ་བའི་སྤྱོད་ཡུལ་དུ་མི་འགྱུར་ཞིང༌། སྡུག་བསྔལ་བརྒྱུད་མར་མྱོང་དགོས་པ་ དེ་བཞིན་ཏེ་ངན་འགྲོར་གནས་དགོས་པ་དང༌། བདེ་འགྲོར་སྐྱེས་ཀྱང་ནད་དང་འཆིང་བ་དང་ཡང་ན་ངན་འགྲོར་ནད་སོགས་དང་རྐང་ལག་བཅད་པ་དང༌། ལུས་གཤག་པ་སོགས་སྡུག་བསྔལ་མཐའ་ཡས་པ་མྱོང་བར་འགྱུར་རོ། །གསུམ་པ་ལ་ གཉིས། བྱང་ཆུབ་ཀྱི་སེམས་ཉམས་ན་རྐྱེན་འཁོར་ལོ་བཞི་དང་ལྡན་པའི་དལ་འབྱོར་ཐོབ་དཀའ་བ་དང༌། ཐོབ་པ་ཡང་མྱུར་དུ་འཇིག་པས་འབད་པར་བྱ་བའོ། །དང་པོ་ནི། དུས་ཕྱིས་དལ་འབྱོར་ཐོབ་པ་ན་འབད་སྙམ་ན། ཨུ་དུམ་ཝ་རའི་མེ་ཏོག་ལྟར་ འཇིག་རྟེན་དུ་དེ་བཞིན་གཤེགས་པ་འབྱུང་བ་དང་སྡེ་སྣོད་གསུམ་ལ་སོགས་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་དང་མི་ལུས་ཐོབ་པ་དང༌། ཐོབ་ཀྱང་ཡུལ་དབུས་སུ་སྐྱེས་པ་དང༌། དབང་པོ་ཚང་བ་དང༌། ལས་ཀྱི་མཐའ་མ་ལོག་པ་ལ་སོགས་པའི་དགེ་བ་གོམས་ པའི་རྟེན་དུ་རུང་བ་བདག་འབྱོར་དང༌། གཞན་འབྱོར་དང་ལྡན་པ་དེ་ལྟ་བུར་འགྱུར་བ་དཀོན་ན་སེམས་གཉིས་ལ་སློབ་པའི་དལ་འབྱོར་ནམ་ཞིག་ཐོབ་པར་འགྱུར་ཏེ་རྙེད་དཀའ་བས་སོ། །གཉིས་པ་ནི། ཐོབ་པའི་ལུས་འདི་འགལ་རྐྱེན་མེད་ཅིང་མཐུན་ རྐྱེན་དང་ལྡན་པས་ཕྱིས་འབད་དོ་སྙམ་ན། ལོང་ཡོད་བྱར་མི་རུང་སྟེ་འགལ་རྐྱེན་ནད་མེད་པའི་མིའི་ལུས་ནི་ཉི་མ་དང་འདྲ་བས་ཉི་མ་འདི་ལྟ་བུར་ཅེས་པའམ། ཡང་ན་ནད་མེད་པའི་ཉི་མ་སྟེ་དུས་འདི་ལྟ་བུར་མཐུན་རྐྱེན་ཟས་དང་བཅས་ཤིང་འགལ་རྐྱེན་

Page: 68 འཚེ་བ་མེད་ཀྱང་ནི་ཚེ་ནི་སྐད་ཅིག་ཀྱང་མི་སྡོད་པར་མྱུར་དུ་འཇིག་པས་བསླུ་བ་སྟེ་ལུས་འདི་ཐང་གཅིག་ཙམ་གྱི་བརྙན་པོ་བཞིན་དུ་རང་དབང་མེད་པས་ལོང་ཡོད་མི་བྱ་བར་ད་ལྟ་ཉིད་ནས་འབད་པར་བྱའོ། །བཞི་པ་ལ་གསུམ། ངན་འགྲོར་སྐྱེས་ན་དགེ་བ་སྒྲུབ་ པའི་སྐབས་མེད་པ་དང༌། བདེ་འགྲོ་ཐོབ་པའི་ཚེ་མ་འབད་ན་ངན་འགྲོར་བླང་དོར་ལ་རྨོངས་པར་འགྱུར་བ་དང༌། ངན་འགྲོ་ལས་ཤིན་ཏུ་ཐར་བར་དཀའ་བའོ། །དང་པོ་ནི། དལ་འབྱོར་གྱི་རྟེན་བརྒྱུད་མར་འཐོབ་པས་དེའི་དུས་སུ་བསྒྲུབ་པས་ཆོག་སྙམ་པའི་ ལོང་ཡོད་བྱར་མི་རུང་སྟེ། སྡིག་པ་བྱེད་ཅིང་དགེ་བ་མི་བྱེད་པའི་བདག་གི་སྤྱོད་པ་འདི་འདྲས་ནི་དུས་ཕྱིས་མི་ཡི་ལུས་ཀྱང་ཐོབ་པར་མི་འགྱུར་ཞིང་མི་ལུས་ཐོབ་པར་མ་གྱུར་ཏེ་ངན་སོང་དུ་སྐྱེས་ན་སྡིག་པ་འབའ་ཞིག་བྱེད་ཅིང་དགེ་བ་བྱེད་པ་ཅུང་ཟད་ཀྱང་ མེད་པས་བདེ་འགྲོ་རྙེད་དཀའ་བའོ། །གཉིས་པ་ནི། གང་གི་ཚེ་དགེ་བ་སྤྱད་པའི་སྐལ་བ་དང་ལྡན་ཡང་དུས་དེའི་ཚེ་དགེ་བ་བདག་གིས་འབད་པས་སྒྲུབ་པར་མ་བྱས་ན། ངན་སོང་དུ་སྐྱེས་ནས་དུས་རྒྱུན་དུ་ཚོར་བ་སྡུག་བསྔལ་གྱིས་གདུངས་ཤིང་བླང་དོར་གྱི་ གནས་ལ་ཀུན་ཏུ་རྨོངས་པ་དེའི་ཚེ་བདག་གིས་དགེ་བ་ཅི་བྱར་ཡོད་ཅུང་ཟད་ཀྱང་མི་ནུས་པས་དལ་འབྱོར་ཐོབ་པའི་དུས་འདིར་འབད་པར་བྱའོ། །གསུམ་པ་ནི། དུས་ཕྱིས་དལ་འབྱོར་ཐོབ་པ་ཤིན་ཏུ་དཀའ་སྟེ་ཚེ་འདིར་དགེ་བ་དག་ཀྱང་མ་བྱས་ལ་སྡིག་པ་དག་ ཀྱང་ཉེ་བར་བསགས་ན་བསྐལ་པ་བྱེ་བ་བརྒྱར་ཡང་ནི་བདེ་འགྲོའི་སྒྲ་ཡང་ཐོས་པར་མི་འགྱུར་བའི་ཕྱིར་རོ། །ལྔ་པ་ནི། ངན་སོང་ནས་བདེ་འགྲོ་རྙེད་དཀའ་བ་དེ་ཉིད་ཀྱིས་ཕྱིར་ན། བཅོམ་ལྡན་འདས་ཀྱིས་ཡང་དག་པར་ལྡན་པའི་ལུང་ལས། དགེ་སློང་དག་ས་

Page: 69 ༄༅། །ཆེན་པོ་འདི་རྒྱ་མཚོ་ཆེན་པོར་གྱུར་ཅིང་དེ་ན་གཉའ་ཤིང་བུ་ག་གཅིག་པ་ཞིག་ཡོད་པ་རླུང་གིས་གཡེང་ཞིང་འདི་ནས་བསྐྱོད་པ་དང༌། རུས་སྦལ་ལོང་བ་ཞིག་ཡོད་ལ་རུས་སྦལ་ཡང་ལོ་བརྒྱ་བརྒྱ་ཞིང་མགྲིན་པ་འདེགས་པར་འགྱུར་ ན། དགེ་སློང་དག་འདི་ཅི་སྙམ་དུ་སེམས་རྒྱ་མཚོ་ཆེན་པོའི་གཉའ་ཤིང་ཞིག་གི་བུ་གར་རུས་སྦལ་གྱི་མགྲིན་པ་ཆུད་པ་དེ་རྙེད་པར་སླ་བ་ཡིན་ནམ། བཅོམ་ལྡན་འདས་དེ་ལྟར་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་ དུ་མི་ཉིད་ཤིན་ཏུ་ཐོབ་པར་དཀའ་བ་ཡིན་ནོ། །ཞེས་གསུངས་པ་ལྟར་དགེ་བ་མ་བྱས་ཤིང་སྡིག་པ་བསགས་ན་བདེ་འགྲོའི་སྒྲ་ཡང་མི་ཐོས་པ་དེ་ཉིད་ཀྱིས་ཕྱིར་ན་བཅོམ་ལྡན་འདས་ཀྱིས་རྒྱ་མཚོ་ཆེར་གཡེངས་ཏེ། རྒྱ་མཚོ་ཆེན་པོ་ཕར་གཡེངས་ཚུར་ གཡེངས་བྱེད་པའི་གཉའ་ཤིང་བུ་ག་གཅིག་པ་ཞིག་ཡོད་པའི་གཉའ་ཤིང་གི་བུ་གར་ལོ་བརྒྱ་བརྒྱ་འདས་པ་ན་སྟེང་དུ་ལན་རེ་འབྱུང་བའི་རུས་སྦལ་གྱི་མགྲིན་པ་ཆུད་དཀའ་བ་ལྟར་དེ་བས་ཀྱང་མི་ཉིད་ཤིན་ཏུ་ཐོབ་དཀའ་བར་གསུངས་པས་དལ་འབྱོར་ ཐོབ་པའི་དུས་སུ་དགེ་བ་ལ་འབད་པར་བྱའོ། །གཉིས་པ་ལ་གསུམ། སྔར་བསགས་པའི་སྡིག་པ་མཐའ་ཡས་པས་དེ་སྤོང་བ་ལ་འབད་པར་རིགས་པ་དང༌། ངན་འགྲོར་སྡུག་བསྔལ་ལན་ཅིག་མྱོང་བ་ཙམ་གྱིས་དེ་ཟད་ནས་ངན་འགྲོ་ལས་མི་ཟད་པའི་རྒྱུ་ མཚན་དང༌། དེས་ན་སྡིག་པའི་གཉེན་པོ་ལ་འབད་པར་རིགས་པའི་རྒྱུ་མཚན་ནོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་ལྟ་བུ་སྐད་ཅིག་གཅིག་བྱས་པའི་སྡིག་པས་ཀྱང་བསྐལ་པར་མནར་མེད་པར་གནས་པར་འགྱུར་ན། ཐོག་མ་མེད་པའི་

Page: 70 འཁོར་བར་བསགས་པའི་སྡིག་པ་གཉེན་པོས་མ་བཅོམ་པར་རང་རྒྱུད་ལ་ཡོད་པའི་སྡིག་གིས་བདེ་འགྲོར་མི་འགྲོ་བ་སྨོས་ཅི་དགོས་པས་སྟོབས་བཞིའི་སྒོ་ནས་སྡིག་པ་སྦྱོང་བ་ལ་འབད་པར་བྱའོ། །གཉིས་པ་ནི། སྡིག་པའི་ལས་བྱས་པའི་འབྲས་བུ་ཟད་ནས་ བདེ་འགྲོར་སྐྱེ་བས་ངན་འགྲོ་ལས་ཐར་བར་མི་དཀའོ་ཞེ་ན། སྔོན་བྱས་པའི་ལས་ཀྱི་འབྲས་བུ་དེ་ཙམ་ཁོ་ན་མྱོང་བར་གྱུར་ནས་དེ་ཙམ་གཅིག་ཟད་པའི་གང་ཟག་དེ་ནི་ངན་འགྲོ་ལས་རྣམ་པར་ཐར་པར་མི་འགྱུར་ཏེ། འདི་ལྟར་སྔོན་གྱི་ལས་ཀྱི་འབྲས་བུ་སྡུག་ བསྔལ་དེ་ནི་མྱོང་བཞིན་དུ་སྡུག་བསྔལ་སྟོབས་ཅན་སྐྱེད་པའི་སྡིག་པ་གཞན་དག་འཕྲལ་འཕྲལ་ལ་རབ་ཏུ་སྐྱེ་ཞིང་གསོག་པའི་ཕྱིར་ཏེ། ངན་འགྲོའི་རྟེན་ལ་དགེ་བ་མཐུ་ཆུང་ཞིང་སྡིག་པ་རྒྱུན་དུ་གསོག་པས་ངན་འགྲོའི་རྒྱུ་འགོག་པ་ལ་བརྩོན་པར་བྱའོ། ། གསུམ་པ་ལ་བཞི། དལ་འབྱོར་ཐོབ་ནས་དགེ་བ་ལ་མ་འབད་ན་རང་གིས་རང་བསླུས་པར་འགྱུར་བ་དང༌། ཚེ་འདིར་སྡུག་བསྔལ་མྱོང་དགོས་པ་དང༌། ཕྱི་མར་ངན་འགྲོའི་སྡུག་བསྔལ་གྱིས་གདུང་བར་འགྱུར་བ་དང༌། དེས་ན་སྡིག་པ་སྤོང་ཞིང་དགེ་བ་ལ་ འབད་པར་རིགས་པའི་རྒྱུ་མཚན་ནོ། །དང་པོ་ནི། རྙེད་དཀའ་ཞིང་རྙེད་ན་དོན་ཤིན་ཏུ་ཆེ་བ་འདི་འདྲ་བའི་དལ་བ་རྙེད་པར་གྱུར་ནས་བདག་གིས་མངོན་མཐོ་དང་ཐར་པའི་རྒྱུའི་དགེ་བ་ལ་འབད་ཅིང་གོམས་པར་མ་བྱས་ན་འདི་ལས་རང་ཉིད་བསླུས་པའི་ ཐབས་གཞན་མེད་དེ་བླང་དོར་ལ་འདི་ལས་རྨོངས་པའང་གཞན་མེད་དོ། །གཉིས་པ་ནི། གལ་ཏེ་བདག་གིས་དགེ་བ་ལ་འབད་པ་དང་སྡིག་པ་སྤང་དགོས་པ་དེ་རྟོགས་ནས་རྨོངས་པས་བྱང་ཆུབ་ཀྱི་སེམས་དང༌། སྤྱོད་པ་ལ་སློབ་པ་སོགས་ལ་ཕྱིས་

Page: 71 ༄༅། །ཀྱང་སྒྱིད་ལུག་ན་ངན་འགྲོར་འགྲོ་བར་ཤེས་ནས་འཆི་བར་འགྱུར་བའི་དུས་ཀྱི་ཚེ་མྱ་ངན་ཆེན་པོ་ལྡང་བར་འགྱུར་བས་བརྩོན་པ་ཆེན་པོས་འབད་པར་བྱའོ། །གསུམ་པ་ནི། བྱང་ཆུབ་ཀྱི་སེམས་ཉམས་པ་སོགས་ཀྱི་ཉེས་པས་དམྱལ་ བར་སྐྱེ་ལ་དམྱལ་བའི་མེ་བཟོད་དཀའ་བས་ཡུན་རིང་དུ་བདག་གི་ལུས་ལ་བསྲེགས་པར་གྱུར་ན་འགྱོད་པ་མི་བཟད་པའི་མེ་འབར་བས་རང་གི་སེམས་གདུང་བར་འགྱུར་བར་གདོན་མི་ཟ་བས་ཉེས་ལྟུང་གིས་མ་གོས་པ་ལ་འབད་པར་བྱའོ། །བཞི་པ་ལ་ གཉིས། དལ་འབྱོར་ཆུད་གཟན་ནས་སླར་ཡང་དམྱལ་བར་ཁྲིད་ན་སེམས་མེད་པ་དང་མཚུངས་པ་དང༌། རྨོངས་པའི་རྒྱུ་བསམ་རིགས་པའོ། །དང་པོ་ནི། དལ་འབྱོར་ཤིན་ཏུ་རྙེད་དཀའ་ཞིང་རྙེད་ན་དོན་ཆེ་བས་ཕན་པའི་ས་འདི་ཅི་ཞིག་ལྟར་སྟེས་དབང་ གིས་རྙེད་པར་གྱུར་ནས་བདག་ཉིད་ཕན་གནོད་ཤེས་པའི་ཤེས་རབ་དང་ལྡན་བཞིན་དུ་ཕྱིར་ཡང་དམྱལ་བའི་གནས་དེར་ཁྲིད་ན་རིག་སྔགས་ཀྱིས་རྨོངས་པར་བྱས་པ་བཞིན་དུ་བདག་ལ་འདིར་ཕན་པ་སྒྲུབ་པའི་སེམས་མེད་དུ་ཟད་པའོ་སྙམ་དུ་ བསམ་པར་བྱའོ། །གཉིས་པ་ནི། ཅིས་རྨོངས་པར་བྱས་ཞེ་ན། རྒྱུ་ཅིས་རྨོངས་ནས་བསླུས་པ་བདག་གིས་ཀྱང་མ་ཤེས་ཏེ་བདག་གི་ཁོང་ན་རྨོངས་པའི་རྒྱུ་ཅི་ཞིག་ཡོད་དེ་ཡོད་ངེས་སོ་སྙམ་དུ་ལེ་ལོའི་དབང་དུ་གྱུར་ན་ཡང་དེ་ལྟར་བསམ་པར་བྱའོ། །གསུམ་ པ་ཉོན་མོངས་སྤོང་བ་ལ་བག་བྱ་བ་ལ་གསུམ། ཉོན་མོངས་པའི་ཉེས་དམིགས་བསམ་པ་དང༌། ཉོན་མོངས་སྤོང་བའི་དཀའ་སྤྱད་ལ་སྐྱོ་བར་མི་རིགས་པ་དང༌། འབད་པས་སྤངས་ན་སྤོང་ནུས་པ་ཉིད་དུ་སྤྲོ་བ་བསྒོམ་པའོ། །དང་པོ་ལ་གསུམ། ཉོན་མོངས་

Page: 72 ཀྱིས་རང་ལ་གནོད་པ་བྱེད་པའི་ཚུལ་བསམ་པ་དང། ཉོན་མོངས་ལ་བཟོད་པ་བསྒོམ་མི་རིགས་པ་དང། དེ་གཞོམ་པའི་ཆེད་དུ་བློའི་སྟོབས་བསྐྱེད་པའོ། །དང་པོ་ལ་བཞི། རང་དབང་མེད་པར་བྱེད་པ་དང༌། སྡུག་བསྔལ་དཔག་མེད་ལ་སྦྱོར་བ་དང༌། གནོད་པ་བྱེད་ པའི་དུས་མཐའ་ཡས་པ་དང༌། ཉོན་མོངས་ཀྱི་གྲོགས་བྱར་མི་རུང་བའི་རྒྱུ་མཚན་ནོ། །དང་པོ་ནི། རྩ་བ་དང་ཉེ་བའི་ཉོན་མོངས་ཀྱིས་བསྡུས་པའི་ཞེ་སྡང་དང་སྲེད་པ་སོགས་བདག་གི་དགྲ་རྣམས་ནི་རྐང་ལག་དང་ལག་ཏུ་མཚོན་ཐོགས་པ་ལ་སོགས་པ་ཡོད་པ་མིན་ ལ། བརྩོན་པ་ཆེ་བའི་དཔའ་བ་དང་ཐབས་མཁས་པའི་མཛངས་པ་མིན་ཡང་ཅི་ཞིག་ལྟར་ཉོན་མོངས་དེ་དག་གིས་བདག་བྲན་བཞིན་དུ་རང་དབང་མེད་པར་བྱས་པའོ། །གཉིས་པ་ནི། བདག་གི་སེམས་ལ་གནས་བཞིན་དུ་དགའ་མགུར་བདག་ལ་དམྱལ་ བའི་སྡུག་བསྔལ་ལ་སོགས་པའི་གནོད་པ་བྱེད་པ་དེ་ལའང་མི་ཁྲོ་བར་བཟོད་པ་ནི་གནས་མིན་པ་ལ་བཟོད་པ་བྱེད་པ་ཤིན་ཏུ་སྨད་པའི་གནས་ཡིན་པས་ཉོན་མོངས་ལ་དགྲར་བལྟས་ནས་དེ་འགོག་པ་ལ་བརྩོན་པར་བྱའོ། །དེ་ཡང་ཉོན་མོངས་ཀྱི་མཚན་ཉིད་དང༌། དབྱེ་བ་དང༌། རྒྱུ་དང་བྱེད་ལས་སོགས་མངོན་པའི་བསྟན་བཅོས་ལས་འབྱུང་བ་ལྟར་ཤེས་པར་བྱ་ཞིང་གཙོ་བོར་ཉེས་དམིགས་བསྒོམ་པ་ལ་འབད་པར་བྱའོ། །གལ་ཏེ་ལྷ་དང་ལྷ་མིན་རྣམས་ཐམས་ཅད་ཕྱོགས་གཅིག་ཏུ་བདག་ལ་དགྲར་ལངས་ཀྱང་ཉོན་ མོངས་པའི་དབང་དུ་མ་གྱུར་ན་དེ་དག་གིས་ཀྱང་མནར་མེད་པའི་མེ་ནང་ཁྲིད་ཅིང་འཇུག་མི་ནུས་ལ་རང་རྒྱུད་ཀྱི་ཉོན་མོངས་སྟོབས་ཅན་དགྲ་འདི་ཡིས་མནར་མེད་ཀྱི་མེ་གང་དང་ཕྲད་ན་རི་རབ་ཀྱང་ཐལ་བ་ཡང་ནི་མི་ལུས་པར་བྱེད་པ་དེར་བདག་སྐད་ཅིག་

Page: 73 ༄༅། །གཅིག་ལ་འདོར་བར་བྱེད་པས་ཉོན་མོངས་པའི་དགྲ་གཞོམ་པ་ལ་བརྩོན་པར་བྱའོ། །གསུམ་པ་ནི། ཉེས་དམིགས་གཞན་ཡང་བསམ་པ་བདག་གི་ཉོན་མོངས་དགྲ་བོ་གང་དུས་རིང་པོ་ཐོག་མཐའ་མེད་པར་གནས་པ་ལྟར་འཇིག་ རྟེན་པའི་དགྲ་གཞན་ཀུན་ཀྱང་ཉོན་མོངས་དེ་ལྟ་བུར། ཚེ་ཡུན་རིང་པོ་ཐུབ་པ་མ་ཡིན་ནོ། །ཉོན་མོངས་པའི་གཉེན་པོ་ཐུན་རེ་ཙམ་བསྒོམས་པས་ཅིར་ཡང་མི་འགྱུར་བས་ཉོན་མོངས་གཞོམ་པ་ལ་བརྩོན་པ་ཆུ་བོའི་རྒྱུན་ལྟར་བརྩོན་པ་ལ་འབད་པར་བྱའོ། ། བཞི་པ་ནི། འཇིག་རྟེན་པའི་དགྲ་གཞན་ལ་ཁ་ཟས་སོགས་དེ་དང་མཐུན་པར་རིམ་གྲོ་བྱས་ཏེ་བསྟེན་པར་བྱས་ན་དེ་ཐམས་ཅད་རང་ལ་ཕན་པ་དང་བདེ་བའི་གྲོགས་བྱེད་ན། ཉོན་མོངས་པའི་དགྲ་རྣམས་ནི་རྟེན་ཅིང་དེ་དང་མཐུན་པར་བྱས་ན་སྟོབས་ འཕེལ་ནས་ཕྱིར་ཞིང་སྡུག་བསྔལ་གྱིས་གནོད་པ་བྱེད་པས་དེ་གཞོམ་པ་ལ་བརྩོན་པ་ཉིད་རང་ཉིད་བདེ་བའི་ཐབས་ཡིན་ནོ། །གཉིས་པ་ལ་གཉིས། སེམས་ལ་གནོད་པ་བྱེད་པ་དང༌། ལུས་ལ་གནོད་པ་བྱེད་པར་བསམ་པའོ། །དང་པོ་ནི། དེ་ལྟར་ཡུན་རིང་ པོ་ཐོག་མ་མེད་པ་ནས་རྒྱུན་ཆགས་སུ་དགྲར་གྱུར་པ་སྡུག་བསྔལ་ལ་སོགས་པའི་གནོད་པའི་ཚོགས་ཐམས་ཅད་རབ་ཏུ་འཕེལ་བའི་རྒྱུ་གཅིག་པུ་ཟླ་མེད་པ་བདག་གི་སྙིང་ལ་ངེས་པར་གནས་འཆའ་ཞིང་རྟེན་ན་འཁོར་བར་འཇིགས་པ་མེད་པ་དང་ཡིད་ དགའ་བར་ག་ལ་འགྱུར་བདེ་བའི་སྐབས་མེད་པས་ཉོན་མོངས་གཞོམ་པ་ལ་བརྩོན་པར་བྱའོ། །གཉིས་པ་ནི། ཉོན་མོངས་དེས་འཁོར་བ་ལས་འདར་མི་སྟེར་བས་འཁོར་བའི་བཙོན་རའི་སྲུང་མ་དང་བཙོན་དོང་དམྱལ་བ་སོགས་སུ་བསྐྱུར་བ་

Page: 74 དང༌། ངན་སོང་དང་མཐོ་རིས་སུའང་གསོད་པར་བྱེད་པའི་གཤེད་མར་གྱུར་པ་ཉོན་མོངས་འདི་དག་ནི་གལ་ཏེ་བདག་གི་བློ་ལ་གནས་པའི་ཆགས་པའི་དྲ་བ་སྟེ་ཚུལ་བཞིན་མ་ཡིན་པའི་རྟོག་པའི་ནང་ན་གནས་ན་བདག་ལ་བདེ་བའི་གོ་སྐབས་ག་ལ་ཡོད་ ལུས་སེམས་བདེ་བའི་སྐབས་མེད་པའོ། །གསུམ་པ་ནི། མི་འདོད་པ་མཐའ་དག་ཉོན་མོངས་པས་བསྐྱེད་པ་དེ་ལྟར་ན་ཇི་སྲིད་བདག་གི་མི་བཟད་པའི་དགྲ་འདི་མངོན་སུམ་དུ་ངེས་པར་མ་བཅོམ་པ་དེ་སྲིད་དུ་བདག་འགྲོ་བ་འདིར་ཉོན་མོངས་ཀྱི་གཉེན་པོ་ ལ་བརྩོན་པ་སྐད་ཅིག་ཀྱང་མི་འདོར་བར་འབད་པར་རིགས་ཏེ། རེ་ཤིག་འཇིག་རྟེན་དུ་གནོད་བྱེད་ཆུང་ངུ་ཚིག་རྩུབ་ཙམ་སྨྲ་བ་ལ་ཡང་ཁྲོས་པར་གྱུར་པ་ཁོན་འཛིན་ཆེ་བའི་ང་རྒྱལ་བདོ་བ་རྣམས་དགྲ་དེ་མ་བཅོམ་པར་གཉིད་མི་འོང་བར་བརྩོན་པར་བྱེད་ ན་ཉོན་མོངས་གཞོམ་པ་ལ་བརྩོན་པ་བྱ་བར་རིགས་སོ། །གཉིས་པ་ལ་གསུམ། ཉོན་མོངས་གཞོམ་ནུས་པའི་གོ་བགོ་ཞིང་དེའི་དཀའ་སྤྱད་ལ་སྐྱོ་བར་མི་བྱ་བ་དང༌། ཉོན་མོངས་གཞོམ་པའི་ཆེད་དུ་བརྩོན་པའི་ཕན་ཡོན་དང༌། དེས་ན་ཉོན་མོངས་གཞོམ་ པའི་སྦྱོར་བ་ལ་བརྩོན་པར་རིགས་པའོ། །དང་པོ་ནི། རང་བཞིན་ཏེ་མ་བསད་ཀྱང་རང་གི་ངང་གིས་འཆི་བའི་སྡུག་བསྔལ་བར་གྱུར་པའི་ཉོན་མོངས་དག་སྟེ་སྙིང་རྗེའི་གནས་དེ་ཡང་གཡུལ་ངོར་མདར་ཞིང་གཡུལ་སྤྲོད་པའི་ཚེ་ནན་གྱིས་ཕ་རོལ་གཞོམ་པ ར་འདོད་པ་ཡང་མདའ་དང་མདུང་ལ་སོགས་པའི་མཚོན་གྱིས་འཕོག་པའི་སྡུག་བསྔལ་ཁྱད་དུ་བསད་ནས་ཕ་རོལ་ཆོམས་པའི་དོན་མ་གྲུབ་པར་ཕྱིར་ཕྱོགས་ཤིང་འབྱེར་བར་མི་བྱེད་ན་དུས་རྟག་ཏུ་སྡུག་བསྔལ་ཀུན་གྱི་རྒྱུར་གྱུར་པ། སྐྱེས་ཙམ་ནས་དགྲ་བྱེད་

Page: 75 ༄༅། །པའི་རང་བཞིན་གྱི་དགྲ་འབའ་ཞིག་ངེས་པ་ཅན་གཞོམ་འདོད་པའི་དཀའ་སྤྱད་བདག་ལའང་དེ་ཚེ་གྲང་དང་བཀྲེས་སྐོམ་སོགས་སྡུག་བསྔལ་བརྒྱ་ཕྲག་གི་རྒྱུར་གྱུར་པ་གང་གིས་ཀྱང་དཔའ་འཁུམས་ནས་ཡིད་ཆད་པ་དང་སྒྱིད་ལུག་ པར་མི་འགྱུར་བར་ཉོན་མོངས་པའི་དགྲ་མ་ཐུལ་བར་དུ་བརྩོན་པ་མི་འདོར་བར་རིགས་པ་སྨོས་ཅི་དགོས་སོ། །གཉིས་པ་ལ་གསུམ། རང་དོན་ཕུན་ཚོགས་ཀྱི་རྒྱུ་ཡིན་པས་དཀའ་སྤྱད་བཟོད་རིགས་པ་དང༌། གཞན་དོན་ཕུན་ཚོགས་ཀྱི་རྒྱུ་ཡིན་པས་ དཀའ་སྤྱད་བཟོད་རིགས་པ་དང༌། སྔར་དམ་བཅས་པ་མཐར་ཕྱིན་པར་བྱེད་དགོས་པའི་རྒྱུ་མཚན་ནོ། །དང་པོ་ནི། འཇིག་རྟེན་ན་དོན་མེད་པ་དགོས་པ་ཆུང་ངུའི་ཆེད་དུ་ལུས་ལ་དགྲ་ཡིས་རྨ་སྲོལ་བཏོད་པ་ཡང༌། འདི་དེའི་ཚེ་བྱུང་བ་ཡིན་ནོ་ཞེས་ལུས་ ལ་རྒྱན་དང་འདྲ་བར་བསྲེལ་ཞིང༌། ངོམ་པར་བྱེད་ན་དོན་ཆེན་པོ་རྫོགས་པའི་སངས་རྒྱས་སྒྲུབ་པའི་ཕྱིར། ཡང་དག་པར་བརྩོན་པར་གྱུར་པའི་ཚེ་བདག་ལ་དཀའ་སྤྱད་ཀྱི་སྡུག་བསྔལ་ཅིའི་ཕྱིར་གནོད་བྱེད་ཡིན། ཕན་པ་འབའ་ཞིག་ཡིན་པས་བསྟེན་པར་ བྱའོ། །གཉིས་པ་ནི། ཉ་པ་ཉ་བསད་པས་འཚོ་བ་དང༌། གདོལ་པ་རིགས་ངན་ཤན་པ་དང༌། ཞིང་ལས་ཀྱིས་འཚོ་བའི་ཞིང་པ་ལ་སོགས་པ། རང་གི་འཚོ་བ་ཙམ་ཞིག་སེམས་པ་ཡང་གྲང་བ་དང༌། ཚ་བ་ལ་སོགས་པའི་གནོད་པ་བཟོད་པར་བྱེད་ན་འགྲོ་བ་ མ་ལུས་པའི་བདེ་བ་མཐའ་དག་སྒྲུབ་པའི་ཕྱིར་དུ་དཀའ་སྤྱད་བདག་ལྟ་བུས་ཅི་སྟེ་མི་བཟོད་དེ་བཟོད་པར་རིགས་སོ། །གསུམ་པ་ནི། གཞན་རྒྱུད་ཀྱི་ཉོན་མོངས་གཞོམ་པར་ཁས་བླངས་པ་ཡིན་མོད། རང་རྒྱུད་ཀྱི་ཉོན་མོངས་གཞོམ་པའི་ཆེད་དུ་བརྩོན་པར་

Page: 76 མི་རིགས་ཏེ། དེ་ལྟ་ན་ཞི་བའི་མཐར་ལྷུང་བར་འགྱུར་བས་སོ་ཞེ་ན། ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི་འགྲོ་བ་ཐམས་ཅད་ཉོན་མོངས་ལས་སྒྲོལ་བར་སེམས་བསྐྱེད་ཅིང་དམ་བཅས་ནས་གང་གི་ཚེ་བདག་ཉིད་ཀྱང་ཉོན་མོངས་རྣམས་ལས་མ་གྲོལ་བ་ ཡིན་ན་གཞན་དོན་ལྟ་ཞོག་རང་དོན་ཡང་རྫོགས་པར་མི་ནུས་པས་ཉོན་མོངས་པའི་གཞན་དབང་དུ་གྱུར་པའི་བདག་གི་ཚོད་ཀྱང་མི་ཤེས་པར་གཞན་མཐའ་དག་ཉོན་མོངས་ལས་སྒྲོལ་བར་སྨྲ་བ་ཇི་ལྟར་སྨྱོན་པ་མིན་ཏེ། རང་འཁོར་བར་བཅིངས་པས་གཞན་དོན་ རྫོགས་པར་མི་ནུས་པས་རང་རྒྱུད་ཀྱི་ཉོན་མོངས་གཞོམ་པ་ལ་བརྩོན་པར་བྱའོ། །གསུམ་པ་ལ་གཉིས། ཉོན་མོངས་པའི་གཉེན་པོ་ལ་འབད་པར་བྱ་བ་དང༌། དུས་ནམ་ཡང་ཉོན་མོངས་པའི་དབང་དུ་མི་འགྱུར་བ་ལ་འབད་པར་བྱ་བའོ། །དང་པོ་ནི། སྤང་བར་འོས་ པ་དེ་ལྟ་བས་ན་ཉོན་མོངས་གཞོམ་པ་ལ་དུས་རྟག་ཏུ་བསམ་སྦྱོར་གང་ཡང་ཕྱིར་མི་ལྡོག་པར་བྱའོ། །ཉོན་མོངས་ཀྱི་གཉེན་པོ་འདི་ལ་བདག་གིས་ཞེན་པ་སྟེ་ཆེད་དུ་བསྟེན་པར་བྱ་ཞིང་ཉོན་མོངས་ལ་ཁོན་དུ་བཟུང་ནས་གཡུལ་བསྐྲད་ལ་གཞོན་པར་བྱའོ། །སྤང་གཉེན་ ལ་ཆགས་སྡང་དང་སྤང་བྱ་ལ་ཁོན་དུ་འཛིན་པ་ཉིད་ཉོན་མོངས་ཡིན་པས་སྤང་བྱར་འགྱུར་རོ་ཞེ་ན། གཉེན་པོ་ལ་ཞེན་པ་དང་སྤང་བྱ་ལ་ཁོན་དུ་འཛིན་པ་རྣམ་པ་དེ་འདྲའི་ཉོན་མོངས་པ་ལྟར་སྣང་བ་ནི་ཉོན་མོངས་འཇོམས་པར་བྱེད་པའི་གཉེན་པོའི་ཕྱོགས་ཡིན་པས་ སྤང་བྱར་མ་གཏོགས་སོ། །འགྲེལ་པར་ཕྱིས་དེ་ཡང་གཞོམ་བྱར་བཤད་པ་ནི་སྤང་བྱ་ཟད་པ་ན་སྤང་གཉེན་གཡུལ་སྤྲོད་མི་དགོས་པའི་དོན་ནོ། །གཉིས་པ་ནི། ཉོན་མོངས་སྤོང་བ་ལ་སྡུག་བསྔལ་བརྒྱ་ཕྲག་མཐའ་ཡས་པས་ཉོན་མོངས་ཀྱི་རྗེས་སུ་འབྲང་བ་ཉིད་

Page: 77 ༄༅། །ལེགས་པ་མ་ཡིན་ནམ་ཞེ་ན། བདག་ནི་མེར་བསྲེགས་ཏེ་བསད་པར་གྱུར་ཏམ་བདག་གི་མགོ་བོ་བཅད་ཀྱང་སླའི་དེས་ནི་ཚེ་འདིའི་ལུས་དོར་བ་ཙམ་དུ་ཟད་ལ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཆེན་པོ་བསྐྱེད་ཅིང་འདོད་དོན་ཐོབ་པའི་ གེགས་བྱེད་པས་རྣམ་པ་ཀུན་ཏུ་ཉོན་མོངས་པའི་དགྲ་ལ་འདུད་པར་ཏེ་དེའི་དབང་དུ་འགྲོ་བར་མི་བྱའོ། །གསུམ་པ་ལ་གསུམ། རང་རྒྱུད་ཀྱི་ཉོན་མོངས་རྩ་བ་ནས་ཕྱུང་ན་དེ་གནས་པའི་རྟེན་མེད་པ་དང༌། རྒྱུ་ཕྱིན་ཅི་ལོག་ལས་བྱུང་བས་བརྩོན་པ་བསྟེན་ ན་སྤོང་ནུས་པ་དང༌། རྩ་བ་ནས་ཕྱུང་ན་དེ་གནས་པའི་རྟེན་གང་ན་ཡང་མེད་ཅིང་སྤོང་རིགས་པའོ། །དང་པོ་ནི། གལ་ཏེ་ཉོན་མོངས་ལན་ཅིག་གནས་ནས་ཕྱུང་ཡང་འཇིག་རྟེན་པའི་དགྲ་ལྟར་ནུས་པ་རྙེད་པ་དང༌། སླར་ཡང་གནོད་པ་བྱེད་པས་དེ་དང་ མཐུན་པར་བྱ་རིགས་སོ་ཞེ་ན། མི་མཚུངས་ཏེ་ཐ་མལ་པ་འཇིག་རྟེན་པའི་དགྲ་བོ་ལན་ཅིག་ཡུལ་ནས་ཕྱུང་ཡང་ནི་ཡུལ་དག་ཏུ་གནས་ཤིང་དེར་ཡུལ་ཡོངས་སུ་བཟུང་ནས་ནུས་པ་བརྟས་ཤིང་སྟོབས་རྙེད་ནས་དེ་ནས་གནོད་ལན་འཇལ་བའི་ཆེད་དུ་ཕྱིར་ ལྡོག་གི་ཉོན་མོངས་པའི་དགྲ་ཚུལ་དེ་དང་འདྲ་བ་མ་ཡིན་ཏེ། རྩ་བ་ནས་ཕྱུང་ན་གཞན་དུ་གནས་པ་ཡང་མེད་ནུས་པ་རྙེད་ནས་ཕྱིར་ལྡོག་པའང་མི་སྲིད་པའི་ཕྱིར་རོ། །གཉིས་པ་ནི། ཉོན་མོངས་ལན་ཅིག་རྩ་བ་ནས་ཕྱུང་ན་གནས་པའི་རྟེན་མེད་པའི་ཕྱིར། ཉོན་ མོངས་པ་རྩ་བ་ཕྱིན་ཅི་ལོག་ལས་བྱུང་བས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་མིག་གིས་ཉོན་མོངས་པའི་ས་བོན་སྤང་བ་ལ་འབད་དེ་སྤངས་ནས་བདག་གི་ཡིད་ལས་བསད་ནས་གང་དུ་འགྲོ་བར་འགྱུར་རྟེན་གང་དུ་གནས་ནས་ནུས་པ་རྙེད་པ་དང་བདག་ལ་

Page: 78 གནོད་པ་བྱ་བའི་ཕྱིར་འོང་སྟེ། མི་སྲིད་པའི་ཕྱིར་རོ། །དེ་ལྟར་ཡིན་ཡང་བློ་ཞན་པ་བདག་ལ་ལན་ཅིག་རྩ་བ་ནས་འདོན་པའི་བརྩོན་པ་མེད་པར་ཟད་པས་གནོད་པ་བྱེད་པ་ཡིན་ནོ། །གསུམ་པ་ནི། གལ་ཏེ་ཉོན་མོངས་པ་རྣམས་ཀྱང་རང་གི་རྒྱུ་ལས་སྐྱེས་ཤིང་རང་ བཞིན་གྱིས་གྲུབ་པས་ན་གཅིག་ཀྱང་སྤོང་མི་ནུས་སོ་ཞེ་ན། ཉོན་མོངས་པ་རྣམས་ནི་གཟུགས་ལ་སོགས་པའི་ཡུལ་ན་རང་བཞིན་གྱིས་མི་གནས་ཏེ། དེ་ལྟར་ན་དགྲ་བཅོམ་པ་རྣམས་ཀྱིས་ཀྱང་གཟུགས་མཐོང་བ་ལ་སོགས་པའི་ཚེ་ན་ཉོན་མོངས་སྐྱེ་བར་ཐལ་བའི་ ཕྱིར་རོ། །མིག་ལ་སོགས་པའི་དབང་པོའི་ཚོགས་ལ་ཡང་དེ་ལྟར་གནས་པ་མིན་ཏེ། གནས་ལུགས་ཀྱི་དོན་སེམས་པའི་ཚེ་མིག་ཡོད་ཀྱང་ཉོན་མོངས་མ་དམིགས་པའི་ཕྱིར་རོ། །དེ་དག་གི་བར་ནའང་གནས་པ་མིན་ལ་དེ་ལས་གཞན་ནའང་གནས་པ་མིན་ན་ལན་ ཅིག་རྩ་བ་ནས་ཕྱུང་བ་དང་རང་བཞིན་གྱིས་གྲུབ་པ་འདི་དག་གར་གནས་ནས་འགྲོ་བ་ཀུན་ལ་གནོད་པ་བྱེད་དེ་གང་དུ་ཡང་མི་གནས་པའི་ཕྱིར་རོ། །ཉོན་མོངས་འདི་ནི་རང་བཞིན་གྱིས་གྲུབ་པས་སྟོང་བཞིན་དུ་རང་བཞིན་གྱིས་གྲུབ་པར་སྣང་བ་སྒྱུ་མ་དང་འདྲ་ བ་དེའི་དུས་རང་བཞིན་གྱིས་གྲུབ་པས་རྩ་བ་ནས་སྤོང་མི་ནུས་སྙམ་དུ་སྙིང་ལ་འཇིགས་པ་སྤོང་ལ་སྟོང་ཉིད་རྟོགས་པའི་ཤེས་རབ་བསྐྱེད་ནས་ཉོན་མོངས་སྤང་བའི་ཕྱིར་བརྩོན་པ་བསྟེན་པར་རིགས་ཀྱི་དེ་ལྟར་ནུས་བཞིན་དུ་དོན་མེད་པ་ཉིད་དུ་བདག་ལ་དམྱལ་ བ་ལ་སོགས་པའི་ངན་སོང་རྣམས་སུ་ཅི་སྟེ་གནོད་པ་བྱེད་དུ་འཇུག་སྟེ་འཇུག་པར་མི་རིགས་སོ། །སྔ་མ་རྣམས་ས་བོན་ཕྱུང་ན་གནས་དེ་དག་ཏུ་མི་གནས་པ་ལ་ཡང་བཤད་དོ། །གསུམ་པ་དོན་བསྡུ་བ་ནི། གོང་དུ་བཤད་པ་དེ་ལྟར་རྣམ་པ་དུ་མར་བསམས་ལ་སྔར་

Page: 79 ༄༅། །ཇི་སྐད་བཤད་པའི་བྱང་ཆུབ་ཀྱི་སེམས་དང༌། བསླབ་པ་བསྲུང་བའི་ཆེད་དུ་སྟོན་པས་ཇི་ལྟར་གསུངས་པ་ལྟར་བག་ཡོད་བསྒོམ་པ་ལ་འབད་པར་བྱ་སྟེ། མ་འབད་ན་སྨན་པའི་ངག་མ་ཉན་པར་སྨན་དག་གིས་ངེས་པར་བཅོས་དགོས་ པའི་ནད་པ་བསོས་པ་ག་ལ་ཡོད་དེ་མི་སོས་པ་བཞིན་ནོ། །དེས་ན་སྨན་པ་ཆེན་པོ་སྟོན་པའི་གསུང་བཞིན་དུ་ཉོན་མོངས་སྤོང་བ་ལ་འབད་པར་བྱའོ། །རང་རྒྱུད་ཉེས་པའི་རྙོག་པ་དང་བྲལ་ཞིང༌། །དགེ་བ་མི་ཉམས་གོང་དུ་འཕེལ་བ་ནི། །ངེས་པར་བག་ ཡོད་བསྒོམ་ལ་རག་ལས་པས། །མཁས་པས་རྟག་ཏུ་བག་དང་ལྡན་པར་བྱ། །བསྡུ་བའི་ཚིགས་སུ་བཅད་པའོ། །གཉིས་པ་ལེའུའི་མཚན་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་རྒྱལ་སྲས་འཇུག་ངོགས་ཞེས་བྱ་བ་ལས། བག་ཡོད་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་ལེའུ་བཞི་པའི་འགྲེལ་པའོ།། །།

ལེའུ་ལྔ་པ། ཤེས་བཞིན་བསྲུང་བ།

[edit]

གཉིས་པ་ཚུལ་ཁྲིམས་ལ་སློབ་པའི་ཚུལ་དགེ་བའི་ཆོས་ཀུན་དག་པར་བསྲུང་བའི་ཐབས་དྲན་པ་དང་ཤེས་བཞིན་སྐྱོང་ཚུལ་གྱིས་ཁྱད་པར་དུ་བྱས་ནས་བཤད་པ་ལ་ གཉིས། སྤྱིའི་རྣམ་གཞག་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་གསུམ། སེམས་བསྐྱེད་ནས་བསླབ་པ་ལ་སློབ་དགོས་པའི་རྒྱུ་མཚན་དང༌། ཐབས་ཤེས་རེ་རེ་བ་ལ་བསླབས་པས་སངས་རྒྱས་མི་འགྲུབ་པར་བསྟན་པ་དང༌། བསླབ་པ་ལ་སློབ་པའི་ རིམ་པ་བཤད་པའོ། །དང་པོ་ནི། སྨོན་སེམས་ཙམ་བསྐྱེད་པ་ཡང་ཕན་ཡོན་ཆེ་མོད་ཀྱང༌། བསླབ་པ་ལ་སྒྲུབ་པ་སྙིང་པོར་མ་བྱས་ན་སངས་རྒྱ་བ་མི་སྲིད་པས། སྤྱོད་པ་ལ་བསླབ་པར་བྱ་སྟེ་ཏིང་ངེ་འཛིན་རྒྱལ་པོ་ལས། དེ་བས་ན་སྒྲུབ་པ་སྙིང་པོར་བྱའོ། །

Page: 80 དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ་སྒྲུབ་པ་སྙིང་པོར་བྱེད་པ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་དཀའ་བ་མ་ཡིན་པའི་ཕྱིར་རོ་ཞེས་དང༌། སྒོམ་རིམ་དང་པོ་ལས་ཀྱང༌། དེ་ལྟར་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་བདག་མ་དུལ་བར་གཞན་ མི་འདུལ་བར་ཤེས་ནས་བདག་ཉིད་སྦྱིན་པ་ལ་སོགས་པའི་སྒྲུབ་པ་ལ་རབ་ཏུ་སྦྱོར་རོ། །སྒྲུབ་པ་མེད་པར་བྱང་ཆུབ་མི་འཐོབ་བོ་ཞེས་གསུངས་སོ། །སྒྲུབ་པ་ཡང་སྡོམ་པ་བཟུང་ནས་དེའི་བསླབ་པ་ལ་སློབ་པ་ཉིད་ཡིན་ནོ། །གཉིས་པ་ནི། སངས་རྒྱས་ སྒྲུབ་པའི་ཐབས་ལ་འཇུག་པ་དེ་ཡང་ཐབས་མ་ནོར་བ་ཞིག་དགོས་ཏེ། ནོར་བའི་ལམ་ལ་ཇི་ཙམ་འབད་ཀྱང་འདོད་པའི་འབྲས་བུ་མི་འབྱུང་བའི་ཕྱིར་རོ། །མ་ནོར་དུ་ཟིན་ཀྱང་ཆ་མ་ཚང་ན་འབྲས་བུ་མི་འབྱུང་བས་ཚང་ལ་མ་ནོར་བ་ལ་བསླབ་པར་བྱའོ། །དེ་གང་ ཞེ་ན། རྣམ་སྣང་མངོན་བྱང་ལས། གསང་བ་པའི་བདག་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ་ཡིན། ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ། །ཞེས་གསུངས་པ་ལྟར་སྙིང་རྗེ་ཆེན་ པོ་དང་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་དང་ཐབས་སྦྱིན་པ་ལ་སོགས་པའི་ཕར་ཕྱིན་ནོ། །གསུམ་པ་ནི། སྨོན་སེམས་བཟུང་ནས་བསླབ་པ་ལ་སློབ་འདོད་སྦྱངས་ཏེ། དེའི་རྗེས་སུ་རྒྱལ་སྲས་ཀྱི་སྡོམ་པ་བཟུང་བར་བྱ་ལ། དེ་ནས་ བསླབ་པ་ལ་ཚུལ་བཞིན་དུ་བསླབ་པར་བྱའོ། །བསླབ་བྱའི་རིགས་བསྡུ་ན་མདོ་སྡེ་རྒྱན་ལས་བཤད་པ་ལྟར་ཕར་ཕྱིན་དྲུག་ཏུ་འདུས་ཏེ། མངོན་མཐོ་ལ་ལྟོས་པ་དང༌། དོན་གཉིས་སྒྲུབ་པ་ལ་ལྟོས་པ་དང༌། གཞན་དོན་རྣམ་པ་ཐམས་ཅད་པ་རྫོགས་པར་

Page: 81 ༄༅། །བསྒྲུབ་པ་དང༌། ཐེག་པ་ཆེན་པོ་ཐམས་ཅད་སྡུད་པ་དང༌། ལམ་མམ་ཐབས་ཀྱི་རྣམ་པ་ཐམས་ཅད་པའི་དབང་དུ་མཛད་པ་དང༌། བསླབ་པ་གསུམ་ལ་ལྟོས་ནས་ཕར་ཕྱིན་དྲུག་ཏུ་གྲངས་ངེས་པའོ། །དེ་ལ་ཕར་ཕྱིན་དྲུག་གི་རྒྱུ་དང༌། ངོ་བོ་དང༌། དབྱེ་བ་དང་། མིང་དོན་དང༌། འབྲས་བུའོ། །དང་པོ་ནི། ཐེག་པ་ཆེན་པོའི་རིགས་ཁྱད་པར་ཅན་དང༌། བདག་རྐྱེན་དགེ་བའི་བཤེས་གཉེན་ལ་བརྟེན་ནས་ཐེག་པ་ཆེན་པོའི་སྡེ་སྣོད་རྒྱ་ཆེན་པོ་ལ་དམིགས་ཤིང་ཤེས་རབ་དང་སྙིང་རྗེས་ཟིན་པའི་བྱང་ཆུབ་ཀྱི་ སེམས་སོ། །གཉིས་པ་ནི། སྦྱིན་པའི་ངོ་བོ་ནི་གཏོང་བའི་སེམས་པ་དགེ་བ་དང་དེས་ཀུན་ནས་བསླངས་བའི་ལུས་ངག་གི་ལས་སོ། །ཚུལ་ཁྲིམས་ནི་གཞན་གནོད་གཞི་བཅས་དང་རང་ཉིད་འབའ་ཞིག་གི་ཆེད་དུ་ཐར་པ་དོན་གཉེར་སྤོང་བའི་སེམས་པས་ བསྡུས་པའོ། །བཟོད་པ་ནི་གནོད་པ་བྱེད་པ་དང་སྡུག་བསྔལ་བྱུང་བས་མི་བརྫི་བར་སེམས་རྣལ་དུ་གནས་པ་དང༌། ཆོས་ལ་མོས་པ་ཤིན་ཏུ་གནས་པའོ། །བརྩོན་འགྲུས་ནི་དགེ་བ་བསྡུ་བ་དང་སེམས་ཅན་གྱི་དོན་བྱ་བའི་ཕྱིར་དུ་སེམས་མངོན་པར་ སྤྲོ་བ་དང་དེས་བསླངས་པའི་སྒོ་གསུམ་གྱི་ལས་གཡོ་བའོ། །བསམ་གཏན་ནི་སེམས་དགེ་བའི་དམིགས་པ་གང་རུང་གཅིག་ལ་རྩེ་གཅིག་ཏུ་གནས་པའོ། །ཤེས་རབ་ནི་དོན་དམ་པའམ་ཀུན་རྫོབ་པ་ལ་དམིགས་ཤིང་བཏགས་པའི་དངོས་པོ་ལ་ཆོས་རབ་ ཏུ་རྣམ་པར་འབྱེད་པའོ། །གསུམ་པ་ནི། སྦྱིན་པ་ལ་ཆོས་ཀྱི་སྦྱིན་པ་དང་ཟང་ཟིང་གི་སྦྱིན་པ་དང་མི་འཇིགས་པའི་སྦྱིན་པའོ། །ཚུལ་ཁྲིམས་ལ་སྡོམ་པའི་ཚུལ་ཁྲིམས་དང་དགེ་བའི་ཆོས་སྡུད་པ་དང་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སོ། །བཟོད་

Page: 82 པ་ལ་གཞན་གྱིས་གནོད་པ་བྱས་པ་ལ་ཇི་མི་སྙམ་པ་དང་རང་རྒྱུད་ལ་སྡུག་བསྔལ་བྱུང་བ་དང་དུ་ལེན་པ་དང་ཆོས་ལ་ངེས་སེམས་ཀྱི་བཟོད་པའོ། །བརྩོན་འགྲུས་ལ་གོ་ཆའི་བརྩོན་འགྲུས་དང་དགེ་བའི་ཆོས་སྡུད་པ་དང་སེམས་ཅན་གྱི་དོན་བྱེད་པའི་བརྩོན་ འགྲུས་སོ། །བསམ་གཏན་ལ་ཚེ་འདི་ལ་ལུས་སེམས་བདེ་བར་གནས་པར་བྱེད་པ་དང་ཡོན་ཏན་མངོན་པར་བསྒྲུབ་པ་དང་སེམས་ཀྱི་དོན་བྱེད་པའི་བསམ་གཏན་ནོ། །ཤེས་རབ་ལ་དོན་དམ་རྟོགས་པ་དང་ཀུན་རྫོབ་རྟོགས་པ་དང་སེམས་ཀྱི་དོན་བྱ་བར་རྟོགས་ པའི་ཤེས་རབ་བོ། །བཞི་པ་ནི། དྷ་ན་ཞེས་བྱ་བ་དབུལ་བ་འདོར་བར་བྱེད་པས་སྦྱིན་པ་དང༌། ཤཱི་ལ་ཞེས་པའི་སྒྲ་ལས་ཉོན་མོངས་པའི་ཚ་གདུང་བསིལ་བར་བྱེད་པས་ཚུལ་ཁྲིམས་དང༌། དེ་བཞིན་དུ་ངེས་ཚིག་གི་སྒོ་ནས་ཁྲོ་བ་བཟོད་པས་བཟོད་པ་དང༌། མཆོག་ལ་སྦྱོར་བས་བརྩོན་འགྲུས་དང༌། ཡིད་འཛིན་པས་བསམ་གཏན་དང༌། དོན་དམ་པ་ཤེས་པས་ན་ཤེས་རབ་ཅེས་བྱའོ། །ལྔ་པ་ནི། རིན་ཆེན་ཕྲེང་བ་ལས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་སོགས་གསུངས་པ་ལྟར་རོ། །ངོ་བོ་དང་དབྱེ་བ་ སོགས་རྒྱས་པར་སྔར་བཤད་པ་ལྟར་ཕ་རོལ་ཏུ་ཕྱིན་པའི་ལམ་རིམ་ཆེ་ཆུང་གཉིས་ལས་ཤེས་པར་བྱ་ལ་ཉམས་སུ་ལེན་པའི་ཚུལ་ནི་འཆད་པར་འགྱུར་རོ། །གཉིས་པ་ཡན་ལག་གི་དོན་ལ་གཉིས། ལེའུའི་གཞུང་བཤད་པ་དང༌། ལེའུའི་མཚན་ནོ། ། དང་པོ་ལ་གཉིས། ཉམས་སུ་ལེན་ཚུལ་རྒྱས་པར་བཤད་པ་དང༌། ཚིག་ཙམ་མ་ཡིན་པར་དོན་ཉམས་སུ་བླང་དགོས་པས་མཇུག་བསྡུ་བའོ། །དང་པོ་ལ་བཞི། བསླབ་པ་བསྲུང་བའི་ཐབས་སེམས་བསྲུང་བ་དང༌། སེམས་བསྲུང་བའི་

Page: 83 ༄༅། །ཐབས་དྲན་པ་དང་ཤེས་བཞིན་བསྲུང་བ་དང༌། དྲན་པ་དང་ཤེས་བཞིན་གྱིས་སེམས་བསྲུང་བའི་སྤྱོད་པ་ལ་བསླབ་པའི་ཚུལ་དང༌། བསླབ་པ་ཕུན་སུམ་ཚོགས་པའི་ཡན་ལག་གོ ། དང་པོ་ལ་གསུམ། སེམས་བསྲུངས་པས་ ཐམས་ཅད་བསྲུངས་པར་འགྱུར་བ་དང་། དེའི་རྒྱུ་མཚན་དང༌། སེམས་བསྲུང་བ་ལ་འབད་པའོ། །དང་པོ་ལ་གསུམ། སེམས་བསྲུང་དགོས་པ་མདོར་བསྟན་པ་དང༌། སེམས་ཉམས་པའི་ཉེས་པ་དང༌། སེམས་བསྲུང་བའི་ཕན་ཡོན་ནོ། །དང་པོ་ནི། སྦྱིན་སོགས་ཀྱི་བསླབ་པ་མ་ཉམས་པར་བསྲུང་བར་འདོད་པ་ཡིས་རབ་ཏུ་བསྒྲིམས་ནས་སེམས་ཕྱིན་ཅི་ལོག་གི་ཡུལ་ལ་གཡོ་བ་བསྲུང་བར་བྱ་སྟེ་སེམས་འདི་གཡེང་བ་བསྲུང་བར་མ་བྱས་ན་བསླབ་པ་བསྲུང་བ་ཡོད་ཡེ་མི་ནུས་པའི་ཕྱིར་རོ། །གཉིས་པ་ ནི། སེམས་ཀྱི་གླང་པོ་ཡུལ་ཕྱིན་ཅི་ལོག་ལ་ཡན་པར་བཏང་བས་མནར་མེད་ཀྱི་གནོད་པ་བྱེད་པ་ལྟར་ཐ་མལ་པའི་གླང་ཆེན་མ་ཐུལ་བ་དང་མྱོས་པ་ཡིས་འཇིག་རྟེན་འདི་ན་དེ་འདྲའི་གནོད་པ་མི་བྱེད་པས་སེམས་བསྲུང་བ་ལ་འབད་པར་བྱའོ། །གསུམ་པ་ལ་ གཉིས། མདོར་བསྟན་དང༌། རྒྱས་བཤད་དོ། །དང་པོ་ནི། སྒོ་གསུམ་ཀུན་ནས་དྲན་པའི་ཐག་པ་ཡིས་སེམས་ཀྱི་གླང་ཆེན་དགེ་བའི་དམིགས་པ་ལ་དམ་ཏུ་བཏགས་ན་ཚེ་འདི་ཕྱིའི་འཇིགས་པ་ཐམས་ཅད་མེད་པར་འགྱུར་ཞིང་སྐྱེས་བུ་གསུམ་གྱི་ ལམ་གྱི་རིམ་པའི་དགེ་བ་ཐམས་ཅད་ལག་ཏུ་འོང་བར་འགྱུར་བས་དགེ་བའི་དམིགས་པ་ལ་དུས་ནམ་ཡང་དྲན་པ་མ་ཉམས་པར་བྱའོ། །གཉིས་པ་ནི། སེམས་དགེ་བའི་དམིགས་པ་ལ་འདོགས་པར་རིགས་ཏེ། སྟག་དང་སེངྒེ་དང་གླང་ཆེན་དང༌། དྲེད་

Page: 84 དང་སྦྲུལ་གདུག་པ་དང༌། མིའི་དགྲ་རྣམས་ཐམས་ཅད་དང་ཕྱི་མར་སེམས་ཅན་དམྱལ་བའི་སྲུང་མ་དང་རིག་སྔགས་ཀྱིས་གནོད་པ་བྱེད་པའི་བྱད་མ་མཁའ་འགྲོ་མ་སོགས་དང༌། དེ་བཞིན་དུ་སྲིན་པོ་རྣམས་ཀྱི་གནོད་པ་ཡང་རང་གི་སེམས་འདི་གཅིག་པུ་དགེ་ བའི་དམིགས་པ་ལ་དྲན་པའི་ཐག་པས་བཏགས་པ་ཡིས་འཇིགས་པའི་རྒྱུ་བཟློག་པའི་སྒོ་ནས་འཇིགས་པ་དེ་དག་ཐམས་ཅད་བཏགས་པ་དང་འདྲ་བར་འགྱུར་བས་ཅུང་ཟད་ཀྱང་གནོད་པར་མི་འགྱུར་རོ། །རང་གི་སེམས་དེ་གཅིག་པུ་དྲན་པ་དང་ཤེས་བཞིན་གྱི་ སྒོ་ནས་ཉེས་སྤྱོད་ལ་འཇུག་པ་བཏུལ་བ་ཡིས་དེ་དག་ཐམས་ཅད་ཐུལ་བ་དང་འདྲ་བར་འགྱུར་བས་སེམས་འདུལ་བ་ལ་འབད་པར་བྱའོ། །གཉིས་པ་ལ་གཉིས། ཉེས་པ་སེམས་ལ་རག་ལས་པ་དང༌། ཡོན་ཏན་སེམས་ལ་རག་ལས་པའོ། །དང་པོ་ལ་གསུམ། ལུང་དང༌། རིགས་པ་དང༌། དོན་བསྡུ་བའོ། །དང་པོ་ནི། རང་ལ་འཇིགས་པ་དང་སྡུག་བསྔལ་འབྱུང་བ་རང་གི་སེམས་ཀྱིས་བྱས་པ་ཡིན་ཏེ། རྒྱུ་མཚན་འདི་ལྟར་ཚེ་འདི་དང་ཕྱི་མའི་འཇིགས་པ་ཐམས་ཅད་དང་སྡུག་བསྔལ་དཔག་ཏུ་མེད་པ་ཡང་རང་གི་སྡིག་ པའི་སེམས་ཉིད་ལས་བྱུང་བ་ཡིན་ནོ་ཞེས་ཤེས་བྱ་ཐམས་ཅད་ཡང་དག་པ་ཕྱིན་ཅི་མ་ལོག་པར་གསུང་བ་ཐུབ་པ་ཉིད་ཀྱིས་དཀོན་མཆོག་སྤྲིན་ལས་སེམས་ཉིད་དབང་དུ་གྱུར་ན་ཆོས་ཐམས་ཅད་དབང་དུ་འགྱུར་རོ་ཞེས་དང༌། དགེ་བའམ་འོན་ཏེ་མི་དགེ་བའི་ ལས་ནི་སེམས་ཀྱིས་བསགས་པ་ཡིན་ནོ་ཞེས་དང༌། སེམས་ནི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྟེ་སེམས་ཡོངས་སུ་ཤེས་ན་ཆོས་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་རོ་ཞེས་སོ། །ཆོས་ཡང་དག་པར་སྡུད་པ་ལས་ཀྱང༌། ཆོས་ཐམས་ཅད་ཀྱང་སེམས་

Page: 85 ༄༅། །ལ་རག་ལུས་པ་ཡིན་ནོ་ཞེས་བསྟན་པས་སོ། །གཉིས་པ་ནི། སེམས་ཅན་དམྱལ་བའི་སྡུག་བསྔལ་སོགས་མྱོང་བ་པོ་རང་གི་སྔོན་གྱི་སྡིག་པའི་སེམས་ལས་བྱུང་བ་མ་ཡིན་ན། སེམས་ཅན་དམྱལ་བའི་མཚོན་ཆ་མདུང་རལ་གྲི་ལ་སོགས་པ་ རྣམས་བྱེད་པ་པོ་གཞན་སུ་ཞིག་གིས་ནི་ཆེད་དུ་བྱས་དབང་ཕྱུག་སོགས་དང་ཆེད་དུ་གཏད་ནས་བྱེད་པ་པོ་གཞན་སུ་ཡང་མེད་པའི་ཕྱིར་རོ། །ལྕགས་བསྲེགས་པའི་ས་གཞི་འབར་བ་དེ་དག་ཀྱང་སུ་ཡིས་བྱས་ཤལ་མ་རི་ལ་འབབ་འཛེག་བྱེད་པའི་མོ་ཚོགས་བུད་མེད་ དེ་དག་རྒྱུ་གཞན་ཅི་ལས་བྱུང་བྱེད་པ་པོ་གཞན་མེད་པའི་ཕྱིར་རོ། །རྒྱུ་མེད་ལས་བྱུང་བ་ཡང་མི་འཐད་པས་དེ་འདྲ་དེ་དག་ཐམས་ཅད་ཀྱང་རང་གིས་སྡིག་པ་བྱས་པའི་སེམས་ལས་བྱུང་བར་ཐུབ་པའི་དམ་པའི་ཆོས་དྲན་པ་ཉེར་གཞག་སོགས་ལས་གསུངས་ སོ། །མེ་ཚོགས་ཞེས་དཔེ་ཁ་ཅིག་ལས་འབྱུང་བ་ནི་དཔེ་མ་དག་པའོ། །དྲན་པ་ཉེར་གཞག་ལས། སེམས་ནི་དགྲ་ནང་དགྲ་ཆེན་ཏེ། །དེ་ལས་གཞན་པའི་དགྲ་མེད་དོ། །ཞེས་སོགས་གསུངས་སོ། །རིགས་པའི་གནས་ལ་ཞིབ་ཏུ་མ་སྦྱངས་ཤིང་ལས་ འབྲས་ལ་སྐུར་བ་འདེབས་འདོད་པ་ཁ་ཅིག་ན་རེ། མི་ལ་ཆུ་ཀླུང་དྲི་མ་མེད་པ་སྣང་བའི་ཡུལ་དེར་ཡི་དྭགས་ལ་རྣག་ཁྲག་ཏུ་སྣང་བ་ནི་སྔོན་གྱི་ལས་ངན་པའི་རྣམ་སྨིན་གྱི་དབང་གིས་སྣང་བ་ཡིན་གྱི་དེར་ཡི་དྭགས་རྣམས་ཀྱིས་ལོངས་སྤྱོད་པའི་རྣག་ཁྲག་ ཅུང་ཟད་ཀྱང་མེད་དེ། ཡོད་ན་མི་ལ་ཡང་སྣང་དགོས་པ་ལས་མི་སྣང་བའི་ཕྱིར་རོ་ཞེས་ཟེར་བ་ནི་ཆེས་མི་རིགས་ཏེ། དེར་མེད་པ་སྣང་བ་ཡང་སྲིད་མོད་ཀྱི་མེད་པས་ཁྱབ་པ་ཁས་ལེན་ན་དམྱལ་བའི་མེའང་སྔོན་ལས་ངན་པའི་རྣམ་སྨིན་གྱི་དབང་གིས་

Page: 86 སྣང་བ་ཙམ་ཡིན་གྱི། དེ་ན་མེ་མེད་དོ་ཞེས་ཁས་ལེན་དགོས་པ་བསྐལ་པའི་བར་དུ་མཚུངས་པས་མཐར་དམྱལ་བ་ཡང་མེད་ཅེས་ལས་འབྲས་ལ་སྐུར་བ་འདེབས་དགོས་པར་འགྱུར་རོ། །མི་ལ་སྣང་རུང་ཡིན་པ་ཡང་མ་གྲུབ་བོ། །རྒྱང་པན་དང་ཁྱོད་འདོད་པ་ ལྟར་དམྱལ་བ་ན་སྡུག་བསྔལ་སྐྱེད་པའི་ཚ་རེག་དང་གྲང་རེག་མེད་པར་གྱུར་ཅིག །གསུམ་པ་ནི། ཉེས་པ་ཐམས་ཅད་སེམས་ལ་རག་ལུས་པ་དེ་ལྟར་ན་འཇིག་རྟེན་གསུམ་པོ་ཐམས་ཅད་ན་རང་གི་སེམས་ཀྱིས་བྱས་པ་ལས་འཇིགས་པ་གཞན་འགའ་ ཡང་མེད་དོ། །གཉིས་པ་ལ་དྲུག །སྦྱིན་པ་སེམས་ལ་རག་ལུས་པ་དང༌། ཚུལ་ཁྲིམས་སེམས་ལ་རག་ལུས་པ་དང༌། བཟོད་པ་སེམས་ལ་རག་ལུས་པ་དང༌། བརྩོན་འགྲུས་སེམས་ལ་རག་ལུས་པ་དང༌། བསམ་གཏན་སེམས་ལ་རག་ལུས་པ་དང༌། ཤེས་རབ་སེམས་ལ་རག་ལུས་པའོ། །དང་པོ་ལ་གཉིས། སྦྱིན་པའི་ཕར་ཕྱིན་རྫོགས་པ་འགྲོ་བ་མཐའ་དག་གི་དབུལ་བ་བོར་བ་ལ་ལྟོས་པ་མ་ཡིན་པ་དང༌། གཏོང་པའི་སེམས་པ་གོམས་པས་མཐར་ཕྱིན་པར་འགྱུར་བའོ། །དང་པོ་ནི། གལ་ཏེ་སྦྱིན་པའི་ ཕར་ཕྱིན་རྫོགས་པ་འགྲོ་བ་མཐའ་དག་གི་དབུལ་བ་བོར་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དགོས་པ་ཡིན་ན། ད་དུང་འགྲོ་བ་བཀྲེན་པ་ཡོད་ན་སྟེ་ཡོད་པའི་ཕྱིར། སྔོན་སྐྱོབ་པ་སངས་རྒྱས་རྣམས་ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་ཏེ་རྫོགས་པ་མི་འཐད་པར་ འགྱུར་རོ། །གཉིས་པ་ནི། དེས་ན་ལུས་ལོངས་སྤྱོད་དགེ་རྩ་བདོག་པ་ཐམས་ཅད་བཏང་བའི་འབྲས་བུ་བསོད་ནམས་དང་བཅས་ཏེ་སྐྱེ་བོ་ཀུན་ལ་བཏང་བར་འདོད་པའི་སེམས་གོམས་པ་ཉིད་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་གསུངས་ཏེ་རྒྱུ་མཚན་

Page: 87 ༄༅། །དེ་ལྟ་བས་ན་སྦྱིན་པ་དེ་ནི་སེམས་ལ་རག་ལུས་པ་ཉིད་དོ། །ཞེས་དོན་བསྡུ་བའོ། །གཉིས་པ་ལ་གཉིས། ཚུལ་ཁྲིམས་ཀྱི་ཕར་ཕྱིན་རྫོགས་པ་སྲོག་གཅད་བྱའི་སེམས་ཅན་ཟད་པ་ལ་ལྟོས་པ་མི་འཐད་པ་དང༌། སྤོང་སེམས་གོམས་པ་ལས་ རྫོགས་པར་འགྱུར་བའོ། །དང་པོ་ནི། ཚུལ་ཁྲིམས་ཀྱི་ཕར་ཕྱིན་རྫོགས་པ་སྲོག་གཅད་བྱའི་སེམས་ཅན་མེད་པར་བྱས་པ་ལ་ལྟོས་དགོས་པ་མ་ཡིན་པར་ཐལ། རི་དྭགས་དང་ཉ་ལ་སོགས་པ་ཡུལ་གང་ཞིག་ཏུ་དེ་དག་མཐའ་དག་སུས་ཀྱང་གསོད་ནུས་ པར་མི་འགྱུར་བར་བསྐྲད་དེ་སྐྲོད་མི་ནུས་པའི་ཕྱིར་རོ། །གཉིས་པ་ནི། རྒྱུ་མཚན་དེས་ན་འཚེ་བའི་བསམ་པ་དང་མ་བྱིན་པར་ལེན་པའི་བསམ་པ་སོགས་སྤོང་བའི་སེམས་པ་གོམས་པ་རྫོགས་པར་ཐོབ་པ་ལས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་ པར་མདོ་ལས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། གཞན་ལ་གནོད་པ་སྤོང་བའི་སེམས་པའོ། །ཞེས་བཤད་པས་སོ། །གསུམ་པ་ལ་གསུམ། དོན་དང༌། དཔེ་དང༌། དཔེ་དོན་སྦྱར་བའོ། །དང་པོ་ནི། ཁྲོ་བའི་སེམས་ནི་གཅིག་པུ་བཅོམ་ན་ཕྱི་རོལ་ གྱི་དགྲ་དེ་ཐམས་ཅད་ཆོམས་པ་དང་འདྲ་བར་བཟོད་པ་རྫོགས་པ་ཡིན་གྱི། ཁོང་ཁྲོའི་དམིགས་ཡུལ་ཟད་པ་ལ་ལྟོས་དགོས་པ་མ་ཡིན་པར་ཐལ། སེམས་ཅན་མི་བསྲུན་པ་ནམ་མཁའ་བཞིན་དུ་མཐའ་ཡས་པས་དེ་དག་ཀུན་གཞོམ་གྱིས་ཡོད་དེ་ཡེ་ནས་སམ། གཏན་ནས་མི་ལང་བའི་ཕྱིར་རོ། །དེས་ན་བཟོད་པ་ཡང་སེམས་ལ་རག་ལུས་སོ། །གཉིས་པ་ནི། རྐང་པ་ལ་ཚེར་མ་ལ་སོགས་པའི་གནོད་པ་སྤང་བའི་དོན་དུ་ས་སྟེང་འདི་དག་ཐམས་ཅད་ཀོ་བས་གཡོག་ཏུ་དེ་སྙེད་ཀྱི་ཀོ་བས་ག་ལ་ལང་། དེ་ལྟ་ན་ཡང་ཚེར་མ་ལ་

Page: 88 སོགས་པས་མི་གནོད་པ་ལ་ལྷམ་མཐིལ་ཙམ་གྱི་ཀོ་བས་ནི་རང་གིས་རྐང་པ་གཡོགས་ན་ས་སྟེངས་ཐམས་ཅད་གཡོགས་པ་དང་འདྲ་བའི་ཕྱིར་རོ། །གསུམ་པ་ནི། དཔེ་དེ་བཞིན་དུ་ཕྱི་རོལ་གྱི་གནོད་བྱེད་ཀྱི་དངོས་པོ་ཡང་མཐའ་དག་བདག་གིས་ཕྱིར་ཟློག་པར་ བྱེད་པས་མི་ལང་གིས། བདག་གི་སེམས་འདི་ཡུལ་དེ་དག་ལ་དམིགས་ནས་ཁོང་ཁྲོ་བསྐྱེད་པ་ལས་ཕྱིར་བཟློག་པར་བྱའི་དེ་གོམས་པ་ལས་བཟོད་པ་རྫོགས་པར་འགྱུར་གྱི། ཁྲོ་བའི་ཡུལ་གཞན་རྣམས་བདག་གིས་ཅི་ཞིག་བཟློག་སྟེ་བཟློག་མི་ནུས་ཤིང ་དགོས་པ་མེད་པའི་ཕྱིར་རོ། །བཞི་པ་ནི། བརྩོན་འགྲུས་ཀྱང་གོམས་པ་མཐར་ཕྱིན་པ་སེམས་ལ་རག་ལས་ཏེ། བསམ་གཏན་དང་པོའི་སྙོམས་འཇུག་ལ་སོགས་པ་སྒོམ་པ་ལ་སྤྲོ་བའི་སེམས་གསལ་པོ་སྙོམས་འཇུག་གིས་བསྡུས་པ་ཅུང་ཟད་ཅིག་ བསྐྱེད་པའི་འབྲས་བུ་ཡང་ཚངས་པ་ལ་སོགས་པའི་གནས་སུ་སྐྱེ་བ་ཡིན་པ་ལྟར་སེམས་སྟོབས་ལྡན་དང་མ་འབྲེལ་ན་ལུས་ངག་དང་བཅས་པའི་སེམས་ཀྱི་འབྲས་བུ་ཡང་སྤྲོ་བ་ཆུང་བའི་སྤྱོད་པ་ཞེན་པས་དེ་ལྟར་བསམ་གཏན་དང་པོ་སོགས་སུ་སྐྱེ་ནུས་ པ་མིན་པས་སེམས་སྟོབས་ལྡན་ལ་རག་ལས་པའོ། །ལྔ་པ་ནི། བསམ་གཏན་གྱི་ཕར་ཕྱིན་རྫོགས་པ་ཡང་བྱིང་རྒོད་དང་བྲལ་ཞིང་དང་བར་འགྱུར་བ་དང། སྐྱོ་བར་འགྱུར་བའི་ཡིད་བྱེད་ཀྱིས་ཟིན་པའི་སེམས་ལ་རག་ལས་ཏེ་གཟུངས་སྔགས་ཀྱི་ བཟླས་བརྗོད་དང་ནི་སྨྱུང་གནས་ལ་སོགས་པའི་དཀའ་ཐུབ་ཀུན་ཡུན་རིང་པོའི་དུས་སུ་སྤྱད་པར་བྱས་ཀྱང་སེམས་གཞན་དུ་གཡེངས་པས་བྱས་པ་ནི་དེ་ཉིད་རིག་པ་སངས་རྒྱས་ཀྱིས་མདོ་ལས། དགེ་སློང་དག་འདོད་པ་ལ་སེམས་གཡེངས་པའི་དཀའ་ཐུབ་

Page: 89 ༄༅། །དང་ཁ་ཏོན་ལ་སོགས་པ་ནི་འབྲས་བུ་མེད་པར་འགྱུར་རོ། །ཞེས་སོགས་འདོད་པའི་འབྲས་བུ་མི་འབྱིན་པས་དོན་མེད་པར་གསུངས་པའི་ཕྱིར་རོ། །དྲུག་པ་ནི། ཤེས་རབ་ཡང་སེམས་ལ་རག་ལས་ཏེ། གང་ཟག་གང་གིས་ཆོས་ཀྱི་ གཙོ་བོའམ་དོན་པོ་མཆོག་ཏུ་གྱུར་པ་སྣོད་མིན་ལ་མི་བསྟན་པས་ན་སེམས་ཀྱི་གསང། དོན་དམ་པའི་བདེན་པ་འདི་མ་ཤེས་ན་བླ་ན་མེད་པའི་བདེ་བ་ཐོབ་པ་དང། འཁོར་བའི་སྡུག་བསྔལ་གཞོམ་པར་འདོད་ཀྱང་དེ་དག་འདོད་པའི་དོན་མེད་པ་གྱི་ནར་རང་ དགར་ལ་ཁྱམ་པས་ཤེས་རབ་སེམས་ལ་རག་ལས་པའོ། །གསུམ་པ་སེམས་བསྲུང་བ་ལ་འབད་པ་ལ་གཉིས། བསྟན་པ་དང༌། བཤད་པའོ། །དང་པོ་ནི། ཉེས་པ་སྤོང་བ་དང་ཡོན་ཏན་སྒྲུབ་པ་སེམས་ལ་རག་ལས་པ་དེ་ལྟ་བས་ན་བདག་གིས་རང་གི་ སེམས་འདི་ནི་དྲན་པ་དང་ཤེས་བཞིན་གྱིས་ལེགས་པར་བཟུང་ནས་མི་ཉམས་པར་ལེགས་པར་བསྲུང་བར་བྱ་སྟེ། སེམས་བསྲུང་བའི་བརྟུལ་ཞུགས་མ་གཏོགས་པ་སེམས་མི་བསྲུང་བའི་བརྟུལ་ཞུགས་གཞན་ཁ་ཏོན་ལ་སོགས་མང་པོས་ཅི་ཞིག་བྱ་ དགོས་པ་མེད་པས་སོ། །གཉིས་པ་ལ་བཞི། སེམས་བསྲུང་བའི་ཚུལ་དང༌། བསྲུང་དགོས་པའི་རྒྱུ་མཚན་དང༌། བསྲུངས་པའི་ཕན་ཡོན་དང༌། སེམས་བསྲུང་བ་ལ་དྲན་པ་ལྷུར་བླང་བའོ། །དང་པོ་ནི། མ་དྲངས་གྲོལ་བ་སྟེ་སྐྱེ་བོ་རྒོད་བག་ཅན་ མ་བསྡམས་པའི་ཁྲོད་ན་ལུས་ལ་རྨ་ཡོད་པའི་སྐྱེ་བོ་དག་གནས་ན་བསྒྲིམས་ཏེ་རྨའི་བག་ཟོན་བྱེད་པ་བཞིན་དུ་སྐྱེ་བོ་ངན་པ་ཉོན་མོངས་སྐྱེ་བའི་རྐྱེན་བྱེད་པའི་ཁྲོད་ན་གནས་པས་ཀྱང་སེམས་ཀྱི་རྨ་ནི་རྟག་ཏུ་བསྲུང་དགོས་ཏེ། མ་བསྲུངས་ན་དེའི་རྐྱེན་

Page: 90 གྱིས་མཐོ་རིས་དང་ཐར་པའི་སྲོག་འཆད་པའི་ཕྱིར་རོ། །གཉིས་པ་ནི། ལུས་ཀྱི་རྨའི་སྡུག་བསྔལ་ཆུང་ངུ་ཡིས་སྐྲག་པའང་རྨའི་བག་བྱེད་རིགས་ན་སེམས་ཉམས་ན་དམྱལ་བ་བསྡུས་འཇོམས་ལ་སོགས་པའི་རིས་འཇོམས་པའི་སྡུག་བསྔལ་གྱིས་སྐྲག་ པ་ཡིས་སྡིག་ལྟུང་ལ་སོགས་བའི་སེམས་ཀྱི་རྨ་ལྟ་ཅིས་མི་བསྲུང་ཉེས་དམིགས་ཆེན་པོ་བསམས་ནས་བསྲུང་བར་བྱའོ། །གསུམ་པ་ནི། ཉོན་མོངས་འགོག་པའི་སྤྱོད་པ་འདི་འདྲས་རྒྱུན་དུ་གནས་པར་བྱེད་ན་ཁོང་ཁྲོ་ཅན་གྱི་སྐྱེ་བོ་ངན་པའི་ཁྲོད་ན་གནས་ སམ། ཆགས་པ་ཅན་གྱི་བུད་མེད་ཀྱི་ཁྲོད་ན་གནས་ཀྱང་རུང་སྡོམ་བརྩོན་ཅན་སྡོམ་སེམས་བརྟན་པ་ཉམས་པར་མི་འགྱུར་རོ། །བཞི་པ་ནི། བདག་གི་ཟས་གོས་ལ་སོགས་པའི་བདག་གི་རྙེད་པ་དང་ཕྱག་ལ་སོགས་པའི་བཀུར་སྟི་དང་རང་གི་ལུས་དང་སྲོག་ གནས་པའི་རྐྱེན་འཚོ་བ་མེད་ཀྱང་སླ་ཞིང་སེམས་བསྲུང་བ་དང་བྲལ་བའི་དགེ་བ་གཞན་ཡང་ཉམས་པ་སླའི་ཐེག་པ་ཆེན་པོའི་སེམས་ནི་ནམ་ཡང་ཉམས་པར་མི་བྱའོ། །གཉིས་པ་སེམས་བསྲུང་བའི་ཐབས་དྲན་པ་དང་ཤེས་བཞིན་བསྲུང་བ་ལ་གཉིས། བསྟན་ པ་དང༌། བཤད་པའོ། །དང་པོ་ནི། དྲན་ཤེས་དང་བྲལ་ན་སེམས་བསྲུང་མི་ནུས་པས་སེམས་བསྲུང་འདོད་པ་རྣམས་ལ་ནི་དགེ་བའི་དམིགས་རྣམ་མ་བརྗེད་པའི་དྲན་པ་དང་ནི་སྒོ་གསུམ་གྱི་གནས་སྐབས་ཇི་ལྟར་གྱུར་རྟོག་པའི་ཤེས་བཞིན་དག་ སྲོག་ལ་བབ་ཀྱང་མི་ཉམས་པར་སྲུངས་ཤིག་ཅེས་ཞི་བའི་ལྷ་བདག་ནི་དེ་ལྟར་ཐལ་མོ་སྦྱོར་ཞིང་གསོལ་བ་འདེབས་སོ། །དཔེ་ཁ་ཅིག་ལས། འདོམས་པར་བྱེད་ཅེས་འབྱུང་བས་དེ་ལྟར་ཡང་བཤད་དོ། །གཉིས་པ་ལ་གཉིས། ཤེས་བཞིན་མེད་པའི་

Page: 91 ༄༅། །ཉེས་དམིགས་དང༌། ཤེས་བཞིན་བསྲུང་བའི་ཐབས་སུ་དྲན་པ་བསྲུང་བའོ། །དང་པོ་ལ་ལྔ། དྲན་ཤེས་དང་བྲལ་ན་བྱ་བ་གང་ལ་ཡང་མཐུ་ཆུང་བ་དང༌། ཤེས་རབ་རྣམ་དག་ཏུ་མི་འགྱུར་བ་དང༌། ཚུལ་ཁྲིམས་རྣམ་དག་ཏུ་མི་འགྱུར་བ་ དང༌། སྔོན་བསགས་པའི་དགེ་བ་འཇིགས་པ་དང༌། སྔར་མ་བྱས་པའི་དགེ་བ་འགྲུབ་པའི་གེགས་བྱེད་པའོ། །དང་པོ་ནི། ནད་ཀྱིས་དཀྲུགས་པའི་མི་དག་ནི་ཞིང་ལ་སོགས་པའི་ལས་རྣམས་ཀུན་ལ་མཐུ་མེད་པ་དེ་བཞིན་དུ་ཤེས་བཞིན་མེད་པའི་བླང་དོར་ ལ་རྨོངས་པས་སེམས་དཀྲུགས་པ་དགེ་བའི་ལས་རྣམས་ཀུན་ལ་མཐུ་མེད་དོ། །གཉིས་པ་ནི། ཤེས་བཞིན་དང་བྲལ་ན་ཤེས་རབ་ཕུན་སུམ་ཚོགས་པར་མི་འགྱུར་ཏེ། ཤེས་བཞིན་མེད་པའི་སེམས་དང་ལྡན་པའི་གང་ཟག་གི་ཐོས་པ་དང་བསམ་ པ་དང་སྒོམ་པའི་ཤེས་རབ་སྔར་ཡོད་པ་ཡང་དཔེར་ན་གློ་རྡོལ་བའི་བུམ་པའི་ཆུ། ནང་དུ་མི་གནས་པར་ཟགས་འགྲོ་བ་བཞིན་དུ་ཤེས་བཞིན་ཉམས་པས་ཕྱིས་དྲན་པ་ལ་ནི་དེ་མི་གནས་ཏེ་ཤེས་རབ་ཉམས་པར་འགྱུར་བས་སོ། །གསུམ་པ་ནི། མང་དུ་ཐོས་ པ་དང་ལྡན་ཞིང་ཆོས་ལ་དད་པ་ཅན་དང་ནི་དགེ་བ་ལ་སྦྱོར་བའི་བརྩོན་པ་ལྷུར་ལེན་དུ་མ་ཡང་བླང་དོར་གྱི་གནས་ལ་ཤེས་བཞིན་མེད་པའི་སྐྱོན་ཆགས་པས་རྒྱུད་ལྟུང་བའི་རྙོག་པ་དང་བཅས་པར་འགྱུར་བས་ཤེས་བཞིན་བསྲུང་བ་ལ་འབད་པར་བྱའོ། ། བཞི་པ་ནི། ཤེས་བཞིན་མེད་པའི་མི་དག་ནི་ཉོན་མོངས་པའི་ཆོམ་རྐུན་དག་དགེ་བའི་དམིགས་པ་བརྗེད་པའི་དྲན་པ་ཉམས་པའི་རྗེས་སུ་འབྲངས་ནས་སྔོན་བསགས་པའི་བསོད་ནམས་ཀྱི་ནོར་དག་ནི་ཉེ་བར་བསགས་ཀྱང་རྐུན་པོས་ནོར་བཏོགས་པས་ཏེ་

Page: 92 ཕྲོགས་ནས་དབུལ་པོར་འགྲོ་བ་བཞིན་དགེ་བས་དབུལ་ནས་ངན་འགྲོར་འགྲོ་བར་འགྱུར་རོ། །ལྔ་པ་ནི། ཤེས་བཞིན་གྱིས་མ་བསྲུངས་ན་ཉོན་མོངས་པའི་ཆོམ་རྐུན་གྱི་ཚོགས་འདི་ནི་དགེ་བའི་ནོར་འཕྲོག་པའི་གླགས་སྐབས་ཚོལ་བར་བྱེད་པ་སྟེ་གླགས་ རྙེད་པར་གྱུར་ནས་དགེ་བ་འཕྲོག་ཅིང་དེའི་འབྲས་བུ་བདེ་འགྲོ་དང་ཐར་པའི་སྲོག་ཀྱང་འཇོམས་པར་བྱེད་པས་ཤེས་བཞིན་མེད་པའི་ཉེས་དམིགས་བསམས་ནས་སྒོ་གསུམ་གྱི་གནས་སྐབས་ཇི་ལྟར་གྱུར་སྙམ་དུ་རྟོག་པའི་ཤེས་བཞིན་བསྲུང་བ་ལ་ འབད་པར་བྱའོ། །གཉིས་པ་ལ་གཉིས། བསྟན་པ་དང༌། བཤད་པའོ། །དང་པོ་ནི། ཤེས་བཞིན་མེད་པ་ལ་ཉེས་པ་མང་བ་དེ་བས་ན་ཤེས་བཞིན་བསྲུང་བའི་དོན་དུ་དགེ་བའི་དམིགས་པ་མི་བརྗེད་པའི་དྲན་པ་ཡིད་ཀྱི་ཁྱིམ་དུ་བཅུག་སྟེ་དེའི་སྒོ་ནས་གུད་དུ་ ནམ་ཡང་མི་གཏང་ངོ༌། །གལ་ཏེ་དྲན་པ་ཉམས་ཏེ་སོང་ནའང་ངན་སོང་གི་གནོད་པ་དག་དྲན་པར་བྱས་ཏེ་དེ་མ་ཐག་ཡིད་ཀྱི་ཁྱིམ་དུ་ཉེ་བར་བཞག་པར་བྱའོ། །གཉིས་པ་ལ་གསུམ། ཕྱིའི་རྐྱེན་དགེ་བའི་བཤེས་གཉེན་ལ་བསྟེན་པ་དང༌། ནང་གི་རྐྱེན་ཚུལ་ བཞིན་ཡིད་ལ་བྱེད་པ་དང༌། དྲན་པས་ཤེས་བཞིན་སྐྱེད་པའི་ཚུལ་ལོ། །དང་པོ་ནི། དྲན་པ་བསྲུང་བའི་ཐབས་ནི་རང་གི་མཁན་པོ་དང་སློབ་དཔོན་དང་ཚངས་པ་མཚུངས་པར་སྤྱོད་པ་ལ་སོགས་པའི་སྐྱེ་བོ་བླ་མ་དང་ནི་འགྲོགས་པ་ལས་མཁན་པོས་ གསུངས་པའི་གདམས་པ་དང་རྗེས་སུ་བསྟན་པ་དང་ངོ་ཚ་ཤེས་པ་དང༌། གཞན་གྱིས་སྨད་དོགས་པའི་འཇིགས་པས་སྐལ་བ་དང་ལྡན་པའི་གང་ཟག་བསླབ་པ་ལ་གུས་པར་བྱེད་པ་ལ་དགེ་བའི་དམིགས་རྣམ་མ་བརྗེད་པའི་དྲན་པ་བདེ་བླག་ཉིད་དུ་སྐྱེ་བས་

Page: 93 ༄༅། །ཐོས་བསམ་སྒོམ་གསུམ་གང་བྱེད་ཀྱང་དྲན་པ་སྐྱོང་བ་ལ་མཁས་པར་བྱའོ། །གཉིས་པ་ནི། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་ཡུལ་དུས་ཀུན་ཏུ་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པས་གཟིགས་ པར་མཛད་པ་དང་ལྡན་པ་དེ་དག་ཐམས་ཅད་ཀྱི་སྤྱན་སྔ་ན་སྒྲིབ་པ་མེད་པར་བདག་ནི་རྟག་པར་གནས་སོ་ཞེས་དེ་ལྟར་བསམས་ནས་རང་རྒྱུ་མཚན་དུ་བྱས་པའི་ངོ་ཚ་དང་། སྟོན་པ་དང་ཆོས་ལ་གུས་པ་དང་རྣམ་སྨིན་ལ་འཇིགས་པ་དང་ལྡན་པས་ དེ་བཞིན་མནོས་ཏེ་དྲན་པ་དང་ལྡན་པར་བྱའོ། །གསུམ་པ་ལ་གཉིས། དྲན་པ་སྐྱེ་ཚུལ་དང༌། དེ་ལས་ཤེས་བཞིན་སྐྱེ་ཚུལ་ལོ། །དང་པོ་ནི། དེ་ལྟར་བསམས་པ་དེས་ནི་ཆོས་དང་དགེ་འདུན་དང་བཅས་པའི་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་པའང་ གང་ཟག་དེ་ལ་ཡང་དང་ཡང་དུ་འབྱུང་བས་དཀོན་མཆོག་གསུམ་དྲན་པ་བདེ་བླག་ཏུ་སྐྱེའོ། །གཉིས་པ་ནི། དྲན་པ་དེ་ལས་གང་གི་ཚེ་དྲན་པ་ཡིད་ཀྱི་སྒོ་ནས་ཉོན་མོངས་བསྲུང་བའི་དོན་དུ་གནས་པར་གྱུར་པ་དེའི་ཚེ་བྱ་བ་དང་བྱ་བ་མ་ཡིན་པའི་གནས་ སྐབས་ལ་རྟོག་ཅིང་ཇི་ལྟ་བ་བཞིན་དུ་ཤེས་པའི་ཤེས་བཞིན་ཡོད་པར་འགྱུར་ཞིང༌། ལན་ཅིག་ཉམས་ནས་སོང་བ་དག་ཀྱང་ཕྱིར་འོང་བར་འགྱུར་བས་སྒྲུབ་པ་ཉམས་ལེན་ལ་མཁས་མི་མཁས་ནི། དྲན་པ་དང་ཤེས་བཞིན་གྱི་སྐྱོང་ཚུལ་ལ་རག་ལས་ པས་དེ་ལ་མཁས་པར་བྱའོ། །གསུམ་པ་དྲན་པ་དང་ཤེས་བཞིན་གྱིས་སེམས་བསྲུང་བའི་སྤྱོད་པ་ལ་སློབ་པའི་ཚུལ་ལ་གསུམ། སྡོམ་པའི་ཚུལ་ཁྲིམས་ལ་སློབ་ཚུལ་དང་། དགེ་བའི་ཆོས་སྡུད་པ་དང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་སློབ་

Page: 94 ཚུལ་ལོ། །དང་པོ་ལ་གཉིས། སྒོ་གསུམ་གྱི་ཀུན་སྤྱོད་དག་པ་ལ་འབད་པ་དང༌། ཉམས་པ་བསྲུང་བའོ། །དང་པོ་ལ་གསུམ། ལུས་ངག་གི་ཀུན་སྤྱོད་ལ་བརྟག་པ་དང༌། སེམས་ཀྱི་ཀུན་སྤྱོད་ལ་བརྟག་པ་དང༌། གནང་བཀག་གི་བྱ་བའི་སྐབས་བཤད་པའོ། ། དང་པོ་ལ་བཞི། ལུས་ཀྱི་བྱ་བའི་སྔོན་དུ་ཀུན་སློང་ལ་བརྟག་པ་དང༌། ལྟ་བ་སོགས་དང་འབྲེལ་བའི་བསླབ་བྱ་དང༌། སྤྱོད་ལམ་གཞན་ལ་སྦྱར་བ་དང༌། གནས་པའི་ཀུན་སྤྱོད་ལ་བརྟག་པའོ། །དང་པོ་ནི། འགྲོ་བ་སོགས་ཀྱི་ཚེ་རེ་ཤིག་དང་པོ་ཀུན་སློང་ འདི་འདྲའི་སེམས་འདི་ནི་སྐྱོན་བཅས་དང༌། འདི་ནི་སྐྱོན་མེད་པའོ་ཞེས་ཤེས་པར་བྱས་ནས་དེའི་ཚེ་ཀུན་སློང་སྐྱོན་ཅན་བྱུང་ན་གཉེན་པོ་ཤིང་བཞིན་དུ་ཉེས་པས་མི་གཡོ་བར་གཟུངས་ཐུབ་པར་ནི་གནས་པར་བྱའོ། །གཉིས་པ་ལ་བཞི། མིག་གིས་ བལྟ་བའི་ཀུན་སྤྱོད་སྤྱིར་བསྟན་པ་དང༌། དུབ་པའི་ཚེ་ཇི་ལྟར་བྱ་བ་དང༌། གང་ཟག་གཞན་དྲུང་དུ་འོངས་པ་ལ་ཇི་ལྟར་བྱ་བ་དང༌། ངལ་བསོས་པའི་ཚེ་ཇི་ལྟར་བྱ་བའོ། །དང་པོ་ནི། དོན་མེད་པར་ཕྱོགས་སུ་གཡེང་བར་བལྟ་བ་ནི་དུས་ནམ་ཡང་བདག་གིས་ མི་བྱ་སྟེ་སེམས་ཉམས་པར་འགྱུར་བའི་ཕྱིར་རོ། །དགེ་བའི་དམིགས་པ་ལ་ངེས་པར་སེམས་པས་དུས་རྟག་ཏུ་ནི་བལྟ་བའི་ཚེ་གཉའ་ཤིང་གང་ཙམ་དུ་མིག་ནི་ཕབ་སྟེ་བལྟ་བར་བྱའོ། །གཉིས་པ་ནི། ཁམས་གསོ་བ་དང་དུབ་ན་བལྟ་བ་ངལ་བསོ་བའི་ཆེད་དུ་ནི་ རེས་འགའ་མིག་བཏེག་སྟེ་ཕྱོགས་སུ་བལྟ་བར་བྱའོ། །གསུམ་པ་ནི། དེ་ལྟར་བལྟས་པས་འགའ་ཞིག་མིག་གི་ལམ་དུ་སྣང་བར་གྱུར་ཅིང་མདུན་དུ་འོངས་ན་འཛུམ་པས་བལྟས་ནས་འོངས་པ་ལེགས་སོ་ཞེས་བརྗོད་པར་བྱའོ། །གཞན་ཡང་ལམ་དུ་ཞུགས་

Page: 95 ༄༅། །པའི་ཚེ་ལམ་སོགས་སུ་འཇིགས་པ་ཡོད་མེད་བརྟག་པའི་ཕྱིར་ཡང་དང་ཡང་དུ་ཕྱོགས་བཞིར་བལྟ་བར་བྱའོ། །བཞི་པ་ནི། ཡང་ངལ་བསོས་ནས་འགྲོ་བའི་ཚེ་ཁ་ནི་ཕྱིར་ལ་བལྟས་ནས་རྒྱབ་ཀྱི་ཕྱོགས་སུ་རྫས་ལ་སོགས་པ་ བལྟ་བར་བྱའོ། །མདུན་དང་རྒྱབ་ཏུ་གཡང་ས་ཡོད་མེད་སོགས་བརྟག་པ་བྱས་ནས་ཇི་ལྟར་རིགས་པས་འགྲོ་བའམ་ཡང་ན་འོང་བར་བྱ་སྟེའོ། །གསུམ་པ་ནི། དེ་ལྟར་ལུས་ངག་བྱ་བ་ལ་འཇུག་པའི་གནས་སྐབས་ཐམས་ཅད་དུ་རང་གཞན་ལ་ཕན་པའི་ དགོས་པ་ཡོད་པར་ཤེས་ནས་སྤྱད་པར་བྱའོ། །བཞི་པ་ནི། གནས་གང་དུ་སྡོད་པའི་ཚེ་ལུས་ཀྱིས་འདི་ལྟར་གནས་པར་བྱའོ་ཞེས་བསམས་ཏེ་ལུས་ཀྱི་བྱ་བ་བསྡོགས་ནས་དེ་ནས་ནི་བར་སྐབས་སུ་ལུས་འདི་སྤྱོད་ལམ་ཇི་ལྟ་བུར་གནས་པ་ཡིན་ཞེས་ བལྟ་བར་བྱ་ཞིང་ཉེས་པ་མེད་པའི་ཀུན་སྤྱོད་ལ་འབད་པར་བྱའོ། །གཉིས་པ་ལ་གཉིས། སེམས་དགེ་བའི་དམིགས་པ་ལ་གདགས་པ་དང༌། དགེ་བ་ལ་རྩེ་གཅིག་པར་འགྱུར་མི་འགྱུར་བརྟག་པའོ། །དང་པོ་ནི། སེམས་ཀྱི་གླང་ཆེན་མ་དུལ་ཞིང་མྱོས་པ་ ནི་གཅིག་ཏུ་བྱ་བར་ཁས་བླངས་པའི་ཆོས་ལ་སེམས་པའི་དམིགས་པའི་ཀ་ཆེན་ལ་ཇི་ལྟར་བཏགས་པ་མི་འཚོར་བར་དེ་ལྟར་འབད་པ་ཀུན་གྱིས་བརྟག་པར་བྱའོ། །གཉིས་པ་ནི། བདག་གིས་ཅི་ནས་ཀྱང་དགེ་བའི་ཆོས་ལ་མ་ཡེངས་པའི་ཏིང་ངེ་ འཛིན་ལ་བརྩོན་པ་ནི་སྐད་ཅིག་གཅིག་ཀྱང་དེ་ལས་གཞན་དུ་མི་འཆོར་བར་བྱས་ཏེ། བདག་གི་ཡིད་འདི་བྱ་བ་དང་བྱ་བ་མ་ཡིན་པའི་ཆ་གར་སྤྱོད་ཅེས་དེ་ལྟར་ཡིད་ལ་ཡང་དང་ཡང་དུ་སོ་སོར་བརྟག་པར་བྱའོ། །གསུམ་པ་ནི། རང་གི་སྲོག་ལ་གནོད་

Page: 96 པའི་འཇིགས་པ་དང་དཀོན་མཆོག་མཆོད་པ་ལ་སོགས་པའི་དགའ་སྟོན་དང༌། དེ་བས་ཆེས་ལྷག་པའི་སེམས་ཅན་གྱི་དོན་སོགས་དང་འབྲེལ་བས་ལུས་སེམས་ཀྱི་སྤྱོད་པ་ཤིན་ཏུ་ཕྲ་བ་རང་གིས་གལ་ཏེ་མི་ནུས་པ་བྱུང་ན་ཅི་བདེར་བྱ་བར་གནང་སྟེ། བློ་ གྲོས་མི་ཟད་པས་ཞུས་པའི་མདོ་ལས། འདི་ལྟར་སྦྱིན་པའི་དུས་སུ་ཚུལ་ཁྲིམས་བསྡུས་ཏེ་བཏང་སྙོམས་སུ་བྱའོ། །ཞེས་གཉིས་ཀ་དུས་གཅིག་ཏུ་མི་ནུས་ཤིང་སྦྱིན་པ་ལ་སློབ་པ་གཙོ་བོར་གྱུར་པའི་སྦྱིན་པའི་དུས་དག་ཏུ་ཚུལ་ཁྲིམས་ཕྲ་མོ་སྒྲུབ་མི་ནུས་པ་ བཏང་སྙོམས་སུ་བཞག་པར་གསུངས་སོ། །ལམ་གྱི་གོ་རིམས་ལ་མཁས་པར་བྱས་ནས་རིམས་ཅན་དུ་རྫོགས་པར་བྱ་དགོས་པའི་དོན་ནོ། །སྦྱིན་པ་ལས་ཚུལ་ཁྲིམས་མཆོག་ཏུ་གྱུར་པས་ཇི་ལྟར་བཏང་སྙོམས་སུ་བྱ་ཞེ་ན། གོ་རིམས་ངེས་ཅན་དུ་སློབ་དགོས་ པའི་བྱ་བ་གང་ཞིག་གི་ཐོག་མར་བློས་བསམས་ཏེ་བྱ་བར་བརྩམས་པ་དེ་ལས་གཞན་དུ་མི་བསམ་སྟེ་ཐོག་མར་བརྩམས་པའི་སྦྱིན་པ་དེར་ཡིད་གཏད་པའི་བསམ་པ་ཡིས་སྦྱིན་པ་དེ་ཉིད་རེ་ཤིག་བསྒྲུབ་པར་བྱ་སྟེ་ལམ་ལ་གོ་རིམས་ངེས་ཅན་དུ་བསླབས་པ་དེ་ལྟ་ ན་ནི་ཀུན་ལེགས་པར་བྱས་པར་འགྱུར་གྱི་གཞན་དུ་གོ་རིམས་ལྡོག་ན་སྔ་ཕྱི་གཉིས་ཀ་མཐར་ཕྱིན་པར་མི་འགྱུར་རོ། །རིམ་པ་མི་ཤེས་པའི་ཤེས་བཞིན་མ་ཡིན་པའི་ཉེ་བའི་ཉོན་མོངས་པ་རྣམས། ལམ་རིམ་པ་བཞིན་དུ་ཤེས་པ་དེ་ལྟ་ན་ནི་འཕེལ་བར་མི་ འགྱུར་བས་ལམ་གྱི་གོ་རིམས་ལ་མཁས་པར་བྱའོ། །གཉིས་པ་ཉམས་པ་བསྲུང་བ་ལ་གཉིས། ལུས་ཀྱི་བསླབ་པ་ཉམས་པ་བསྲུང་བ་དང༌། སེམས་ཀྱི་བསླབ་པ་ཉམས་པ་བསྲུང་བའོ། །དང་པོ་ལ་གསུམ། རྣམ་གཡེང་གི་དབང་དུ་མི་བཏང་བ་དང༌།

Page: 97 ༄༅། །དོན་མེད་པའི་སྤྱོད་པ་སྤང་བ་དང༌། བྱ་བ་བྱེད་པའི་ཚེ་ཀུན་སློང་གི་བསམ་པ་བརྟག་པའོ། །དང་པོ་ནི། རྒྱལ་པོ་དང་ཆོམ་རྐུན་གྱི་གཏམ་སོགས་བྲེ་མོའི་གཏམ་ནི་སྣ་ཚོགས་པ་དང་གླུ་གར་ལ་སོགས་པའི་ངོ་མཚར་བའི་ལྟད་མོ་ རྣམ་པ་མང་པོ་ཀུན་ལ་འཇུག་པར་མི་བྱ་ཞིང༌། དགོས་པ་ཡོད་པའམ་གཞན་གྱི་ངོར་འཇུག་པར་གྱུར་པ་ན་བྱ་བ་དེ་ལ་ཆགས་པ་སྤང་བར་བྱའོ། །གཉིས་པ་ནི། དགེ་སློང་མིན་ཡང་དོན་མེད་པར་ས་རྐོ་བ་དང་རྩྭ་གཅོད་པ་དང༌། ས་རིས་འབྲི་བ་ སོགས་བྱེད་པར་གྱུར་ན། བདེ་གཤེགས་ཀྱི་བསླབ་པ་དྲན་པར་བྱས་ནས་ཉེས་དམིགས་ལ་སྐྲག་པས་དེའི་མོད་ལ་དོར་བར་བྱའོ། །གསུམ་པ་ལ་གསུམ། བསྟན་པ་དང༌། བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ནི། གང་གི་ཚེ་ལུས་བསྐྱོད་པར་ འདོད་པར་གྱུར་ཏམ། ངག་སྨྲ་བར་འདོད་པར་གྱུར་ན་ཡང་དང་པོར་རང་གི་སེམས་ལ་བརྟགས་ནས་ཉེས་པའི་དབང་དུ་མི་བཏང་བར་བརྟན་པས་འཇུག་ལྡོག་ཇི་ལྟར་རིགས་པ་དང་ལྡན་པར་བྱའོ། །གཉིས་པ་ལ་ལྔ། ཉོན་མོངས་སྐྱེ་འདོད་པའི་ཚེ་ཇི་ ལྟར་བྱ་བ་དང༌། རྒོད་པ་སོགས་ཀྱི་ཚེ་ཇི་ལྟར་བྱ་བ་དང༌། རྙེད་བཀུར་སོགས་ཀྱི་ཚེ་ཇི་ལྟར་བྱ་བ་དང༌། གཞན་དོན་ལ་སེམས་པའི་ཚེ་ཇི་ལྟར་བྱ་བ་དང༌། ཁྲོ་བ་དང་ཞུམ་པ་སོགས་སྐྱེ་འདོད་པའི་ཚེ་ཇི་ལྟར་བྱ་བའོ། །དང་པོ་ནི། གང་གི་ཚེ་རང་གི་ཡིད་ ཆགས་པ་དང་ཁྲོ་བར་འདོད་པ་དེའི་ཚེ་ལུས་ཀྱིས་ལས་སུ་མི་བྱ། ངག་གིས་སྨྲ་བར་མི་བྱ་བར་གཉེན་པོ་ཟུངས་ཐུབ་པ་ཤིང་བཞིན་དུ་ནི་གནས་པར་བྱའོ། །གཉིས་པ་ནི། ཡུལ་ལ་འཕྱར་བའི་རྒོད་པ་དང་བཞད་གད་ཀྱིས་ཅོ་འདྲི་བའི་ག་ཞར་བཅས་པའམ།


Page: 98 གལ་ཏེ་ཡོན་ཏན་གྱིས་ཁེངས་པའི་ང་རྒྱལ་དང༌། ལང་ཚོ་སོགས་ཀྱིས་རྒྱགས་པ་དང་ལྡན་པའམ། གཞན་གྱི་མཚང་འབྲུ་བའི་བསམ་པ་དང༌། གལ་ཏེ་སྐྱོན་འབྱིན་ཏེ་ཆོག་མི་ཤེས་པས་ཁེ་ཚོལ་བ་དང་གཡོ་རྒྱུས་གཞན་བསླུ་བར་སེམས་སམ། གང་གི་ ཚེ་ཡོན་ཏན་བརྗོད་པའི་སྒོ་ནས་བདག་བསྟོད་ལྷུར་ལེན་པའམ། སྐྱོན་བརྗོད་པས་གཞན་ལ་སྨོད་པ་ཉིད་དང་ནི་སྐུར་བ་འདེབས་པའི་གཤེ་བ་དང་བཅས་པ་དང༌། རྩོད་ཅིང་འགྱེད་པ་དང་བཅས་པར་གྱུར་པ་དེའི་ཚེའང་གཉེན་པོ་རང་རྐྱ་ཐུབ་པ་མི་གཡོ་བར་ཤིང་ བཞིན་དུ་གནས་པར་བྱའོ། །གསུམ་པ་ནི། ནོར་ལ་སོགས་པའི་རྙེད་པ་དང་བཀུར་སྟི་གདན་འདིངས་བ་སོགས་དང་སྙན་པའི་གྲགས་པའམ། གཡོག་འཁོར་དོན་དུ་གཉེར་འདོད་པའམ། བདག་གི་སེམས་སྐུ་མཉེ་སོགས་རིམ་གྲོ་འདོད་པར་གྱུར་ ན་ཡང་དེའི་ཚེ་ཤིང་བཞིན་དུ་གཉེན་པོ་ཟུངས་ཐུབ་པར་གནས་པར་བྱའོ། །བཞི་པ་ནི། རང་གཞན་གྱི་དོན་ལ་སེམས་པའི་ཚེ་གཞན་དོན་ཡལ་བར་འདོར་བའམ། རང་དོན་འབའ་ཞིག་དོན་དུ་གཉེར་བར་འདོད་པ་དག་དང༌། ངག་སྨྲ་བར་འདོད་ པའི་སེམས་བྱུང་ན་གང་ཟག་དེས་ནི་ཤིང་བཞིན་དུ་གནས་པར་བྱའོ། །ལྔ་པ་ནི། ཁྲོ་བ་དང་སྡུག་བསྔལ་སོགས་མི་བཟོད་པ་དང༌། དགེ་བ་ལ་མི་སྤྲོ་བའི་ལེ་ལོའི་དབང་གིས་དགེ་བ་བསྒྲུབ་པ་སོགས་ལ་འཇིགས་པ་དང༌། དེ་བཞིན་དུ་ཀུན་ཏུ་མ་བསྡམས་ པས་ཕོད་ཆེ་བའི་སྤྱི་གཏོལ་དང་འབྲེལ་མེད་ཀྱི་མུ་ཅོར་སྨྲ་བ་དང༌། རང་གི་ཕྱོགས་གཉེན་སོགས་ལ་ཞེན་པའི་སེམས་བྱུང་ན་དེས་ནི་སྦྱོར་བས་གཉེན་པོ་ཟུངས་ཐུབ་པ་ཤིང་བཞིན་དུ་གནས་པར་བྱའོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་ཀུན་ནས་ཉོན་

Page: 99 ༄༅། །མོངས་པའི་ཡིད་དང་དོན་མེད་པ་ལ་བརྩོན་པའི་ཡིད་ལ་བརྟགས་ནས་དེའི་ཚེ་དཔའ་བོ་སྟོབས་ལྡན་དང་འདྲ་བའི་གཉེན་པོ་ཡིས་ཡིད་དེ་ནི་བྱ་བ་ངན་པ་ལ་མི་འཇུག་པར་བརྟན་པོར་གཟུང་བར་བྱའོ། །གཉིས་པ་ལ་གསུམ། སོ་ སོའི་གཉེན་པོས་བསྲུང་བ་དང༌། ཐུན་མོང་བའི་གཉེན་པོ་དང༌། གཉེན་པོ་བསྒོམ་པ་ལ་སྦྱོར་བའི་ཚུལ་ལོ། །དང་པོ་ནི། སེམས་ཇི་ལྟར་བསྲུང་ན་བསླབ་བྱའི་གནས་རྣམས་ལ་ཐེ་ཚོམ་དང་ལོག་ཤེས་སྤངས་པས་ཤིན་ཏུ་ངེས་པ་དང༌། དཀོན་མཆོག་ གསུམ་དང་བསླབ་བྱའི་གནས་ལ་ཡིད་ཆེས་པ་དང༌། དད་པ་དང་འདོད་པས་རབ་ཏུ་དང་བ་དང༌། བསམ་སྦྱོར་བརྟན་པ་དང་གུས་པ་དང་ཀུན་ལ་འདུད་པ་དང་བཅས་པའི་ཞེ་སར་བཅས་པ་དང༌། རང་རྒྱུ་མཚན་དུ་བྱས་ནས་ཉེས་པ་ལ་འཛེམས་པས་ངོ་ཚ་ ཤེས་པ་དང༌། ཉེས་དམིགས་བསམས་ནས་རྣམ་སྨིན་ལ་འཇིགས་པ་དང་བཅས་པ་དང་དབང་པོ་ཞི་ཞིང་ཆེད་དུ་བྱ་བ་གཞན་དགའ་བར་བྱེད་པ་ལ་བརྩོན་པར་བྱའོ། །གཅིག་ལ་ཕན་བཏགས་ན་ཅིག་ཤོས་ཁོང་ཁྲོ་སྐྱེ་བའི་ཕན་ཚུན་མི་མཐུན་ པའི་བྱིས་པའི་སྤྱོད་པ་ཡིས་འདོད་པ་འགལ་བ་རྣམས་ཀྱིས་མི་སྐྱོ་ཞིང༌། འདི་དག་ནི་ཉོན་མོངས་སྐྱེས་པས་རང་ལ་རང་དབང་མེད་པར་འདི་དག་གི་སེམས་འདི་བྱུང་བས་ཉོན་མོངས་དང་བྲལ་བར་བྱའོ་སྙམ་པས་སྙིང་བརྩེར་ལྡན་པ་དང༌། རང་ ཉོན་མོངས་ཀྱི་དབང་དུ་མི་འགྱུར་བར་བྱའོ། །མདོ་སྡེ་རྒྱན་ལས། རྟག་ཏུ་ཉེས་པས་རང་དབང་མེད་པར་བྱས་སེམས་ཀྱིས། །སྐྱེ་བོ་ལ་ནི་བློ་ལྡན་ཉེས་པར་མི་འཛིན་ཏེ། །ཞེས་སོགས་དང༌། བཞི་བརྒྱ་པར། ཁྲོ་ཡང་འབྱུང་པོས་བཟུང་བ་

Page: 100 ལ། །སྨན་པ་འཁྲུག་པ་མིན་པ་ལྟར། །ཐུབ་པ་ཉོན་མོངས་དག་གཟིགས་ཀྱི། །ཉོན་མོངས་དང་འབྲེལ་གང་ཟག་མིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། བཅས་རང་གི་ཁ་ན་མ་ཐོ་བ་མེད་པའི་དགེ་བའི་དངོས་པོ་ལ་འཇུག་པ་ནི་ཆེད་ དུ་བྱ་བ་བདག་མི་ཉམས་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པའི་དབང་དུ་བྱས་ཤིང༌། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་སྒྱུ་མ་དང་སྤྲུལ་པ་བྱ་བ་བྱེད་པ་བཞིན་དུ་ང་རྒྱལ་དང༌། རློམ་སེམས་མེད་པར་རང་གི་ཡིད་འདི་རྟག་ཏུ་ གཟུང་བར་བྱའོ། །གསུམ་པ་ནི། ཚོགས་ཆེན་པོས་དུས་རིང་ཞིག་ལོན་ནས་དལ་བའི་མཆོག་ཐོབ་པ་ཡིན་སྙམ་དུ་དལ་འབྱོར་དོན་ཆེ་ཞིང་རྙེད་དཀའ་བ་ཡང་དང་ཡང་བསམས་ནས་ཅི་ནས་ཀྱང་དོན་ཆེན་པོ་སྒྲུབ་སྙམ་པའི་སེམས་སྔར་བཤད་པ་དེ་ ལྟ་བུ་རི་རབ་ལྟར་རབ་ཏུ་མི་གཡོ་བ་བརྟན་པར་གཟུང་བར་བྱའོ། །གཉིས་པ་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ལ་བསླབ་ཚུལ་ལ་གཉིས། ཚུལ་ཁྲིམས་ལ་མི་སློབ་པའི་རྒྱུ་ལུས་ལ་ཆགས་པ་སྤང་པ་དང༌། དགེ་བ་བསྒྲུབ་པ་ལ་མཁས་པར་ བྱ་བའོ། །དང་པོ་ལ་ལྔ། ལུས་ལ་ཆགས་པར་མི་རིགས་པའི་དཔེ་དང༌། ལུས་མི་གཙང་བར་བསྒོམ་པ་དང༌། ལུས་ལ་སྙིང་པོ་མེད་པ་བསམ་པ་དང༌། ལུས་ལ་ཆགས་པར་མི་རིགས་པའི་རྒྱུ་མཚན་དང༌། མྱུར་དུ་འཇིག་པས་དགེ་བ་ལ་བཀོལ་བར་ རིགས་པའོ། །དང་པོ་ནི། ཤི་བའི་ཚེ་བྱ་རྒོད་ཤ་ལ་ཆགས་པ་ཡིས་ལུས་དེ་ཕན་ཚུན་ཀུན་ཏུ་བཤལ་ཅིང་གནས་གཞན་དུ་ཁྲིད་ཀྱང༌། སེམས་ཁྱོད་མི་དགར་མི་བྱེད་ན་ད་ལྟར་རྒྱུ་ཅིའི་ཕྱིར་ལུས་ལ་ཆགས་ནས་ཁ་ཏ་བྱེད་དེ། ཆགས་པ་དེ་མི་རིགས་སོ། །

Page: 101 ༄༅། །རྒྱུ་མཚན་དེས་ན། ལུས་འདི་བདག་གིར་བཟུང་བར་བྱས་ནས་གཅེས་པའི་ཚུལ་གྱིས་ཡིད་ཁྱོད་ཅིའི་ཕྱིར་སྲུང་བར་བྱེད། འདི་ལ་ཆགས་པས་མི་འདོད་པ་དུ་མ་བསྐྱེད་པའི་ཕྱིར་རོ། །རང་ཉིད་ལ་ཉེ་བར་མཁོ་བས་སོ་ཞེ་ན། ཁྱོད་དང་ལུས་འདི་གཉིས་སོ་སོ་བ་ཡིན་པས་ཁྱོད་ཀྱིས་ཀྱང་ལུས་འདི་མྱུར་དུ་འདོར། དེས་ཀྱང་ཁྱོད་འདོར་བས་ན་ལུས་དེ་ཀོ་སྟེ་དེས་ནི་ཁྱོད་ལ་ཅི་ཞིག་བྱ་བདག་ཏུ་བཟུང་བར་མི་རིགས་སོ། །གཉིས་པ་ནི། སྔར་ནས་ཡུན་རིང་པོར་བདག་ཏུ་བཟུང་ བས་དོར་བར་མི་རིགས་སོ་ཞེ་ན། བདག་མེད་པ་ལ་བདག་ཏུ་རྨོངས་པའི་ཡིད་ཁྱོད་མི་གཙང་བ་ལ་བདག་ཏུ་འཛིན་ན། ཅིའི་ཕྱིར་ཤིང་གི་གཟུགས་གཙང་མ་ཞིག་ལ་ངའོ་སྙམ་དུ་འཛིན་པར་མི་བྱེད་པར། མི་གཙང་བའི་ཚོགས་ཀྱི་འཁྲུལ་འཁོར་འདི་ དྲི་ང་ཞིང་རུལ་བ་འདི་བསྲུངས་ཏེ་ཅི་ཞིག་རུང༌། ཆགས་པར་མི་རིགས་པའི་ཕྱིར་རོ། །གསུམ་པ་ལ་གཉིས། ལུས་ལ་ཆ་དང་ཆར་ཕྱེ་ནས་བརྟགས་ན་ཡིད་བརྟན་རུང་བའི་སྙིང་པོ་ཅུང་ཟད་ཀྱང་མེད་པ་དང༌། སྙིང་པོ་མེད་པ་ལ་ཆགས་པར་མི་རིགས་ པའོ། །དང་པོ་ནི།ཐོག་མར་པགས་པའི་རིམ་པ་འདི་རང་གི་བློ་ཡིས་ལུས་ཀྱི་ཆ་གཞན་ལས་ཐ་དད་དུ་ཕྱེ་ན། སྙིང་པོ་མེད་ལ་ཤ་ཡང་རུས་པའི་དྲ་བ་ལས་ཤེས་རབ་ཀྱི་མཚོན་གྱིས་གུད་དུ་ཕྱེ་ནས་སྙིང་པོ་ཡོད་མེད་བརྟག་པར་བྱ་ལ། རུས་པ་རྣམས་ཀྱང་ཆ་ དང་ཆར་དབྱེ་བ་བྱས་ནས་རྐང་གི་བར་དུ་བལྟ་བར་བྱ་ཞིང་ལུས་འདི་ལ་དཔྱད་བཟོད་པའི་སྙིང་པོ་ཅི་ཡོད་ཅེས་བདག་ཉིད་ཀྱིས་ནི་ཤེས་རབ་ཀྱིས་བརྟག་པར་གྱིས་དང༌། ཡིད་བརྟན་རུང་བའི་སྙིང་པོ་ཅུང་ཟད་ཀྱང་མེད་དོ། །གཉིས་པ་ནི།དེ་ལྟར་འབད་

Page: 102 དེ་སྙིང་པོ་བཙལ་ཀྱང་ལུས་དེར་ཡིད་ཁྱོད་ཀྱིས་སྙིང་པོ་མཐོང་ན། ད་དུང་རྒྱུ་ཅིའི་ཕྱིར་ཆགས་ཤིང་ཞེན་པའི་ཚུལ་གྱིས་ཡིད་ཁྱོད་ནི་ལུས་འདི་སྲུང་བར་བྱེད་དེ་ལྷག་པར་ཞེན་པ་མི་རིགས་སོ། །བཞི་པ་ནི། འོན་ཀྱང་ལུས་འདི་ལ་ཅུང་ཟད་ཞེན་པར་རིགས་ སོ་ཞེ་ན། ལུས་ལ་ཆགས་པར་མི་རིགས་ཏེ་ལུས་མི་གཙང་བའི་ཕུང་པོ་ཡིན་ལ་ཁྱོད་ཀྱིས་ལུས་ལ་ཡོད་པའི་མི་གཙང་བ་བཟར་མི་རུང་ཞིང༌། ཁྲག་ཀྱང་བཏུང་དུ་མི་རུང་ལ་དེ་བཞིན་དུ་རྒྱུ་ལྟོའང་གཞིབ་ཏུ་མི་རུང་ན་ལུས་ཀྱིས་ཁྱོད་ལ་ལོངས་སྤྱོད་དུ་རུང་བའི་བྱ་ བ་ཅི་ཞིག་བྱ་གལ་ཏེ་བསྲུང་ན་ཉིས་ན་སྟེ། རྒྱུ་མཚན་གཅིག་ཏུ་ན་ཝ་དང་བྱ་རྒོད་ཀྱི་ཟས་ཀྱི་དོན་དུ་ལུས་འདི་བསྲུང་བར་རིགས་སོ། །ལྔ་པ་ལ་བཞི། མྱུར་དུ་འཆི་བས་འཇོམས་པའི་ལུས་འདི་དགེ་བ་ལ་བཀོལ་རིགས་པ་དང༌། བྱ་བ་ཅུང་ཟད་ཀྱང་མི་བྱེད་པར་ ཞེན་པས་བསྐྱང་བར་མི་རིགས་པའི་དཔེ་དང༌། གླ་རྔན་བྱིན་ནས་འདོད་དོན་སྒྲུབ་ཏུ་གཞུག་པ་དང༌། གྲུའི་བློ་བཞག་སྟེ་སེམས་ཅན་མཐའ་དག་གི་དོན་སྒྲུབ་རིགས་པའོ། །དང་པོ་ནི།ལུས་འདི་ལ་རང་གི་ངོ་བོའི་སྒོ་ནས་དགོས་པ་ཅི་ཡང་མེད་ཀྱི། དལ་འབྱོར་ ཚང་བ་ཐོབ་པའི་མིའོ་ཅོག་གི་ལུས་འདི་ནི་དགེ་བའི་ལས་ལ་བཀོལ་བར་བྱ་བ་རིགས་པ་ཉིད་དུ་ཟད་དེ། འདི་ལྟར་འདོད་དོན་མི་སྒྲུབ་པར་ཁྱོད་ཀྱིས་བསྲུངས་ཀྱང་ནི། འཆི་བདག་བརྩེ་བ་མེད་པ་ཡིས་ཁྱོད་ལ་ཕྲོགས་ནས་སྲོག་དང་བྲལ་བར་བྱས་ཏེ། བྱ་དང་ ཁྱི་ལ་བྱིན་པ་ན་དེའི་ཚེ་ཡིད་ཁྱོད་ཀྱིས་ཅི་བྱར་ཡོད་དེ་དང་མ་བྲལ་བར་བྱེད་པའི་ནུས་པ་ཅུང་ཟད་ཀྱང་མེད་དོ། །གཉིས་པ་ནི།དཔེར་ན་འཇིག་རྟེན་ན་བྲན་གཡོག་འཁོར་གྱི་བྱ་བ་བྱེད་དུ་མི་བཏུབ་པའང་རྗེ་བོས་ཟས་གོས་ལ་སོགས་པ་མི་སྦྱིན་པས་ཆད་པ་གཅོད་

Page: 103 ༄༅། །པར་བྱེད་ན། ལུས་འདི་འབད་དེ་གསོས་ཤིང་བསྙོད་ཀྱང་ཁྱོད་མི་དབང་བར་གཞན་དུ་འགྲོ་ན་ཁྱོད་ཀོ་སྟེ་ཁྱོད་ནི་ཅི་སྟེ་ཤ་ཐང་ཐང་དུ་གསོ་བར་བྱེད་དེ་མི་རིགས་སོ། །གསུམ་པ་ནི། ལུས་འདི་ལ་འཚོ་བའི་རྐྱེན་ཟས་གོས་སོགས་གླ་ རྔན་བྱིན་ནས་ནི་ད་ནི་རང་གི་དོན་དགེ་བའི་ལས་བྱེད་དུ་ཆུག་ཅིག །ཕན་པ་ཅུང་ཟད་ཀྱང་མེད་པར་ལུས་འདི་ལ་ནི་ཟས་གོས་སོགས་ཐམས་ཅད་སྦྱིན་པར་མི་བྱའོ། །བཞི་པ་ནི། ལུས་འདི་དགེ་བ་ལ་འབད་པའི་ཆེད་དུ་འགྲོ་བ་དང་འོང་བའི་རྟེན་ཙམ་དུ་ལུས་ ལ་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་བགྲོད་པའི་གྲུའི་བློ་བཞག་སྟེ། སེམས་ཅན་རྣམས་ཀྱི་དོན་སྒྲུབ་པའི་ཕྱིར་དུ་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་སྐུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་ལུས་སུ་བསྒྱུར་བར་བྱའོ། །གཉིས་པ་ལ་གསུམ། ཐ་མལ་པའི་ཀུན་སྤྱོད་ཀུན་མཛེས་པར་བྱ་བ་དང༌། གཞན་དང་འགྲོགས་པའི་ཀུན་སྤྱོད་ཁ་ན་མ་ཐོ་བ་མེད་པ་ལ་མཁས་པར་བྱ་བ་དང༌། སྒོ་གསུམ་གྱི་ལས་བྱེད་པའི་བྱ་བ་ལ་མཁས་པར་བྱའོ། །དང་པོ་ལ་གསུམ། གཞན་དང་ཕྲད་པའི་ཚེ་ཇི་ ལྟར་བྱ་བ་དང༌། ཡོ་བྱད་ལ་འདོར་ལེན་བྱེད་པ་སོགས་ཀྱི་ཚེ་ཇི་ལྟར་བྱ་བ་དང༌། སྤྱོད་པ་མཛངས་པས་ཀུན་ཏུ་བྱ་བ་བསྒྲུབ་པའོ། །དང་པོ་ནི།དེ་ལྟར་རང་གི་ལུས་སེམས་ལ་རང་དབང་ཡོད་པར་གྱིས་ཏེ་རྟག་ཏུ་གཞན་ལ་འཛུམ་པ་དང་བཅས་པའི་ བཞིན་དུ་གྱིས་ལ། ཁྲོ་གཉེར་དང་ངོ་མ་ཟུམ་པ་བཞིན་སྡུད་པ་ཡོངས་སུ་མཐོང་སྟེ་འགྲོ་བ་ལ་ཤ་ཚ་བའི་བཤེས་དང༌། སྨྲ་བའི་ཚེ་ཕེབས་པར་སྨྲ་བའི་གསོང་པོར་གྱིས་ཤིག་པའོ། །གཉིས་པ་ནི།ཁྲི་ལ་སོགས་པའི་ཡོ་བྱད་མ་བརྟགས་པར་བབ་

Page: 104 ཅོལ་དུ་སྒྲ་ཆེན་པོ་དང་བཅས་པར་མི་དོར་རོ་སྟེ་གཞན་ལ་གནོད་པའི་ཕྱིར་རོ། །གསུམ་པ་ནི། ནང་ན་གནས་པ་ལ་གནོད་པས་སྒོ་ཡང་དྲག་ཏུ་མི་དབྱེ་སྟེ་རྟག་ཏུ་བཅོམ་བསྐྱུང་ཞིང་དགའ་བར་འགྱུར་བའི་སྤྱོད་ལམ་བྱའོ། །སྤྱོད་ལམ་འཇམ་པོས་དོན་གྲུབ་ པའི་དཔེ་ནི་ཆུ་སྐྱར་དང་བྱི་ལ་དང༌། ཆོམ་རྐུན་པ་དག་སྒྲ་མེད་པར་འཇབ་ཅིང་འགྲོ་བ་ཡིས་རང་རང་གི་མངོན་པར་འདོད་པའི་དོན་བསྒྲུབ་པ་བཞིན་དུ། ཐུབ་པས་ཏེ་བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་ཅན་གྱིས་རྟག་ཏུ་སྤྱོད་ལམ་དེ་བཞིན་དུ་སྤྱད་ པར་བྱའོ། །གཉིས་པ་ལ་ལྔ། ཕན་པར་སྨྲ་བ་ལ་ཇི་ལྟར་བྱ་བ། བདེན་པར་སྨྲ་བ་ལ་ཇི་ལྟར་བྱ་བ། བསོད་ནམས་བྱེད་པ་ལ་ཇི་ལྟར་བྱ་བ། གཞན་གྱི་ཡོན་ཏན་བརྗོད་པའི་ཚེ་ཇི་ལྟར་བྱ་བ། གཞན་དགའ་བར་བྱས་པའི་ཕན་ཡོན་ནོ། །དང་པོ་ནི།གཞན་ལ་ཞེན་ བསྐུལ་འདེབས་པ་དགེ་བ་ལ་སྦྱོར་བ་ལ་མཁས་པར་བྱས་ཤིང་རང་གིས་མ་བཅོལ་ཡང༌། རང་ལ་ཕན་པ་བྱེད་པའི་ངག་སྨྲ་བ་བྱུང་ན་དགའ་བཞིན་དུ་གུས་པས་སྤྱི་བོས་བླང་བར་གྱིས་ཏེ། ང་རྒྱལ་མེད་པར་རྟག་ཏུ་རང་ལ་ལེགས་པར་འདོམས་པ་ཀུན་གྱི་སློབ་ མར་འགྱུར་བར་བྱའོ། །གཉིས་པ་ནི།བདེན་པའི་ཚིག་སྨྲ་བའི་ལེགས་པར་སྨྲ་བ་ཐམས་ཅད་ལ་དགེ་བར་གསུངས་སོ་ཞེས་བརྗོད་པར་བྱའོ། །གསུམ་པ་ནི། གཞན་དག་དཀོན་མཆོག་མཆོད་པ་ལ་སོགས་པའི་བསོད་ནམས་བྱེད་པ་མཐོང་བར་ གྱུར་ན་དངོས་སུ་བསྟོད་པས་ལེགས་པར་དགའ་བ་དང་སྤྲོ་བ་བསྐྱེད་པར་བྱའོ། །བཞི་པ་ནི། དངོས་སུ་སྨྲས་ན་ཁ་གསག་ཏུ་དོགས་པས་ལྐོག་ན་གཞན་གྱི་ཡོན་ཏན་བརྗོད་པར་བྱ་ཞིང༌། གཞན་གྱིས་རང་ལས་གཞན་པའི་ཡོན་ཏན་བརྗོད་ན། དེ་བཞིན་ནོ་

Page: 105 ༄༅། །ཞེས་རྗེས་སུ་བརྗོད་པར་བྱའོ། །གཞན་གྱིས་རང་གི་ཡོན་ཏན་བརྗོད་ན་ཁེངས་པ་མེད་པར་སེམས་པ་དེས་རང་ལ་སྨྲས་པའི་ཡོན་ཏན་ཡོད་མེད་བརྟགས་ལ་ཡོད་ན་ཡོན་ཏན་ཡོད་པར་ཤེས་པར་རིག་པར་བྱ་ཡི། རློམ་པ་དང་བཅས་ པར་མི་བྱའོ། །ལྔ་པ་ནི། བྱང་ཆུབ་སེམས་དཔའི་སྒོ་གསུམ་གྱི་བརྩོན་པ་ཐམས་ཅད་གཞན་དགའ་བའི་ཕྱིར་ཏེ། གཞན་དགའ་བ་དེ་ནི་རིན་གྱིས་ཉོ་ནའང་དཀོན་པའི་བྱ་བ་ཡིན་ནོ། །དེ་ལྟར་གཞན་དགའ་བར་བྱས་པའི་ཡོན་ཏན་གྱིས་ཚེ་འདིར་ གཞན་གྱིས་ཕྲག་དོག་མེད་པར། དགའ་བའི་བདེ་བ་ལ་སྤྱད་པར་བྱ་བ་དང་གཞན་དགའ་བར་བྱས་པས་བདག་ལ་ཚེ་འདིར་ལོངས་སྤྱོད་སོགས་གོད་པ་ཡང་ཡོང་སྟེ་གཏན་མེད་ལ། ཚེ་ཕ་རོལ་ཏུ་ཡང་བདེ་བ་ཆེན་པོ་ཐོབ་པར་འགྱུར་བའི་ཕྱིར་རོ། ། དེ་ལས་གཞན་དུ་གཞན་གྱི་ཡོན་ཏན་ལ་ཁྲོ་བའི་ཉེས་པས་ཚེ་འདིར་ཡིད་མི་དགའ་ལ་ལུས་སྡུག་བསྔལ་ཞིང༌། ཚེ་ཕ་རོལ་ཏུ་ཡང་སྡུག་བསྔལ་ཆེན་པོ་འབྱུང་ངོ༌། །གསུམ་པ་ལ་གསུམ། སྨྲ་བའི་ཚེ་ཇི་ལྟར་བྱ་བ་དང༌། བལྟ་བའི་ཚེ་ཇི་ལྟར་བྱ་བ་དང༌། དགེ་བའི་ལས་འབའ་ཞིག་དང་འབྲེལ་བར་བྱ་བའོ། །དང་པོ་ནི།གཞན་དང་སྨྲ་ན་ཡང་སྙིང་ཐག་པ་ནས་ཡིད་ཕེབས་པ་དང༌། སྔ་ཕྱི་སོགས་འབྲེལ་བ་དང་གོ་སླ་བ་དོན་གསལ་པོས་ཡིད་ལ་འབབ་པས་ཡིད་དུ་འོང་བ་དང༌། ཀུན་སློང་ཆགས་པ་དང་ཞེ་ སྡང་སྤངས་པ་དང༌། ཚིག་འཇམ་ཞིང་དུས་དང་མང་ཉུང་རན་པར་སྨྲ་བར་བྱ་སྟེ་ས་བཅུ་པའི་མདོ་ལས་གསུངས་པ་བཞིན་ནོ། །གཉིས་པ་ནི།མིག་གིས་སེམས་ཅན་ལ་བལྟ་ན་ཡང་སྐོམ་པས་གདུངས་པ་ཆུ་གྲང་མོ་འཐུངས་པས་སིམ་པར་བྱེད་པ་བཞིན་

Page: 106 དུ་སེམས་ཅན་འདི་དག་ཉིད་ལ་བརྟེན་ནས་བདག་སངས་རྒྱས་ཉིད་དུ་འགྱུར་རོ་ཞེས་བསམས་ནས། བསམ་པ་དྲང་ཞིང་སེམས་ཅན་ལ་བྱམས་པའི་ཚུལ་གྱིས་བལྟ་བར་བྱའོ། །གསུམ་པ་ལ་གསུམ། སྦྱིན་པའི་ཞིང་ཁྱད་པར་ཅན་ལ་སྦྱིན་པ་བྱ་བ་དང༌། དགེ་བའི་ལས་རྣམས་རང་སྟོབས་ཀྱིས་བྱ་བ་དང༌། དགེ་བ་གོང་ནས་གོང་དུ་ཁྱད་ཞུགས་ཤིང་དགོས་པ་བརྟགས་ནས་བྱ་བའོ། །དང་པོ་ནི།དགེ་བ་རྟག་པར་རྒྱུན་དུ་བྱ་བ་དང༌། མངོན་ཞེན་གྱིས་བསླང་བ་སྟེ་འདུན་པ་དྲག་པོས་བྱ་བ་དང༌། མ་ཆགས་པ་ ལ་སོགས་པ་མི་མཐུན་ཕྱོགས་ཀྱི་གཉེན་པོ་ཡིས་ནི་ཀུན་ནས་བསླང་བ་ཉིད་ཀྱིས་ཞིང་མཆོག་ཏུ་གྱུར་པ་ཡོན་ཏན་དང་ལྡན་པའི་ཞིང་དཀོན་མཆོག་གསུམ་ལ་སོགས་པ་དང་ཕ་མ་སོགས་ཕན་འདོགས་པའི་ཞིང་དང༌། དབུལ་ཕོངས་སོགས་སྡུག་བསྔལ་ ཅན་གྱི་ཞིང་ལ་བྱིན་པས་དགེ་བ་ཆེན་པོར་འགྱུར་བས་འབད་པར་བྱའོ། །གཉིས་པ་ནི།བླང་དོར་དང་འཇུག་ལྡོག་པ་ལ་མཁས་ཤིང་དགེ་བ་ལ་དད་པ་དང་ལྡན་པར་བྱས་ནས་དགེ་བའི་ལས་རྣམས་བདག་གིས་རྟག་ཏུ་བྱའོ། །གཞན་འབའ་ཞིག་བྱེད་ དུ་འཇུག་པ་ལྟ་བུ་དགེ་བའི་ལས་རྣམས་ཀུན་ལ་གྲོགས་སུ་ལ་ཡང་ལྟོས་པར་བྱ་བ་མ་ཡིན་ནོ། །གསུམ་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཤེས་རབ་ཀྱི་བར་དུ་གོང་ནས་གོང་དུ་ཁྱད་ཞུགས་ཤིང་འཕེལ་བ་སྤྱད་པར་བྱའོ། །སྦྱིན་པ་དང་ ཚུལ་ཁྲིམས་སོགས་དགོས་པ་དང་དགེ་བ་ཆུང་ངུའི་ཕྱིར་ནི་ཆེ་བ་མི་བཏང་ཞིང་ཆེན་པོ་ལ་འབད་པར་བྱའོ། །ཤུགས་ཀྱིས་གཉིས་ཀ་ཅིག་ཅར་མི་ནུས་ཤིང་ནང་འདོམས་ན་ཆེན་པོ་བསྲུང་བའི་དོན་དུ་ཆུང་ངུ་བཏང་བར་བསྟན་ཏོ། །ཆེ་ཆུང་གང་གིས་

Page: 107 ༄༅། །འཇོག་ཅེ་ན་ཚེ་འདིའི་རང་དོན་དང་གཞན་དོན་ལྟ་བུ་གཅིག་བྱས་པས་ཅིག་ཤོས་ཉམས་པར་འགྱུར་ན། གཙོ་ཆེར་གཞན་གྱི་དོན་བསམ་མོ། །གསུམ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་བསླབ་པ་ལ་གསུམ། གཞན་ དོན་ལྷུར་བླང་བ་དང༌། རང་ཉེས་པས་མ་གོས་པར་གཞན་བསྡུ་བའི་སྤྱོད་པ་དང༌། སེམས་ཅན་གྱི་སེམས་རྗེས་སུ་བསྲུང་ཞིང་ཉེས་པས་མི་གོས་པའི་སྤྱོད་པ་ལ་བསླབ་པའོ། །དང་པོ་ནི།སྔར་བཤད་པ་དེ་ལྟར་བྱང་ཆུབ་སེམས་དཔས་བླང་དོར་ གྱི་གནས་རིག་པར་བྱས་ཏེ་གཞན་དོན་ལ་རྟག་ཏུ་བརྩོན་པར་གནས་པར་བྱ་ལ། གཞན་དོན་ལ་བྱ་བ་སྣ་ཚོགས་སྒྲུབ་དགོས་པས་རང་ཉིད་ཉེས་པས་གོས་པར་འགྱུར་རོ་ཞེ་ན། ཐུགས་རྗེ་མངའ་བ་སངས་རྒྱས་ཀྱིས་རིང་བའི་ལྐོག་གྱུར་གྱི་དོན་རྣམས་ ཀྱང་མངོན་སུམ་དུ་གཟིགས་པས་ལུས་ངག་གི་མི་དགེ་བ་བདུན་ལ་སོགས་པ་ཉན་ཐོས་རང་དོན་གཙོ་བོར་བྱེད་པ་ལ་བཀག་པ་རྣམས་ཀྱང་སྐབས་སུ་བབ་པའི་ཚེ་བྱང་ཆུབ་སེམས་དཔའ་དེ་ལ་གནང་བས་ཉེས་པར་མི་འགྱུར་བར་མ་ཟད་ཚོགས་ཆེན་པོར་ འགྱུར་ཏེ། གསང་ཆེན་ཐབས་ལ་མཁས་པའི་མདོ་ལས། དེད་དཔོན་སྙིང་རྗེ་ཆེན་པོས་མི་ནག་པོ་བསད་པས་བསྐལ་པ་དུ་མའི་འཁོར་བ་བརྙིལ་བར་གསུངས་པ་དང། བྲམ་ཟེའི་ཁྱིའུ་སྐར་མའི་བྱུང་བ་ལས་གསུངས་པ་ལྟར་རོ། །ཡང་ན་ ཐུགས་རྗེ་མངའ་བ་རིང་གཟིགས་པ་ལུས་ངག་གི་བདུན་གནང་བའི་བྱང་ཆུབ་སེམས་དཔའ་ཉིད་ལ་བཤད་པར་བྱའོ། །གཉིས་པ་ལ་གཉིས། ཟང་ཟིང་གིས་བསྡུ་བ་དང༌། ཆོས་ཀྱིས་བསྡུ་བའོ། །དང་པོ་ལ་གསུམ། ཟས་གོས་སྦྱིན་པ་དང་མི་

Page: 108 སྦྱིན་པའི་ཁྱད་པར་དང༌། བྱ་བ་ཕྲན་ཚེགས་ཀྱི་ཆེད་དུ་ལུས་ལ་གནོད་པར་མི་བྱ་བ་དང༌། ལུས་སྦྱིན་པར་གཏོང་བའི་དུས་དང་དགོས་པ་བཤད་པའོ། །དང་པོ་ནི།ཟས་ལ་ལོངས་སྤྱོད་པའི་ཚེ་ལོག་པར་ལྟུང་བ་དུད་འགྲོ་དང༌། ཡི་དྭགས་དང༌། མགོན་མེད་ པའི་ནད་པ་སོགས་དང༌། བརྟུལ་ཞུགས་ལ་གནས་པ་ཚངས་པ་མཚུངས་པར་སྤྱོད་པ་ཡོད་ན་དེ་ལ་ཡང་ཆ་རེ་བགོ་བར་བྱ་ཞིང༌། རང་ཉིད་ཀྱང་ཐམས་ཅད་ལ་ཡང་ཚོད་རིག་པར་བྱ། ཞེས་གསུངས་པ་ལྟར་ཟས་ལ་བརྟེན་པའི་ཁ་ན་མ་ཐོ་བ་མེད་པར་རན་པ་ཙམ་ དུ་བཟའ་བར་བྱ་སྟེ། ཀུན་སློང་སོགས་བཤེས་སྤྲིང་ལས་གསུངས་པ་ལྟར་བྱའོ། །བྱང་ཆུབ་སེམས་དཔའ་དགེ་སློང་གིས་རྣམ་སྦྱར་དང༌། བླ་གོས་དང༌། ཐང་གོས་ཏེ་ཆོས་གོས་གསུམ་མ་གཏོགས་པར་ཡོ་བྱད་གཞན་ཡོད་ན་སྦྱིན་པར་བྱའོ། །ཆོས་ གོས་གསུམ་ཡང་ལྷག་པའི་ཡོ་བྱད་ཡོད་ན་སྦྱིན་པར་བྱ་ཡི། ཚན་པ་གཅིག་ལས་མེད་ན་སྦྱིན་པར་མི་བྱ་སྟེ། ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་བའི་ཕྱིར་རོ། །གཉིས་པ་ནི།གང་ཞིག་བསྲུངས་ན་རང་གཞན་གྱི་དོན་རྒྱ་ཆེན་པོ་འགྲུབ་པའི་དམ་པའི་ ཆོས་ནི་སྤྱོད་པའི་རྟེན་དུ་གྱུར་པའི་རང་གི་ལུས་གཞན་ལ་ཕན་པ་ཕྲན་ཚེགས་ཀྱི་ཆེད་དུ་གནོད་པར་མི་བྱ་སྟེ་རྨ་བཞིན་དུ་བསྲུངས་བར་བྱའོ། །དེ་ལྟར་བྱས་ན་དལ་འབྱོར་ལ་བརྟེན་ནས་བསླབ་པ་གསུམ་རྫོགས་པའི་སྒོ་ནས་སེམས་ཅན་གྱི་བསམ་པ་མྱུར་དུ་ རྫོགས་པར་འགྱུར་བའི་ཕྱིར་རོ། །བཞི་བརྒྱ་པ་ལས། ལུས་ནི་དགྲ་ལྟར་མཐོང་མོད་ཀྱི། །དེ་ལྟ་ན་ཡང་དེ་བསྲུང་བྱ། །ཁྲིམས་ལྡན་ཡུན་རིང་འཚོ་བ་ནི། །དེ་ལས་བསོད་ནམས་ཆེན་པོ་བྱེད། །ཅེས་གསུངས་པ་ལྟར་རོ། །གསུམ་པ་ནི། བྱང་ཆུབ་

Page: 109 ༄༅། །སེམས་དཔས་དང་པོ་ནས་ལུས་ལ་སོགས་པ་སེམས་ཅན་ལ་བསམ་པ་ཐག་པ་ནས་བཏང་མོད་ཀྱང༌། ལུས་ཀྱི་ཤ་ལ་སོགས་པ་སློང་བའི་དཀའ་སྤྱད་ཀྱིས་ཡིད་འབྱུང་བར་འགྱུར་བ་དང༌། རྗེས་སུ་འགྱོད་པ་སོགས་བདག་པས་གཞན་ གཅེས་པའི་སྙིང་རྗེའི་བསམ་པ་མ་དག་པར་སྦྱོར་བས་ལུས་འདི་བཏང་བར་མི་བྱ་སྟེ་རྒྱས་པར་བསླབ་བཏུས་སུ་མདོ་དྲངས་པ་ལྟར་དུས་མ་ཡིན་པར་གཏོང་བ་བདུད་ཀྱི་ལས་སུ་གསུངས་པའི་ཕྱིར་རོ། །རང་ངོས་ནས་སེར་སྣ་སོགས་སྦྱིན་པའི་གེགས་དང་བྲལ་ ཞིང་ཉེས་མེད་དུ་ཚོགས་རྒྱ་ཆེན་པོ་རྫོགས་པར་འགྱུར་བའི་ཚེ། ཅི་ནས་ཀྱང་ཚེ་རབས་འདི་དང་གཞན་དུ་ཡང་དོན་ཆེན་པོ་སྒྲུབ་པའི་རྒྱུར་འགྱུར་བའི་ཚེ་བཏང་ངོ༌། །གཉིས་པ་ལ་གསུམ། ཆོས་བཤད་དུ་མི་རུང་བའི་ཉན་པ་པོའི་ལུས་ཀྱི་ཀུན་སྤྱོད་དང༌། སྣོད་ཀྱི་བསམ་པའི་ཁྱད་པར་བརྟག་པ་དང༌། རྒྱ་ཆེན་པོ་ལ་མོས་པ་དམན་པ་ལ་སྦྱར་བར་མི་བྱའོ། །དང་པོ་ནི།ཆོས་དང་ཆོས་སྨྲ་བ་ལ་མ་གུས་པ་ལ་ཆོས་མི་བཤད་ཅིང་སྤྱོད་ལམ་གྱི་ཁྱད་པར་མིན་བཞིན་དུ་མགོ་དཀྲིས་པ་དང༌། ལག་ན་གདུགས་ དང༌། མཁར་བ་དང༌། མཚོན་ཆ་ཐོགས་པ་དང༌། རས་ལ་སོགས་པས་མགོ་བོ་གཡོགས་པ་དག་ལའང་ཆོས་བཤད་པར་བྱ་བ་མིན་ནོ། །གཉིས་པ་ནི།སྣོད་མ་ཡིན་པའི་བསམ་པ་དམན་པ་ལ་ཟབ་པ་དང་རྒྱ་ཆེ་བའི་ཆོས་མི་བཤད་པ་དང༌། སྐྱེས་པ་མེད་པར་བུད་མེད་གཅིག་པུ་ལ་ཡང་མིན་ནོ། །ཐེག་པ་ཆེ་ཆུང་གི་ཆོས་ལྟ་བུ་དམན་པ་དང་མཆོག་གི་ཆོས་རྣམས་བཟང་ངན་དང༌། རིགས་མི་རིགས་དང༌། སངས་རྒྱ་བའི་ཐབས་སུ་འགྱུར་མི་འགྱུར་སོགས་སོ་སོར་ཕྱེ་ན་ཆོས་སྤོང་དུ་

Page: 110 གསུངས་པས། ཀུན་ལ་མཚུངས་པར་གུས་པས་ཀུན་ཏུ་སྤྱད་ཅིང་ཉམས་སུ་བླང་བར་བྱའོ། །གསུམ་པ་ནི། རྒྱ་ཆེན་པོའི་ཆོས་ཀྱི་སྣོད་དུ་གྱུར་པ་ཐེག་པ་ཆེན་པོའི་རིགས་ཅན་ཉས་ཐོས་ཀྱི་ལམ་ནས་འཁྲིད་པ་ལྟ་བུ་དམན་པའི་ཆོས་ལ་སྦྱར་བར་མི་བྱ་ སྟེ། ལྟུང་བ་འབྱུང་བར་གསུངས་པའི་ཕྱིར་རོ། །སྡོམ་པའི་ཚུལ་ཁྲིམས་ཀྱི་སྤྱོད་པའང་ཡོངས་སུ་དོར་བར་མི་བྱ་བ་སྟེ། དེའི་སྣོད་དུ་རུང་བཞིན་དུ་མདོ་སྡེ་དང་སྔགས་བཀླགས་པ་ཙམ་གྱིས་དག་པར་འགྱུར་རོ་ཞེས་མདོ་དང་སྔགས་ཀྱིས་གཞན་འདྲིད་པར་ མི་བྱའོ། །གསུམ་པ་ལ་གཉིས། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་གསུམ། ལུས་ཀྱི་སྤྱོད་ལམ་ཉེས་པ་དང་བཅས་ཤིང་གཞན་མ་དད་པ་སྤང་བ་དང༌། ལམ་ལ་སོགས་པ་སྟོན་པའི་ཚེ་ཇི་ལྟར་བྱ་བ་དང༌། ཉལ་བའི་ཀུན་སྤྱོད་ཇི་ལྟར་ བྱ་བའོ། །དང་པོ་ནི། ཐུན་མོང་བའི་འདུལ་བའི་སྡེ་སྣོད་ལས་གསུངས་པའི་ཀུན་སྤྱོད་རྣམས་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་ཀྱང་གནང་བའི་སྐབས་མ་གཏོགས་བསྲུང་དགོས་ལ་གཞན་མ་དད་པ་བསྐྱེད་པ་ཁྱིམ་པའི་སེམས་དཔས་ཀྱང་བསྲུང་ དགོས་པས། ཁ་འགྲུ་བའི་སོ་ཤིང་དང་ནི་མཆིལ་མ་དག་དོར་བ་ན་ནི་ས་ལ་སོགས་པས་དགབ་པར་བྱ་ཞིང༌། བཤང་གཅི་དང་སྣབས་ལ་སོགས་པ་ཐུན་མོང་དུ་ལོངས་སྤྱོད་པའི་ཆུ་དང་ཐང་ལ་དོར་བ་ལྷ་ལ་སོགས་པས་སྨད་པར་འགྱུར་བས་དོར་བར་མི་ བྱའོ། །ཟས་ཀྱིས་ལེགས་པར་ཁ་བཀང་བ་དང་ཅག་ཅག་ལ་སོགས་པའི་སྒྲ་ཆེན་པོ་དང་བཅས་པ་དང༌། ལེགས་པར་ཁ་གདངས་ནས་ནི་བཟའ་བར་མི་བྱའོ། །ཁྲི་ལ་སོགས་པ་ལ་འདུག་པ་ན་རྐང་པ་གཉིས་ས་ལ་བརྐྱང་སྟེ་མི་འདུག་ཅིང༌། ལག་པ་གཉིས་

Page: 111 ༄༅། །དུས་གཅིག་ཏུ་མཉམ་པར་མི་མཉེའོ། །རིམ་གྱིས་ཉེད་པ་ལ་ཉེས་པ་མེད་དོ། །རྟ་ལ་སོགས་པའི་བཞོན་པ་དང༌། མལ་སྟན་དང༌། གནས་དག་ཏུ་གཞན་གྱི་བུད་མེད་དང༌། ཁྱིམ་པའི་སེམས་དཔས་ཀྱང་ཉེ་དུ་མ་ཡིན་པའི་བུད་ མེད་གཞན་དང་ལྷན་ཅིག་གནས་པར་མི་བྱའོ། །མདོར་བསྡུས་ན་སྤྱོད་ལམ་གང་ལ་འཇིག་རྟེན་མ་དད་པར་འགྱུར་བ་ཀུན་མངོན་སུམ་གྱིས་མཐོང་བ་དང༌། རང་གིས་མི་ཤེས་པ་ཡུལ་དུས་དེར་དྲིས་ནས་སྤང་བར་བྱའོ། །གཉིས་པ་ནི། གཞན་ལ་བརྡ་བྱེད་པའི་ཚེ་ལག་པ་གཡོན་པའི་སོར་མོ་རེ་རེས་བརྡ་ནི་མི་བྱ་སྟེ་བརྙས་ཐབས་སུ་འགྱུར་བའི་ཕྱིར་རོ། །གུས་པ་དང་བཅས་པར་གཡས་པའི་ལག་པ་དག་ནི་གྱེན་དུ་བསྟན་ནས་སོར་མོ་ཀུན་གྱིས་ཀྱང་བརྡ་བྱ་ཞིང་ལམ་ཡང་དེ་ལྟར་བསྟན་པར་ བྱའོ། །དགོས་པ་མེད་པར་ལག་པ་ཤས་ཆེར་དྲག་པོས་བསྐྱོད་པར་བྱ་བ་མིན་ཏེ་རྒོད་བག་ཏུ་འགྱུར་བའི་ཕྱིར་རོ། །ལག་པ་ཅུང་ཟད་བསྐྱོད་པ་ལ་སྒྲ་བསྒྲགས་པ་དང་སེ་གོལ་ལ་སོགས་པ་རྣམས་བྱ་སྟེ། གཞན་དུ་ཧ་ཅང་སྒྲ་ཆེས་པ་སོགས་སྤྱོད་ལམ་མ་ བསྡམས་པར་འགྱུར་རོ། །གསུམ་པ་ནི། ཉལ་བའི་ཚེ་མགོན་པོ་མྱ་ངན་ལས་འདས་ཚུལ་སྟོན་པའི་ཚེ་གཟིམས་ལུགས་ལྟར་འདོད་པའི་ཕྱོགས་སུ་མགོ་བསྟན་གློ་གཡས་པ་ཕབ་སྟེ་རྐང་པ་གཡས་པའི་སྟེང་དུ་གཡོན་པ་བཞག །ལག་པ་གཡས་པའི་ སྟེང་དུ་མགོ་བཞག་ཆོས་གོས་ཀྱིས་ལེགས་པར་གཡོགས་ལ་ཉལ་བར་བྱ་ཞིང༌། ཉལ་བའི་ཚེ་དགེ་བའི་དམིགས་པ་ལ་དྲན་པ་དང་ཤེས་བཞིན་བསྟེན་ནས་སྣང་བའི་འདུ་ཤེས་དང༌། མྱུར་དུ་ལྡང་བར་བྱའོ་སྙམ་པའི་སེམས་ལ་ཐོག་མ་ཉིད་དུ་ངེས་པར་སྦྱར་

Page: 112 ཏེ། གཉིད་ཀྱིས་ལུས་རྒྱས་ནས་དགེ་བ་ལ་འབད་པར་བྱ་སྙམ་པས་ཉལ་བར་བྱའོ། །གཉིས་པ་ནི།མདོ་དང་དགོངས་འགྲེལ་ལས། སྦྱིན་སོགས་བྱང་ཆུབ་སེམས་དཔའི་སྤྱོད་པ་དག་གི་དབྱེ་བ་ཚད་མེད་པར་ནི་གསུངས་པ་ལས་མཐའ་དག་བསྒྲུབ་མ་ནུས་ན། དང་ པོ་ཁོ་ནར་རང་གི་སེམས་སྦྱོང་བའི་སྤྱོད་པ་སྔར་བཤད་པ་ནི་ངེས་པར་སྤྱོད་པ་མཐའ་དག་ཉམས་སུ་ལེན་ནུས་པ་དེ་སྲིད་སྤྱད་པར་བྱའོ། །བཞི་པ་བསླབ་པ་ཕུན་སུམ་ཚོགས་པར་བྱེད་པའི་ཐབས་ལ་གཉིས། རྒྱས་པར་བཤད་པ་དང༌། མཇུག་བསྡུ་བའོ། །དང་པོ་ ལ་བཞི། བསླབ་པ་དག་བྱེད་ཀྱི་རྒྱུ་དང༌། བསླབ་པའི་གཞི་དང༌། ཆེད་དུ་བྱ་བ་དང༌། གང་ལ་ཐོས་བསམ་བྱེད་པའི་གཞིའོ། །དང་པོ་ནི། བསླབ་པ་ལ་འབད་ཀྱང་ཉེས་པས་གོས་ན་ཇི་ལྟར་བྱ་ཞེ་ན། རྩ་བའི་ལྟུང་བས་གོས་ན་བསླབ་བཏུས་ལས། རྨི་ལམ་ འཕགས་པ་ནམ་སྙིང་པོའི། །མདུན་དུ་འདུག་ལ་བཤགས་པར་བྱ། །ཞེས་པ་ལྟར་སྡིག་པ་བཤགས་ནས་སྡོམ་པ་སླར་སོར་ཆུད་པར་བྱའོ། །ཟག་པ་ཆུང་འབྲིང་དང༌། ཉེས་བྱས་ཞེ་དྲུག་དང༌། གཞན་ཡང་བསླབ་བཏུས་ལས་གསུངས་པའི་ཉེས་པ་དེ་ དག་བྱུང་ན། ཉིན་ལན་གསུམ་དང་མཚན་མོ་ལན་གསུམ་དུ་སྡིག་པ་བཤགས་པ་དང༌། བསོད་ནམས་གསོག་པ་དང༌། དགེ་བ་མི་ཟད་ཅིང་སྤེལ་བའི་ཐབས་ཕུང་པོ་གསུམ་པ་གདོན་པར་བྱ་ཞིང༌། རྒྱལ་བ་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་བྱང་ཆུབ་ཀྱི་སེམས་བརྟེན་ ནས་སྔར་བཤད་པ་ལྟར་སྟོབས་བཞི་ཚང་བའི་སྒོ་ནས་ལྟུང་བའི་ལྷག་མ་དེ་ཞི་བར་བྱའོ། །གཉིས་པ་ནི།རང་ངམ་གཞན་གྱི་དོན་གྱི་དབང་ཡང་རུང་གནས་སྐབས་གང་དུ་སྒོ་གསུམ་གྱི་བྱ་བ་ཅི་སྤྱོད་ཀྱང་རྒྱལ་བས་བསླབ་པར་གསུངས་པ་གང་ཡིན་པའི་

Page: 113 ༄༅། །བྱ་བའི་གནས་སྐབས་དེ་ལ་ཉེས་པས་མ་གོས་པར་འབད་དེ་བསླབ་པར་བྱའོ། །རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་བསླབ་པའི་ཤེས་བྱ་དེ་ནི་གང་ཡང་ཡོད་པ་མིན་ཏེ་གནས་མཐའ་དག་ལ་སློབ་པ་དེ་ལྟར་གནས་པའི་ མཁས་པ་ལ་བསོད་ནམས་སུ་མི་འགྱུར་བའི་བྱ་བ་གང་ཡང་མེད་པས་མ་དད་པ་བསྐྱེད་པར་མི་བྱའོ། །གསུམ་པ་ལ་གཉིས། དགེ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་དང༌། ཐེག་པ་ཆེན་པོའི་བཤེས་གཉེན་དང་བསླབ་པ་ནམ་ཡང་མི་འདོར་ བའོ། །དང་པོ་ནི།དངོས་སམ་ཡང་ན་བརྒྱུད་ནས་སེམས་ཅན་གྱི་དོན་དུ་གྱུར་ཀྱང་རུང་སེམས་ཅན་གྱི་དོན་ལས་བྱ་བ་གཞན་མི་སྤྱད་ཅིང༌། སེམས་ཅན་ཁོ་ནའི་དོན་གྱི་ཕྱིར་ཏུ་དགེ་བ་ཐམས་ཅད་བྱང་ཆུབ་ཀྱི་ཕྱིར་དུ་བསྔོའོ། །གཉིས་པ་ནི།རྟག་པར་ ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་ནི་ཐེག་ཆེན་གྱི་དོན་མཐའ་དག་ལ་མཁས་པ་དང༌། བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག་སྡོམ་པ་ལ་གནས་པ་ནི་སྲོག་གི་ཕྱིར་ཡང་མི་བཏང་ངོ༌། །བཞི་པ་ལ་གཉིས། མདོ་སྡེ་ལ་བརྟེན་པ་དང༌། བསྟན་བཅོས་ལ་བརྟེན་ནས་བསླབ་པའོ། །དང་པོ་ནི།སྡོང་པོ་བཀོད་པར་ཁྱིའུ་དཔལ་འབྱུང་བའི་རྣམ་ཐར་ལས། བླ་མ་བསྟེན་པའི་ཚུལ་རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། ངན་འགྲོ་རྣམས་སུ་མི་ལྟུང་ངོ་ཞེས་སོགས་རྒྱས་པར་གསུངས་པ་ལྟར་བསླབ་བོ། །གཞན་ཡང་བསླབ་བྱའི་གནས་བསྟན་བཅོས་འདི་དང་སངས་རྒྱས་ཀྱིས་བཀའ་སྩལ་པའི་བསླབ་པ་གཞན་ཐེག་ཆེན་གྱི་མདོ་སྡེ་བཀླགས་ནས་ཤེས་པར་བྱས་ཏེ། མདོ་

Page: 114 སྡེ་རྣམས་ལས་བསླབ་པ་རྒྱས་པར་སྟོན་པར་སྣང་བ་དེ་བས་ན་མདོ་སྡེ་བཀླག་པར་བྱའོ། །ཁྱད་པར་དུ་འཇུག་སྡོམ་བླངས་པས་འཕགས་པ་ནམ་མཁའི་སྙིང་པོའི་མདོ་སྡེ་ནི་ཐོག་མ་ཉིད་དུ་བལྟ་བར་བྱའོ། །གཉིས་པ་ནི།གང་གི་ཕྱིར་རྟག་ཏུ་བསླབ་ ཅིང་སྤྱད་པ་ནི་བསླབ་བཏུས་དེ་ལས་ལུས་ལོངས་སྤྱོད་དགེ་རྩ་རྣམས་བཏང་བསྲུང་དག་སྤེལ་བཞི་སུམ་བཅུ་གཉིས་ཀྱི་སྒོ་ནས། རྒྱ་ཆེར་རབ་ཏུ་སྟོན་པས་བསླབ་པ་ཀུན་ལས་བཏུས་པ་ཡང་ངེས་པར་ཡང་དང་ཡང་དུ་བལྟ་བར་བྱའོ། །ཡང་ན་དེ་ ཙམ་མི་ནུས་ན་རེ་ཤིག་ཅུང་ཟད་མདོར་བསྡུས་པའི་སློབ་དཔོན་ཉིད་ཀྱིས་མཛད་པའི་མདོ་རྣམས་ཀུན་ལས་བཏུས་པ་བལྟའོ། །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་མདོ་ཀུན་ལས་བཏུས་པ་གཉིས་པའང་འབད་པས་བལྟ་བར་བྱའོ། །གཉིས་པ་ནི། མདོ་དང་བསྟན་བཅོས་གང་ལས་བཀག་པ་ནི་སྤང་བར་བྱ་ལ་གང་ན་མ་བཀག་པ་དེ་ཉིད་སྤྱད་པར་བྱ་བ་སྟེ། དགོས་པ་འཇིག་རྟེན་པའི་སེམས་ནི་བསྲུང་ཞིང་མ་དད་པ་སྤང་བར་བྱ་བའི་ཕྱིར་དུ་སེམས་དཔའི་བསླབ་པ་མཐོང་ནས་ཡང་དག་པར་སྤྱད་ཅིང་ བསླབ་པར་བྱའོ། །གཉིས་པ་ཚིག་ཙམ་མ་ཡིན་པར་དོན་ཉམས་སུ་བླང་དགོས་པའི་ཚུལ་གྱིས་མཇུག་བསྡུ་བ་ལ་གཉིས། བསླབ་པའི་གནས་མཐའ་དག་ལ་དྲན་པ་དང་ཤེས་བཞིན་བསྲུང་དགོས་དང༌། དངོས་ཀྱི་དོན་ནོ། །དང་པོ་ནི།ལུས་ངག་ དང་སེམས་ཀྱི་གནས་སྐབས་ལ་བསླབ་པ་དང་འགལ་མི་འགལ་ལུང་མ་བསྟན་དང༌། ཉོན་མོངས་ཀྱི་དབང་དུ་གྱུར་མ་གྱུར་ཇི་ལྟ་བ་བཞིན་དུ་ཤེས་པའི་ཤེས་རབ་ཀྱིས་ཡང་དང་ཡང་དུ་བརྟག་པར་བྱ་བ་དེ་ཉིད་ཁོ་ན་མདོར་བསྡུས་ན་ནི་ཤེས་བཞིན་མི་ཉམས་

Page: 115 ༄༅། །པར་བསྲུང་བའི་མཚན་ཉིད་དོ། །གཉིས་པ་ནི།དེ་ལྟར་ཤེས་པར་བྱས་ནས་ལུས་ཀྱིས་ཏེ་སྦྱོར་བ་ཉམས་ལེན་གྱིས་འདི་དག་སྤྱད་པར་བྱ་བ་ཡིན་གྱི། ཉམས་ལེན་མེད་པར་རྣམ་གྲངས་མང་པོ་གསོག་པའི་ཚིག་ཙམ་བརྗོད་པས་ དགོས་པ་ཅི་ཞིག་འགྲུབ་ཅུང་ཟད་ཀྱང་མི་འགྲུབ་བོ། །དཔེར་ན་སྨན་དཔྱད་བཀླགས་པ་ཙམ་གྱིས་ནི་ནད་པ་དག་ལ་ཕན་འགྱུར་རམ་སྟེ་ཕན་པར་མི་འགྱུར་བ་བཞིན་ནོ། །མདོར་བསྡུས་ན་ཚུལ་ཁྲིམས་གསུམ་ཡོད་ཀྱང་སྡོམ་པའི་ཚུལ་ཁྲིམས་སོ་ ཐར་གྱི་བཅས་པ་དངོས་སམ་དེ་དང་ཐུན་མོང་ལ་སློབ་པ་ཐོག་མར་གལ་ཆེ་སྟེ། དེ་བསྲུངས་ན་གཞན་དག་ཀྱང་བསྲུངས་བར་འགྱུར་ལ་དེ་མ་བསྲུངས་ན་གཞན་དག་ཀྱང་མ་བསྲུངས་པར་འགྱུར་བས། སྡོམ་པའི་ཚུལ་ཁྲིམས་ཉམས་ན་སྡོམ་པ་མཐའ་དག་ ཉམས་པར་བསྡུ་བ་ལས་གསུངས་སོ། །སོ་ཐར་གྱི་སྡོམ་པ་ཉན་ཐོས་ཀྱི་ཡིན་པས་སྙམ་དུ་བཟུང་ནས་བྱང་ཆུབ་སེམས་དཔའི་བསླབ་བྱ་གཞན་ནས་འཚོལ་བ་སྐད་བྱེད་པ་ནི། དོན་མ་གོ་བའི་ནོར་པ་ཆེན་པོ་ཡིན་པས་དགེ་བ་ཆོས་སྡུད་དང་སེམས་ཅན་ དོན་བྱེད་གཉིས་ཀྱི་གཞིར་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བ་སོགས་སྡོམ་པའི་ཚུལ་ཁྲིམས་ལ་སློབ་ཅིང༌། ཚུལ་ཁྲིམས་རྣམས་ཀྱི་མི་མཐུན་ཕྱོགས་ལ་སྡོམ་སེམས་ཡང་དང་ཡང་དུ་བརྟེན་ཅིང༌། དེ་ཡང་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ བླང་བར་བྱའོ། །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ། །བསྒྲུབ་པ་སྙིང་པོར་བྱེད་པའི་སྐྱེ་བོ་དག །དྲན་དང་ཤེས་བཞིན་བསྲུང་ལ་རག་ལག་པས། །དེ་ཡི་ཚུལ་ལ་རྟག་ཏུ་མཁས་པར་བྱ། །བསྡུ་བའི་ཚིགས་སུ་བཅད་པའོ། །གཉིས་པ་ལེའུའི་

Page: 116 མཚན་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་རྒྱལ་སྲས་འཇུག་ངོགས་ཞེས་བྱ་བ་ལས། ཤེས་བཞིན་བསྲུང་བ་ཞེས་བྱ་བའི་ལེའུ་སྟེ་ལེའུ་ལྔ་པའི་འགྲེལ་པའོ།། །།

ལེའུ་དྲུག་པ། བཟོད་པ་བསྟན་པ།

[edit]

གསུམ་པ་ཕར་ཕྱིན་ལྷག་མ་བཞི་ལ་སློབ་པའི་ ཚུལ་ལ་བཞི། བཟོད་པ་ལ་སློབ་ཚུལ་དང༌། བརྩོན་འགྲུས་ལ་སློབ་ཚུལ་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཞི་གནས་ཀྱིས་བསྡུས་པའི་བསམ་གཏན་ལ་སློབ་ཚུལ་དང༌། ལྷག་མཐོང་གི་ངོ་བོ་ཤེས་རབ་ལ་སློབ་ཚུལ་ལོ། །དང་ པོ་ལ་གཉིས། ལེའུའི་གཞུང་བཤད་པ་དང༌། ལེའུའི་མཚན་ནོ། །དང་པོ་ལ་གཉིས། གཉེན་པོ་གྲུབ་པ་དང༌། གནས་པའི་གེགས་སྤང་བ་བཟོད་པ་བསྒོམ་པ་ལྷུར་བྱ་བ་དང༌། བཟོད་པ་སྒྲུབ་པའི་ཐབས་ཡིད་ལ་བྱ་བའོ། །དང་པོ་ལ་གཉིས། ཁོང་ཁྲོའི་ ཉེས་དམིགས་དང༌། བཟོད་པའི་ཕན་ཡོན་བསམ་པའོ། །དང་པོ་ལ་གསུམ། མ་མཐོང་བའི་ཉེས་དམིགས་དང༌། མཐོང་བའི་ཉེས་དམིགས་དང༌། ཉེས་དམིགས་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གཉིས། ཁོང་ཁྲོས་དགེ་རྩ་འཇོམས་པ་དང་། ཁྲོ་ བ་དང་བཟོད་པའི་སྐྱོན་ཡོན་ཤེས་ནས་བཟོད་པ་བསྒོམ་པ་ལ་འབད་པར་བྱ་བའོ། །དང་པོ་ནི།དགེ་བའི་ཆོས་རྣམས་སྐྱེ་བ་དང་གནས་པའི་གེགས་བྱེད་མཐར་ཐུག་པ་ཁོང་ཁྲོ་ཡིན་པས་དེའི་ཉེས་དམིགས་བསམས་ནས་དེ་འགོག་པ་ལ་བརྩོན་པར་བྱ་སྟེ། བསྐལ་པ་བརྒྱ་དང་སྟོང་དུ་བསགས་པ་ཡི་སྦྱིན་པ་ལས་བྱུང་བའི་དགེ་བ་དང་བདེ་གཤེགས་མཆོད་པ་ལ་སོགས་དཀོན་མཆོག་གསུམ་མཆོད་པ་དང༌། བསྒོམ་པ་དང་ཚུལ་ཁྲིམས་ལས་བྱུང་བའི་ལེགས་སྤྱད་གང་ཡིན་པ་དེ་ཀུན་ཀྱང་བྱང་ཆུབ་སེམས་དཔའ་

Page: 117 ༄༅། །ལ་དམིགས་པའི་ཁོང་ཁྲོ་གཅིག་གིས་རྩ་བ་ནས་འཇོམས་པར་བྱེད་དོ། །དེར་མ་ཟད་ཐམས་ཅད་ཡོད་སྨྲའི་སྡེ་པས་འདོན་པའི་ལུང་བསླབ་བཏུས་སུ་དྲངས་པ་ལས། དགེ་སློང་གིས་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་ མཆོད་རྟེན་ལ་སེམས་དང་བས་ཕྱག་བྱས་པའི་ལུས་ཀྱིས་ཇི་ཙམ་ནོན་པའི་གསེར་གྱི་འཁོར་ལོ་ལ་ཐུག་པའི་བར་གྱི་རྡུལ་གྱི་གྲངས་ཇི་སྙེད་ཡོད་པ་སྟོང་འགྱུར་གྱི་འཁོར་ལོ་བསྒྱུར་བ་ཐོབ་པའི་དགེ་བ་དེ་ཚངས་པ་མཚུངས་པར་སྤྱོད་པ་ལ་རྨ་བྱུང་བས་ འཇོམས་པར་གསུངས་སོ། །ཁོང་ཁྲོས་བསྐལ་པ་བརྒྱ་དང་སྟོང་དུ་བསགས་པའི་དགེ་རྩ་གཅོད་པའི་ཁོང་ཁྲོའི་ཡུལ་ལ་བྱང་ཆུབ་སེམས་དཔའ་དགོས་པར་གསུངས་སོ། །དེ་བཞིན་དུ་དབུ་མ་ལ་འཇུག་པ་ལས་ཀྱང་བཤད་དོ། །གནས་མལ་གཞིའི་ མགོའི་འདུལ་བ་རྒྱ་ཆེར་འགྲེལ་ལས། ཁོང་ཁྲོས་སྡོམ་པ་གཅོད་པར་བཤད་པ་ནི། ཁོང་ཁྲོ་སྟོབས་ཅན་གྱིས་དགེ་རྩ་བཅད་པ་ལ་བཞེད་པར་གསལ་ལོ། །གཞན་ཡང་རྟོག་གེ་འབར་བར་ལོག་ལྟ་དང་གནོད་སེམས་ཀྱིས་དགེ་རྩ་འཇོམས་པར་ བཤད་པས་ཁོང་ཁྲོ་སོགས་བསྲུང་བ་ལ་འབད་པར་བྱའོ། །གཉིས་པ་ནི།ལམ་སྐྱེ་བའི་གེགས་བྱེད་པ་དང་དགེ་བ་འཇོམས་པ་ལ་ཞེ་སྡང་ལྟ་བུའི་སྡིག་པ་མེད་ལ། ཉོན་མོངས་ཀྱི་ཚ་གདུང་འཇོམས་པ་ལ་བཟོད་པ་ལྟ་བུའི་དཀའ་ཐུབ་མེད་པ་དེ་ བས་ན་བཟོད་པ་བསྒོམ་པ་ལ་ནན་ཏན་དུ་སྒོ་དང་ཐབས་སྣ་ཚོགས་པའི་ཚུལ་གྱིས་བསྒོམ་པར་བྱའོ། །གཉིས་པ་ལ་གཉིས། ཁོང་ཁྲོས་ལུས་སེམས་བདེ་བའི་སྐབས་མེད་པར་བྱེད་པ་དང༌། མཛའ་བཤེས་སོགས་འཇོམས་པར་བྱེད་པའོ། །དང་

Page: 118 པོ་ནི། སྡུག་བསྔལ་དྲག་པོ་བསྐྱེད་པས་ཞེ་སྡང་ཟུག་རྔུ་ལྟ་བུའི་སེམས་འཆང་ན་ཡིད་ནི་སྡུག་བསྔལ་ཞི་བའི་དགའ་བ་ཉམས་སུ་མི་མྱོང་ཞིང་ཡིད་དགའ་བ་དང༌། ལུས་བདེ་བའང་མི་འཐོབ་ལ་གཉིད་མི་འོང་ཞིང་སེམས་རྣལ་དུ་ཕེབས་པའི་བརྟན་ པའང་མེད་པར་འགྱུར་རོ། །གཉིས་པ་ནི།ཁོང་ཁྲོ་ཅན་གང་དག་ནོར་དང་བཀུར་སྟི་ཡིས་དྲིན་བྱིན་ཏེ་བསྐྱངས་པ་ཕན་བྱེད་དེ་ལ་བརྟེན་པར་གྱུར་པ་དེ་དག་ཀྱང་ནི་ཞེ་སྡང་དང་ལྡན་པའི་རྗེ་དཔོན་དེ་ལ་གསོད་པར་རྒོལ་བ་ཡོད་དོ། །ཁོང་ཁྲོ་དེ་ཡིས་ མཛའ་བཤེས་ཀྱང་ཡིད་སུན་ནས་སྐྱོ་བར་འགྱུར་ལ་སྦྱིན་པས་བསྡུས་ཀྱང་དགའ་བས་བསྟེན་པར་མི་བྱེད་པས་དེ་སྤོང་བ་ལ་འབད་པར་བྱའོ། །གསུམ་པ་ནི། མདོར་ན་ཁྲོ་བས་བདེ་བར་གནས་པ་དེ་ནི་འགའ་ཡང་ཡོད་པ་མ་ཡིན་པས། ཁོང་ཁྲོ་བའི་དགྲ་ ཡིས་སྔར་བཤད་པའི་ཉེས་དམིགས་དེ་ལ་སོགས་པ་འདི་ཕྱིའི་སྡུག་བསྔལ་དག་ནི་བྱེད་པར་འགྱུར་བའི་རྒྱུ་ཕུལ་དུ་ཕྱིན་པའོ། །གཉིས་པ་ནི།ཁོང་ཁྲོའི་ཉེས་དམིགས་ལེགས་པར་བསམས་ནས་གང་ཟག་གང་ཞིག་བསྒྲིམས་ཏེ་ཁྲོ་བ་འཇོམས་པ་ དེ་ནི་ཚེ་འདི་དང་ཚེ་གཞན་དུ་བདེ་བ་འབའ་ཞིག་གི་རྒྱུ་ཡིན་པས་དེ་སྤོང་བ་ལ་འབད་པར་བྱ་སྟེ། དེ་མ་སྤངས་ན་འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས་གསུངས་པ་ལྟར་ཉེས་དམིགས་ཤིན་ཏུ་ཆེ་བས་སོ། །གཉིས་པ་ལ་གཉིས། ཁོང་ཁྲོའི་རྒྱུ་དགག་ པར་བྱ་བ་དང༌། བཟོད་པའི་ཕན་ཡོན་བསྒོམ་པའོ། །དང་པོ་ལ་བཞི། རྒྱུའི་ངོ་བོ་ཉེས་དམིགས་དང་བཅས་པ་དང༌། ཁོང་ཁྲོ་ལྡོག་པའི་ཐབས་ལ་འབད་པར་གདམས་པ་དང༌། དེ་ལྡོག་པའི་ཐབས་དངོས་དང༌། ཁོང་ཁྲོ་སྐྱེ་བའི་རྒྱུ་ཞིབ་ཏུ་བརྟགས་ནས་ Page: 119 ༄༅། །སྤོང་བ་ལ་འབད་པའོ། །དང་པོ་ནི། ཁོང་ཁྲོས་སྡུག་བསྔལ་སྐྱེད་པའི་ཚུལ་ཇི་ལྟ་བུ་ཞེ་ན། རང་དང་རང་གི་བ་ལ་མི་འདོད་པ་བྱས་པ་དང་འདོད་པ་འགྲུབ་པའི་གེགས་བྱས་པ་ལས་བྱུང་བར་གྱུར་པའི་ཡིད་མི་བདེ་ནི་ཞེ་ སྡང་འཕེལ་བའི་ཟས་ཡིན་པས་ཡིད་མི་བདེ་བའི་ཟས་རྙེད་ནས། ཞེ་སྡང་གི་ལུས་བརྟས་ཏེ་སྟོབས་རྒྱས་ནས་འདི་དང་གཞན་དུ་བདག་འཇོམས་སོ། །གཉིས་པ་ནི། དེ་ལྟ་བས་ན་བདག་གི་དགྲ་བོ་ཞེ་སྡང་དེའི་ཟས་ཡིད་མི་བདེ་བ་ནི་རྣམ་པར་ གཞོམ་པར་བྱ་སྟེ། འདི་ལྟར་བདག་ལ་གནོད་པ་བྱེད་པ་ལས་བདག་གི་དགྲ་ཞེ་སྡང་འདི་ལ་ནི་ལས་གཞན་མེད་པས་དགྲའི་གཙོ་བོ་འདི་གཞོམ་པ་ལ་འབད་པར་བྱའོ། །གསུམ་པ་ལ་གཉིས། ཡིད་མི་བདེ་བསྐྱེད་མི་རིགས་པ་དང༌། དེའི་རྒྱུ་ མཚན་ནོ། །དང་པོ་ནི། འོ་ན་ཡིད་མི་བདེ་ཇི་ལྟར་སྤང་ཞེ་ན། སྡུག་བསྔལ་དང་དུ་བླངས་པའི་ཕན་ཡོན་བསམས་ནས་ཅི་ལ་བབ་ཀྱང་བདག་གིས་ནི་རང་གི་དགའ་བའི་ཡིད་ནི་དཀྲུག་པར་མི་བྱ་སྙམ་དུ་ལེགས་པར་བསམས་ཏེ། ཡིད་དགའ་བ་ ནི་ཡིད་མི་བདེ་བའི་གཉེན་པོ་ཡིན་པས་མི་འདོད་པ་ཅི་བྱུང་ཡང་དེ་ལ་མི་དགའ་བ་བྱས་ཀྱང་འདོད་པའི་དོན་མི་འགྲུབ་ཅིང་འདོད་པའི་འབྲས་བུ་འབྱིན་པའི་དགེ་བ་དག་ནི་ཉམས་པར་འགྱུར་བས་སྡུག་བསྔལ་མཐའ་དག་བསྐྱེད་པར་འགྱུར་རོ། ། གཉིས་པ་ནི། གང་ལ་ཡིད་མི་བདེ་སྐྱེ་བའི་ཡུལ་དེ་ལ་གལ་ཏེ་བཅོས་སུ་ཡོད་ན་ནི་དེ་ལ་མི་དགའ་བར་བྱ་བའི་རྒྱུ་ཅི་ཞིག་ཡོད། དེ་མ་ཐག་བཅོས་པས་ཡིད་མི་བདེ་བ་མེད་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་བཅོས་སུ་མེད་ན་ཡང་དེ་ལ་མི་དགའ་བ་བྱས་པས་

Page: 120 ཅི་ཕན་ཏེ་ནམ་མཁའ་ཐོགས་བཅས་ཀྱིས་སྟོང་པ་ལ་མི་དགའ་བ་བྱས་ཀྱང་མི་ཕན་པ་བཞིན་ནོ། །བཞི་པ་ལ་གསུམ། ཁོང་ཁྲོ་སྐྱེ་བའི་ཡུལ་གྱི་དབྱེ་བ་སྤྱིར་བསྟན་པ་དང༌། མི་འདོད་པ་བྱེད་པ་ལ་ཁྲོ་བ་དགག་པ་དང༌། འདོད་པའི་གེགས་བྱེད་པ་ལ་ཁྲོ་བ་ དགག་པའོ། །དང་པོ་ནི། བདག་གམ་བདག་གི་བཤེས་རྣམས་ལ་ཚོར་བ་སྡུག་བསྔལ་དང་བརྙས་པ་སྟེ་རྙེད་པ་མ་ཐོབ་པ་དང༌། ངོར་ཞེ་གཅོད་པའི་ཚིག་རྩུབ་དང་ལྐོག་ཏུ་གྲགས་པ་མིན་པ་བརྗོད་པའི་མི་སྙན་པ་ཞེས་བྱ་བ་བཞི་མི་འདོད་ཅིང་དེ་ ལས་ལྡོག་པ་འདོད་པ་དང༌། དེ་འདོད་མི་འདོད་པ་དགྲ་ལ་དེ་ལས་ལྡོག་པས་སོ། །མདོར་ན་འཇིག་རྟེན་གྱི་ཆོས་བརྒྱད་དོ། །གཉིས་པ་ལ་གསུམ། བདག་ལ་ཉེས་པ་བྱེད་པ་ལ་ཁྲོ་བ་དགག་པ་དང༌། བདག་གི་བཤེས་ལ་ཉེས་པ་བྱེད་པ་ལ་ཁྲོ་བ་ དགག་པ་དང༌། བདག་གི་དགྲ་ལ་ལེགས་པ་བྱེད་པ་ལ་ཁྲོ་བ་དགག་པའོ། །དང་པོ་ལ་གཉིས། སྡུག་བསྔལ་བསྐྱེད་པ་ལ་བཟོད་པར་བྱ་བ་དང༌། བརྙས་པ་སོགས་བསྒྲུབ་པ་ལ་བཟོད་པར་བྱ་བའོ། །དང་པོ་ལ་གསུམ། སྡུག་བསྔལ་དང་དུ་ལེན་ པའི་བཟོད་པ་བསྒོམ་པ་དང། ཆོས་ལ་ངེས་པར་སེམས་པའི་བཟོད་པ་བསྒོམ་པ་དང༌། གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་བསྒོམ་པའོ། །དང་པོ་ལ་ལྔ། ཟག་བཅས་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པ་བསམ་པ་དང༌། སྡུག་བསྔལ་ སྒོམ་པའི་ཕན་ཡོན་བསམ་པ་དང༌། གོམས་ན་བསྟེན་མི་དཀའ་བར་བསམ་པ་དང༌། ཉོན་མོངས་སྤོང་བ་ལ་འབད་པའི་ཕན་ཡོན་དང༌། སྡུག་བསྔལ་སྒོམ་པའི་ཕན་ཡོན་རྒྱས་པར་བཤད་པའོ། །དང་པོ་ནི། འཁོར་བ་ན་བདེ་བའི་རྒྱུ་ནི་རེས་འགའ་

Page: 121 ༄༅། །ཙམ་འབྱུང་ལ་སྡུག་བསྔལ་གྱི་རྒྱུ་ནི་ཤིན་ཏུ་མང་བས་འཁོར་བའི་རང་བཞིན་དེ་ལས་མ་འདས་པས་སྡུག་བསྔལ་བྱུང་ཡང་བཟོད་པ་བྱ་བར་རིགས་སོ། །གཉིས་པ་ནི། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་བསམ་པར་ རིགས་ཏེ། འཁོར་བའི་སྡུག་བསྔལ་བསམ་པ་མེད་པར་འཁོར་བ་ལས་ངེས་པར་འབྱུང་བའི་བློ་མེད་པ་དེ་བས་ན་སེམས་ཁྱོད་བརྟན་པར་མནོས་ལ་སྡུག་བསྔལ་ལ་བཟོད་པར་རིགས་ཏེ། དབང་ཕྱུག་གི་དཀའ་ཐུབ་ལྡོག་ཅིང་ཉམས་པར་བྱེད་པ་ནི་ ལྷ་མོ་ཨུ་མ་ཡིན་ལ་དེ་ལ་དད་དང་སྟེ་དད་པ་རྣམས་དེ་མཉེས་པའི་དོན་དུ་སྟོན་ཟླ་འབྲིང་པོའི་ཚེས་དགུའི་དུས་ལ་སོགས་པར་ཞག་གཅིག་གམ་གསུམ་དུ་ཟས་བཅད་ནས་ལུས་བསྲེག་པ་དང་གཅད་པ་སོགས་བྱེད་པ་དང༌། ལྷོ་ཕྱོགས་ཀྱི་རྒྱུད་དུ་ཡུལ་ ཀ་ན་ཊ་པ་སོགས་ཕན་ཚུལ་འགྲན་པའི་ཆེད་དུ་ལུས་གཅོད་པ་སོགས་ཚོར་བ་སྡུག་བསྔལ་ནི། དོན་མེད་པར་ཡང་བཟོད་པར་བྱེད་ན་དོན་ཆེན་པོ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཐར་པའི་དོན་དུ་སྡུག་བསྔལ་མྱོང་བ་བདག་ཀོ་ཅི་ཞིག་ བསྡར་ཏེ་བཟོད་པར་རིགས་སོ། །གསུམ་པ་ལ་གཉིས། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་བཞི། གོམས་ན་བསྟེན་སླ་བར་འགྲུབ་པ་དང༌། དེ་ཉིད་དཔེས་བསྒྲུབ་པ་དང༌། གང་ལ་བཟོད་པའི་ཡུལ་དང༌། གོམས་ན་བཟོད་པའི་ སྟོབས་སྐྱེ་བའི་དཔེའོ། །དང་པོ་ནི། བཟོད་པ་གོམས་ན་སྡུག་བསྔལ་ཡང་བཟོད་པར་འགྱུར་ཏེ་སེམས་ཀྱི་འཛིན་སྟངས་ཐམས་ཅད་གོམས་པའི་རྩ་བ་ཅན་ཡིན་པས་གོམས་ན་སླ་བར་མི་འགྱུར་བའི་སེམས་ཀྱི་ཆོས་ཀྱི་དངོས་པོ་དེ་གང་ན་ཡང་ཡོད་པ་མ་

Page: 122 ཡིན་ནོ། །རྒྱུ་མཚན་དེ་བས་ན་ཚ་གྲང་དང་གཞན་གྱིས་ཚིག་རྩུབ་སྨྲ་བ་ལ་སོགས་པའི་གནོད་པ་ཆུང་ངུ་དང་དུ་བླངས་ནས་བཟོད་པ་བསྒོམས་པས་དམྱལ་བའི་མེ་ལ་སོགས་པའི་གནོད་པ་ཆེན་པོའང་བཟོད་པར་འགྱུར་བར་ཤེས་པར་བྱོས་ཤིག །ཡབ་ སྲས་མཇལ་བའི་མདོ་ལས། བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་བདེ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་མཆིས་ཏེ། ཏིང་ངེ་འཛིན་དེ་གང་གིས་ཐོབ་པས་བྱང་ཆུབ་སེམས་དཔའ་དམིགས་པའི་དངོས་པོ་ཐམས་ཅད་བདེ་བའི་ཚོར་བ་ཤ་སྟག་ མྱོང་བར་འགྱུར་ཞིང་སྡུག་བསྔལ་གྱི་ཚོར་བ་མི་མྱོང་ལ། ཞེས་པ་ནས། དེ་ལ་སེམས་ཅན་དམྱལ་བའི་གནོད་པས་གནོད་པ་བགྱིས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པར་འགྱུར་བ་དང༌། ཞེས་སོགས་རྒྱ་ཆེར་གསུངས་སོ། །གཉིས་པ་ནི། གནོད་ པ་ཆུང་ངུ་གོམས་པས་བཟོད་པར་ནུས་པ་མེད་དོ་ཞེ་ན། སྦྲུལ་གྱི་གནོད་པ་དང་ཤ་སྦྲང་དག་དང་ནི། བཀྲེས་སྐོམ་ལ་སོགས་པའི་ཚོར་བ་དང༌། ནད་མེ་དཔལ་དང་གཡན་པ་ལ་སོགས་པ་དང་བཅས་པའི་དགོས་པའི་དོན་ཅུང་ཟད་ཀྱང་མེད་པའི་སྡུག་བསྔལ་ གོམས་ན་བཟོད་སླ་བ་དང༌། མ་གོམས་ན་དཀའ་བ་ཅིས་མ་མཐོང་མངོན་སུམ་དུ་མཐོང་བས་བཟོད་པ་གོམས་པར་རིགས་སོ། །གསུམ་པ་ནི། དེས་ན་ཚ་གྲང་དང་ཆར་དང་རླུང་སོགས་དང༌། ནད་དང་ཐག་པས་འཆིང་བ་དང་དབྱུག་པས་རྡེག་པ་སོགས་ལ་ བདག་གིས་བཟེ་རེ་སྟེ་བཟོད་སྲན་ཆུང་བར་མི་བྱ་སྟེ། གནོད་པ་ཆུང་ངུ་ལ་དེ་ལྟར་བྱས་ན་གནོད་པ་ལྷག་པར་ཡང་འཕེལ་བར་འགྱུར་ཏེ། བཟོད་པ་ཇེ་ཆུང་དུ་འགྱུར་བའི་ཕྱིར་རོ། །བཞི་པ་ནི། སྐྱེས་བུ་དཔའ་བ་ལ་ལ་རང་ལ་གཞན་གྱིས་མཚོན་བསྣུན་

Page: 123 ༄༅། །པའི་བདག་གི་ཁྲག་མཐོང་ན་དཔའ་བརྟན་ལྷག་པར་སྐྱེ་བར་འགྱུར་བ་ཡོད་ལ། བསྡར་མ་ལ་ལ་གཞན་གྱི་ཁྲག་མཐོང་ན་ཡང་བོག་ཅིང་བརྒྱལ་བར་འགྱུར་བ་ཡང་ཡོད་པས་དེ་ནི་ཕྱི་རོལ་གྱི་དངོས་པོ་གཅིག་མཐུ་ཆེ་ཆུང་དུ་གྱུར་པ་དང༌། ལུས་ལ་སྲ་སྙི་སོགས་ཀྱི་ཁྱད་པར་མ་ཡིན་གྱི་སེམས་ཀྱི་ངང་བརྟན་པ་དང་བསྡར་མའི་ཚུལ་ལས་གྱུར་པ་ཡིན་པས་སྡུག་བསྔལ་དང་ལེན་གྱི་བཟོད་པ་བསྒོམ་པ་ལ་འབད་པར་བྱའོ། །གཉིས་པ་ནི། དེ་བས་ན་སེམས་བརྟན་པར་གྱིས་ལ་རང་ལ་གནོད་པ་ བྱུང་བ་ཁྱད་དུ་བསད་ནས། སྡུག་བསྔལ་རྣམས་ཀྱིས་མི་ཚུགས་པར་བྱོས་ཤིག །ཐེག་པ་ཆེན་པོའི་ལམ་བསྒོམ་པ་ལ་མཁས་པས་ཚོར་བ་སྡུག་བསྔལ་བྱུང་ཡང་ནི་བཟོད་པར་བྱས་ནས་སེམས་ཀྱི་རབ་ཏུ་དང་བ་ཁྲོ་བས་རྙོག་པར་མི་བྱའོ། །བཞི་པ་ ནི། ཁྲོ་བ་ལ་སོགས་པའི་སྤང་བྱ་ཉོན་མོངས་རྣམས་དང་གཉེན་པོ་གཡུལ་འགྱེད་པ་ལ་གཡུལ་འགྱེད་པའི་ཚེ་ན་སྡུག་བསྔལ་གྱི་གནོད་པ་མང་ཡང༌། འཇིག་རྟེན་པ་མཚོན་ཕོག་པའི་སྡུག་བསྔལ་ཁྱད་དུ་བསད་ནས་དགྲ་གསོད་པ་དཔའ་བོར་བྱེད་ན་ ལུས་སེམས་ཀྱི་སྡུག་བསྔལ་ཐམས་ཅད་ཁྱད་དུ་བསད་ནས་ཞེ་སྡང་ལ་སོགས་པ་ཉོན་མོངས་པའི་དགྲ་འཇོམས་པ་ཉོན་མོངས་དེ་དག་ལས་རྒྱལ་བར་བྱེད་པ་ལ་དཔའ་བོ་ཞེས་བྱ་སྟེ། ལྷག་མ་མ་བསད་ཀྱང་ངང་གིས་འཆི་བའི་སྐྱེ་བོ་གསོད་པ་ནི་རོ་ལ་གསོད་ པ་དང་འདྲ་བས་དཔའ་བོ་ཞེས་མི་བྱའོ། །ལྔ་པ་ནི། གཞན་ཡང་སྡུག་བསྔལ་བསྒོམ་པ་ནི་ཉམས་ལེན་གྱི་འགག་སྡོམས་ཤིན་ཏུ་ཆེ་སྟེ། སྡུག་བསྔལ་གྱི་ཉེས་དམིགས་སེམས་པའི་ཡོན་ཏན་ནི་རང་ཉིད་སྡུག་བསྔལ་གྱི་དབང་དུ་གྱུར་ཅིང་། དེས་སྐྱོ་

Page: 124 བས་ང་རྒྱལ་དང༌རྒྱགས་པའི་དྲེགས་པ་སེལ་བར་བྱེད་པ་དང་གཞན་སྡུག་བསྔལ་གྱི་དབང་དུ་གྱུར་པ་མཐོང་ན་དེ་དང་བྲལ་ན་སྙམ་པས་འཁོར་བ་པ་ལ་སྙིང་རྗེ་སྐྱེ་ལ། སྡུག་བསྔལ་དེ་མི་དགེ་བའི་འབྲས་བུར་མཐོང་ནས་སྡུག་བསྔལ་མི་འདོད་པས་ སྡིག་པ་ལ་འཛེམ་ཞིང༌། སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་ལ་དེ་དགེ་བའི་འབྲས་བུར་མཐོང་ནས་དགེ་བ་ལ་དགའ་བ་འབྱུང་བས་སོ། །གཉིས་པ་ཆོས་ལ་ངེས་པར་སེམས་པའི་བཟོད་པ་བསྒོམ་པ་ལ་གཉིས། རྒྱས་པར་བཤད་པ་དང༌། དོན་བསྡུ་ བའོ། །དང་པོ་ལ་གསུམ། ཁྲོ་བ་དང་ཁྲོ་བ་ཅན་སོགས་རྒྱུ་ལ་རག་ལས་པས་རང་དབང་ཅན་མ་ཡིན་པ་དང༌། རང་དབང་ཅན་གྱི་རྒྱུ་ཡོད་པ་དགག་པ་དང༌། ཁྲོ་བ་ལྡོག་པའི་དགོས་པའོ། །དང་པོ་ལ་གཉིས། ཁྲོ་བ་དང་ཁྲོ་བ་ཅན་གྱི་གང་ཟག་རང་དབང་ ཅན་མ་ཡིན་པ་དང༌། དེ་དག་གི་རྒྱུ་རྐྱེན་རང་དབང་ཅན་མ་ཡིན་པའོ། །དང་པོ་ལ་གསུམ། ཉོན་མོངས་ཅན་གྱི་སྐྱེ་བོ་ལ་ཁྲོ་བར་མི་རིགས་པའི་རྒྱུ་མཚན་དང༌། ཁྲོ་བ་འདོད་བཞིན་དུ་བསྐྱེད་པ་མ་ཡིན་པ་དང༌། ཉེས་པ་མཐའ་དག་རྐྱེན་ལས་བྱུང་ བས་རང་དབང་མེད་པའོ། །དང་པོ་ནི། ཕ་རོལ་པོས་བདག་ལ་གནོད་པ་བྱས་པས་ཁྲོ་བར་རིགས་སོ་ཞེ་ན། མི་རིགས་ཏེ་རང་གི་མཁྲིས་པ་ལ་སོགས་པ་ཆ་མ་སྙོམས་པར་འཁྲུགས་པའི་སྡུག་བསྔལ་གྱི་འབྱུང་གནས་ཆེན་པོ་ལ་མི་ཁྲོ་བར་སེམས་ཡོད་ ཀྱི་སྐྱེ་བོ་རྣམས་ལ་ཅི་སྟེ་ཁྲོ། མཁྲིས་པ་སོགས་རྐྱེན་གྱིས་རང་དབང་མེད་པར་བྱུང་བས་མི་ཁྲོའོ་ཞེ་ན། གང་ཟག་ལ་ཡང་ཁྲོ་བར་མི་རིགས་པར་ཐལ། ཉོན་མོངས་ཅན་གྱི་གང་ཟག་དེ་དག་ཀུན་ཀྱང་ཉོན་མོངས་པའི་རྐྱེན་གྱིས་བསྐུལ་བས་ཁོ་ལ་རང་

Page: 125 ༄༅། །དབང་མེད་པའི་ཕྱིར་རོ། །དཔེར་ན་མི་འདོད་བཞིན་དུ་ཡང་རྐྱེན་ཚང་བས་ནད་འདི་འབྱུང་བར་འགྱུར་བ་ལྟར་དེ་བཞིན་དུ་ཞེ་སྡང་ཡང་གང་ཟག་དེ་མི་འདོད་བཞིན་དུ་ཡང་ཡིད་མི་བདེ་བ་ལ་སོགས་པའི་རྒྱུས་ནན་གྱིས་ཉོན་མོངས་ འབྱུང་བར་འགྱུར་བས། ཁྲོ་ན་ཉོན་མོངས་ལ་ཁྲོ་བར་རིགས་ཀྱི་གང་ཟག་ལ་ཁྲོ་བར་མི་རིགས་སོ། །གཉིས་པ་ནི། ཕ་རོལ་པོས་གནོད་པ་བྱ་བར་བསམས་པས་ཉོན་མོངས་དང་མི་མཚུངས་སོ་ཞེ་ན། ཁྲོ་བ་རྒྱུ་རྣམས་ཀྱིས་བསྐྱེད་པར་བྱ་ཞེས་མ་ བསམས་ཀྱང་རྒྱུ་ཚང་བས་སྐྱེ་བོ་རྣམས་ནི་གྱི་ན་རང་དགར་ཁྲོ་བ་བསྐྱེད་ལ། ཉོན་མོངས་བསྐྱེད་པར་བྱ་ཞེས་མ་བསམས་ཀྱང་ཁྲོ་བ་དེ་བཞིན་དུ་སྐྱེ་བར་འགྱུར་གྱི་རང་ལ་རང་དབང་མེད་པའི་ཕྱིར་རོ། །ཡང་ན་ཕྱེད་སྔ་མ་གང་ཟག་དང་ཕྱེད་ཕྱི་ མ་ཉོན་མོངས་ཀྱི་རྐྱེན་ལ་བཤད་དོ། །གསུམ་པ་ནི། ཉོན་མོངས་པའི་ཉེས་པ་ཇི་སྙེད་པ་ཐམས་ཅད་དང༌། དེས་ཀུན་ནས་བསླང་བའི་སྡིག་པ་རྣམ་པ་སྣ་ཚོགས་པ་དེ་ཀུན་ཀྱང་རྐྱེན་གྱི་སྟོབས་ལས་བྱུང་བས་རང་ལ་རང་དབང་ཡོད་པ་མ་ཡིན་ནོ། ། དེས་ན་ཆུ་ཐུར་དུ་འགྲོ་བ་ལ་ཁྲོ་བར་མི་རིགས་པ་ལྟར་རྒྱུ་མཚན་དེ་དག་བསམས་ནས་ཁྲོ་བ་དགག་པར་བྱའོ། །གཉིས་པ་ནི། དེས་ན་ཉོན་མོངས་སོགས་སྡུག་བསྔལ་སྐྱེད་པའི་རྐྱེན་རྣམས་ཚོགས་པ་དེ་དག་ཀྱང་བདག་གིས་སྡུག་བསྔལ་འདི་ བསྐྱེད་པར་བྱའོ་ཞེས་སེམས་པ་མེད་ལ། དེས་བསྐྱེད་པའི་སྡུག་བསྔལ་དེ་ཡང་འདིས་བདག་བསྐྱེད་ཅེས་སེམས་པ་ཡོད་པ་མ་ཡིན་ནོ། །དེས་ན་ཕ་རོལ་པོས་གནོད་པ་བྱ་བར་བསམས་པ་རྒྱུ་མཚན་དུ་བྱས་ནས་ཁྲོ་བ་བསྐྱེད་པར་མི་རིགས་སོ། །

Page: 126 གཉིས་པ་ལ་གསུམ། གྲངས་ཅན་པའི་བདག་དང་གཙོ་བོ་རང་དབང་ཅན་དགག་པ་དང༌། རིགས་པ་ཅན་པའི་བདག་རང་དབང་ཅན་དགག་པ་དང༌། འགྲོ་བ་ཀུན་སྤྲུལ་པ་ལྟ་བུར་ཤེས་པར་བྱས་ནས་ཁྲོ་བར་མི་རིགས་པའོ། །དང་པོ་ལ་གཉིས། གཙོ་བོས་རྣམ་འགྱུར་རང་དབང་དུ་བསྐྱེད་པ་དགག་པ་དང༌། ཤེས་རིག་གི་སྐྱེས་བུ་ཡུལ་ལ་རང་དབང་དུ་ལོངས་སྤྱོད་པ་དགག་པའོ། །དང་པོ་ནི། རྡུལ་མུན་སྙིང་སྟོབས་གསུམ་ཆ་མཉམ་པ་ལ་མཚན་ཉིད་ལྔ་ལྡན་གྱི་གཙོ་བོ་དང༌། དེས་རྣམ་འགྱུར་ གྱིས་བསྡུས་པའི་གནོད་པ་སོགས་རང་དབང་དུ་བསྐྱེད་དོ་ཞེས་བྱ་བར་གང་འདོད་པ་དང་ཤེས་རིག་གི་སྐྱེས་བུ་ལ་བདག་ཅེས་བཏགས་ནས་ཡུལ་ལ་རང་དབང་དུ་ལོངས་སྤྱོད་པར་བརྟགས་པ་གང་ཡིན་པ་དེ་མི་རིགས་པར་ཐལ། བདག་དང་གཙོ་བོའི་ དེ་ཉིད་བདག་ཉིད་རང་དབང་དུ་ཡུལ་མྱོང་བ་དང་རྣམ་འགྱུར་བསྐྱེད་པའི་ཆེད་དུ་འབྱུང་བར་བྱ་ཞེས་ཆེད་དུ་བསམས་ཤིང་འབྱུང་བ་མེད་ལ་བྱ་བ་བྱེད་མི་ནུས་པ་རི་བོང་གི་རྭ་དང་མཚུངས་པའི་ཕྱིར་རོ། །འབྲས་བུ་བསྐྱེད་པ་དེའི་ཚེ་གཙོ་བོ་དེ་ལས་འབྲས་ བུ་སྐྱེ་བར་འདོད་པ་གང་ཡིན་པ་དེ་མི་རིགས་པར་ཐལ། གཙོ་བོ་དེ་ཉིད་མ་སྐྱེས་པའི་ཕྱིར། ཁྱབ་པར་ཐལ། རང་ཉིད་མ་སྐྱེས་པར་ནི་འབྲས་བུ་བསྐྱེད་པ་དེ་མེད་ན་སྟེ་མེད་པས་ཁྱབ་པའི་ཕྱིར་རོ། །གཉིས་པ་ནི། ཤེས་རིག་གིས་སྐྱེས་བུ་དེ་ཡུལ་ལ་ལོངས་ མི་སྤྱོད་པའི་དུས་ཅན་གྱི་འགག་པར་འགྱུར་བ་མ་ཡིན་ནོ་སྟེ་མ་ཡིན་པར་ཐལ། ཡུལ་ལོངས་སྤྱོད་པའི་རྟག་དངོས་སུ་ཁས་བླངས་པ་གང་ཞིག་དེ་ཡིན་ན་ཡུལ་ལ་རྟག་ཏུ་གཡེངས་པར་འགྱུར་བས་ཏེ། ཡུལ་མི་འཛིན་པའི་དུས་མི་སྲིད་པའི་ཕྱིར་རོ། །གཉིས་

Page: 127 ༄༅། །པ་ལ་གསུམ། རྟག་པས་འབྲས་བུ་བསྐྱེད་པ་མི་འཐད་པ་དང༌། རྐྱེན་ལ་ལྟོས་པ་མི་འཐད་པ་དང༌། རྐྱེན་དང་འབྲེལ་བ་མེད་པའོ། །དང་པོ་ནི། རིགས་པ་ཅན་པ་བདག་གཟུགས་ཅན་དང་རྟག་དངོས་སུ་འདོད་ཅིང༌། དེས་གནོད་པ་ སོགས་བསྐྱེད་པར་འདོད་དོ། །ཅི་སྟེ་བདག་དེ་རྟག་དངོས་ཡིན་ན་ནི་འདུས་མ་བྱས་ཀྱི་ནམ་མཁའ་བཞིན་དུ་འབྲས་བུ་བསྐྱེད་པའི་བྱེད་པ་མེད་པར་མངོན་ཞིང་གསལ་བར་ཐལ་ལོ། །གཉིས་པ་ནི། རང་གི་ངོ་བོ་རྟག་ཀྱང་རྐྱེན་དང་ཕྲད་ནས་འབྲས་བུ་ བསྐྱེད་ཅེ་ན། རྟག་པ་རྐྱེན་དང་ཕྲད་པ་མི་སྲིད་ཅིང་རྩོལ་བ་ལ་སོགས་པའི་རྐྱེན་རྣམས་གཞན་དང་ཕྲད་ན་ཡང་རྐྱེན་གྱིས་དེ་ལ་ཅི་བྱར་ཡོད་ཅུང་ཟད་ཀྱང་བྱར་མེད་པར་ཐལ། བདག་དེ་འགྱུར་བ་མེད་པའི་ཕྱིར། ཁྱབ་པར་ཐལ། རྐྱེན་གྱིས་ཕན་པ་བྱེད་ པའི་ཚེ་ཡང་བདག་དེ་འབྲས་བུ་མི་སྐྱེད་པའི་དུས་ཀྱི་སྔོན་གྱི་རང་བཞིན་ལས་མ་འདས་པ་གང་ཞིག་དེ་ལས་མ་འདས་ན་ཕན་པ་བྱེད་པས་བདག་དེ་ལ་ཅི་ཞིག་བྱས་ཏེ། ཁྱད་པར་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ། །གསུམ་པ་ནི། ངོ་བོར་གྱུར་པའི་ཕན་ པ་མི་བྱེད་ཀྱང་ཕན་པ་དོན་གཞན་བྱེད་དོ་ཞེ་ན། དེ་ཡང་མི་འཐད་པར་ཐལ། བདག་དེའི་འབྲས་བུ་བསྐྱེད་པའི་བྱེད་པ་ཕན་པ་དོན་གཞན་འདི་ཡིན་ཞེས་བདག་དང་འབྲེལ་བར་འགྱུར་བ་གང་ཞིག་ཡོད། བདག་གཅིག་དང་དེ་བྱུང་གི་འབྲེལ་བ་ གང་ཡང་མེད་པའི་ཕྱིར་རོ། །གསུམ་པ་ནི། དེ་ལྟར་འབྲས་བུ་སྐྱེད་པའི་བྱ་བ་ཐམས་ཅད་གཞན་གྱི་དབང་ཅན་ཡིན་ལ་རྐྱེན་དེ་རྣམས་ཀྱང་རྒྱུ་རྐྱེན་སྔ་མ་སྔ་མ་དེའི་དབང་གིས་འབྱུང་བས་འབྲས་བུ་དེ་འབྱུང་མི་འབྱུང་གི་དབང་མེད་པ་སྒྱུ་མ་དང་

Page: 128 སྤྲུལ་པ་ལྟ་བུའོ། །དངོས་པོ་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་བཞིན་དུ་བྱ་བ་བྱེད་པ་དེ་ལྟར་ཤེས་ནས་སྤྲུལ་པ་ལྟ་བུའི་དངོས་པོ་ཀུན་ལ་ཁྲོ་བར་མི་འགྱུར་བས། ཉོན་མོངས་ཀྱི་ས་བོན་འཇོམས་པའི་རྟེན་འབྱུང་རང་བཞིན་མེད་པར་རྟོགས་པ་ ལ་བསླབ་པར་བྱའོ། །གསུམ་པ་ནི། རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་ན་གཉེན་པོ་གང་གིས་སྤང་བྱ་གང་ཞིག་ལྡོག་པར་བྱ་སྟེ་བྱ་བྱེད་མི་འཐད་པས་ལྡོག་པའང་རིགས་པ་མིན་ཞེ་ན། ཞེས་པ་རང་བཞིན་གྱིས་སྟོང་པའི་དོན་ལ་བྱ་བྱེད་ འཇོག་མི་ཤེས་པའི་བདེན་གཉིས་འགལ་བར་འཛིན་པའི་ལོག་རྟོག་སྤང་གཉེན་རང་བཞིན་གྱིས་གྲུབ་པས་སྟོང་པ་དེ་ལ་མི་རིགས་པ་མེད་པར་ཐལ། སྤང་གཉེན་རང་བཞིན་གྱིས་གྲུབ་པས་སྟོང་པ་རྟོགས་པ་དེ་ལ་བརྟེན་ནས་ཁྲོ་བ་ལ་སོགས་པའི་ཉོན་ མོངས་ཐམས་ཅད་ཟད་པར་འགྱུར་ལ་དེ་ཟད་པས་སྡུག་བསྔལ་རྣམས་རྒྱུན་ཆད་པར་འགྱུར་བར་འདོད་པའི་ཕྱིར་རོ། །གཉིས་པ་དོན་བསྡུ་བ་ནི། རྒྱུ་མཚན་དེ་བས་ན་དགྲའམ་མཛའ་ཡང་རུང་མི་རིགས་པའི་གནོད་པ་བྱེད་པ་མཐོང་བར་གྱུར་ན། གང་ཟག་དེ་ལ་རང་དབང་མེད་ཀྱི་ཉོན་མོངས་འདི་འདྲའི་རྐྱེན་ལས་གྱུར་ཏོ་ཞེས་དེ་ལྟར་སོམས་ཏེ། ཁྲོ་བ་དགག་ཅིང་ཡིད་བདེ་བ་མ་ཉམས་པར་བདེ་བར་མནོས་ཏེ་བཟོད་པར་བྱའོ། །གལ་ཏེ་རྐྱེན་གྱི་གཞན་དབང་མིན་པར་རང་དགས་ཏེ་རང་དབང་དུ་ འདོད་པ་ཙམ་གྱིས་འབྲས་བུ་འགྲུབ་པར་འགྱུར་ན་སེམས་ཅན་འགའ་ཡང་སྡུག་བསྔལ་མི་འདོད་པས། ལུས་ཅན་དག་ནི་ཐམས་ཅད་ཀྱང་སུ་ལའང་སྡུག་བསྔལ་འབྱུང་བར་མི་འགྱུར་ན། སྡུག་བསྔལ་འབྱུང་བ་མཐོང་བས་གང་ཟག་ལ་རང་དབང་

Page: 129 ༄༅། །མེད་པས་དེ་ལ་ཁྲོ་བར་མི་རིགས་ཀྱི་ཉོན་མོངས་ལ་རྒྱབ་ཀྱིས་ཕྱོགས་པར་བྱའོ། །གསུམ་པ་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་བསྒོམ་པ་ལ་གསུམ། སྙིང་རྗེའི་ཐབས་ཡིད་ལ་བྱེད་པ་དང༌། ཁྲོ་བའི་རྒྱུ་དགག་པ་དང༌། མི་འདོད་པ་བྱུང་ན་རང་གི་ཉེས་པར་བསམ་པའོ། །དང་པོ་ལ་གསུམ། སེམས་ཅན་ཁ་ཅིག་མི་ཤེས་པའི་དབང་གིས་རང་ལ་གནོད་པ་བྱེད་པ་དང༌། མི་ཤེས་པས་རང་ཡང་གསོད་ན་གཞན་ལ་གནོད་པ་བྱེད་པ་ངོ་མཚར་མི་ཆེ་བ་དང༌། དེས་ན་དེ་ལ་ སྙིང་རྗེ་བྱ་བར་རིགས་པའོ། །དང་པོ་ནི། གཞན་ལ་གནོད་བྱེད་ཀྱི་གང་ཟག་དེ་དག་ནི་བག་མེད་པ་ཉོན་མོངས་པའི་དབང་གིས་ནི་བདག་ལའང་བདག་རང་ཉིད་ཀྱིས་ཁ་ཅིག་ཐར་པའི་དོན་དུ་ཚེར་མ་ལ་འགྲེ་བ་དང་གཡང་དུ་མཆོང་བ་ལ་སོགས་ གནོད་པ་བྱེད་པ་དང༌། ཁ་ཅིག་བུད་མེད་དང་ནོར་ལ་སོགས་པ་ཐོབ་པར་བྱ་བའི་ཕྱིར་རྔམ་ཞིང་ཁྲོས་པས་ཟས་གཅོད་པ་ལ་སོགས་པ་བྱེད་པ་དང༌། ཁ་ཅིག་ཉོན་མོངས་ནས་འགག་ཅིང་གཡང་སར་མཆོང་པ་དང༌། དུག་དང་མི་འཕྲོད་པ་ཟ་བ་དང་བསོད་ ནམས་མ་ཡིན་པ་ངན་འགྲོའི་རྒྱུ་སྡིག་པ་སྤྱོད་པ་ཡིས་རང་ལ་ཚེ་འདི་དང་ཕྱི་མར་གནོད་པ་བྱེད་པ་ཡོད་པས་རང་ལ་གཞན་གྱིས་གནོད་པ་བྱས་པ་རྒྱུ་མཚན་དུ་བྱས་ནས་ཁྲོ་བར་ག་ལ་རིགས། གཉིས་པ་ནི། གང་གི་ཚེ་རང་ཉིད་ཉོན་མོངས་པའི་དབང་དུ་ གྱུར་པས་བདག་རང་གི་སྙིང་དུ་སྡུག་ཅིང་ཕངས་པ་ཉིད་ཀྱང་གསོད་པར་བྱེད་པ་དེའི་ཚེ་དེ་དག་གཞན་གྱི་ལུས་ལ་གནོད་པ་མི་བྱེད་པར་ཇི་ལྟར་འགྱུར་གནོད་པ་བྱེད་པ་མི་འཚམ་པར་བཟུང་ནས་ཁྲོ་བར་མི་རིགས་སོ། །གསུམ་པ་ནི། དེས་ན་ཉོན་

Page: 130 མོངས་སྐྱེས་པས་སྔར་བཤད་པ་དེ་ལྟ་བུར་གཞན་ལ་གནོད་པ་བྱེད་པ་དང༌། བདག་གསོད་པ་ལ་སོགས་པ་ལ་ཞུགས་པ་ལ་སྙིང་རྗེ་བྱ་བར་འོས་ཤིང་སྙིང་རྗེ་རྒྱ་ལ་མ་སྐྱེས་ནའང་དེ་དག་ལ་ཁྲོ་བར་འགྱུར་བ་ཅིའི་ཐ་ཚིག་ཡིན་ཏེ། ཁྲོ་བ་ཤིན་ཏུ་མི་རིགས་ སོ། །གཉིས་པ་ལ་གསུམ། བྱིས་པ་རང་གི་རང་བཞིན་ཡིན་ན་ཁྲོ་བར་མི་རིགས་པ་དང༌། གནོད་པ་བྱེད་པའི་སྐྱོན་དེ་གློ་བུར་བ་ཡིན་ན་ཡང་ཁྲོ་བར་མི་རིགས་པ་དང༌། དངོས་སམ་བརྒྱུད་པའི་རྒྱུ་ལ་བརྟགས་ནས་ཁྲོ་བར་མི་རིགས་པའོ། །དང་པོ་ནི། གལ་ཏེ་གཞན་ལ་འཚེ་བར་བྱེད་པ་བླང་དོར་མི་ཤེས་ཤིང་ཤེས་ཀྱང་ཉོན་མོངས་ཤས་ཆེ་བའི་བྱིས་པ་རྣམས་ཀྱི་རང་བཞིན་ཡིན་ན་དེ་ལ་ཁྲོ་བར་མི་རིགས་ཏེ་བསྲེག་པའི་རང་བཞིན་གྱི་མེ་ལ་ཞེ་བཀོན་ཞིང་ཁྲོ་བར་བྱེད་པ་མི་རིགས་པ་དང་འདྲའོ། །གཉིས་ པ་ནི། འོན་ཏེ་གཞན་ལ་འཚེ་བའི་སྐྱོན་འདི་གློ་བུར་དུ་བྱུང་ལ་སེམས་ཅན་གྱི་རང་བཞིན་མཛངས་ཤིང་ངེས་པ་ཡིན་ནའང༌། འོ་ནའང་གནོད་བྱེད་ལ་ཁྲོ་བར་མི་རིགས་ཏེ་ནམ་མཁའ་ལ་གློ་བུར་དུ་དུད་པ་འཐུལ་ན་ནམ་མཁའ་ལ་ཞེ་དཀོན་ཞིང་སྐམ་པ་ མི་རིགས་པ་བཞིན་ནོ། །གསུམ་པ་ནི། ཕ་རོལ་པོས་གནོད་པ་བྱས་པས་ཁྲོ་བར་རིགས་སོ་ཞེ་ན། དངོས་སུ་གནོད་བྱེད་ལ་ཁྲོ་ན་དབྱུག་པ་དང་མཚོན་ལ་སོགས་པ་དངོས་སུ་བཀོལ་ཏེ་དེ་དག་གིས་གནོད་པ་བྱས་པས། དེ་ལ་ཁྲོ་བར་རིགས་ལ་དེས་རང་ དབང་དུ་གནོད་པ་བྱས་པ་མ་ཡིན་གྱི་སྐྱེས་བུས་འཕངས་པས་གལ་ཏེ་འཕེན་པར་བྱེད་པ་ལ་ཁྲོ་ན། སྐྱེས་བུ་དེ་ཡང་ཞེ་སྡང་གིས་རང་དབང་མེད་པར་རྦད་པས་ཉིས་ན་སྟེ་གཉིས་སུའམ། ཅིས་ཀྱང་ཁྲོ་ན་ཞེ་སྡང་ལ་ཁྲོ་བར་རིགས་སོ། །གསུམ་པ་ལ་

Page: 131 ༄༅། །གཉིས། དངོས་ཀྱི་དོན་དང༌། རྩོད་པ་སྤང་བའོ། །དང་པོ་ལ་ལྔ། གཞན་གྱིས་རང་ལ་གནོད་པ་བྱེད་པ་རང་གི་ཉེས་པར་བསམ་པ་དང༌། སྡུག་བསྔལ་གྱི་རྒྱུ་ལུས་བཟུང་བའི་ཉེས་དམིགས་ཡིན་པ་དང༌། སྐྱེ་བ་སྔ་མར་སྡུག་ བསྔལ་གྱི་རྒྱུ་ལ་སྲེད་པ་བྱས་པའི་ཉེས་དམིགས་ཡིན་པ་དང༌། རང་གི་ལས་ཀྱིས་གཞན་སྡུག་བསྔལ་གྱི་རྒྱུ་ལ་སྦྱར་བ་ཡིན་པས་དེ་ལ་ཁྲོ་བར་མི་རིགས་པ་དང༌། ཁྲོ་བ་ཉིད་ཕྱིན་ཅི་ལོག་ཅིང་མི་རིགས་པའོ། །དང་པོ་ནི། བདག་གིས་སྔོན་ཆད་ ཚེ་སྔ་མ་ལ་སེམས་ཅན་ལ་རང་ལ་འབྱུང་བ་འདི་འདྲ་བའི་གནོད་པ་བྱས་པ་དེ་བས་ན་སེམས་ཅན་འཚེ་བར་བྱེད་པ་བདག་ལ་ད་ལྟ་བྱུང་བའི་གནོད་པ་འདི་ལྟ་བུ་འབྱུང་རིགས་སྙམ་དུ་བསམས་ལ་བཟོད་པར་བྱའོ། །གཉིས་པ་ནི། རྒྱུ་མཚན་ འདིས་ཀྱང་ཁྲོ་བར་མི་རིགས་ཏེ་ཕ་རོལ་པོ་དེའི་མཚོན་དང་བདག་གི་ལུས་གཉིས་ཀ་རང་གི་སྡུག་བསྔལ་གྱི་རྒྱུ་ཡིན་ཏེ། འདི་ལྟར་གང་ཟག་དེས་མཚོན་ཕྱུང་། བདག་གིས་ལུས་ཕྱུང་ནས་གཉིས་ཀས་རང་གི་སྡུག་བསྔལ་བྱས་པ་ཡིན་ན་གང་ཞིག་ ལ་ནི་ཁྲོ་བར་བྱ་ཕ་རོལ་འབའ་ཞིག་ལ་ཁྲོ་བར་མི་རིགས་སོ། །ཤུ་བ་མིའི་གཟུགས་འདྲ་བ་ཅུང་ཟད་ཙམ་ཡང་རེག་ཏུ་མི་བཟོད་པའི་སྡུག་བསྔལ་ཅན་ལུས་སོགས་ལ་སྲེད་པ་དང༌། མ་རིག་པས་བློ་གྲོས་ཀྱི་མིག་མདོངས་པ་བདག་གིས་བཟུང་བར་ གྱུར་ན་ཚེར་མས་ཀྱང་འཇོམས་ནུས་པས་དེ་ལ་གནོད་པ་སུ་ལ་ཁྲོ་རང་གི་ཉེས་པའོ་སྙམ་དུ་བསམ་པར་བྱའོ། །གསུམ་པ་ནི། བྱིས་པ་རྣམས་སྡུག་བསྔལ་མི་འདོད་ཅིང་སྲོག་གཅོད་སོགས་སྡུག་བསྔལ་གྱི་རྒྱུ་ལ་བརྐམ་ཞིང་སྲེད་པས་ན་སྔར་གྱི་

Page: 132 རང་གི་ཉེས་པས་འཕངས་ནས་འབྲས་བུ་རང་ལ་གནོད་པ་བྱུང་བར་གྱུར་པ་ལ། གཞན་ལ་བཀོན་དུ་ཅི་ཞིག་ཡོད་རང་གི་ཉེས་པ་འབའ་ཞིག་གིས་བྱས་པའོ། །དཔེར་ན་དམྱལ་བའི་སྲུང་མ་དང་རལ་གྲི་ལོ་མའི་ནགས་ཚལ་སོགས་ཀྱིས་རང་ལ་སྡུག་ བསྔལ་བསྐྱེད་པ་གཞན་གྱིས་ཆེད་དུ་མ་བྱས་ཀྱང༌། རང་གི་ལས་ཀྱིས་བྱུང་བས་དེ་ལ་ཁྲོར་མེད་པ་ལྟར་རང་གི་ལས་ཀྱིས་ཚེ་འདིའི་གནོད་པ་བསྐྱེད་པ་ཡིན་ན་གང་ཞིག་ལ་ནི་ཁྲོ་བར་བྱ། རང་གི་ཉེས་པ་འབའ་ཞིག་ཡིན་པས་ཕྱིན་ཆད་སྡུག་བསྔལ་ གྱི་རྒྱུ་སྤང་བ་ལ་འབད་པར་བྱའོ། །བཞི་པ་ནི། གཞན་ཡང་བདག་གི་སྔོན་གྱི་མི་དགེ་བའི་ལས་ཀྱིས་བསྐུལ་བར་བྱས་ནས་ཚེ་འདིར་བདག་ལ་གནོད་བྱེད་གང་ཟག་ཕ་རོལ་པོ་རྣམས་འབྱུང་སྟེ། བདག་ལ་གནོད་པ་བྱས་པ་དེ་ཡིས་གང་ཟག་དེ་ དག་སེམས་ཅན་དམྱལ་བར་འདོར་བར་འགྱུར་ན་བདག་གིས་གང་ཟག་དེ་དག་མ་བརླག་གམ་ཞེས་རང་གི་སེམས་ལ་འབོད་པར་བྱེད་པ་ཡིན་ཏེ་བརླག་པར་བྱས་ཞེས་པའོ། །ལྔ་པ་ནི། གཞན་ཡང་གང་ཟག་འདི་དག་ལ་ནི་བཟོད་པའི་དམིགས་ རྟེན་བཅས་ནས་བཟོད་པ་བསྒོམས་པས་བདག་གི་སྡིག་པ་མང་དུ་འབྱུང་ལ། བདག་ལ་བརྟེན་ནས་གང་ཟག་དེ་དག་ནི་ཡུན་རིང་པོར་སྡུག་བསྔལ་འབྱུང་བའི་དམྱལ་བར་དོང་བར་འགྱུར་བས། བདག་ནི་དགྲ་དེ་ལ་གནོད་བྱེད་ཡིན་ལ་དེ་དག་བདག་ ལ་ཕན་འདོགས་བྱེད་ཡིན་ན་ཕན་འདོགས་བྱེད་ལ་ཁྲོ་བ་བསྒོམ་པ་ཕྱིན་ཅི་ལོག་ཏུ་ཅིའི་ཕྱིར་མ་རུངས་པའི་སེམས་ཁྱོད་ཁྲོ་བར་བྱེད་དགའ་བར་རིགས་སོ། །གཉིས་པ་ལ་གསུམ། གཞན་རང་ལ་ཕན་བྱེད་དུ་མི་འཐད་པ་སྤང་པ་དང༌། རང་གཞན་ལ་གནོད་

Page: 133 ༄༅། །བྱེད་དུ་མི་འཐད་དུ་སྤང་བ་དང༌། ཕན་འདོགས་བྱེད་ལ་ལོག་པར་བསྒྲུབ་པ་དགག་པའོ། །དང་པོ་ནི། འོ་ན་གཞན་གྱི་སྡིག་རྐྱེན་བྱས་པས་བདག་ཀྱང་དམྱལ་བར་འགྲོ་བར་འགྱུར་རོ་ཞེ་ན། གལ་ཏེ་བདག་ལ་འདིས་ ཕན་བཏགས་སྙམ་པའི་བསམ་པ་ཡི་ཡོན་ཏན་བཟོད་པ་ཡོད་ན་བདག་དམྱལ་བར་མི་འགྲོ་ཞིང་སྡིག་པ་དག་པར་འགྱུར་རོ། །གཉིས་པ་ནི། ཕ་རོལ་པོ་བདག་གི་སྡིག་པའི་འབྲས་བུ་ཟད་བྱེད་ཡིན་ཅིང་བདག་ལ་ཕན་འདོགས་བྱེད་ཡིན་པས་དེ་ ཡང་དམྱལ་བར་མི་འགྲོའོ་ཞེ་ན། གལ་ཏེ་བདག་གིས་གནོད་བྱེད་ལ་བཟོད་པ་བསྒོམས་པས་བདག་སྡིག་པ་ལས་བསྲུངས་ན་གང་ཟག་དེ་དག་ལ་འདིར་བསོད་ནམས་ཅི་ཞིག་བྱུང༌། དགེ་བའི་ལས་མ་བྱས་པར་གནོད་པ་འབའ་ཞིག་བྱས་པས་ སོ། །གསུམ་པ་ནི། གནོད་པ་བྱེད་པ་ཕན་འདོགས་བྱེད་ཡིན་ན་རང་གིས་ཀྱང་གནོད་ལན་བྱེད་པར་རིགས་སོ་ཞེ་ན། འོན་ཏེ་གནོད་ལན་དུ་གནོད་པ་བྱས་ན་གནོད་བྱེད་དེ་དག་བསྲུངས་པར་མ་གྱུར་ལ་དགེ་སྦྱོང་གི་ཆོས་བཞི་དང་བྱམས་ སྙིང་རྗེ་སྒོམ་པར་ཁས་བླངས་པའི་བདག་གི་སྤྱོད་པའང་ཉམས་པར་འགྱུར་ཞིང༌། དེས་ན་དཀའ་ཐུབ་ཀྱི་མཆོག་བཟོད་པའང་ཞིག་པར་འགྱུར་རོ། །གཉིས་པ་བརྙས་པ་སོགས་བསྒྲུབ་པ་ལ་བཟོད་པ་བྱ་རིགས་པ་ལ་བཞི། བརྙས་སྨོད་སོགས་ ཀྱིས་རང་གི་ལུས་ལ་མི་གནོད་པ་དང༌། ཁྲོ་བ་དང་འབྲེལ་བའི་གང་ཟག་ལ་རང་གིས་ཁྲོ་བར་མི་རིགས་པ་དང༌། རྙེད་པའི་བར་ཆད་བྱེད་པས་ཁྲོ་བར་མི་རིགས་པ་དང༌། གཞན་རང་ལ་མ་དད་པར་བྱེད་པས་ཁྲོ་བར་མི་རིགས་པའོ། །དང་པོ་ནི།

Page: 134 རང་གི་སེམས་བསྲུང་ན་ཡིད་ནི་ལུས་ཅན་མ་ཡིན་པས་ཚིག་རྩུབ་དང་མཚོན་ལ་སོགས་པ་སུས་ཀྱང་གང་དུའང་གཞོམ་མི་ནུས་པས་སོ། །དེས་ན་རྟོག་པས་ལུས་ལ་མངོན་པར་ཞེན་པས་ན་ལུས་ནི་སྡུག་བསྔལ་དག་གིས་གནོད་པས་ཁྲོ་བར་བྱེད་ དོ་ཞེ་ན། གཞན་གྱིས་རང་ལ་བརྙས་པ་དང་ཚིག་རྩུབ་སྨྲ་བ་དང༌། མི་སྙན་པ་ཡི་ཚིག་དེ་ཡིས་རང་གི་ལུས་ལ་ཅུང་ཟད་ཀྱང་གནོད་པར་མི་འགྱུར་ན་སེམས་ཁྱོད་ཅིའི་ཕྱིར་རབ་ཏུ་ཁྲོ་ཁྲོ་བར་མི་རིགས་སོ། །གཉིས་པ་ནི། གཞན་དག་བདག་ལ་མི་ དགའ་བ་དེས་ནི་ཚེ་འདི་འམ་ཚེ་རབས་གཞན་ལ་བདག་ལ་གནོད་ཅིང་ཟ་བར་མི་བྱེད་ན་བདག་ནི་ཅིའི་ཕྱིར་དེ་མི་འདོད་ཅིང༌། དོན་མེད་པའི་སྡུག་བསྔལ་གྱི་རྒྱུ་སྒྲུབ་པར་བྱེད་མི་འདོད་པར་མི་རིགས་སོ། །གསུམ་པ་ལ་ལྔ། རྙེད་པ་མྱུར་དུ་འཇིགས་པས་དེའི་བར་ ཆད་ལ་ཁྲོ་བར་མི་རིགས་པ་དང༌། ལོག་པའི་རྙེད་པ་བསྒྲུབ་པ་དགག་པ་དང༌། རྙེད་པ་ལ་སྲེད་པ་མི་རིགས་པ་དཔེས་བསྒྲུབ་པ་དང༌། རྙེད་པ་ལ་སྲེད་པར་མི་རིགས་པའི་རྒྱུ་མཚན་དང༌། རྙེད་པ་སྒྲུབ་རིགས་པ་དགག་པའོ། །དང་པོ་ནི། བརྙས་སྨོད་ སོགས་ཀྱིས་རང་གི་རྙེད་པའི་བར་ཆད་བྱེད་པའི་ཕྱིར་གལ་ཏེ་བརྙས་པ་སོགས་གསུམ་པོ་འདི་བདག་མི་འདོད་ཅེ་ན། གང་གི་དོན་དུ་ཁྲོ་བ་སྒོམ་པས་བདག་གི་རྙེད་པ་ཚེ་འདིར་ཡང་མྱུར་དུ་འདོར་གྱིས་ཁྲོ་བའི་སྡིག་པ་དག་ནི་རྒྱུད་ལ་བརྟན་པར་གནས་ པས་རྙེད་པ་མ་གྲུབ་ཀྱང་སླའི་ཁྲོ་བར་མི་རིགས་སོ། །གཉིས་པ་ནི། བདག་ནི་རྙེད་པ་མེད་པར་དེང་སང་ཉིད་ཤི་ཡང་སླའི་གཞན་ལ་ཁྲོས་པའི་རྙེད་པ་ཐོབ་པའི་ལོག་འཚོ་ལ་བརྟེན་ནས་ཡུན་རིང་པོ་གསོན་དུ་མི་རུང་ངོ༌། །བདག་ལྟ་བུ་ཡུན་རིང་པོ་གནས་

Page: 135 ༄༅། །པར་གྱུར་ཀྱང་མཐར་ཐམས་ཅད་དོར་ནས་འཆི་བའི་སྡུག་བསྔལ་དེ་ཉིད་ལས་མ་འདས་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། རྨི་ལམ་དུ་ལོ་བརྒྱར་བདེ་བ་མྱོང་བ་རྨིས་ནས་སད་པར་གྱུར་པ་གང་ཡིན་པ་དང༌། གཞན་ཞིག་ ཡུད་ཙམ་བདེ་བ་མྱོང་བ་རྨིས་ནས་སད་པར་གྱུར་པ་གང་ཡིན་པ་སད་པར་གྱུར་པའི་ཚེ་དེ་དག་གཉིས་ཀ་ལའང་བདེ་བ་དེ་ནི་ཕྱིར་འོང་བ་མེད་པ་དེ་བཞིན་དུ། ཚེ་རིང་བ་དང་ཚེ་ཐུང་ངུར་བདེ་བ་སྤྱད་པ་གཉིས་ཀ་ཡང་འཆི་བའི་དུས་ན་དྲན་པའི་ཡུལ་ཙམ་དུ་ འགྱུར་བ་དེ་འདྲར་ཟད་པས་རྙེད་པ་ལ་སྲེད་པར་མི་རིགས་སོ། །བཞི་པ་ནི། རྙེད་པ་མང་པོ་ཐོབ་པར་གྱུར་ཏེ། དེ་ལ་ཡུན་རིང་པོའི་དུས་སུ་བདེ་བ་སྤྱད་ཀྱང་འཆི་བའི་དུས་སུ་ཆོམ་པོས་ཕྲོགས་པ་ཇི་བཞིན་དུ་གོས་མེད་པའི་སྒྲེན་མོ་དང༌། ནོར་མེད་ པའི་ལག་པ་སྟོངས་པར་འགྲོ་དགོས་སོ། །ལྔ་པ་ནི། གལ་ཏེ་རྙེད་པས་ཡུན་རིང་པོར་གསོན་པར་གྱུར་ན་སྟོབས་བཞིས་སྡིག་པ་ཟད་པ་དང༌། བསོད་ནམས་འཕེལ་བའི་ཆེད་དུ་རྙེད་པ་སྒྲུབ་པར་བྱ་ཞེ་ན། རྙེད་པའི་དོན་དུ་ཁྲོས་པར་གྱུར་ན་བསྐལ་ པ་སྟོང་དུ་བསགས་པའི་བསོད་ནམས་ཟད་ནས་སྡིག་པ་ཐོབ་པར་མི་འགྱུར་རམ་སྟེ་འགྱུར་ན་དགོས་པ་གང་གི་དོན་དུ་བདག་གསོན་པ་དེ་ཉིད་གལ་ཏེ་བདག་ཉིད་ཉམས་པའི་རྐྱེན་དུ་གྱུར་ན་སྡིག་པ་འབའ་ཞིག་བྱེད་པའི་གསོན་པ་དེས་ཀོ་དེས་ནི་ཅི་ཞིག་ བྱ་དགོས་པ་མེད་དོ། །བཞི་པ་ལ་གཉིས། རང་ལ་མི་སྙན་པ་སྨྲ་བ་དད་པ་ཉམས་བྱེད་ཡིན་པས་ཁྲོ་ན་གཞན་ལ་མི་སྙན་པ་སྨྲ་བ་ལ་ཡང་ཁྲོ་བར་རིགས་པ་དང༌། གཞན་ལ་མ་དད་པ་ལ་བཟོད་ན་ཉོན་མོངས་ཀྱི་རྐྱེན་གྱིས་རང་ལ་མ་དད་པ་ལ་ཡང་བཟོད་

Page: 136 རིགས་པའོ། །དང་པོ་ནི། གལ་ཏེ་རྙེད་པའི་བར་ཆད་བྱེད་པ་ལ་ཁྲོ་བར་མི་རིགས་ཀྱང་མི་སྙན་པ་བརྗོད་ན་རང་ལ་དད་པའི་སེམས་ཅན་གྱི་དད་པ་ཉམས་པར་བྱེད་པས་རང་ལ་མི་སྙན་པ་སྨྲ་བ་ལ་ཁྲོའོ་ཞེ་ན། གཞན་གྱི་དགེ་བ་ཉམས་བྱེད་ལ་ཁྲོ་ན་གང་ ཟག་གཞན་ལ་མི་སྙན་པ་བརྗོད་པ་ལའང་ཁྱོད་དེ་བཞིན་དུ་ཅི་སྟེ་ཁྲོ་མི་བྱེད། དེས་ཀྱང་གཞན་ལ་དད་པའི་དགེ་བ་ཉམས་པར་བྱེད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་སེམས་ཅན་གཞན་ལ་མ་དད་པ་ནི་དམིགས་ཡུལ་གང་ཟག་གཞན་ལ་རག་ལས་ པས་གང་ཟག་གཞན་ལ་མི་སྙན་པ་བརྗོད་པ་དང༌། གཞན་ལ་དད་པ་མེད་པ་ལ་ཁྱོད་མི་ཁྲོ་བར་བཟོད་ན་འོ་ན་རང་ཉིད་ལ་མི་སྙན་པ་སྨྲ་བ་ལ་ཡང་སེམས་ཁྱོད་ཅིས་མི་བཟོད་དེ་བཟོད་རིགས་པར་ཐལ། དེ་ཡང་ཕ་རོལ་པོའི་ཉོན་མོངས་སྐྱེས་པ་ལ་རག་ལས་ པའི་ཕྱིར་རོ། །གཉིས་པ་བདག་གི་བཤེས་ལ་ཉེས་པ་བྱེད་པ་ལ་ཁྲོ་བ་དགག་པ་ལ་གཉིས། ཆོས་ལ་ངེས་པར་སེམས་པའི་བཟོད་པས་དགག་པ་དང༌། གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པས་དགག་པའོ། །དང་པོ་ལ་གཉིས། སྐུ་གཟུགས་ སོགས་ལ་གནོད་པ་བྱེད་པ་ལ་ཁྲོ་མི་རིགས་པའི་རྒྱུ་མཚན་དང༌། དེ་བཞིན་དུ་བཤེས་ལ་གནོད་པ་བྱེད་པ་ལ་བཟོད་རིགས་པའོ། །དང་པོ་ནི། རང་ཉིད་ལ་གནོད་པ་བྱེད་པ་ལ་ཁྲོ་བར་མི་རིགས་ཀྱང་དཀོན་མཆོག་ལ་གནོད་པ་བྱེད་པ་ལ་ཁྲོས་ཀྱང་ཉེས་ པ་མེད་དོ་ཞེ་ན། སངས་རྒྱས་ཀྱི་སྐུ་གཟུགས་དང་བྱང་ཆུབ་ཆེན་པོའི་མཆོད་རྟེན་སོགས་དང་དམ་པའི་ཆོས་ལ་ངག་གིས་འཁྱལ་ཞིང་སྐྱོན་བརྗོད་པ་དང༌། ལུས་ཀྱིས་འཇིག་པར་བྱེད་པ་ལའང་བདག་གིས་ཞེ་སྡང་བྱ་བར་མི་རིགས་ཏེ་སངས་རྒྱས་སོགས་

Page: 137 ༄༅། །དཀོན་མཆོག་གསུམ་ལ་གནོད་པ་མི་མངའ་ཞིང་གནོད་བྱེད་ནི་སྙིང་རྗེའི་གནས་ཡིན་པས་བརྩེ་བ་བྱ་བར་རིགས་སོ། །དཀོན་མཆོག་གསུམ་ལ་ཡིད་མི་བདེས་སེམས་གཟིར་བའི་རྐྱེན་ལས་མི་འབྱུང་བའི་དོན་ནོ། །གཉིས་པ་ནི། རང་ ལ་ཆོས་སྟོན་པའི་བླ་མ་དང་དུས་གཅིག་པའི་གཉེན་ལ་སོགས་པ་དང་མཛའ་བཤེས་ལ་གནོད་པ་བྱེད་པ་རྣམས་ལའང་གཞན་གྱིས་གནོད་པ་བྱེད་པ་མཐོང་ན་ཁྲོ་བར་མི་རིགས་ཏེ་གཉེན་ལ་སོགས་པ་དེ་དག་གིས་སྔོན་མི་རིགས་པ་བྱས་པའི་ལས་ཀྱིས་ བསྐུལ་བའི་སྔ་མ་སྔར་བཤད་པའི་ཚུལ་གྱིས་ལས་ཀྱི་རྐྱེན་དག་ལས་འབྱུང་བར་འགྱུར་བ་མཐོང་ནས་རང་ཉིད་ཁྲོ་བ་ལྡོག་པར་བྱའོ། །གཉིས་པ་ལ་བཞི། སེམས་ཡོད་འབའ་ཞིག་ལ་ཁྲོ་བར་མི་རིགས་པ་དང༌། ཁྲོ་བར་མི་རིགས་པའི་རྒྱུ་ མཚན་དང༌། རང་གི་ཉེས་པར་བསམ་པ་དང༌། བཟོད་པའི་ཕན་ཡོན་བསམ་པའོ། །དང་པོ་ནི། རང་གི་གཉེན་ལ་སོགས་པའི་ལུས་ཅན་རྣམས་ལ་དགྲ་ལ་སོགས་པའི་སེམས་ཡོད་དང༌། མཚོན་ཆ་ལ་སོགས་པའི་སེམས་མེད་གཉིས་ཀས་གནོད་ པ་བྱས་པར་འདྲ་ན་སེམས་ཡོད་ཁོ་ན་ལ་ཅི་སྟེ་དམིགས་ཀྱིས་བཀར་ཏེ་ཞེ་བཀོན་ཞིང་ཞེ་འཁང་པར་བྱེད་པ་མི་རིགས་པ་བདེ་བས་ན་གཉེན་ལ་གནོད་པ་བཟོད་པར་གྱིས་ཤིག་པའོ། །གཉིས་པ་ནི། གང་ཟག་ལ་ལ་ལས་འབྲས་ལ་རྨོངས་པས་གསོད་པ་ ལ་སོགས་པའི་གནོད་པ་བྱེད་ལ། གང་ཟག་ལ་ལ་ཁྲོ་བའི་ཉེས་དམིགས་ལ་རྨོངས་ཏེ་ཁྲོས་པར་གྱུར་ན་གཉིས་པོ་དེ་ལ་སྐྱོན་མེད་པ་གང་གིས་བྱ། སྐྱོན་དང་བཅས་ཏེ་གང་ཞིག་ཡིན་གཉིས་ཀ་སྐྱོན་ཅན་དུ་མཚུངས་པས་གནོད་བྱེད་ལ་ལན་དུ་ཁྲོ་བ་བྱ་བར་

Page: 138 མི་རིགས་སོ། །གསུམ་པ་ནི། ལས་གང་གིས་གཞན་དག་རང་ལ་གནོད་པ་བྱེད་པའི་ལས་དེ་སྔོན་ཆད་ཅིའི་ཕྱིར་བྱས་བྱེད་དོན་མེད་པ་ལ་རང་ལ་གནོད་པ་བྱུང་བ་ཐམས་ཅད་རང་གི་ལས་ངན་ལ་རག་ལས་ནས་འབྱུང་བ་ཡིན་ན་བདག་གིས་ཕ་རོལ་པོ་ འདི་ལ་ཅི་སྟེ་ཞེ་བཀོན་པར་བྱེད། གནོད་པ་དང་སྡུག་བསྔལ་ཐམས་ཅད་ལས་ལས་བྱུང་བ་དེ་ལྟར་མཐོང་ནས་ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ཕན་ཚུན་གཅིག་ལ་གཅིག་བྱམས་པའི་སེམས་སུ་འགྱུར་བ་ནམ་ཞིག་ན་འོང་ན་དེ་ལྟར་བྱའོ་སྙམ་དུ་ བདག་གིས་ནི་སྙིང་རྗེ་ལ་སོགས་པའི་བསོད་ནམས་དག་ལ་བསྒྲིམས་ཏེ་བྱའོ། །བཞི་པ་ལ་གསུམ། བདག་གི་དགེ་བ་མི་ཉམས་པའི་དོན་དུ་འབད་པ་དང༌། སྡུག་བསྔལ་ཆུང་ངུ་དང་དུ་བླངས་ནས་དམྱལ་བའི་སྡུག་བསྔལ་གྱི་རྒྱུ་ལྡོག་པར་བྱ་བ་དང༌། དོན་ཆེན་པོ་སྒྲུབ་པའི་དཀའ་སྤྱད་ལ་དགའ་བར་རིགས་པའོ། །དང་པོ་ནི། དཔེར་ན་ཁྱིམ་ཚིག་པར་གྱུར་པའི་མེ་ཁྱིམ་གཞན་ཞིག་ཏུ་སོང་ནས་ནི་རྩྭ་དང་ཤིང་ལ་སོགས་གང་ལ་མཆེད་ནས་ཁྱིམ་ནོར་དང་བཅས་པ་ཚིག་པར་བྱེད་པར་གྱུར་ན། ཁྱིམ་ ནོར་དང་བཅས་པ་བསྲུང་བའི་དོན་དུ་རྩ་ལ་སོགས་པའི་དེ་ནི་ཕྱུང་སྟེ་དོར་བར་རིགས་ཀྱི་ཆགས་པར་མི་རིགས་པ་དེ་བཞིན་དུ། གཉེན་ལ་སོགས་པ་གང་ལ་སེམས་ཆགས་ནས་དེ་དག་ལ་གནོད་པ་བྱུང་བའི་རྐྱེན་གྱིས་ཞེ་སྡང་གི་མེ་ནི་མཆེད་པར་གྱུར་པས་དགེ་ བའི་བསོད་ནམས་ཀྱི་ནོར་ཚིག་པར་དོགས་པ་ཡིས་ཆགས་པའི་གཞི་དེ་ནི་དེའི་མོད་ལ་དོར་བར་རིགས་ཀྱི་ཆགས་པར་མི་རིགས་སོ། །གཉིས་པ་ལ་གཉིས། དཔེ་དང༌། དོན་ནོ། །དང་པོ་ནི། གཉེན་བཤེས་དང་བྲལ་ན་སྡུག་བསྔལ་མྱོང་བར་འགྱུར་རོ་

Page: 139 ༄༅། །ཞེ་ན། གསོད་པར་འོས་པའི་མི་ཞིག་ལག་པ་བཅད་དེ་གལ་ཏེ་བསད་པ་ལས་ཐར་ན་ཅིས་མ་ལེགས་ཏེ་ལེགས་པ་དེ་བཞིན་དུ། གལ་ཏེ་མིའི་སྡུག་བསྔལ་བཀྲེས་སྐོམ་ཙམ་གྱིས་དམྱལ་བའི་སྡུག་བསྔལ་དང་བྲལ་ན་ཅིས་མ་ ལེགས་སྡུག་བསྔལ་ཆུང་ངུ་དང་དུ་བླངས་ནས་ཆེན་པོ་ལྡོག་པར་རིགས་སོ། །གཉིས་པ་ནི། སྡུག་བསྔལ་འདི་ཙམ་མི་བཟོད་དོ་ཞེ་ན། བཀྲེས་སྐོམ་དང་མཚོན་ཅུང་ཟད་བསྣུན་པ་སོགས་ད་ལྟའི་སྡུག་བསྔལ་འདི་ཙམ་ལའང་བདག་གིས་བཟོད་ པར་མི་ནུས་ན་རྒྱུ་མཚན་དེས་ན་དམྱལ་བའི་སྡུག་བསྔལ་གྱི་རྒྱུ་ཁྲོ་བ་ཅི་སྟེ་ལྡོག་པར་མི་བྱེད་འབད་པས་ལྡོག་པར་བྱའོ། །གསུམ་པ་ལ་གཉིས། སྔར་ལུས་ཇི་ཙམ་ཆུད་ཟོས་ཀྱང་རང་དོན་དང་གཞན་དོན་གང་ཡང་མ་གྲུབ་པས་འགྱོད་པ་དང༌། ད་ལྟའི་དཀའ་སྤྱད་བཟོད་པར་བྱས་ནས་འགྲོ་བ་མཐའ་དག་གི་དོན་བསྒྲུབ་པ་ལ་དགའ་བར་རིགས་པའོ། །དང་པོ་ནི། སྔར་བདག་གིས་ཕྱིན་ཅི་ལོག་གི་ཡུལ་ལ་སྲེད་པའི་འདོད་པའི་དོན་དུ་ལས་ངན་པ་ལ་ཞུགས་པས་བསྲེག་པ་ལ་སོགས་པ་དམྱལ་ བར་སྡུག་བསྔལ་བསྐལ་པ་སྟོང་ཕྲག་མྱོང་བར་གྱུར་ཀྱང༌། བདག་གིས་རང་གི་དོན་དང་ནི་གཞན་གྱི་དོན་ཀྱང་ཅུང་ཟད་ཙམ་ཡང་མ་བྱས་སོ། །གཉིས་པ་ནི། གཞན་དོན་སྒྲུབ་པའི་དུས་ཀྱི་དཀའ་སྤྱད་འདི་ནི་དེ་ཙམ་དུ་གནོད་པ་མིན་པ་དེ་ལ་བརྟེན་ ནས་དོན་ཆེན་དག་ཀྱང་འགྲུབ་པར་འགྱུར་བས་འགྲོ་བའི་གནོད་པ་མཐའ་དག་སེལ་བའི་དཀའ་སྤྱད་ཀྱི་སྡུག་བསྔལ་ལ་དང་དུ་བླངས་ནས་དགའ་བ་འབའ་ཞིག་འདིར་བྱ་བར་རིགས་སོ། །གསུམ་པ་བདག་གི་དགྲ་ལ་ལེགས་པ་བྱེད་པ་ལ་ཁྲོ་བ་

Page: 140 དགག་པ་ལ་གསུམ། དགྲ་ལ་བསྟོད་པ་དང་གྲགས་པ་བསྒྲུབ་པ་ལ་མི་བཟོད་པ་སྤང་བ་དང༌། བདེ་བ་བསྒྲུབ་པ་ལ་མི་བཟོད་པ་སྤང་བ་དང༌། རྙེད་པ་བསྒྲུབ་པ་ལ་མི་བཟོད་པ་སྤང་བའོ། །དང་པོ་ལ་གཉིས། རང་བདེ་བའི་རྒྱུ་ཡིན་པས་འདོད་རིགས་ པ་དང༌། གཞན་བདེ་བའི་རྒྱུ་ཡིན་པས་མི་འདོད་པ་མི་རིགས་པའོ། །དང་པོ་ནི། གང་ཟག་གཞན་གྱིས་བདག་གི་དགྲ་བོ་ལ་ཡོན་ཏན་དང་ལྡན་པ་ཡིན་ནོ་ཞེས་བསྟོད་ནས་གལ་ཏེ་བསྟོད་པ་པོ་དེ་ཉིད་ཀྱང་ཡིད་དགའ་བའི་བདེ་བ་ཐོབ་ན་བདག་གི་ཡིད་ ཁྱོད་ཀྱང་ནི་དགྲ་དེ་བསྟོད་ནས་ཅིའི་ཕྱིར་གང་ཟག་གཞན་དེ་ལྟར་དགའ་བར་མི་བྱེད་དེ་དེ་ལྟར་བྱས་ན་ཁྱོད་ཉིད་གཞན་གྱི་ཡོན་ཏན་ལ་དགའ་བའི་བདེ་བ་འདི། མ་འོངས་པ་ན་བདེ་བའི་འབྱུང་གནས་ཁ་ན་མ་ཐོ་བ་མེད་པར་རྒྱལ་བ་སྲས་བཅས་ཡོན་ ཏན་དང་ལྡན་པ་རྣམས་ཀྱིས་གནང་ཞིང་བསྔགས་པ་དང༌། གདུལ་བྱ་གཞན་སྡུད་པའི་མཆོག་ཀྱང་ཡིན་ནོ། །གཉིས་པ་ལ་གཉིས། གཞན་བདེ་བ་མི་འདོད་ན་རང་གི་བདེ་བ་ཉམས་པར་འགྱུར་བ་དང༌། དེས་ན་གཞན་བདེ་བ་འདོད་རིགས་པའོ། ། དང་པོ་ནི། གལ་ཏེ་གཞན་ལ་བསྟོད་པས་བསྟོད་ཡུལ་གཞན་ཡང་དེ་ལྟར་བདེ་བར་འགྱུར་རོ་ཞེས་གལ་ཏེ་ཁྱོད་གཞན་བསྟོད་པས་བདེ་བ་འདི་མི་འདོད་ན་རང་གི་བྲན་སོགས་ལ་གླ་རྔན་བྱིན་པས་དེ་བདེ་བར་འགྱུར་བས་གླ་རྔན་བྱིན་པ་སོགས་ ཀྱང་སྤང་དགོས་པས་དེ་ལ་སོགས་པ་སྤངས་པའི་ཕྱིར། ཚེ་འདིར་བྲན་གྱིས་ལས་མི་བྱེད་ཅིང་ཕྱི་མར་བདེ་བ་མི་མྱོང་བས་མཐོང་བ་ཚེ་འདི་དང༌། མ་མཐོང་བ་ཕྱི་མའི་བདེ་བ་ཉམས་པར་འགྱུར་རོ། །གཉིས་པ་ནི། གཞན་གྱིས་རང་གི་ཡོན་ཏན་

Page: 141 ༄༅། །བརྗོད་པའི་ཚེ་གཞན་བརྗོད་མཁན་ལའང་ཡིད་བདེ་བ་འདོད་པར་བྱེད་ལ་རང་གིས་གཞན་གྱི་ཡོན་ཏན་བརྗོད་པའི་ཚེ་བརྗོད་མཁན་རང་ལའང་བདེ་བ་མི་འདོད་པར་བྱེད་པ་མི་རིགས་ཤིང་འགལ་བས། རང་བསྟོད་པས་ གཞན་དགའ་བ་འདོད་པ་བཞིན་དུ་གཞན་བསྟོད་དེ་རང་དགའ་བར་བྱའོ། །གཉིས་པ་ནི། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བདེ་བ་ལ་འགོད་པར་འདོད་པས་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་པར་ཁས་བླངས་པ་ལ། སེམས་ཅན་རང་གིས་བདེ་བ་ཅུང་ཟད་ཙམ་རྙེད་ནས་འདོད་པ་གྲུབ་པ་ལ་ད་ཀོ་ད་ནི་ཁྱོད་ཅི་སྟེ་ཁྲོ་བར་བྱེད་དགའ་བར་རིགས་སོ། །གསུམ་པ་ལ་གཉིས། རང་གི་འདོད་པ་གྲུབ་པར་བསམ་པ་དང༌། མི་འདོད་པ་མེད་པར་བསམ་པའོ། །དང་པོ་ལ་ གསུམ། སེམས་ཅན་རང་གིས་རྙེད་པ་གྲུབ་པ་དགའ་བར་རིགས་པ་དང༌། དཔེ་དང༌། དེ་མི་འདོད་ན་བྱང་ཆུབ་ཀྱི་སེམས་ཉམས་པར་འགྱུར་བའོ། །དང་པོ་ནི། འཇིག་རྟེན་གསུམ་གྱིས་མཆོད་པའི་གནས་འཚང་རྒྱ་བར་སེམས་ཅན་ རྣམས་ནི་འདོད་ཅེས་ཁས་བླངས་ཤིང་དམ་བཅས་ན། སེམས་ཅན་དེ་དག་ལ་བསྙེན་བཀུར་ངན་ངོན་ཙམ་བྱུང་བ་མཐོང་ནས་ཅིའི་ཕྱིར་དེ་ལ་ཡིད་གདུང་བར་བྱེད། རང་གི་འདོད་པའི་ཕྱོགས་ཙམ་གྲུབ་པའོ། །གཉིས་པ་ནི། གསོ་བྱ་གང་ཞིག་ ཁྱོད་གསོ་བའི་བུ་ལ་སོགས་པ་ཁྱོད་ཉིད་ཀྱིས་ནི་སྦྱིན་པར་བྱ་དགོས་པ་དེ་ལ་ཁྱོད་ཀྱིས་སྦྱིན་མ་དགོས་པར་གཉེན་རང་ཉིད་ཀྱིས་འཚོ་བ་རྙེད་པར་གྱུར་ན་དགའ་བར་མི་འགྱུར་བར་སླར་ཁྲོའམ་ཅི། དགའ་བར་རིགས་སོ། །གསུམ་པ་ནི། ཟས་གོས་

Page: 142 ལ་སོགས་པའི་རྙེད་པ་ཅུང་ཟད་ཙམ་དེ་ཅི་འགྲོ་བ་ལ་མི་འདོད་ན་སེམས་ཅན་དེ་ལ་བྱང་ཆུབ་ཐོབ་པར་འདོད་པའི་གང་ཟག་དེ་གང་ཞིག་ཡིན། གང་ཟག་གང་ཞིག་གཞན་གྱི་འབྱོར་པ་ཕྲན་ཚེགས་ལ་ཁྲོ་བ་དེ་ལ་འགྲོ་བ་མཐའ་དག་བྱང་ཆུབ་ལ་འགོད་ འདོད་ཀྱི་བྱང་ཆུབ་ཀྱི་སེམས་ནི་ག་ལ་ཡོད། བྱང་ཆུབ་ཀྱི་སེམས་ཉམས་པར་འགྱུར་བས་གཞན་གྱི་རྙེད་བཀུར་ལ་ཕྲག་དོག་འབད་པས་སྤང་བར་བྱའོ། །གཉིས་པ་ལ་གསུམ། གཞན་གྱི་རྙེད་པ་ལ་ཕྲག་དོག་མི་རིགས་པ་དང༌། རང་གི་ཡོན་ཏན་ དོར་བར་མི་རིགས་པ་དང༌། རང་གི་སྡིག་པ་ལ་མྱ་ངན་བྱ་བར་རིགས་ཀྱི་གཞན་གྱི་དགེ་བ་ལ་ཕྲག་དོག་མི་རིགས་པའོ། །དང་པོ་ནི། གལ་ཏེ་དགྲ་དེས་སྦྱིན་བདག་དེ་ལས་ཟས་གོས་སོགས་རྙེད་དམ། འོན་ཏེ་སྦྱིན་བདག་རང་གི་ཁྱིམ་ན་གནས་པར་ གྱུར་པའི་ཟས་ནོར་ཡིན་ཡང་རུང༌། གནས་སྐབས་ཀུན་ཏུའང་དེ་ཁྱོད་ལ་མེད་པར་འདྲ་ན་དགྲ་ལ་བྱིན་ནམ་མ་བྱིན་ཡང་རུང༌། ཕྲག་དོག་དེས་ཅི་བྱ་མི་རིགས་སོ། །གཉིས་པ་ནི། གཞན་གྱི་རྙེད་པ་ལ་ཁོང་ཁྲོ་ཞིང་རང་ཉིད་རྙེད་པ་འདོད་ན་རྙེད་པ་ འབྱུང་བའི་རྒྱུ་བསོད་ནམས་དང་ནི་ཁྱིམ་བདག་དད་པའི་སྤྱོད་པའམ། ཚུལ་ཁྲིམས་དང་ཐོས་པ་སོགས་རང་གི་ཡོན་ཏན་ཡིན་པས་ཁོང་ཁྲོས་དེ་དག་ཅིའི་ཕྱིར་འདོར། རྙེད་པ་ཐོབ་པར་འགྱུར་བའི་རྒྱུ་མི་འཛིན་པར་འཇོམས་པ་རང་ཉིད་ལ་རྒྱུ་ མཚན་གང་གིས་ཁྲོ་བ་མི་བྱེད་པ་སྨྲོས་ཤིག །ཁྲོ་ན་རང་ཉིད་ལ་ཁྲོ་བར་རིགས་སོ། །གསུམ་པ་ནི། ཁྱོད་ནི་རྙེད་པ་མི་ཐོབ་པའི་རྒྱུ་སྔོན་རང་གིས་སྡིག་པ་བྱས་པ་ལ་མྱ་ངན་མེད་པར་མ་ཟད་ཀྱི། སྔོན་བསོད་ནམས་བྱས་པ་གཞན་དག་དང་ལྷན་

Page: 143 ༄༅། །ཅིག་འགྲན་ཅིང་མི་བཟོད་པར་ཕྲག་དོག་བྱེད་འདོད་དམ་བྱེད་པ་མི་རིགས་སོ།། །།བམ་པོ་གཉིས་པ།། །།གསུམ་པ་འདོད་པའི་གེགས་བྱེད་པ་ལ་ཁྲོ་བ་དགག་པ་ལ་གཉིས། དགྲ་ལ་གནོད་པ་འབྱུང་བའི་གེགས་བྱེད་ པ་ལ་མི་བཟོད་པ་མི་རིགས་པ་དང༌། རང་དང་རང་གི་ཕྱོགས་ལ་ཕན་པའི་གེགས་བྱེད་པ་ལ་མི་བཟོད་པ་མི་རིགས་པའོ། །དང་པོ་ལ་གསུམ། དགྲ་མི་དགའ་བས་རང་ལ་མི་ཕན་པ་དང༌། དགྲ་ལ་གནོད་སེམས་བསྐྱེད་པས་དེ་ལ་མི་གནོད་པ་ དང༌། རང་ལ་གནོད་པའོ། །དང་པོ་ནི། གལ་ཏེ་དགྲ་ལ་གནོད་པ་བྱུང་ན་དགའ་ཞིང་དེའི་གེགས་བྱེད་པ་ལ་ཁྲོ་ཞེ་ན། གལ་ཏེ་དགྲ་ཞིག་མི་དགའ་ཞིང་མི་བདེ་ནའང་དེ་ལ་ཁྱོད་དགའ་བར་བྱར་ཅི་ཞིག་ཡོད། ཁྱོད་ལ་ཕན་པ་མེད་ཅིང་གནོད་པའི་ ཕྱིར་རོ། །གཉིས་པ་ནི། དགྲ་ལ་གནོད་པ་བྱུང་ན་སྙམ་པའི་ཁྱོད་ཀྱི་ཡིད་སྨོན་ཙམ་གྱིས་ནི་དགྲ་དེ་ལ་གནོད་པའི་རྒྱུར་མི་འགྱུར་བས་ཁྱོད་ཀྱི་འདོད་དོན་ཅུང་ཟད་ཀྱང་མི་འགྲུབ་པས་ཁྲོ་བར་མི་རིགས་སོ། །གསུམ་པ་ལ་གཉིས། དགྲ་ལ་གནོད་པ་བྱུང་ བ་ལ་དགའ་བར་མི་རིགས་པ་དང། དེ་ལ་དགའ་བར་བཟུང་ན་རང་ཉིད་ལ་སྡུག་བསྔལ་ཆེན་པོའི་རྒྱུར་འགྱུར་བའོ། །དང་པོ་ནི། དགྲ་མ་རུངས་པར་གྱུར་ཅིག་སྙམ་པའི་ཁྱོད་ཀྱི་འདོད་པས་ཕ་རོལ་པོ་ལ་སྡུག་བསྔལ་དེ་གྲུབ་ནའང་ཁྱོད་དགྲར་ཅི་ཞིག་ ཡོད་ཕན་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་དགྲ་ལ་གནོད་པ་བྱུང་ན་འདོད་པ་གྲུབ་པས་འཚེངས་པར་འགྱུར་རོ་ཞེ་ན། གནོད་སེམས་དྲག་པོ་སྐྱེས་པ་དེ་ལས་ཕུང་བའི་ཐབས་གཞན་ཅི་ཡོད་ངན་འགྲོར་འགྲོ་བའི་ཕྱིར་རོ། །

Page: 144 དཔེར་ན་ཉ་པ་རྣམས་ཀྱི་ལྕགས་ཀྱུས་ཉ་བཟུང་སྟེ་འཚེད་པ་ལྟར་ཉོན་མོངས་པ་ཞེ་སྡང་གི་ཉ་པས་བཏབ་པ་ཡི་གནོད་སེམས་དྲག་པོའི་སྡིག་པའི་ལས་ཀྱི་འཆིལ་པ་ལྕགས་ཀྱུ་འདི་ནི་མི་བཟད་ཅིང་གཟེ་བས་ངེས་པར་ཟིན་པ་དེས་བཟུང་ནས་སེམས་ཅན་དམྱལ་ བའི་བུམ་པར་ཡང་སྟེ་ཟངས་སུ། དམྱལ་བའི་སྲུང་མས་བཅུག་ནས་བདག་འཚེད་པར་ངེས་པའི་ཕྱིར་རོ། །གཉིས་པ་ལ་གཉིས། འཇིག་རྟེན་པའི་ཆོས་ཀྱི་གེགས་བྱས་པ་ལ་ཁྲོ་བར་མི་རིགས་པ་དང༌། བསོད་ནམས་ཀྱི་གེགས་བྱས་པ་ལ་ཁྲོ་བར་ མི་རིགས་པའོ། །དང་པོ་ལ་གཉིས། རང་ལ་བསྟོད་པ་དང་གྲགས་པའི་གེགས་བྱས་པ་ལ་ཁྲོ་བར་མི་རིགས་པ་དང༌། ཕན་འདོགས་པར་བསམ་པའོ། །དང་པོ་ལ་བཞི། བསྟོད་གྲགས་ཙམ་ལ་དགོས་པ་མེད་པ་དང༌། ཡིད་དགའ་བ་ཙམ་འདོད་ དོན་དུ་མི་རིགས་པ་དང༌། དེ་ཙམ་འདོད་དོན་དུ་འཛིན་པ་ཕྱིན་ཅི་ལོག་ཡིན་པ་དང༌། ཕྱིན་ཅི་ལོག་ཡིན་པའི་རྒྱུ་མཚན་ནོ། །དང་པོ་ནི། རང་གི་བསྟོད་པ་དང་གྲགས་པའི་གེགས་བྱས་ན་མི་དགའོ་ཞེ་ན། དངོས་སུ་བསྟོད་པ་དང་ལྐོག་ཏུ་གྲགས་པའི་རིམ་ གྲོ་ནི་སྐྱེས་བུའི་འདོད་དོན་དུ་བརྗོད་པ་ལྔ་ལས་བསོད་ནམས་སུ་མི་འགྱུར་ཞིང༌། ཚེར་ཡང་མི་འགྱུར་ལ་བདག་སྟོབས་རྒྱས་པའི་རྒྱུར་ཡང་འགྱུར་བ་མིན་ལ། ལུས་བདེ་བར་ཡང་མི་འགྱུར་རོ། །དེ་བས་ན་བདག་ནི་རང་གི་དོན་དུ་འགྱུར་མི་འགྱུར་དཔྱོད་ ཤེས་པར་གྱུར་ན། བསྟོད་གྲགས་དེ་ལ་རང་གི་དོན་ཅི་ཞིག་ཡོད་ཅུང་ཟད་ཀྱང་མེད་དོ། །གཉིས་པ་ནི། ཡིད་བདེ་བ་ཙམ་འབའ་ཞིག་འདོད་དོན་ཡིན་ན་ནི་རྒྱན་པོ་འགྱེད་པ་དང་གླུ་གར་དང་གཞན་གྱི་བུད་མེད་བསྟེན་པ་སོགས་དང་ཆང་ཡང་བསྟེན་

Page: 145 ༄༅། །དགོས་སོ། །གསུམ་པ་ལ་གཉིས། བསྟོད་གྲགས་ཙམ་ལ་དགོས་པ་མེད་པ་དང༌། དེ་ཉམས་པ་ལ་མི་དགའ་བ་བྱིས་པ་དང་མཚུངས་པའོ། །དང་པོ་ནི། དོན་མེད་པ་ཙམ་དུ་མ་ཟད་གཏོང་ཕོད་པར་གྲགས་པའི་དོན་དུ་ ཟད་པར་ནོར་གཏོང་ཞིང་དཔའ་བོར་གྲགས་པ་འདོད་ནས་གཡུལ་དུ་ཞུགས་ཏེ། བདག་ཉིད་ཀྱང་ནི་གསོད་པར་བྱེད་ན་བསྟོད་གྲགས་ཀྱི་ཚིག་འབྲུ་རྣམས་ཀྱིས་ཅི་ཞིག་བྱ། རང་ཤི་ན་བསྟོད་གྲགས་དེས་ཀོ་སུ་ལ་བདེ་བ་བསྐྱེད་ལེགས་པར་ བསམ་པར་བྱའོ། །གཉིས་པ་ནི། དཔེར་ན་བྱེ་མའི་ཁང་བུ་རྡིབ་པར་གྱུར་ན་བྱིས་པ་རྣམས་ནི་ག་ཆད་ངུ་བ་དེ་བཞིན་དུ་བསྟོད་པ་དང་གྲགས་པ་ཉམས་ན་མི་དགའ་བས། རང་གི་སེམས་ནི་བྱིས་པ་བཞིན་དུ་འགྱུར་རོ། །བཞི་པ་ལ་གཉིས། བདག་ ལ་བསྟོད་བྱེད་དགའ་བ་ལ་ཆགས་པར་མི་རིགས་པ་དང༌། དེ་གཞན་དགའ་བ་ཡིན་པས་དོན་དུ་གཉེར་བྱ་ཡིན་ན་སྐྱེ་བོ་ཀུན་དགའ་བ་བྱ་རིགས་པའོ། །དང་པོ་ནི། རང་ལ་བསྟོད་པས་དགའ་བ་ཡིན་ན་རེ་ཤིག་བསྟོད་པའི་སྒྲ་ལ་དགའ་བར་མི་ རིགས་ཏེ། དེ་ལ་སེམས་མེད་ཅིང་བདག་ལ་བསྟོད་པར་བྱའོ་སྙམ་པའི་སེམས་ཡོང་ཡེ་མི་སྲིད་པས་དེ་ལ་དགའ་བར་མི་རིགས་སོ། །འོན་ཏེ་བདག་ལ་བསྟོད་པའི་ཚེ་གཞན་བསྟོད་བྱེད་དེ་དགའ་བ་ཡིན་ཞེས་གྲགས་པ་བསྟོད་བྱེད་དགའ་བ་དེ་ནི་ བདག་དགའ་བའི་རྒྱུ་ཡིན་གྲང་ན་སྐྱེ་བོ་གཞན་ནམ་ཡང་ནི་བདག་བསྟོད་པ་ལའང་རུང་བསྟོད་བྱེད་གཞན་དགའ་བ་དེས་བདག་ལ་ཅི་ཞིག་ཕན་ཏེ་གཞན་རྒྱུད་ཀྱི་དགའ་བདེ་དེ་ནི་དེ་ཉིད་ཀྱི་སེམས་ཡིན་པས། བདག་གིས་དེ་ལ་ཤས་ཙམ་ཡང་མི་

Page: 146 ཐོབ་པའི་ཕྱིར་རོ། །གཉིས་པ་ལ་གཉིས། དངོས་དང༌། རང་བསྟོད་པ་ལ་དགའ་བ་བྱིས་པའི་སྤྱོད་པར་ཟད་པའོ། །དང་པོ་ནི། བསྟོད་བྱེད་དེ་བདེ་བ་ཡིས་གཞན་བདེ་བ་ཡིན་པས་བདག་བདེ་བ་ཡིན་ན་སྐྱེ་བོ་ཀུན་ལའང་དེ་བཞིན་དུ། དེ་དག་བདེ་བས་བདག་ བདེ་བར་བྱ་དགོས་ན་ཅིའི་ཕྱིར་གཞན་ལ་སྟེ་དགྲ་ལ་བསྟོད་པས་བསྟོད་བྱེད་དེ་དགའ་བ་ཡིས་གཞན་བདེ་བར་གྱུར་ན། དེ་ལ་ཡང་བདག་ཇི་ལྟར་མི་བདེ་ཡིད་བདེ་བར་བྱ་དགོས་སོ། །གཉིས་པ་ནི། དེ་བས་ན་གཞན་གྱིས་བདག་ནི་བསྟོད་དོ་ཞེས་རང་གི་རྒྱུད་ ལ་དགའ་བ་སྐྱེ་བར་འགྱུར་བ་དེ་ཡང་དཔྱད་ན་སྙིང་པོ་ཅུང་ཟད་ཀྱང་མེད་པས་དེ་ལྟར་བསྟོད་པ་ཙམ་དགའ་བའི་རྒྱུར་མི་འཐད་པས། དེ་ལ་དགའ་བ་བྱིས་པའི་སྤྱོད་པ་ཁོ་ནར་ཟད་པའོ། །གཉིས་པ་ལ་གཉིས། བསྟོད་གྲགས་ཀྱི་གེགས་བྱེད་པ་ངན་འགྲོ་ འགོག་བྱེད་ཡིན་པས་དེ་ལ་ཁྲོ་མི་རིགས་པ་དང༌། སྲིད་པ་ལས་གྲོལ་བྱེད་ཡིན་པས་ཁྲོ་མི་རིགས་པའོ། །དང་པོ་ལ་གཉིས། བསྟོད་གྲགས་ལ་ཞེན་པས་ཉེས་པ་ཀུན་བསྐྱེད་པ་དང༌། དེ་འགོག་བྱེད་ངན་འགྲོ་འགོག་བྱེད་ཡིན་པའོ། །དང་པོ་ནི། བསྟོད་ གྲགས་འཇིགས་བྱེད་ལ་ཁྲོ་བར་མི་རིགས་ཏེ། བསྟོད་པ་དང་གྲགས་པ་དང་རྙེད་པ་སོགས་བདག་ནི་དགེ་བའི་དམིགས་པ་ལ་གཡེང་བར་བྱེད་པ་ཡིན་པས་དེས་ནི་འཁོར་བ་ལ་སྐྱོ་བའང་འཇིག་པར་བྱེད་པ་དང༌། གཞན་ཡོན་ཏན་དང་ལྡན་པ་ལ་ཕྲག་དོག་ དང་རང་གི་དགེ་བ་དང་གཞན་གྱི་ཕུན་སུམ་ཚོགས་པའང་འཇིག་པར་བྱེད་པས་ཉེས་པ་ཀུན་གྱི་འབྱུང་ཁུངས་སུ་གྱུར་པའོ། །གཉིས་པ་ནི། དེའི་ཕྱིར་བདག་གི་བསྟོད་པ་དང་གྲགས་པ་སོགས་ནི་གཞིག་པའི་ཕྱིར་གང་ཟག་ཀྱང་བག་ཉེ་བར་གནས་

Page: 147 ༄༅། །པ་དེ་དག་བདག་ནི་ངན་སོང་དུ་ལྟུང་བ་བསྲུང་བའི་ཕྱིར་ཞུགས་པ་མིན་ནམ། ཇི་ལྟར་དེ་ལ་ཁྲོ་བར་བྱེད། གཉིས་པ་ལ་གཉིས། བསྟོད་སོགས་ལ་གེགས་བྱེད་པ་སྲིད་པ་ལས་གྲོལ་བྱེད་ཡིན་པས་ཁྲོ་བར་མི་རིགས་པ་དང༌། སྡུག་ བསྔལ་གྱི་སྒོ་གཅོད་བྱེད་ཡིན་པས་ཁྲོ་བར་མི་རིགས་པའོ། །དང་པོ་ནི། གཞན་ཡང་བདག་ནི་སྲིད་པ་ལས་གྲོལ་བ་དོན་དུ་གཉེར་བ་ཡིན་ལ་རྙེད་པ་དང་བཀུར་སྟིས་སྲིད་པར་འཆིང་ལ་འཆིང་བྱེད་དེ་མི་དགོས་སོ། །གང་དག་དེའི་གེགས་བྱས་ ནས་བདག་བཅིངས་པ་གྲོལ་བར་བྱེད་པ་དེ་ལ་བདག་ནི་ཇི་ལྟར་ཁྲོ་དགའ་བར་རིགས་སོ། །གཉིས་པ་ནི། བདག་ནི་སྡུག་བསྔལ་གྱི་ཁང་པར་འཇུག་འདོད་པ་ལ་སངས་རྒྱས་ཀྱིས་ནི་བྱིན་གྱིས་བརླབས་པ་བཞིན་དུ་སྡུག་བསྔལ་གྱི་ཁང་པར་མི་ གཏོང་བའི་སྒོ་འཕར་ཉིད་དུ་གྱུར་པ་དེ་ལ་བདག་ནི་ཇི་ལྟར་ཁྲོ། བཤེས་ཆེན་པོ་ཡིན་པས་དགའ་བར་རིགས་སོ། །གཉིས་པ་ལ་གསུམ། བསོད་ནམས་ཀྱི་གེགས་བྱས་པས་ཁྲོ་བར་མི་རིགས་པ་དང༌། བསོད་ནམས་ཀྱི་གེགས་མ་ཡིན་པ་དང༌། གུས་པར་བྱ་བའི་ཡུལ་དུ་བསམ་པའོ། །དང་པོ་ལ་གཉིས། དཀའ་ཐུབ་ཀྱི་མཆོག་ལ་གནས་པར་བྱ་བ་དང༌། དེ་ལ་གེགས་བྱེད་ན་རང་ཉིད་བསོད་ནམས་ཀྱི་བར་ཆད་དུ་འགྱུར་བའོ། །དང་པོ་ནི། འཇིག་རྟེན་པའི་ཆོས་ཀྱི་གེགས་བྱེད་པ་ལ་ཁྲོ་བར་མི་ རིགས་ནའང༌། དགྲ་འདི་ནི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་བསོད་ནམས་ཀྱི་གེགས་བྱེད་ཅེས་ཁྲོ་བར་བྱེད་ན། དེ་ལ་ཁྲོ་བ་མི་རིགས་ཏེ་བསོད་ནམས་དོན་དུ་གཉེར་ན་ཁྲོ་བ་བཟོད་པ་དང་མཚུངས་ཤིང་མཉམ་པའི་དཀའ་ཐུབ་གཞན་ཡོད་པ་

Page: 148 མིན་ན་བདག་ནི་བཟོད་པ་དེ་ལ་མི་གནས་སམ། ཤིན་ཏུ་ཡང་གནས་པར་རིགས་སོ། །གཉིས་པ་ནི། གལ་ཏེ་བདག་ནི་ཁྲོ་བ་ཤས་ཆེ་བའི་རང་སྐྱོན་གྱིས་དགྲ་འདི་ལ་བཟོད་པ་མི་བྱེད་ན་དགྲ་དེ་བཟོད་པའི་བསོད་ནམས་ཀྱི་རྒྱུར་ནི་ཉེ་བར་གནས་པ་འདི་ ལ་ཁྲོ་བར་བྱེད་ན། བདག་ཉིད་བསོད་ནམས་ཀྱི་གེགས་བྱེད་པར་ཟད་ཀྱི་ཕ་རོལ་པོ་གེགས་མ་ཡིན་ནོ། །གཉིས་པ་ལ་གཉིས། སྤྱིར་བསྟན་པ་དང༌། དེ་དཔེས་བསྒྲུབ་པའོ། །དང་པོ་ནི། བཟོད་པའི་བསོད་ནམས་གང་ཞིག་གནོད་བྱེད་གང་ཡང་མེད་ ན་མི་འབྱུང་ལ་གནོད་བྱེད་ཀྱི་དགྲ་གང་ཞིག་ཡོད་ན་བཟོད་པའི་བསོད་ནམས་ཡོད་པར་འགྱུར་བ་དགྲ་དེ་ཉིད་བསོད་ནམས་དེའི་རྗེས་སུ་འགྲོ་ལྡོག་ངེས་པའི་རྒྱུ་ཡིན་ན། ཇི་ལྟར་དེ་ལ་གེགས་ཞེས་བྱ་ཕན་འདོགས་བྱེད་གེགས་སུ་མི་རིགས་སོ། །གཉིས་པ་ནི། རྫས་ཡོད་ཅིང་གཏོང་བར་སྤྲོ་བའི་དུས་སུ་ཕྱིན་པའི་སློང་མོ་པས་སྦྱིན་པའི་གེགས་བྱས་པ་ཡོད་པ་མ་ཡིན་པ་དང༌། རབ་ཏུ་བྱུང་བ་བྱེད་པར་འདོད་པ་ལ་རབ་ཏུ་འབྱིན་པར་བྱེད་པར་གྱུར་པའི་མཁན་སློབ་ལ་རབ་བྱུང་གི་གེགས་ཞེས་བྱ་བར་མི་རུང་བ་ བཞིན་ནོ། །གཉིས་པ་ལ་གཉིས། ཡོན་ཏན་སྐྱེད་བྱེད་ཡིན་པས་གུས་པར་བྱ་བ་དང༌། སྟོན་པ་ལ་དད་པས་གུས་པར་བྱ་བའོ། །དང་པོ་ལ་གསུམ། རང་ལ་ཕན་འདོགས་ཆེ་བ་དང༌། བསམ་པའི་ཕན་ཡོན་ལ་མི་ལྟོས་པ་དང༌། སྟོན་པ་དང་འདྲ་བར་བལྟ་ བའོ། །དང་པོ་ལ་གསུམ། ཞིང་ཁྱད་པར་ཅན་དཀོན་པ་དང༌། དེ་ལ་དགའ་བར་རིགས་པ་དང༌། དེ་ལ་ཕན་པའི་བསམ་པ་བྱ་བར་རིགས་པའོ། །དང་པོ་ནི། སྦྱིན་པའི་ཞིང་ལས་བཟོད་པའི་ཞིང་དཀོན་པས་དེ་ལ་དགའ་བར་རིགས་ཏེ། འཇིག་རྟེན་ན་

Page: 149 ༄༅། །ནི་སྦྱིན་པའི་ཞིང་སློང་བ་མོད་ལ་བཟོད་པའི་ཞིང་གནོད་པར་བྱེད་པ་དཀོན་པ་སྟེ། ཅིའི་ཕྱིར་ཞེ་ན། འདི་ལྟར་རང་གིས་ཕར་གནོད་མ་བྱས་ན་འགའ་ཡང་ཚུར་གནོད་པ་མི་བྱེད་དོ། །གཉིས་པ་ནི། བཟོད་པའི་ཞིང་དཀོན་པ་དེ་ བས་ན་ཇི་ལྟར་ངལ་བས་མ་བསྒྲུབ་པའི་ཁྱིམ་དུ་གཏེར་ནི་བྱུང་བ་ལྟར། བདག་གི་བཟོད་པ་སྒོམ་པའི་བྱང་ཆུབ་ཀྱི་སྤྱོད་པའི་གྲོགས་སུ་གྱུར་པས་བདག་གིས་དགྲ་ལ་དྲིན་དུ་གཟོ་བའི་བསམ་པས་དགའ་བར་བྱའོ། །གསུམ་པ་ནི། དགྲ་འདི་དང་བདག་ གིས་བཟོད་པ་འདི་བསྒྲུབས་པས་ན་གཉིས་ཀ་བཟོད་པའི་རྒྱུ་ལ་གཏོགས་པ་དེའི་ཕྱིར། བཟོད་པའི་འབྲས་བུ་བྱང་ཆུབ་ནི་གནོད་བྱེད་འདི་ལ་ཐོག་མར་བརྡར་ཞིང་བསྔོ་བར་འོས་ཏེ། འདི་ལྟར་དགྲ་དེ་ནི་བདག་གི་བྱང་ཆུབ་སྒྲུབ་པའི་བཟོད་པའི་རྒྱུ་སྟོབས་ ལྡན་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གསུམ། ཕན་པའི་བསམ་པ་མེད་པས་མཆོད་ཡུལ་མིན་པ་མི་འཐད་པ་དང༌། གནོད་པའི་བསམ་པ་ཡོད་པས་མཆོད་ཡུལ་མིན་པ་མི་འཐད་པ་དང༌། དེས་ན་བཟོད་པའི་དམིགས་རྐྱེན་བྱེད་པས་མཆོད་པར་འོས་པའོ། ། དང་པོ་ནི། གལ་ཏེ་བདག་གི་རྒྱུད་ལ་བཟོད་པ་བསྒྲུབ་པར་བྱའོ་སྙམ་པའི་བསམ་པ་མེད་པས་མཆོད་པར་བྱ་བ་མིན་ནོ་ཞེ་ན། འོ་ན་དགེ་བ་འགྲུབ་པ་ཡི་ནི་རྒྱུར་རུང་བ་དམ་པའི་ཆོས་དཀོན་མཆོག་ཀྱང་ཅི་སྟེ་མཆོད་མཆོད་བྱ་མ་ཡིན་པར་ཐལ། དགེ་བ་བསྐྱེད་པར་བྱའོ་སྙམ་པའི་བསམ་པ་མེད་པའི་ཕྱིར། གཉིས་པ་ནི། དེ་མི་མཚུངས་ཏེ་གལ་ཏེ་དགྲ་འདི་བདག་ལ་གནོད་པ་བྱ་བའི་བསམ་པ་ཡོད་པས་མཆོད་བྱ་མིན་ནོ་ཞེ་ན། སྨན་པ་བཞིན་དུ་ཕན་བདེ་བསྒྲུབ་པ་ལ་བརྩོན་ན་བཟོད་པའི་

Page: 150 ཡུལ་མ་ཡིན་ཏེ། བདག་གིས་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་ཇི་ལྟར་གྲུབ། དེས་ན་གནོད་བྱེད་ལ་དགའ་བར་རིགས་སོ། །གསུམ་པ་ནི། ཕན་སེམས་ལ་བརྟེན་ནས་བཟོད་པ་མི་རྫོགས་པ་དེ་བས་རབ་ཏུ་སྡང་སེམས་ཀྱིས་གནོད་པ་བྱེད་པ་ ལ་བརྟེན་ནས་བཟོད་པ་སྐྱེ་བས་ན་གནོད་བྱེད་དེ་ཉིད་བཟོད་པའི་རྒྱུ་ཡིན་པས། ཕན་སེམས་མེད་ཀྱང་དམ་པའི་ཆོས་བཞིན་དུ་མཆོད་པར་འོས་སོ། །གསུམ་པ་ལ་གཉིས། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་གསུམ། སེམས་ ཅན་དང་སངས་རྒྱས་བསོད་ནམས་ཀྱི་ཞིང་དུ་མཚུངས་པར་ལུང་ལས་གསུངས་པ་དང༌། དེ་རིགས་པས་བསྒྲུབ་པ་དང༌། རྩོད་པ་སྤང་བའོ། །དང་པོ་ནི། སེམས་ཅན་རྣམས་ལ་གུས་པར་བྱ་དགོས་པ་དེའི་ཕྱིར། ཆོས་ཡང་དག་པར་སྡུད་པའི་མདོ་ ལས། སེམས་ཅན་གྱི་ཞིང་ནི་སངས་རྒྱས་ཀྱི་ཞིང་སྟེ། སངས་རྒྱས་ཀྱི་ཞིང་དེ་ལས་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པར་འགྱུར་གྱི། དེར་ནི་ལོག་པར་སྒྲུབ་པར་མི་རིགས་སོ། །ཞེས་སོགས་བསོད་ནམས་ཀྱི་ས་བོན་རྒྱ་ཆེན་པོ་འདེབས་པའི་སེམས་ ཅན་གྱི་ཞིང་དང་ནི་རྒྱལ་བའི་ཞིང་ཞེས་བསོད་ནམས་གསོག་པའི་ཞིང་སྟོན་པ་དང་འདྲ་བར་ཐུབ་པས་གསུངས་སོ། །གཉིས་པ་ལ་གཉིས། སངས་རྒྱས་དང་སེམས་ཅན་ལ་དད་པས་འདོད་བྱ་མཐར་ཐུག་ཐོབ་པ་དང༌། གཉིས་ཀ་ལ་དད་པས་སངས་རྒྱས་ ཐོབ་པར་མཚུངས་པ་ལ་འདོར་ལེན་མི་རིགས་པའོ། །དང་པོ་ནི། སེམས་ཅན་མཐའ་དག་ལ་གུས་པར་རིགས་ཏེ། སངས་རྒྱས་དང་སེམས་ཅན་འདི་དག་ལ་དད་ཅིང་མགུ་བར་བྱས་པའི་གང་ཟག་མང་པོ་ཞིག་འདི་ལྟར་དོན་གཉིས་ཕུན་སུམ་ཚོགས་པའི་

Page: 151 ༄༅། །ཕ་རོལ་ཏུ་ཕྱིན་པའི་ཕྱིར་རོ། །གཉིས་པ་ནི། རྒྱུ་མཚན་དེས་ན་སེམས་ཅན་རྣམས་དང་རྒྱལ་བ་གཉིས་ཀྱི་ཞིང་ལས་འབྲས་བུ་སངས་རྒྱས་ཀྱི་ཆོས་སྟོབས་སོགས་འགྲུབ་པར་འདྲ་བ་ལ། རྒྱལ་བ་ལ་གུས་པར་བྱེད་པ་དེ་བཞིན་དུ་ སེམས་ཅན་ལ་གུས་པར་བྱེད་པ་མིན་ཞེས་པ་འདི་ཅིའི་ཚུལ་ལུགས་ཡིན་ཏེ་མི་འཐད་པའི་ཕྱིར་རོ། །གསུམ་པ་ལ་གསུམ། ཡོན་ཏན་མི་མཉམ་པས་དད་པ་མཚུངས་པར་བསྒོམ་པ་མི་འཐད་པ་སྤང་བ་དང༌། གཉིས་ཀ་ལ་དད་པའི་ཆེ་བ་སངས་རྒྱས་ཀྱི་ རྒྱུར་མཚུངས་པས་དད་པ་མཚུངས་པར་སྒོམ་རིགས་པ་དང༌། སངས་རྒྱས་ཀྱི་ཡོན་ཏན་ཆ་ཤས་ཙམ་ལྡན་པའི་སེམས་ཅན་ལ་མཆོད་པའི་བསོད་ནམས་མཐའ་ཡས་པས་དད་པར་རིགས་པའོ། །དང་པོ་ནི། སེམས་ཅན་བསོད་ནམས་ཀྱི་ཞིང་ཡིན་ཡང༌། ཡོན་ཏན་མི་མཉམ་པས་སངས་རྒྱས་བཞིན་དུ་མཆོད་པར་མི་འོས་སོ་ཞེ་ན་སྐྱོན་མེད་དེ། དེ་གཉིས་ཀྱི་བསམ་པའི་ཡོན་ཏན་རང་གིས་མཉམ་པར་འཇོག་པ་མིན་གྱི་འབྲས་བུ་སངས་རྒྱས་ཀྱི་རྒྱུ་བྱེད་པར་འདྲ་བ་ལས་མཚུངས་པ་ཡིན་པ་དེས་ན་མཚུངས་ པར་སེམས་ཅན་རྣམས་ལའང་གུས་པར་བྱས་ན། སངས་རྒྱས་ཐོབ་པའི་ཡོན་ཏན་ཡོད་པ་དེའི་ཕྱིར་དེ་དག་ཞིང་དུ་མཉམ་པ་ཡིན་ནོ། །གཉིས་པ་ནི། སེམས་ཅན་མཐའ་དག་ལ་བྱམས་པའི་སེམས་དང་ལྡན་པ་ལ་མཆོད་པ་ལ་བསོད་ནམས་མཐའ་ཡས་ པ་བཤད་པ་གང་ཡིན་པ་དེ་ནི་བྱམས་པའི་ཡུལ་སེམས་ཅན་གྱི་ཆེ་བ་ཉིད་ཡིན་ལ། སངས་རྒྱས་ལ་དད་པའི་བསོད་ནམས་གང་ཡིན་པ་དེ་ཡང་དད་ཡུལ་སངས་རྒྱས་ཀྱི་ཆེ་བ་ཉིད་ཡིན་པས་གཉིས་ཀ་ལ་དད་པ་ལ་སངས་རྒྱས་ཀྱི་ཆོས་འགྲུབ་པའི་རྒྱུའི་ཆ་

Page: 152 མཚུངས་པར་ཡོད་པ་དེས་ན་དེ་དག་དང་རིགས་པའི་ཡུལ་དུ་མཉམ་པར་འདོད་པ་ཡིན་ནོ། །གསུམ་པ་ནི། བསམ་པའི་ཡོན་ཏན་གྱི་ངོས་ནས་མཉམ་པ་མ་ཡིན་ཏེ། རྒྱ་ཆེ་ཞིང་གཏིང་དཔག་དཀའ་བའི་ཡོན་ཏན་གྱི་རྒྱ་མཚོ་མཐའ་ཡས་པའི་སངས་རྒྱས་ རྣམས་དང་འགའ་ཡང་ཡོན་ཏན་མི་མཉམ་པའི་ཕྱིར་རོ། །ཡོན་ཏན་མི་མཉམ་ཡང་ཡོན་ཏན་གྱི་མཆོག་ཚོགས་གཉིས་ཀྱི་ཕུང་པོ་ཆེན་པོ་ཟླ་མེད་པའི་སངས་རྒྱས་གཅིག་པུའི་ཡོན་ཏན་གྱི་ཆ་ཤས་ཙམ་གང་ཟག་འབའ་ཞིག་ལ་སྣང་ནའང་དེ་ལ་མཆོད་ པའི་དོན་དུ་ཁམས་གསུམ་གྱི་དངོས་པོ་ཐམས་ཅད་ཕུལ་ཡང་ཆུང་བར་འགྱུར་བ་ཡིན་ན་གཞན་ལྟ་ཅི་སྨོས་སོ། །གཉིས་པ་དོན་བསྡུ་བ་ནི། སངས་རྒྱས་དང་ཡོན་ཏན་མི་མཚུངས་ཀྱང་དེའི་ཡོན་ཏན་གྱི་ཆོས་མཆོག་སྐྱེ་བའི་རྒྱུའི་ཆ་ཤས་གཅིག་སེམས་ཅན་ རྣམས་ལའང་ཡོད་པས་ན། འདི་ཙམ་དག་གི་ཆ་བསྟུན་ནས་སེམས་ཅན་རྣམས་ཀྱང་སངས་རྒྱས་ལྟར་གུས་པས་མཆོད་པར་བྱ་རིགས་པར་འགྱུར་རོ། །གཉིས་པ་སྟོན་པ་ལ་དད་པས་གུས་པར་བྱ་བ་ལ་གཉིས། སེམས་ཅན་མཐའ་དག་བུ་གཅིག་པ་ ལྟར་བདག་གིར་མཛད་པས་གུས་པར་བྱ་བ་དང༌། དེས་ན་སེམས་ཅན་ལ་ཡང་གུས་པར་བྱ་བ་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གསུམ། སངས་རྒྱས་དགོས་པའི་ཐབས་ཀྱི་གཙོ་བོ་བསྒྲུབ་པ་དང༌། མི་མཉེས་པ་སྔར་བྱས་བཤགས་པ་དང༌། ཕྱིས་འབྱུང་ སྡོམ་པའོ། དང་པོ་ལ་གཉིས། སངས་རྒྱས་ལ་བྱས་ཤེས་དྲིན་དུ་གཟོ་བའི་ཐབས་ཀྱི་གཙོ་བོ་ངོས་བཟུང་བ་དང༌། དེ་ཉིད་བསྒྲུབ་པའོ། །དང་པོ་ནི། སེམས་ཅན་ལ་གུས་པར་བྱ་བའི་རྒྱུ་མཚན་གཞན་ཡང་གཡོ་མེད་པར་མ་བཅོལ་ཡང༌། ཐུགས་རྗེ་ཆེན་

Page: 153 ༄༅། །པོས་དྲངས་ནས་འགྲོ་བ་མཐའ་དག་གི་གཉེན་དུ་གྱུར་ཅིང་སྦྱོར་བས་ཕན་པ་དཔག་མེད་མཛད་པའི་སངས་རྒྱས་རྣམས་ལ་སེམས་ཅན་མགུ་བར་བྱ་བས་ལན་ལོན་པ་མ་གཏོགས་པ། ཐབས་གཞན་གང་ཞིག་གིས་དྲིན་ལན་ལོན་ པར་འགྱུར། སེམས་ཅན་གྱི་དོན་བྱེད་པ་ལས་མཆོག་ཏུ་གྱུར་པའི་སངས་རྒྱས་དགོས་པའི་མཆོད་པ་གཞན་མེད་དོ། །གཉིས་པ་ལ་གསུམ། སེམས་ཅན་གྱིས་གནོད་པ་བྱས་པ་བཟོད་པར་བྱ་བ་དང༌། སེམས་ཅན་ལ་དམིགས་པའི་ཁེངས་པ་སྤང་བ་ དང༌། གནོད་པ་སྤང་བའོ། །དང་པོ་ནི། སེམས་ཅན་གྱི་དོན་གང་གི་ཕྱིར་ཏུ་སྐུ་གཏོང་བ་དང༌། མནར་མེད་དུ་ཡང་འཇུག་པའི་ཐུབ་པ་ལ། སེམས་ཅན་ལ་ཕན་བཏགས་པས་ལན་ལོན་པར་འགྱུར་བས་ན་དེ་བས་སེམས་ཅན་འདི་དག་གནོད་པ་ཆེན་ པོ་བྱེད་ན་ཡང་ཁྲོ་བ་མི་བྱ་བར་མ་ཟད། སྒོ་ཐམས་ཅད་ནས་ཕན་པ་དང་བདེ་བ་མཐའ་དག་སྒྲུབ་པའི་བཟང་དགུ་ཞིག་ཏུ་སྤྱད་ཅིང་ཉམས་སུ་བླང་བས་འབད་པར་བྱའོ། །གཉིས་པ་ནི། གཞན་ཡང་རེ་ཤིག་བདག་གི་རྗེར་གྱུར་པ་སངས་རྒྱས་ཉིད་ཀྱང་ ནི་སེམས་ཅན་གང་གི་ཕྱིར་ཏུ་རང་གི་སྐུ་ལའང་མི་གཟིགས་པར། སེམས་ཅན་གྱི་དོན་མཛད་པའི་སེམས་ཅན་དེ་ལ་རྨོངས་པ་བདག་གིས་ཇི་ལྟར་ན་སེམས་ཁེངས་པའི་ང་རྒྱལ་བྱ་ཞིང༌། བྱ་བ་གང་ཡོད་སྒྲུབ་པའི་བྲན་གྱི་དངོས་པོ་མི་བྱ་ང་རྒྱལ་ སྤངས་ནས་གུས་པར་བྱའོ། །གསུམ་པ་ལ་གཉིས། གནོད་པ་བྱ་མི་རིགས་པའི་རྒྱུ་མཚན་དང༌། དེ་ལ་གནོད་པ་བྱས་ན་རྒྱལ་བ་དགེས་པའི་ཐབས་མེད་པའོ། །དང་པོ་ནི། སེམས་ཅན་གང་དག་བདེ་བས་ཐུབ་པ་རྣམས་དགེས་པར་འགྱུར་ཞིང་

Page: 154 གང་ལ་གནོད་ན་ཐུགས་མི་དགེས་པ་འབྱུང་བར་འགྱུར་བ་དེ་དག་ལ་ཕན་བཏགས་པས་དགའ་བས་ཐུབ་དབང་ཀུན་མཆོད་པའི་མཆོག་ཏུ་གྱུར་པས་དགེས་ཤིང་སེམས་ཅན་དེ་ལ་གནོད་པ་བྱས་ན་ཐུབ་པ་ལ་གནོད་པ་བྱས་པར་འགྱུར་རོ། །གཉིས་པ་ ནི། རྒྱུ་མཚན་དེས་ན་ཇི་ལྟར་ལུས་ལ་ཀུན་ནས་མེ་འབར་བ་ལ་ཁ་ཟས་ལ་སོགས་པའི་འདོད་པའི་ཡོན་ཏན་ཀུན་གྱིས་ཡིད་བདེ་བར་མི་འགྱུར་བ་དེ་བཞིན་དུ་སེམས་ཅན་ལ་གནོད་པ་བྱས་ན་ཡང་ཐུགས་རྗེ་ཆེན་པོ་རྣམས་དགེས་པའི་ཐབས་མེད་དོ། །གཉིས་པ་ ནི། སེམས་ཅན་ལ་གནོད་པ་བྱས་པས་སངས་རྒྱས་མི་དགེས་པ་དེ་བས་ན་བདག་གིས་འགྲོ་བ་ལ་སྔར་གནོད་པ་བྱས་པས། ཐུགས་རྗེ་ཆེ་ཀུན་མི་དགེས་པར་གྱུར་པའི་སྡིག་པ་གང་བྱས་པའི་སྡིག་པ་དེ་དེ་རིང་ཉིད་ནས་མི་འཆབ་པར་སོ་སོར་བཤགས་ པར་བགྱི་ཡིས། སེམས་ཅན་ལ་གནོད་པ་བྱས་པའི་མི་དགེས་པ་གང་ལགས་པ་དེ་ཀུན་བཟོད་པར་གསོལ་ལོ། །གསུམ་པ་ནི། དེ་བཞིན་གཤེགས་པ་རྣམས་དགེས་པར་བགྱི་བའི་སླད་དུ་དེང་ནས་ངེས་པར་གནོད་པ་བཏུལ་ཏེ། འཇིག་རྟེན་གྱི་བྲན་དུ་མཆིས་ ཤིང་ཁས་བླང་བར་བྱའོ། །བཏུལ་ཞེས་པ་ལྟར་ན་བརྩོན་པ་བརྟན་པོས་འཇིག་རྟེན་གྱི་བྲན་དུ་ཁས་བླང་ཞེས་པའོ། །འགྲོ་བ་མང་པོས་རྡོག་པས་བདག་གི་སྤྱི་བོར་འཚོག་གམ། བདག་འགུམས་ཀྱང་ལན་དུ་མི་བརྡོ་ཞིང་དང་དུ་བླང་བར་བགྱི་བས་འཇིག་ རྟེན་གྱི་མགོན་པོ་རྣམས་ཐུགས་དགེས་པར་མཛོད་ཅིག་པའོ། །གཉིས་པ་ནི། འགྲོ་བ་འདི་ཀུན་ཐུགས་རྗེའི་བདག་ཉིད་ཅན་གྱི་སངས་རྒྱས་དེས་བདག་གཞན་མཉམ་པ་དང་བརྗེ་བ་གོམས་པའི་སྒོ་ནས་བདག་ཏུ་མཛད་པས་འདི་ལ་ཐེ་ཚོམ་མེད་པས་

Page: 155 ༄༅། །སེམས་ཅན་གྱི་ངོ་བོར་མཐོང་བ་འདི་དག་ཉིད་བདག་གི་མགོན་དེ་དག་ཉིད་ཡིན་ཏེ། གུས་པར་བྱས་ན་སངས་རྒྱས་སྟེར་བས་ཅིའི་ཕྱིར་གུས་པར་མི་བྱེད་དད་ཅིང་གུས་པར་རིགས་སོ། །གཉིས་པ་བཟོད་པ་སྒོམ་པའི་ཕན་ཡོན་ལ་ གསུམ། མདོར་བསྟན་པ་དང༌། ཕན་ཡོན་དཔེས་བཤད་པ་དང༌། ཕན་ཡོན་གྱི་རྣམ་གྲངས་བསྡུས་ཏེ་བསྟན་པའོ། །དང་པོ་ནི། སེམས་ཅན་རྣམས་ཀྱིས་གནོད་པ་བྱས་པ་བཟོད་པར་བྱས་ཤིང་གུས་པར་བྱེད་པ་འདི་ཉིད་དེ་བཞིན་གཤེགས་པ་ མཉེས་པར་བྱེད་པའི་ཐབས་མཆོག་ཡིན་ལ། རང་རྒྱུད་ཀྱི་ཚོགས་རྫོགས་པར་བྱེད་པས་རང་དོན་ཡང་དག་བསྒྲུབ་པའི་ཐབས་མཆོག་གཞན་དོན་བྱེད་པ་འདི་ཉིད་དོ། །འཇིག་རྟེན་པ་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བའང་འདི་ཉིད་དོ། །དོན་གཉིས་ མཐར་ཕྱིན་པར་བྱེད་པ་དེ་ལྟ་བས་ན་བདག་གིས་རྟག་ཏུ་བཟོད་པ་གསུམ་བསྒོམ་པ་འདི་ཉིད་བྱའོ། །གཉིས་པ་ལ་གཉིས། ཕན་ཡོན་གྱི་དབང་དུ་བྱས་པའི་དཔེ་དོན་དང༌། དཔེ་ལས་ཁྱད་པར་དུ་འཕགས་པ་བཤད་པའོ། །དང་པོ་ལ་གཉིས། དཔེ་དང༌། དོན་ནོ། །དང་པོ་ནི། དཔེར་ན་རྒྱལ་པོའི་འཁོར་གྱི་མི་འགའ་ཞིག་སྐྱེ་བོ་མང་པོ་ལ་གནོད་པ་བྱེད་ཀྱང་ཕྱིས་ཀྱི་སྐྱོན་ཡོན་བལྟ་བའི་སྐྱེ་བོ་མིག་རྒྱང་རིང་པོ་དག་འཁོར་དེ་དག་ལ། གནོད་པ་བྱ་ནུས་ཀྱང་ཕྱིར་གནོད་པ་མི་བྱེད་དེ་འདི་ལྟར་གནོད་པ་བྱེད་ མི་ནུས་པ་འཁོར་གྱི་མི་དེ་གཅིག་པོའི་ནུས་པ་མ་ཡིན་གྱི། རྒྱལ་པོའི་མཐུ་སྟོབས་དེའི་མཐུ་ཡིན་པས་སོ། །གཉིས་པ་ནི། དཔེ་དེ་བཞིན་དུ་གནོད་བྱེད་ཉམས་ཆུང་བ་འགའ་ཡང་ཁྱད་དུ་བསད་པར་མི་བྱ་སྟེ། འདི་ལྟར་རྣམ་སྨིན་ལ་དམྱལ་བའི་

Page: 156 སྲུང་མ་དང་ཐུགས་རྗེ་ལྡན་པའི་རྒྱལ་བ་སྲས་བཅས་རྣམས་མི་དགེས་པས་དེའི་དཔུང་ཡིན་པས་སོ། །གཉིས་པ་ནི། དེ་ལྟ་བས་ན་དམངས་ཀྱིས་རྒྱལ་པོ་གཏུམ་པོ་ལ་འཛེམ་པར་བྱ་བ་བཞིན་དུ་སེམས་ཅན་རྣམས་ནི་མགུ་བར་བྱ་སྟེ། རྒྱལ་པོ་ ལྟ་ཞིག་ཁྲོས་ན་ཡང་སེམས་ཅན་མི་མགུ་བར་བྱ་བ་ཡིས་མྱོང་བར་འགྱུར་བ་གང་ཡིན་པ་དམྱལ་བའི་གནོད་པ་རྒྱལ་པོ་དེས་བྱེད་དམ། བྱེད་མི་ནུས་སོ། །རྒྱལ་པོ་ལྟ་ཞིག་མགུ་ན་ཡང་སེམས་ཅན་མགུ་བར་བྱས་པ་ཡིས་ཐོབ་པར་འགྱུར་བ་གང་ ཡིན་པའི་འབྲས་བུ་སངས་རྒྱས་ཉིད་རྒྱལ་པོ་དེས་སྦྱིན་མི་སྲིད་དོ། །གསུམ་པ་ལ་གསུམ། འབྲས་བུའི་གཙོ་བོ་དང༌། མཐོང་ཆོས་ཀྱི་འབྲས་བུ་དང༌། རྣམ་སྨིན་གྱི་འབྲས་བུ་བཤད་པའོ། །དང་པོ་ནི། སེམས་ཅན་མགུ་བར་བྱས་པ་ལས་བྱུང་བའི་འབྲས་ བུ་མ་འོངས་པ་ན་སངས་རྒྱས་འགྲུབ་པའི་ཕན་ཡོན་ལ་བསམས་ནས་སེམས་ཅན་མགུ་ཞིང་བཟོད་པ་སྒོམ་རིགས་པ་ལྟ་ཞོག་ཚེ་འདི་ཕྱིའི་གནས་སྐབས་ཀྱི་འབྲས་བུ་ལ་ལྟོས་ན་ཡང་བཟོད་པ་སྒོམ་རིགས་ཞེས་པའོ། །དོན་དེ་ལྟར་གསལ་གྱི་སྔ་མ་ཁ་ཅིག་ གིས་སངས་རྒྱས་རྟོགས་པར་དཀའ་བས་རེ་ཤིག་ཞོག་ཅིག་ཅེས་པའི་དོན་དུ་འཆད་པ་ནི་མི་རིགས་ཏེ། ཚེ་འདིའི་མཐོང་ཆོས་ཀྱི་འབྲས་བུ་རྟོགས་པར་སླ་ན་ཡང་ཕྱི་མའི་འབྲས་བུ་ཤིན་ཏུ་ལྐོག་གྱུར་རྣམས་སངས་རྒྱས་ལས་རྟོགས་པར་དཀའ་སྟེ། སངས་ རྒྱས་ལུང་གི་སྒྲུབ་བྱེད་ལ་མི་རྟེན་པར་རིགས་པས་རྟོགས་ནུས་ཤིང་ཤིན་ཏུ་ལྐོག་གྱུར་གྱི་དོན་དེའི་རྗེས་སུ་རྟོགས་དགོས་པར་ཤིང་རྟ་ཆེན་པོ་ཀུན་བཞེད་པ་མཐུན་པའི་ཕྱིར་རོ། །གཉིས་པ་ནི། བཟོད་པ་ལས་མཐོང་བའི་ཆོས་ཚེ་འདི་ཉིད་ལའང་ཕུན་

Page: 157 ༄༅། །ཚོགས་རྒྱས་པའི་དཔལ་ཆེ་བ་དང༌། སྙན་པའི་གྲགས་པ་དང༌། བདེ་ཞིང་སྐྱིད་པར་འགྱུར་བ་ཅིས་མ་མཐོང་དེས་ན་སེམས་ཅན་མགུ་བ་ལ་འབད་པར་བྱའོ། །གསུམ་པ་ནི། འཁོར་བར་འཁོར་བའི་ཚེ་བཟོད་པས་གཟུགས་ མཛེས་ཤིང་འཁོར་ཕུན་སུམ་ཚོགས་པ་སོགས་དང་ནད་མེད་པ་དང་གྲགས་པ་ཆེ་བ་དང་བཅས་པ་ཡིས་ཤིན་ཏུ་ཡུན་རིང་པོར་འཚོ་བ་དང༌། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པའི་བདེ་བ་རྒྱས་ཤིང་རྒྱ་ཆེ་བ་འཐོབ་པར་འགྱུར་རོ། །མདོར་ན་ཁྲོ་ བ་ཤས་ཆེ་བ་དང་དགེ་བའི་ཆོས་ལ་སྲོ་ཤི་བ་དང་མི་མོས་ཤིང་མི་འདོད་པ་ལ་སོགས་པའི་མི་མཐུན་ཕྱོགས་རྣམས་ཤེས་པར་བྱས་ནས། དེའི་གཉེན་པོར་གནོད་པ་བྱེད་པ་ལ་ཇི་མི་སྙམ་པ་དང༌། སྡུག་བསྔལ་བྱུང་བས་མི་བརྫི་བར་སེམས་རྣལ་དུ་ གནས་པ་དང༌། ཆོས་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་མོས་པ་ཤིན་ཏུ་གནས་པའི་བཟོད་པ་བསྒོམས་པས་དལ་འབྱོར་གྱི་རྟེན་དོན་ཡོད་པ་ལ་འབད་པར་བྱའོ། །སྦྱིན་སོགས་དགེ་བ་བསྐལ་པར་གོམས་ན་ཡང༌། །ཁོང་ཁྲོའི་མེ་ལྕེས་ འཇོམས་པར་བྱེད་པས་ན། །ཡང་དང་ཡང་དུ་བཟོད་པའི་སྟོབས་བསྐྱེད་དེ། །ཁྲོ་བོའི་གོ་སྐབས་ཅུང་ཟད་དབྱེ་མི་བྱ། །བསྡུ་བའི་ཚིགས་སུ་བཅད་པའོ། །གཉིས་པ་ལེའུའི་མཚན་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་རྒྱས་ སྲས་འཇུག་ངོགས་ཞེས་བྱ་བ་ལས་བཟོད་པ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་ལེའུ་དྲུག་པའི་འགྲེལ་པའོ།། །།

ལེའུ་བདུན་པ། བརྩོན་འགྲུས་བསྟན་པ།

[edit]

གཉིས་པ་བརྩོན་འགྲུས་ལ་བསླབ་ཚུལ་ལ་གཉིས། ལེའུའི་གཞུང་བཤད་པ་དང༌། ལེའུའི་མཚན་ནོ། །དང་པོ་ལ་གཉིས།

Page: 158 བརྩོན་འགྲུས་བརྩམ་དགོས་པར་བསྐུལ་བ་དང། བརྩོན་འགྲུས་ཇི་ལྟར་རྩོམ་པའི་ཚུལ་ལོ། །དང་པོ་ལ་གཉིས། དངོས་དང༌། བརྩོན་འགྲུས་ངོས་བཟུང་བའོ། །དང་པོ་ནི། སྔར་བཤད་པ་དེ་ལྟར་དཀའ་སྤྱད་དང་གཞན་གྱི་གནོད་པ་ལ་བཟོད་པས་ བྱང་ཆུབ་མྱུར་དུ་ཐོབ་པར་འདོད་ན་བརྩོན་འགྲུས་བརྩམ་པར་བྱ་དགོས་ཏེ། འདི་ལྟར་སྤྱོད་པ་ཕར་ཕྱིན་ལ་བརྩོན་པ་ལ་བྱང་ཆུབ་གནས་ཏེ་མར་མེ་ལ་སོགས་པ་རླུང་མེད་ན་གཡོ་བ་མེད་པ་བཞིན་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱང་ བརྩོན་འགྲུས་མེད་ན་འབྱུང་བར་མི་འགྱུར་བས་བླ་ན་མེད་པའི་བྱང་ཆུབ་ནི་བརྩོན་འགྲུས་ལ་རག་ལས་པས་འབད་པར་བྱའོ། །དབུ་མ་ལ་འཇུག་པ་ལས། ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང༌། །བསོད་ནམས་བློ་གྲོས་ཚོགས་ནི་གཉིས་ ཀྱི་རྒྱུ། །ཞེས་བཤད་པ་ལྟར་རོ། །གཉིས་པ་ནི། ཉོན་མོངས་ལ་སྤྲོ་བ་ལེ་ལོ་ཡིན་པས་བརྩོན་འགྲུས་གང་ཞེ་ན་དགེ་བའི་དམིགས་པ་ལ་སྤྲོ་བའོ། །དེ་ལ་དབྱེ་ན་གོ་ཆའི་བརྩོན་འགྲུས་དང༌། སྦྱོར་བའི་བརྩོན་འགྲུས་དང༌། མ་ཞུམ་ཞིང་མི་འཁྲུགས་པའི་ བརྩོན་འགྲུས་དང༌། ཆོག་མི་ཤེས་པའི་བརྩོན་འགྲུས་ཏེ་བཞིའོ། །གཉིས་པ་ལ་གཉིས། བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་སྤང་བ་དང༌། གཉེན་པོ་བརྩོན་འགྲུས་ཀྱི་སྟོབས་སྤེལ་བའོ། །དང་པོ་ལ་གཉིས། མི་མཐུན་ཕྱོགས་ངོས་བཟུང་བ་དང༌། དེ་ཇི་ལྟར་ སྤོང་བའི་ཚུལ་ལོ། །དང་པོ་ནི། བརྩོན་འགྲུས་དེའི་མི་མཐུན་ཕྱོགས་བཤད་པར་བྱའོ། །གང་ཞེ་ན། ལུས་དང་ཡིད་ལས་སུ་མི་རུང་བ་སྙོམ་ལས་ཀྱི་བདེ་བ་ལ་ཞེན་པའི་ལེ་ལོ་དང༌། བྱ་བ་ངན་པ་ལ་ཞེན་པ་དང༌། དགེ་བ་བསྒྲུབ་པ་ལ་སྒྱིད་ལུག་ནས་ངས་

Page: 159 ༄༅། །མི་ནུས་སྙམ་དུ་བདག་ཉིད་ལ་བརྙས་པའོ། །གཉིས་པ་ལ་གསུམ། སྙོམ་ལས་ལ་རོ་མྱང་བའི་ལེ་ལོ་སྤང་བ་དང༌། བྱ་བ་ངན་པ་ལ་ཞེན་པའི་ལེ་ལོ་སྤང་བ་དང༌། དགེ་བ་ལ་སྒྱིད་ལུག་པའི་ལེ་ལོ་སྤང་བའོ། །དང་པོ་ལ་གཉིས། ལེ་ ལོའི་རྒྱུ་བརྟགས་ནས་སྤང་བ་དང༌། ཇི་ལྟར་སྤོང་བའི་ཚུལ་ལོ། །དང་པོ་ནི། ལེ་ལོ་སྐྱེ་བའི་རྒྱུ་གང་ཞེ་ན། དགེ་བ་ལ་མི་འཇུག་པའི་སྙོམ་ལས་ལ་བདེ་བར་བཟུང་ནས་དེ་ལ་ཞེན་པའི་བདེ་བའི་རོ་མྱང་བ་དང༌། གཉིད་ལ་བརྟེན་བའི་སྲེད་པ་ཡིས་ཀྱང་ ལེ་ལོ་སྐྱེད་པར་བྱེད་ལ་འཁོར་བ་ལ་ཅུང་ཟད་ཀྱང་མི་སྐྲག་པར་འཁོར་བའི་སྡུག་བསྔལ་ལ་མི་སྐྱོ་བ་ལས། ལེ་ལོ་ཉེ་བར་སྐྱེ་བར་འགྱུར་བས་རྒྱུ་ངོས་བཟུང་ནས་ལེ་ལོ་འགོག་པ་ལ་བརྩོན་པར་བྱའོ། །གཉིས་པ་ལ་གཉིས། ཚེ་འདིའི་ཉེས་ དམིགས་བསམས་ནས་ལེ་ལོ་སྤང་བ་དང༌། ཚེ་ཕྱི་མའི་སྡུག་བསྔལ་བསམས་ནས་ལེ་ལོ་སྤང་བའོ། །དང་པོ་ལ་གསུམ། མྱུར་དུ་འཆི་བས་འཇོམས་པ་དཔེས་བཤད་པ་དང༌། རང་ཉིད་ཀྱང་འཆི་བའི་གཞན་དབང་དུ་གྱུར་པས་ལོང་ཡོད་བྱར་མི་ རུང་བ་དང༌། དགེ་བ་ལ་མ་འབད་ན་སྡུག་བསྔལ་གྱིས་གདུངས་པར་འགྱུར་བའོ། །དང་པོ་ལ་གཉིས། འཆི་བས་འཇོམས་པ་མངོན་སུམ་དུ་མཐོང་བ་དང༌། དེ་དཔེས་བཤད་པའོ། །དང་པོ་ནི། རི་དྭགས་རྒྱར་ཆུད་ན་འཆི་བ་ལས་མི་ཐར་བ་ལྟར་ རྔོན་པ་ལྟ་བུ་ལེ་ལོ་ལ་སོགས་པའི་ཉོན་མོངས་རྒྱ་བས་བཤོར་ཏེ་དབང་དུ་བྱས་ནས་ནི། ཡང་སྲིད་ཕྱི་མར་ཉིང་མཚམས་སྦྱོར་བའི་སྐྱེ་བའི་རྒྱར་ནི་ཆུད་པར་གྱུར་ནས་འཆི་བདག་ཁར་ནི་སྐྱེ་བོ་དུ་མ་སོང་བར་གྱུར་པ་དང༌། འགྲོ་བར་འགྱུར་བ་ཅི་སྟེ་

Page: 160 ད་དུང་ཁྱོད་ཀྱིས་མི་ཤེས་སམ། དགེ་བ་ལ་བརྩོན་པར་བྱའོ། །གཉིས་པ་ནི། རྒན་གཞོན་བར་མ་ལ་སོགས་པའི་རང་སྡེ་འཆི་བདག་གིས་རིམས་ཀྱིས་གསོད་པ་ཡང༌། ཁྱོད་ཀྱིས་མངོན་སུམ་དུ་མཐོང་བར་མ་གྱུར་ཏམ་དེ་ལྟར་མཐོང་ཡང་འོན་ཀྱང་ གཉིད་ལ་བརྟེན་པའི་སྲེད་པ་གང་ཡིན་པ་དེ་ནི་མི་རིགས་ཏེ། དཔེར་ན་གདོལ་པས་རིམས་ཀྱིས་གསོད་པའི་མ་ཧེ་གཞན་གསོད་པ་མཐོང་ཡང༌། སྐྲག་པ་མེད་ཅིང་དལ་བར་གནས་པ་གདོལ་བ་དང་ནི་མ་ཧེ་བཞིན་ནོ། །གཉིས་པ་ལ་བཞི། རང་ཉིད་འཆི་ བདག་གི་དབང་དུ་གྱུར་པས་ལེ་ལོ་མི་བྱ་བ་དང༌། མྱུར་བར་འཆི་བས་དགེ་བ་ལ་འབད་པ་དང༌། འཆི་བའི་ཚེ་ལེ་ལོ་སྤོང་བ་དུས་མ་ཡིན་པ་དང༌། འདོད་པའི་ལས་མ་བྱས་པར་གློ་བུར་དུ་འཆི་བས་ལེ་ལོ་མི་བྱ་བའོ། །དང་པོ་ནི། འཆི་བ་མེད་པའི་གྲོང་ཁྱེར་དུ་ འབྲོས་པའི་ལམ་ནི་ཀུན་ནས་བཀག་ནས་སུ་གདོལ་པ་ལྟ་བུའི་འཆི་བདག་གིས་ནི་གསད་བྱར་བལྟ་བཞིན་དུ། ཇི་ལྟར་ཁྱོད་ནི་མ་ཧེ་བག་མེད་པ་ལྟར་ཟས་ཟ་བ་ལ་དགའ་ཞིང་འདི་ལྟར་གཉིད་ལོག་པའི་སྲེད་པ་ལ་ཇི་ལྟར་དགའ་བག་མེད་པར་མི་རིགས་ སོ། །གཉིས་པ་ནི། ད་དུང་ཅུང་ཟད་ལོང་ཡོད་ཅེ་ན། མྱུར་བ་ཉིད་དུ་འཆི་བར་འགྱུར་བས་ཇི་སྲིད་དུ་འཆི་བདག་གིས་མ་ཟིན་པ་དེ་སྲིད་དུ་ནི་ཚོགས་བསག་པར་བྱའོ། །གསུམ་པ་ནི། འཆི་བས་ཟིན་པ་དེའི་ཚེ་ལེ་ལོ་སྤངས་ཀྱང་ནི་དུས་མ་ཡིན་པར་ འབད་པས་ཅི་ཞིག་བྱ། དགོས་པ་ཅུང་ཟད་ཀྱང་མི་འགྲུབ་པའི་ཕྱིར་རོ། །བཞི་པ་ནི། མྱུར་དུ་འཆི་བས་ལས་འདི་ནི་མ་བྱས་པ་དང་ཅུང་ཟད་བརྩམས་པ་དང༌། བྱ་བ་འདི་ཕྱེད་ཙམ་བྱས་པར་གནས་པ་ལ་གློ་བུར་དུ་འཆི་བདག་འོངས་ནས་ནི་འགྱོད་བཞིན་

Page: 161 ༄༅། །དུ་ཀྱི་ཧུད་བདག་བཅོམ་ཞེས་སེམས་ཤིང་བསྟབས་པས་འགྱོད་པར་གྱུར་ན། དེའི་ཚེ་ཅི་ཞིག་བྱ་ད་ལྟ་ཉིད་ནས་དགེ་བ་ལ་བརྩོན་པར་བྱའོ། །གསུམ་པ་ལ་གཉིས། འཆི་བའི་ཚེ་མྱ་ངན་གྱིས་གདུངས་པ་དང༌། ད་ལྟ་ ཉིད་ནས་དགེ་བ་ལ་བརྩོན་པར་མ་བྱས་ན་དགོས་པ་མི་འགྲུབ་པའོ། །དང་པོ་ནི། དུས་མ་ཡིན་པར་འཆི་བའི་དུས་ཀྱི་ཚེ་མྱ་ངན་གྱི་ཤུགས་ཀྱིས་སྐྲངས་པའི་མིག་དམར་བ་དང༌། གདོང་ལས་མཆི་མ་འཛག་པ་དང༌། འཆི་བར་ཤེས་ནས་ཉེ་དུ་རེ་ཐག་ཆད་ པ་དང་རང་ཡང་འཇིགས་བཞིན་དུ་གཤིན་རྗེའི་ཕོ་ཉའི་གདོང་ལ་བལྟ་དགོས་པས་འགྱོད་པར་འགྱུར་རོ། །གཉིས་པ་ནི། སྔར་རང་གིས་སྡིག་པ་བྱས་པ་དྲན་པས་སེམས་གདུངས་པ་དང༌། དམྱལ་བར་སྡུག་བསྔལ་ཆེན་པོ་མྱོང་དགོས་པ་བསྲེག་ པ་ལ་སོགས་པའི་དམྱལ་བའི་སྒྲ་ནི་ཐོས་པ་ཡིས་བདག་ཀྱང་དེར་འགྲོའོ་སྙམ་དུ་སྐྲག་པས་བྲེད་ནས། མི་གཙང་བས་ལུས་གོས་ཤིང་སེམས་མྱོས་པར་གྱུར་པ་དེའི་ཚེ་སྐབས་མ་ཡིན་པ་ལ་བརྩོན་པས་ཅི་ཞིག་བྱ་ད་ལྟ་ཉིད་ནས་དགེ་བ་ལ་བརྩོན་པར་ བྱའོ། །གཉིས་པ་ལ་བཞི། སྡུག་བསྔལ་འབྱུང་ངེས་པ་དང༌། དེ་བཟོད་དཀའ་བ་དང༌། བདེ་བ་འདོད་པ་དང༌། དགེ་བ་ལ་མི་བརྩོན་པ་འགལ་བ་དང༌། སྡུག་བསྔལ་ལས་ཐར་པའི་ཐབས་ལ་བརྩོན་པར་བསྐུལ་བའོ། །དང་པོ་ནི། ཁྱོད་ནི་འཆི་བ་ན་ ཉ་གསོན་པོ་བྱེ་ཚན་ལ་འགྲེ་བ་ལྟ་བུའི་ཚེ་འདིར་ཡང་དེ་ལྟ་བུའི་འཇིགས་པ་དང་ལྡན་པར་གྱུར་ན་སྡིག་པ་བྱས་པའི་འབྲས་བུས་དམྱལ་བ་མི་བཟད་པའི་སྡུག་བསྔལ་རྣམས་ནི་དངོས་སུ་མྱོང་ན་སྨོས་ཅི་དགོས་སོ། །གཉིས་པ་ནི། སྔོན་སྡིག་པ་དུ་མ་བྱས་

Page: 162 ཤིང་ད་ལྟ་ཡང་ཉི་མ་རེ་རེ་ཞིང་དམྱལ་བའི་རྒྱུ་དུ་མ་བྱེད་པ་ལ་བརྟགས་ནས་ལེ་ལོ་བྱ་བར་མི་རིགས་ཏེ། དམྱལ་བར་ཁྲོ་ཆུ་ཁོལ་བའི་ཆུ་ཚན་གྱིས་ནི་རེག་པ་ན་ལུས་ཀྱང་གཞོན་ཤ་ཅན་ལ་རབ་ཏུ་ཚ་བའི་སྡུག་བསྔལ་མྱོང་དགོས་པ་དམྱལ་བར་སྐྱེ་བ་ཡི་ནི་ལས་བྱས་ ནས། ཅིའི་ཕྱིར་འདི་ལྟར་ལེ་ལོའི་དབང་གིས་བདེ་བར་གནས་མགོ་ལ་མེ་ཤོར་བ་ལྟར་དགེ་བ་ལ་བརྩོན་པར་བྱའོ། །གསུམ་པ་ནི། བདེ་བའི་རྒྱུ་དགེ་བ་ལ་བརྩོན་པ་མེད་པར་འབྲས་བུ་བདེ་བ་འདོད་པ་དང༌། སྡུག་བསྔལ་ཅུང་ཟད་ཙམ་ལའང་སྲན་ ཆུང་བའི་བཟེ་རེ་ཅན་ལ་སྡུག་བསྔལ་གྱི་གནོད་པ་མང་ཞིང༌། འཆི་བས་གཟུང་བཞིན་དུ་ལྷ་འདྲ་བར་ཡུན་རིང་དུ་གསོན་དུ་རེ་བ་རྣམས་ལ་འདོད་པ་མི་ཐོབ་ཅིང་མི་འདོད་པ་ཐོབ་པས་ཀྱི་ཧུད་སྡུག་བསྔལ་དག་གིས་བཅོམ་པར་འགྱུར་རོ། །བཞི་པ་ནི། འོ་ན་ ཇི་ལྟར་བྱ་ཞེ་ན། དལ་འབྱོར་ཐོབ་པའི་རྟེན་ལ་འབད་ན་སྡུག་བསྔལ་མཐའ་དག་ལས་སྒྲོལ་ནུས་པས་མིའི་ལུས་ཀྱི་གྲུ་ལ་བརྟེན་ནས་ནི་འཁོར་བའི་སྡུག་བསྔལ་གྱི་ཆུ་བོ་ཆེ་ལས་སྒྲོལ་ཅིག་ཅེས་པ་དལ་འབྱོར་དོན་ཆེ་བའོ། །དལ་འབྱོར་གྱི་རྒྱུ་སྒྲུབ་ པ་ཤིན་ཏུ་དཀོན་པས་ན་གྲུ་འདི་ཕྱིས་ནས་རྙེད་དཀའ་བས་རྨོངས་པ་ཞེས་བོས་ནས། གྲུ་རྙེད་པའི་དུས་སུ་གཉིད་མ་ལོག་པར་སྐྱེས་བུ་ཆུང་འབྲིང་ཆེན་པོ་གསུམ་གྱི་ལམ་ཉམས་སུ་བླངས་པའི་སྒོ་ནས་འཁོར་བའི་ཆུ་བོ་ལས་སྒྲོལ་བར་བྱའོ། །དལ་འབྱོར་ རྙེད་དཀའ་བ་རྙེད་པའི་དུས་སུ་འབད་དགོས་པར་བསྟན་ཏོ། །གཉིས་པ་བྱ་བ་ངན་པ་ལ་ཞེན་པའི་ལེ་ལོ་སྤང་བ་ནི། འདི་ཕྱི་ཐམས་ཅད་དགའ་བའི་རྒྱུ་ནི་མཐའ་ཡས་པའི་ཐབས་དམ་པའི་ཆོས་ཉམས་སུ་ལེན་པ་ལ་དགའ་བའི་མཆོག་སྤངས་ནས། འབྲས་

Page: 163 ༄༅། །བུ་སྡུག་བསྔལ་གྱི་རྒྱུ་སྡིག་པ་དང་འདུ་འཛི་མང་པོའི་གཡེང་བ་དང་རྒོད་པ་སོགས་བྱ་བ་མ་ཡིན་པ་མང་པོ་ལ་ཁྱོད་ཅིའི་ཕྱིར་དགའ། དགའ་བར་མི་རིགས་ཏེ་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །གསུམ་པ་སྒྱིད་ལུག་པའི་ལེ་ལོ་ སྤང་བ་ལ་གསུམ། སྒྱིད་ལུག་པའི་གཉེན་པོ་ལ་འབད་པར་གདམས་པ་དང༌། གཉེན་པོ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ལུང་ལས་གསུངས་པ་དང༌། འབད་ན་ལེ་ལོ་བཀག་ནས་བྱང་ཆུབ་སྒྲུབ་ནུས་པའོ། །དང་པོ་ནི། རྒྱལ་པོ་ཆོས་བཞིའི་སྒོ་ ནས་དགྲ་ལས་རྒྱལ་བར་བྱེད་པ་ལྟར་བྱང་ཆུབ་སེམས་དཔས་ཀྱང་ཐོག་མར་སེམས་གཟེངས་བསྟོད་དེ། ལམ་ལ་སློབ་པ་ལ་བསམ་པ་སྒྱིད་ལུག་པ་མེད་པ་གོ་ཆའི་བརྩོན་འགྲུས་དང༌། སྦྱོར་བས་ཚོགས་གཉིས་ཀྱི་དཔུང་ཚོགས་གསོག་པ་སྦྱོར་བའི་ བརྩོན་འགྲུས་དང༌། དངོས་གཞི་དྲན་པ་དང་ཤེས་བཞིན་གྱིས་ཉམས་སུ་ལེན་པ་ལྷུར་བླང་བ་དང༌། ལུས་སེམས་ལས་རུང་དུ་གྱུར་པའི་སྒོ་ནས་བདག་ཉིད་དབང་དུ་བྱ་བ་དང་སྟེ་བྱས་ནས་འོག་ནས་འཆད་པ་ལྟར་བདག་དང་གཞན་དུ་མཉམ་པ་དང༌། གཞན་དང་བདག་ཏུ་བརྗེ་བར་གྱིས་ཤིག་པའོ། །གཉིས་པ་ནི། སངས་རྒྱས་ཉིད་ནི་དབང་པོ་རྣོན་པོ་བརྩོན་འགྲུས་བརྩམས་པ་བསོད་ནམས་ཀྱི་ཚོགས་མཐའ་ཡས་པ་བསགས་པ་ཤིན་ཏུ་བྱ་དཀའ་བའི་སྤྱོད་པ་བསྐལ་པ་གྲངས་མེད་དུ་མར་ ཉམས་སུ་ལེན་པས་བསྒྲུབ་པར་བྱ་བ་ཡིན་ན། བདག་ནི་དེ་ལྟ་བུ་མ་ཡིན་པས་བདག་གིས་བྱང་ཆུབ་ག་ལ་ཐོབ་ཅེས་ཞུམ་ནས་སྒྱིད་ལུག་པར་ནི་མི་བྱ་སྟེ། འདི་ལྟར་དེ་བཞིན་གཤེགས་པ་ནི་བདེན་པ་འབའ་ཞིག་གསུང་བས་བདེན་པ་འདི་གསུངས་

Page: 164 ཏེ། ཕྱིན་ཅི་ལོག་གསུངས་པའི་རྒྱུ་མེད་པས་ཡིད་བརྟན་དུ་རུང་བའི་ཕྱིར་རོ། །ཇི་ལྟར་གསུངས་ཞེ་ན་ལག་བཟང་གིས་ཞུས་པ་ལས། གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་ཡང་དག་པར་རྗེས་སུ་སློབ་སྟེ། གང་དག་སེངྒེ་དང༌། སྟག་དང༌། ཁྱི་ དང༌། ཅེ་སྤྱང་དང༌། བྱ་རྒོད་དང་ཁྲུང་ཁྲུང་དང་བྱ་རོག་དང་འུག་པ་དང་སྲིན་བུ་དང༌། སྦྲང་མ་དང་སྦྲང་བུ་དང་ཤ་སྦྲང་དུ་གྱུར་པ་དེ་དག་ཀྱང་བླ་ན་མེད་པར་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་ན་བདག་མིར་གྱུར་བཞིན་དུ་སྲོག་གི་ཕྱིར་ཡང་བྱང་ཆུབ་ ཐོབ་པའི་བརྩོན་འགྲུས་ཉམས་པར་བྱེད་སྙམ་མོ། །ཞེས་པ་དང༌། དཀོན་མཆོག་སྤྲིན་ལས་ཀྱང་གསུངས་སོ། །གསུམ་པ་ལ་བཞི། བརྩོན་པའི་སྟོབས་བསྐྱེད་ན་བྱང་ཆུབ་ཐོབ་ནུས་པར་བསམ་པ་དང༌། བྱང་ཆུབ་སྒྲུབ་པའི་དཀའ་སྤྱད་ལ་ངན་འགྲོའི་ སྡུག་བསྔལ་གྱི་ཆ་ཙམ་ཡང་མེད་པས་བཟོད་རིགས་པ་དང༌། སྨན་པའི་རྒྱལ་པོས་ཆོ་ག་འཇམ་པོས་ནད་ཆེན་པོ་གསོ་བར་མཛད་པས་བཟོད་རིགས་པ་དང༌། དེ་ལ་སྡུག་བསྔལ་མེད་ཅིང་བདེ་བས་རྒྱས་པས་དགའ་བར་རིགས་པའོ། །དང་པོ་ནི། སྔར་ བཤད་པ་ལྟར་སྦྲང་བུ་ཤ་སྦྲང་བུང་བ་དང༌། དེ་བཞིན་སྲིན་བུར་གང་གྱུར་པ་དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་དེ། ཚོགས་བསགས་ན་བྱང་ཆུབ་ཐོབ་དཀའ་བ་བླ་མེད་ཐོབ་པར་གསུངས་ན། བདག་ལྟ་བུ་རིགས་ཀྱིས་ཁྱད་པར་དུ་འཕགས་པ་མིར་སྐྱེས་ཏེ་བསམ་ པ་ཁྱད་པར་ཅན་བྱང་ཆུབ་བསྒྲུབ་པ་ལ་ཕན་པ་དང་གནོད་པའི་བླང་དོར་ངོ་ཤེས་པས་བྱང་ཆུབ་ཀྱི་སྤྱོད་པ་བླངས་ཏེ། མ་གཏང་ན་བདག་གིས་བྱང་ཆུབ་ཅིས་མི་འཐོབ་ངེས་པར་ཐོབ་ནུས་སྙམ་དུ་བསམ་པར་བྱའོ། །གཉིས་པ་ལ་གསུམ། རྐང་ལག་སོགས་

Page: 165 ༄༅། །གཏོང་བའི་དཀའ་སྤྱད་ཀྱིས་འཇིགས་མི་རིགས་པ་དང༌། ངན་འགྲོའི་སྡུག་བསྔལ་ཆ་ཙམ་ཡང་མྱོང་མི་དགོས་པ་དང༌། ནད་ཆེན་པོ་གཞོམ་པའི་ཆེད་དུ་སྡུག་བསྔལ་ཆུང་ངུ་བཟོད་རིགས་པའི་དཔེའོ། །དང་པོ་ནི། འོན་ཏེ་བརྩོན་པས་ སྒྲུབ་ནུས་ཀྱང་རྐང་ལག་དང་མགོ་ལ་སོགས་པ་སྦྱིན་པར་བཏང་དགོས་པས་བྱ་དཀའ་བའི་སྤྱོད་པ་དེ་དག་བདག་གིས་མི་ནུས་པས་བདག་ནི་འཇིགས་ཤེ་ན། དེ་དག་སྦྱིན་པར་གཏང་དགོས་ཀྱང་སྡུག་བསྔལ་ལྕི་བ་དང་ཡང་བའི་ཁྱད་པར་ལེགས་པར་མ་ དཔྱད་པར་འདོར་ལེན་ལ་རྨོངས་པས་བདག་ནི་འཇིགས་པར་ཟད་ཀྱི་འཇིགས་མི་དགོས་ཏེ། ཐོག་མ་མེད་པ་ནས་འཁོར་བར་འཁོར་བའི་ཚེ་དམྱལ་བར་བསྐལ་པ་བྱེ་བ་གྲངས་མེད་དུ་ལན་ཅིག་མ་ཡིན་པར་ལན་གྲངས་དུ་མར་ལུས་བཅད་པ་དང༌། དབུག་ པ་དང༌། མེས་བསྲེག་པ་དང༌། མཚོན་གྱིས་གཤེག་པའི་སྡུག་བསྔལ་མྱོང་བར་འགྱུར་གྱི་དེ་ཙམ་མྱོང་ཡང་ལུས་དོན་མེད་ལ་ཆུད་ཟོས་པ་མ་གཏོགས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ། །གཉིས་པ་ནི། ངན་འགྲོའི་སྡུག་བསྔལ་ལ་ བསམས་ན་བདག་གིས་བྱང་ཆུབ་སྒྲུབ་པའི་དཀའ་སྤྱད་ཀྱི་སྡུག་བསྔལ་འདི་ནི། སྔ་མ་ལ་ལྟོས་ན་དུས་ཐུང་ཞིང་ཤིན་ཏུ་ཆུང་བའི་ཚོད་ཡོད་ཅིང་བཟོད་སླ་བ་ཞིག་སྟེ། ནད་ཀྱི་ཟུག་རྔུ་ཁོང་པར་རླག་པའི་གནོད་པ་བསལ་བའི་ཕྱིར་དུ་ལུས་ལ་རྨ་ཅུང་ཟད་ གཏོད་པའི་སྡུག་བསྔལ་བཟོད་ནུས་པ་བཞིན་ནོ། །གསུམ་པ་ནི། དེ་ལྟར་སྨན་པ་ཀུན་ཀྱང་གསོ་སྤྱད་ཀྱི་མི་བདེ་བ་ཅུང་ཟད་ཙམ་པ་ཡིས་ནད་མེད་པར་བྱེད་པ་བཞིན་དུ། བྱང་ཆུབ་སྒྲུབ་པའི་དཀའ་སྤྱད་ཀྱང་སྡུག་བསྔལ་ཤིན་ཏུ་ཆུང་བ་དེ་བས་ན་འཁོར་བའི་

Page: 166 སྡུག་བསྔལ་མང་པོ་དག་གཞོམ་པའི་ཕྱིར་དུ་དཀའ་སྤྱད་ཀྱི་མི་བདེ་བ་ཆུང་ངུ་དེ་ཡང་བཟོད་པར་བྱ་སྟེ། རང་གཞན་གྱི་དུས་དཔག་ཏུ་མེད་པའི་སྡུག་བསྔལ་ཞི་བར་བྱེད་པའི་ཕྱིར་རོ། །གསུམ་པ་ལ་གསུམ། སྟོན་པས་གསོ་སྤྱད་ཀྱི་སྡུག་བསྔལ་ཙམ་ ཡང་མྱོང་མི་དགོས་པར་ནད་ཆེན་པོ་གསོ་བའི་ཐབས་སྟོན་པར་མཛད་པ་དང༌། ལུས་གཏོང་བ་ལ་དཀའ་བའི་བློ་ཡོད་པའི་ཚེ་གཏོང་བ་བཀག་པ་དང༌། ཚོད་མ་གཏོང་བ་དང་འདྲ་བར་གོམས་པའི་ཚེ་ལུས་གཏོང་བར་གསུངས་པས་དཀའ་བ་མེད་པའོ། །དང་པོ་ ནི། བྱང་ཆུབ་སྒྲུབ་པའི་ཚེ་དཀའ་སྤྱད་ནད་གསོ་བའི་གསོ་སྤྱད་ཕལ་པ་འདི་འདྲ་བའང་ཐུབ་པའི་དབང་པོ་སྨན་པའི་མཆོག་གིས་མ་མཛད་དེ། ལམ་བདེ་བས་འབྲས་བུ་བདེ་བ་ཐོབ་པའི་ཐབས་ཆོག་ཤིན་ཏུ་འཇམ་པོ་ངལ་ཞིང་དུབ་པ་དང༌། འདོད་ པ་བསོད་ཉམས་ཀྱི་མཐའ་གཉིས་སྤངས་པ་ཡིས་འཁོར་བར་འཁྱམ་དགོས་པའི་ཉོན་མོངས་པའི་ནད་ཆེན་པོ་དཔག་མེད་གསོ་བར་མཛད་པས་དཀའ་སྤྱད་ལ་འཇིགས་པར་ག་ལ་རིགས། གཉིས་པ་ནི། ཐོག་མར་སྦྱིན་པ་ལ་མ་གོམས་པའི་ཚེ་ཟན་ཆང་དང་ཚོད་ མ་ལ་སོགས་པ་སྦྱིན་པ་ལའང་འདྲེན་པ་སངས་རྒྱས་ཀྱིས་ཐོག་མར་སྦྱོར་བར་མཛད་ལ་དེ་ལ་དཀའ་བའི་བློ་མེད་པ་གོམས་ནས། ཕྱིས་ནས་ནི་རིམས་ཀྱིས་རང་གི་ཤ་ཡང་གཏོང་བ་ཡིན་པས་སོ། །གསུམ་པ་ནི། དེ་ལྟར་གོམས་པས་གང་གི་ཚེ་རང་གི་ ལུས་ལ་ནི་ཚོད་མ་གཏོང་བ་སོགས་ལྟ་བུའི་བློ་སྐྱེས་ནས་དེའི་ཚེ་ཤ་ལ་སོགས་པ་གཏོང་བས། དེ་ལ་དཀའ་བ་ཅི་ཞིག་ཡོད་ཅུང་ཟད་ཀྱང་མེད་པས་དཀའ་སྤྱད་ལ་འཇིགས་པར་མི་རིགས་སོ། །བཞི་པ་ལ་བཞི། ལམ་སྒྲུབ་པའི་རིམ་པ་ལ་མི་མཁས་

Page: 167 ༄༅། །པའི་གང་ཟག་ལ་ལུས་སེམས་མི་བདེ་བ་ཡོད་ཀྱང་མཁས་པ་ལ་དཀའ་སྤྱད་ཀྱི་སྡུག་བསྔལ་མེད་པ་དང༌། དེས་ན་སེམས་དཔའ་ཆེན་པོ་འཁོར་བར་གནས་པ་ལ་སྐྱོ་བའི་རྒྱུ་མེད་པ་དང༌། རྒྱུ་མཚན་དེས་ན་ལམ་བགྲོད་པ་ལ་ ཐེག་པ་དམན་པ་ལས་མཁས་པར་བཤད་པ་དང༌། དེས་ན་སེམས་དཔའི་སྤྱོད་པ་ལ་སྒྱིད་ལུག་པར་མི་རིགས་པའོ། །དང་པོ་ནི། བྱང་ཆུབ་སེམས་དཔའི་སྙིང་རྗེའི་བསམ་པ་དག་པ་དེས་ལུས་གཏོང་བ་ལ་ལུས་ཀྱི་སྡུག་བསྔལ་མེད་དེ། སྒོ་གསུམ་ གྱི་སྡིག་པ་མཐའ་དག་སྤངས་པའི་ཕྱིར་ལུས་གཏོང་བའི་དུས་ལ་མཁས་པའི་ཕྱིར་ན་ཡིད་ལ་མི་དགའ་བ་ཡང་མེད་ལ། རྒྱུ་མཚན་འདི་ལྟར་གང་ཟག་གི་བདག་དང་བདག་གིར་ཞེན་པའི་ལོག་པར་རྟོག་པ་དང༌། སྲོག་གཅོད་སོགས་སྡིག་པའི་སེམས་དང་ ལུས་ལ་གནོད་པ་ཡིན་གྱི་སེམས་དཔའ་ཆེན་པོ་རྣམས་ལ་གནོད་པའི་རྒྱུ་ལོག་པས་སོ། །གཉིས་པ་ནི། སེམས་དཔའ་རྣམས་སྦྱིན་སོགས་བསོད་ནམས་ཀྱིས་ནི་འབྲས་བུ་ལུས་བདེ་ལ་བླང་དོར་དང་སྟོང་པ་ཉིད་ཀྱི་དོན་ལ་མཁས་པ་ཡིས་ནི་བྱང་ ཆུབ་སེམས་དཔའ་རྟག་ཏུ་ངུ་ལྟར་སེམས་བདེ་བ་གཞན་དོན་དུ་འཁོར་བར་གནས་ཀྱང་ནི་སྙིང་རྗེ་ཅན་དག་ཅི་སྟེ་སྐྱོ། སྐྱོ་བའི་རྒྱུ་མེད་པའི་ཕྱིར་རོ། །གསུམ་པ་ནི། སྙིང་རྗེ་ཅན་འདི་ནི་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་ཀྱིས་སྔོན་གྱི་སྡིག་པ་ཟད་པར་ བྱེད་ཅིང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་ལྟ་བུ་སྡུད་པར་བྱེད་པའི་ཕྱིར་ལམ་བགྲོད་པ་ལ་ཉན་ཐོས་རྣམས་ལས་མཆོག་ཏུ་བཤད་དོ། །བཞི་པ་ནི། དེ་བས་ན་སེམས་སྐྱོ་བ་དང་ལུས་ངལ་བ་ཀུན་སེལ་བའི་བྱང་ཆུབ་ཀྱི་སེམས་ཀྱི་རྟ་

Page: 168 སྟོབས་ལྡན་ཞོན་ནས་ལུས་སེམས་བདེ་བའི་ལམ་ནས་འབྲས་བུ་བདེ་བར་འགྲོ་བ་ལ། སེམས་ཤེས་པ་མཁས་པ་སུ་ཞིག་སྒྱིད་ལུག་པར་འགྱུར། སྤྱོད་པ་ཉམས་སུ་ལེན་པ་ལ་སྒྱིད་ལུག་པར་མི་བྱའོ། །གཉིས་པ་བརྩོན་འགྲུས་ཀྱི་སྟོབས་སྤེལ་བ་ལ་གསུམ། བརྩོན་འགྲུས་ཀྱི་མཐུན་རྐྱེན་སྟོབས་སྤེལ་བ་དང༌། དྲན་པ་དང་ཤེས་བཞིན་གྱིས་སྤྱོད་པ་ཉམས་སུ་བླང་བ་ལྷུར་བྱ་བ་དང༌། སྤྱོད་པ་བསྒྲུབ་པ་ལ་བདག་ཉིད་དབང་དུ་བྱ་བའོ། །དང་པོ་ལ་གཉིས། སྟོབས་བཞི་ངོས་བཟུང་བའི་སྒོ་ནས་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། སེམས་ཅན་གྱི་དོན་འགྲུབ་པར་བྱ་བའི་ཕྱིར་དུ་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་འཇོམས་པའི་དཔུང་ཚོགས་བསྐྱེད་པ་ནི། རྒྱལ་པོ་དཔུང་ཚོགས་བཞིས་གཞན་སྡེ་འཇོམས་པ་ལྟར་ལས་འབྲས་བསམས་ནས་འདོར་ ལེན་བྱེད་པ་ལ་འདུན་པ་བསྐྱེད་པ་མོས་པའི་སྟོབས་དང༌། མ་བརྟགས་པར་ཅི་རུང་རུང་དུ་མི་འཇུག་ལ་བརྟགས་ནས་ཞུགས་པ་མཐར་འབྱིན་པ་བརྟན་པའི་སྟོབས་དང༌། བྱིས་པ་རྩེད་མོ་ལ་འཇུག་པ་ལྟར་འཕྲོ་མི་གཅོད་ཅིང་ངོམས་པ་མེད་པར་བརྩོན་འགྲུས་ རྩོམ་པ་དགའ་བའི་སྟོབས་དང༌། བརྩོན་འགྲུས་བརྩམས་པས་ལུས་སེམས་དུབ་ན་ངལ་གསོས་ཏེ་གསོས་མ་ཐག་རྩོམ་པ་དོར་བའི་སྟོབས་དང་བཞི་ནི་བརྩོན་འགྲུས་ཀྱི་མཐུན་རྐྱེན་ཡིན་ནོ། །མོས་པའི་སྟོབས་ལ་མཚོན་ཏེ་བཤད་ན་མོས་པའི་སྟོབས་ནི་ འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་དང༌། མོས་པ་དེའི་ཕན་ཡོན་བསམ་པས་བསྐྱེད་པར་བྱའོ། །དེ་ལྟར་དགེ་བའི་ཆོས་སྒྲུབ་ནུས་སུ་མཐོང་ཡང་མི་འཇུག་པ་དང༌། བདག་གིས་ག་ལ་ནུས་སྙམ་དུ་ཞུམ་པའི་མི་མཐུན་ཕྱོགས་སྤངས་ཏེ་མཐུན་རྐྱེན་

Page: 169 ༄༅། །མོས་པ་དང༌། ང་རྒྱལ་ཏེ་བརྟན་པ་དང༌། དགའ་བ་དང༌། དོར་བའི་སྟོབས་བཞི་བསྐྱེད་ལ་དངོས་གཞི་དྲན་ཤེས་ཀྱིས་བརྩོན་འགྲུས་ལྷུར་ལེན་པ་དང༌། རྗེས་ལུས་སེམས་ལ་དབང་སྒྱུར་བའི་སྟོབས་ཀྱིས་ནི་བརྩོན་འགྲུས་གོང་ ནས་གོང་དུ་སྤེལ་བའི་ཕྱིར་ཏུ་འབད་པར་བྱའོ། །གཉིས་པ་ལ་བཞི། མོས་པའི་སྟོབས་དང༌། བརྟན་པའི་སྟོབས་དང༌། དགའ་བའི་སྟོབས་དང༌། དོར་བའི་སྟོབས་སོ། །དང་པོ་ལ་བཞི། མོས་པའི་ཡུལ་དང༌། འབྲས་བུ་དང༌། མོས་པའི་རྒྱུ་དང། མཇུག་བསྡུ་བའོ། །དང་པོ་ལ་གསུམ། ཉེས་པ་དོར་བ་དང༌། ཡོན་ཏན་ལེན་པ་དང༌། བྱས་པ་དང་མ་བྱས་པའི་རྣམ་གྲངས་ལ་བརྟག་པའོ། །དང་པོ་ནི། བདག་དང་གཞན་གྱི་ཉེས་པ་ནི་དཔག་ཏུ་མེད་པ་བདག་གིས་གཞོམ་པར་བྱ་སྟེ་སེམས་བསྐྱེད་པའི་ དུས་ན་དེ་ལྟར་དམ་བཅས་པའི་ཕྱིར་རོ། །ཉེས་པ་འཇོམས་པའི་དུས་གང་དུ་ཉེས་པ་རེ་རེ་ལའང་བསྐལ་པ་རྒྱ་མཚོར་གཉེན་པོ་བསྒོམས་པས་ཟད་པར་འགྱུར་བ་ཡིན་པ་ལས་ཉེས་པ་ཟད་པར་བྱེད་པའི་རྩོམ་པ་དེའི་ནི་ཆ་ཤས་ཙམ་ཡང་བདག་ལ་མ་ མཐོང་ན་གཉེན་པོ་དེ་ཙམ་བསྒོམ་པ་ལ་མི་བཟོད་ན་ངན་འགྲོའི་སྡུག་བསྔལ་མྱོང་དགོས་པས་སྡུག་བསྔལ་དཔག་ཏུ་མེད་པའི་གནས་སུ་གྱུར་པའི་བདག་ཀོ་ཅིའི་ཕྱིར་སྙིང་མ་གས་པར་གྱུར། བདག་གི་སྙིང་རེ་སྲ་ཞེས་པའོ། །གཉིས་པ་ནི། བདག་ དང་གཞན་གྱི་ཐར་པ་དང་ཐམས་ཅད་མཁྱེན་པའི་ཡོན་ཏན་ནི་མང་པོ་བདག་གིས་བསྒྲུབ་པར་བྱ་སྟེ་དེ་ལྟར་དམ་བཅས་པའི་ཕྱིར་རོ། །དེ་ལ་ཡོན་ཏན་མ་ལུས་པ་ལྟ་ཞོག་མཚན་དཔེ་ལྟ་བུ་རེ་རེ་ཡང་བསྐལ་པ་རྒྱ་མཚོས་གོམས་པར་བྱ་དགོས་པར་འགྱུར་ན།

Page: 170 བདག་ནི་ཡོན་ཏན་དེ་དག་གི་ཆ་ལ་ཡང་གོམས་པ་ནམ་ཡང་མ་སྐྱེས་ཏེ། དུས་ཡུན་རིང་མོ་ཞེས་ཇི་ཞིག་ལྟར་རྙེད་པའི་དལ་འབྱོར་གྱི་སྐྱེ་བ་ནི་བདག་གིས་ཚེ་འདི་ཕྱིའི་དོན་མེད་པར་ཆུད་གཟན་པར་བྱས་པ་མཚར་ཞེས་ཡི་ཆད་པའི་གཏིང་ཚིག་གོ ། གསུམ་ པ་ནི། སྔོན་ཆད་བདག་གིས་བཅོམ་ལྡན་འདས་ཀྱིས་མཚོན་པའི་དཀོན་མཆོག་གསུམ་མ་མཆོད་ཅིང༌། སེམས་ཅན་རྣམས་དང་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བའི་དགའ་སྟོན་ཆེན་པོའི་བདེ་བ་ཡང་མ་བྱིན་ལ། སྤང་གཉེན་གྱི་འདོར་ལེན་ ཚུལ་བཞིན་དུ་མ་སྒྲུབ་པས་བསྟན་པ་ལ་བྱ་བ་མ་བྱས་པ་དང༌། སེམས་ཅན་དབུལ་པོའི་བསམ་པ་རྫོགས་པར་མ་བྱས་པ་དང༌། དགྲ་དང་ནད་སོགས་ཀྱིས་འཇིགས་པ་ལ་མི་འཇིགས་པ་མ་བྱིན་པ་དང༌། སྡུག་བསྔལ་གྱིས་ཉམས་ཐག་པ་ལ་བདེ་བ་ ཡང་མ་བྱིན་ན་སྔོན་ཆད་བདག་གིས་དམ་པའི་སྤྱོད་པ་གང་ཡང་མ་བྱས་ཤིང་བདག་མའི་མངལ་གྱི་ཟུག་རྔུ་དང་སྡུག་བསྔལ་འབའ་ཞིག་བསྐྱེད་པར་ཟད་ཀྱི། གཞན་དོན་ཅི་ཡང་མ་བྱས་པས་འགྱོད་པའོ། །གཉིས་པ་མོས་པའི་འབྲས་བུ་ལ་གཉིས། ཆོས་ལ་མོས་པ་གཏོང་མི་རིགས་པ་དང༌། དེའི་རྒྱུ་མཚན་ནོ། །དང་པོ་ནི། བདག་ནི་སྔོན་དང་ད་ལྟར་ཡང་ངེས་ཤིང་ཡིད་ཆེས་པའི་སྒོ་ནས་དགེ་བའི་ཆོས་ལ་མོས་པ་དང་བྲལ་བ་ཡིས་ད་དུང་འཁོར་བའི་རྒུད་པས་ཟིན་པའི་ཕོངས་པ་འདི་འདྲ་བྱུང་བར་གྱུར་ ན། མཁས་པ་སུ་ཞིག་ཆོས་ལ་མོས་པ་གཏོང་རྒུད་པ་ལས་ཐར་བར་འདོད་པས་ཆོས་ལ་མོས་པ་བསྐྱེད་པར་བྱའོ། །གཉིས་པ་ནི། དགེ་བའི་ཕྱོགས་ནི་ཐམས་ཅད་ཀྱི་རྩ་བ་དགེ་བའི་ཆོས་ཇི་ལྟར་ངེས་པ་ལྟར་ཡིད་ཆེས་པའི་མོས་པ་ཐུབ་པས་གསུངས་

Page: 171 ༄༅། །པས་སོ། །དེ་ལྟར་ཟླ་བ་སྒྲོན་མེའི་མདོ་ལས་གསུངས་སོ། །གསུམ་པ་མོས་པའི་རྒྱུ་ལ་གཉིས། བསྟན་པ་དང༌། བཤད་པའོ། །དང་པོ་ནི། ཆོས་ལ་མོས་པ་དེའི་ཡང་རྩ་བ་རྟག་ཏུ་ནི་དགེ་མི་དགེའི་ལས་དང་རྣམ་སྨིན་གྱི་འབྲས་བུ་ལ་ ཡིད་ཆེས་པ་བསྒོམས་པས་སོ། །ལས་འབྲས་ལ་ངེས་པ་ལེགས་པར་མ་རྙེད་ན་ཆོས་གང་ལ་ཡང་རྒྱལ་བ་དགེས་པའི་ངེས་པ་མི་རྙེད་པས་འདི་ལ་འབད་པར་བྱའོ། །ཁ་ཅིག་སྟོང་པ་ཉིད་ལ་ངེས་པ་རྙེད་པ་སྐད་ཟེར་ནས་ལས་འབྲས་ལ་མི་བརྩི་བ་ནི་ སྟོང་པ་ཉིད་ཀྱི་གོ་བ་ཕྱིན་ཅི་ལོག་ཏུ་སོང་བ་ཡིན་ནོ། །གཉིས་པ་ལ་གསུམ། འདྲེས་མའི་ལས་འབྲས་བསམ་པ་དང༌། གཅིག་ཏུ་དཀར་བའི་ལས་འབྲས་བསམ་པ་དང༌། གནག་པའི་ལས་འབྲས་བསམ་པའོ། །དང་པོ་ནི། འགྲོ་བ་རྣམས་སུ་ ལུས་ཀྱི་སྡུག་བསྔལ་དང༌། སེམས་ཀྱི་ཚོར་བ་ཡིད་མི་བདེ་བ་དང་མི་དང་མི་མ་ཡིན་པ་ལ་སོགས་པའི་འཇིགས་པ་རྣམ་པ་སྣ་ཚོགས་དང༌། མཛའ་བཤེས་དང་ལོངས་སྤྱོད་སོགས་འདོད་པ་རྣམས་དང་བྲལ་བ་ནི་རྒྱུ་སྡིག་པ་སྤྱོད་པ་ལས་འབྱུང་བར་འགྱུར་ བས་སྡིག་པ་སྤོང་བ་ལ་འབད་པ་དང༌། སྤོང་སེམས་ཀྱིས་ཀུན་ནས་བསླངས་ཏེ་ཡིད་ལ་བསམས་པའི་དགེ་བ་བྱས་པས་སྐྱེ་གནས་གང་དང་གང་དུ་འགྲོ་བར་འགྱུར་བ་དེ་དང་དེར་ནི་དགེ་བའི་བསོད་ནམས་དེས། རྣམ་སྨིན་གྱི་འབྲས་བུའི་ཡོན་ཏན་གྱིས་ མངོན་པར་མཆོད་པར་འགྱུར་རོ། །བདེ་སྡུག་འདོད་པ་ཙམ་གྱི་རྗེས་སུ་བྱེད་པ་མ་ཡིན་ཏེ། སྡིག་པ་བྱེད་པའི་གང་ཟག་བདེ་བ་འདོད་ཀྱང་ཆོས་ཉིད་ཀྱིས་གང་དང་གང་དུ་འགྲོ་བར་འགྱུར་བ་དེ་དང་དེར་ནི་སྡིག་པ་དེས་སྡུག་བསྔལ་གྱི་མཚོན་གྱིས་རྣམ་པར་

Page: 172 འཇོམས་པར་འགྱུར་བས་སྡིག་པ་སྤོང་བ་ལ་འབད་པར་བྱའོ། །འབྲས་བུའི་ཡོན་ཏན་ནི་འབྲས་བུའི་རང་བཞིན་གྱི་ཚུལ་ལོ། །གཉིས་པ་ནི། དགེ་བའི་ཆོས་ལ་གོམས་པར་བྱས་པས་རྒྱལ་བའི་སྲས་པོ་རྣམས་བདེ་བ་ཅན་གྱི་ཞིང་སོགས་སུ་སྐྱེ་བ་ན། སྐྱེ་ གནས་རྒྱ་ཆེ་ཞིང་ཡངས་པ་དྲི་བཟང་ཞིང་ཡིད་དུ་འོང་བ་བདེ་བ་སྐྱེད་པའི་རེག་བྱ་བསིལ་བའི་སྐྱེ་གནས་ཀྱི་ཁྱད་པར་པདྨའི་སྙིང་པོར་གནས་པའོ། །འཇིག་རྟེན་པའི་ཁ་ཟས་ཀྱིས་འཚོ་བ་ལས་ཁྱད་པར་དུ་གྱུར་པ་ཡན་ལག་དྲུག་ཅུ་དང་ལྡན་པའི་རྒྱལ་བའི་ གསུང་སྙན་པ་ཐོས་པ་དང༌། དེའི་བརྗོད་བྱ་དེ་ཁོ་ན་ཉིད་རྟོགས་པའི་ཟས་ཀྱིས་གཟི་བརྗིད་དང་མདངས་བསྐྱེད་པར་བྱས་ནས། སྐྱེ་བའི་ཁྱད་པར་ཐུབ་པ་དེ་བཞིན་གཤེགས་པའི་འོད་ཀྱིས་ཁ་ཕྱེ་ཞིང་རྒྱས་པར་བྱས་པའི་པདྨ་ལས་བྱུང་བའོ། །ལུས་ ཀྱི་ཁྱད་པར་མཚན་དཔེས་སྤྲས་པའི་ལུས་མཆོག་ཅན་ནོ། །ཡོངས་སུ་འཛིན་པའི་ཁྱད་པར་འོད་དཔག་མེད་སོགས་རྒྱལ་བའི་མདུན་ན་གནས་ནས་དེའི་ཆོས་ཀྱིས་སྐྱོང་བ་སྟེ། ཁྱད་པར་དེ་དག་དང་ལྡན་པའི་སྒོ་ནས་བདེ་གཤེགས་སྲས་སུ་གཅིག་ཏུ་ དཀར་བའི་ལས་དགེ་བས་འགྱུར་རོ། །གསུམ་པ་ནི། སྲོག་གཅོད་པ་ལ་སོགས་པའི་ལས་ཀྱིས་དམྱལ་བར་གཤིན་རྗེའི་སྐྱེས་བུས་པགས་པ་མ་ལུས་པ་བཤུས་པས་སྡུག་བསྔལ་གྱིས་ཤིན་ཏུ་ཉམ་ཐག་ཅིང་ལོངས་སྤྱོད་ཀྱི་ཁྱད་པར་རབ་ཏུ་ཚ་བའི་མེ་ ཡིས་བཞུས་པའི་ཟངས་ཞུན་གྱི་ཁུ་བ་ལུས་ལ་བླུགས་པར་གྱུར་པས་བཟོད་དཀའ་ལ། དེར་མ་ཟད་མེ་འབར་བའི་རལ་གྲི་དང་མདུང་ཐུང་གིས་བསྣུན་པས་ཤའི་དུམ་བུ་བརྒྱ་ཕྲག་དུ་མར་ལྷགས་ཤིང་འཐོར་བར་གྱུར་པའོ། །གནས་ཀྱི་ཁྱད་པར་ཤིན་

Page: 173 ༄༅། །ཏུ་འབར་བའི་ལྕགས་ཀྱི་ས་གཞིར་ལྷུང་བས་ཉམ་ཐག་པར་གྱུར་པ་ནི། མཚམས་མེད་དང་ཆོས་སྤོང་ལ་སོགས་པའི་ལས་མི་དགེ་བ་མང་པོས་དེ་དག་མྱོང་བར་འགྱུར་རོ། །བཞི་པ་མཇུག་བསྡུ་བ་ནི། དེ་བས་ན་ལས་ འབྲས་ཚུལ་བཞིན་དུ་བསམས་ནས་དགེ་བ་ལ་མོས་པར་བྱ་ཞིང་ཡིད་ཆེས་པའི་སྒོ་ནས་གུས་པ་ཉིད་དུ་བསྒོམ་པར་བྱའོ། །གཉིས་པ་བརྟན་པའི་སྟོབས་ལ་གཉིས། བརྩོན་པ་བརྟན་པ་དང༌། བརྩམས་ནས་ཞུགས་པ་བརྟན་པར་བྱེད་པའོ། ། དང་པོ་ལ་གཉིས། ལེགས་པར་བརྟགས་ནས་རྩོམ་པ་དང༌། བརྩམས་ནས་དོར་བའི་ཉེས་དམིགས་སོ། །དང་པོ་ནི། ཕལ་པོ་ཆེའི་འཕགས་པ་རྡོ་རྗེ་རྒྱལ་མཚན་གྱི་མདོའི་བསྔོ་བ་དྲུག་པ་ལས། དཔེར་ན་ལྷའི་བུ་ཉི་མ་འཆར་བ་ནི་དམུས་ལོང་ དང་རི་མི་མཉམ་པ་ལ་སོགས་པའི་ཉེས་པས་མི་ལྡོག་པར་འོས་སུ་གྱུར་པའི་ཡུལ་རྣམས་སྣང་བར་བྱེད་པ་ལྟར་བྱང་ཆུབ་སེམས་དཔའ་གཞན་གྱི་དོན་དུ་འཆར་བ་ཡང་སེམས་ཅན་གྱི་ཉེས་པ་སྣ་ཚོགས་ཀྱིས་མི་ལྡོག་ཅིང༌། འོས་སུ་གྱུར་པའི་ གདུལ་བྱ་རྣམས་སྨིན་པ་དང་གྲོལ་བར་བྱེད་དོ། །ཞེས་གསུངས་པའི་ཆོ་ག་ཡིས་དགེ་བའི་ལས་བརྩམས་ནས་མཐར་ཕྱིན་པར་བྱེད་པའི་ང་རྒྱལ་བསྒོམ་པར་བྱའོ། །བྱ་བ་ལ་འཇུག་པའི་དང་པོར་རང་གི་བློའི་འབྱོར་པ་ནུས་པ་ཡོད་མེད་ལེགས་པར་ བརྟགས་ནས་ནི། ནུས་ན་བརྩམ་པར་བྱ་བའམ་ཡང་ན་མི་ནུས་ན་མི་བརྩམ་པར་བྱའོ། །མ་བརྩམས་པ་ཉིད་མཆོག་ཡིན་གྱི་བརྩམས་ནས་མཐར་མ་ཕྱིན་བར་དུ་དེ་ལས་ལྡོག་པར་མི་བྱའོ། །གཉིས་པ་ནི། བརྩམས་ནས་དོར་བ་ལ་ཉེས་པ་ཅི་

Page: 174 ཡོད་ཅེ་ན། སྔ་མ་དེའི་བྱེད་པ་རྒྱུ་མཐུན་གྱིས་སྐྱེ་བ་གཞན་དུའང་འདོར་བ་དེ་གོམས་ཤིང་དམ་བཅའ་ཉམས་པའི་སྐྱེས་བུ་བྱེད་འབྲས་སྡིག་པ་དང༌། དེའི་རྣམ་སྨིན་སྡུག་བསྔལ་འཕེལ་བར་འགྱུར་ཞིང་ཕྱིས་བརྩམས་པའི་བྱ་བ་གཞན་དང་ལས་དེ་ ཉིད་ཀྱིས་འབྲས་བུའི་དུས་ཀྱང་ནི་དམན་པར་འགྱུར་བ་དུས་རིང་པོར་འགོར་བ་དང༌། ལས་གཞན་དེ་ཡང་འགྲུབ་པར་མ་འགྱུར་བས་སོ། །གཉིས་པ་ལ་གཉིས། བསྡུས་ཏེ་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་ནི། བྱ་བ་དེ་ལ་ཞུགས་ ནས་བྱ་བའི་ལས་དང་སྤང་བྱའི་ཉོན་མོངས་དང༌། འཇུག་ལྡོག་བྱེད་པའི་ནུས་པ་སྟེ་གསུམ་པོ་དག་ལ་མ་ཞུམ་ཞིང་སྟོབས་བསྐྱེད་པའི་ང་རྒྱལ་བྱའོ། །གཉིས་པ་ལ་གསུམ། ལས་ཀྱི་ང་རྒྱལ་དང༌། ནུས་པ་ལ་ང་རྒྱལ་བྱ་བ་དང༌། ཉོན་མོངས་པ་ལ་ང་རྒྱལ་ བྱ་བའོ། །དང་པོ་ལ་གསུམ། ལས་ཀྱི་ང་རྒྱལ་ངོས་བཟུང་བ་དང༌། དེ་ལྟར་བྱེད་པའི་རྒྱུ་མཚན་དང༌། གཞན་གྱི་དམན་པའི་ལས་ལ་ཡང་ཁུར་འཛིན་པའི་ང་རྒྱལ་བྱ་བའོ། །དང་པོ་ནི། གཞན་གྱིས་བྱ་བར་འོས་པའི་ལས་མཐོང་ན་བདག་ཉིད་གཅིག་ པུས་བྱའོ་ཞེས་བློའི་སྟོབས་བསྐྱེད་པ་འདི་ནི་ལས་ཀྱི་ང་རྒྱལ་ཉིད་དོ། །གཉིས་པ་ནི། སེམས་ཅན་གྱི་བྱ་བ་གཞན་ལ་མི་ལྟོས་པར་རང་གིས་བསྒྲུབ་པར་བྱ་སྟེ། ཉོན་མོངས་པས་དབང་མེད་པར་གྱུར་པའི་འཇིག་རྟེན་པ་འདིས་རང་དོན་ཡང་སྒྲུབ་པར་ མི་ནུས་པས། འགྲོ་བས་བདག་ལྟར་གཞན་དོན་དུ་དགེ་བ་ལ་བརྩོན་པར་མི་ནུས་ཏེ། དེ་དག་ལ་ལྟོས་ཀྱང་ཕན་པ་མེད་པ་དེ་བས་བདག་གིས་གཞན་དོན་གྱི་བྱ་བ་འདི་ཐམས་ཅད་བྱའོ་སྙམ་པའོ། །གསུམ་པ་ནི། གཞན་ཡང་ཞིང་ལས་སོགས་

Page: 175 ༄༅། །དམན་པའི་ལས་བྱེད་ན་མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་བདག་ཉིད་ཀྱང་ནི་དལ་བར་ཇི་ལྟར་འདུག་སྟེ་ལས་བྱའོ། །གཞན་ནི་དམན་པའི་ལས་བྱེད་ན་བདག་ནི་བཟང་པོའི་ལས་བྱེད་དོ་སྙམ་པའི་ང་རྒྱལ་གྱིས་བྱེད་ དོ་སྙམ་ན་དེ་ལྟ་བུའི་ང་རྒྱལ་གྱིས་འདི་མི་བྱེད་དེ་བདག་ལ་ཉོན་མོངས་པའི་ང་རྒྱལ་མེད་པ་མཆོག་ཡིན་པས་དེ་སྤང་བར་བྱ་སྟེ་དེས་ངན་འགྲོར་འགྲོ་བས་སོ། །གཉིས་པ་ལ་ལྔ། ནུས་པ་ལ་ང་རྒྱལ་མེད་པའི་ཉེས་པ་དང༌། ང་རྒྱལ་བྱས་པའི་ཕན་ ཡོན་དང༌། གཉེན་པོའི་ང་རྒྱལ་ལ་གནས་པར་བྱ་བ་དང་། ཉོན་མོངས་པའི་ང་རྒྱལ་བྱ་བར་མི་རིགས་པ་དང༌། གཉེན་པོའི་ང་རྒྱལ་གྱི་ཕན་ཡོན་ནོ། །དང་པོ་ནི། ཉོན་མོངས་འཇོམས་པ་ལ་གཉེན་པོའི་སྟོབས་བསྐྱེད་པར་བྱ་སྟེ། ཤི་བའི་ སྦྲུལ་དང་ཕྲད་པར་གྱུར་ན་བྱ་ཁྭ་ཏ་ཡང་མཁའ་ལྡིང་ལྟ་བུར་སྤྱོད་པ་དེ་བཞིན་དུ་གལ་ཏེ་བདག་ཉིད་གཉེན་པོ་ཉམས་སྟོབས་ཆུང་ན། ལྟུང་བ་ཆུང་ངུའང་ལམ་ལ་བར་ཆད་ཀྱིས་གནོད་པར་བྱེད་པས་བསམ་པ་ཞུམ་པར་བྱས་ནས་དོན་གཉིས་སྒྲུབ་པའི་ རྩོལ་བ་དོར་བ་ལ་ཕོངས་པའི་གནས་སྐབས་ལས། ནམ་ཡང་ཐར་པ་ཡོད་དམ་ཅི་ལེ་ལོས་བཅོམ་ནས་ལུས་སེམས་ཀྱི་འཇུག་པ་ཉམས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། གཉེན་པོའི་སྟོབས་བསྐྱེད་པའི་ང་རྒྱལ་དང་སྦྱོར་བས་རྩོལ་བ་ བསྐྱེད་པས་ནི་སྤང་བྱ་ཆེན་པོ་ཡིས་ཀྱང་ཐུབ་པར་དཀའ་བ་དེ་བས་ན། སེམས་ནི་བརྟན་པོ་ཡིས་ལྟུང་བ་རྣམས་ནི་གཞོམ་པར་བྱ་སྟེ་བདག་ནི་ལྟུང་བས་ཕམ་པར་བྱས་ན་ཁམས་གསུམ་ཐམས་ཅད་ལས་རྒྱལ་བར་འདོད་པ་ནི་བཞད་གད་ཀྱི་གནས་

Page: 176 སུ་འགྱུར་བས་སོ། །གསུམ་པ་ནི། དེས་ན་བདག་གིས་ཉེས་པ་ཀུན་ལས་རྒྱལ་བར་བྱ་སྟེ། བདག་ལས་ཁམས་གསུམ་པའི་སྤང་བྱ་སུ་ཡང་རྒྱལ་བར་མི་བྱའོ་སྙམ་པའི་ང་རྒྱལ་གྱི་མཆོག་འདི་ལ་གནས་པར་བྱའོ། །གང་གིས་ཅེ་ན་བདུད་དང་མུ་ སྟེགས་སོགས་ཀྱི་རི་དྭགས་སྐྲག་པར་མཛད་པ་རྒྱལ་བ་སེངྒེའི་སྲས་བདག་པས་ཏེ་བདག་གིས་སོ། །བཞི་པ་ལ་གསུམ། ཉོན་མོངས་པའི་ང་རྒྱལ་ལ་སྨད་པ་དང༌། དེའི་ཉེས་དམིགས་དང༌། དེ་སྤང་བར་རིགས་པའོ། །དང་པོ་ནི། འགྲོ་བ་ གང་སེམས་ཁེངས་པའི་ང་རྒྱལ་གྱིས་བཅོམ་ཞིང་ཕུང་བ་དེ་ཉོན་མོངས་པའི་གཞན་དབང་དུ་གྱུར་པས་ང་རྒྱལ་ཆེན་པོ་ཅན་མ་ཡིན་ཏེ། ང་རྒྱལ་ཅན་ནི་དགྲའི་དབང་དུ་མི་འགྲོ་བ་རིགས་པ་ལ་སེམས་ཁེངས་པའི་འགྲོ་བ་དེ་དག་ཉོན་མོངས་པའི་ང་རྒྱལ་ གྱི་དགྲའི་དབང་དུ་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། ཉོན་མོངས་པའི་ང་རྒྱལ་གྱིས་ཁེངས་པ་ནི་ཉེས་དམིགས་འདི་དག་ཡོད་སྟེ། ངན་འགྲོར་ང་རྒྱལ་གྱིས་ཁྲིད་ཅིང་མིར་སྐྱེས་ན་ཡང་ཡིད་བདེ་བ་སོགས་མིའི་དགའ་སྟོན་བཅོམ་པ་དང་ཟས་མེད་ པར་སློང་མོས་འཚོ་བ་དང༌། གཞན་གྱི་དབང་དུ་གྱུར་པས་གཞན་གྱི་ཟས་ཟ་བའི་བྲན་དང་ནི་ཤེས་པ་གླེན་པ་དང༌། གཟུགས་མི་སྡུག་ཅིང་ཉམ་ཆུང་བ་དང་རང་གིས་དངོས་སུ་གནོད་པ་མ་བྱས་ཀྱང་གཞན་གྱིས་ལུས་ངག་གིས་ཐམས་ཅད་དུ་ནི་ བརྙས་པར་འགྱུར་བས་སེམས་ཁེངས་པའི་ང་རྒྱལ་སྤང་བར་བྱའོ། །གསུམ་པ་ནི། ཉོན་མོངས་པའི་ང་རྒྱལ་གྱིས་སེམས་ཁེངས་ཤིང་གཞན་དབང་དུ་གྱུར་པའི་ཡིད་ཀྱིས་དཀའ་ཐུབ་ཅན་དེ་ཡང་ང་རྒྱལ་ཆེན་པོ་ཅན་དུ་གཏོགས་པ་ཡིན་ན།

Page: 177 ༄༅། །སྙིང་རྗེའི་གནས་སུ་གྱུར་པའི་དམན་པ་གཞན་ཅི་འདྲ་ཞིག་ཡིན་པ་སྨྲོས་དགྲའི་དབང་དུ་སོང་བ་ང་རྒྱལ་ཅན་དུ་མི་རིགས་སོ། །ལྔ་པ་ནི། གང་ཞིག་ང་རྒྱལ་ཅན་ཡིན་ཞེ་ན། ཉོན་མོངས་པའི་དགྲ་ལས་རྒྱལ་བར་བྱ་བའི་ ཕྱིར་གཉེན་པོའི་ང་རྒྱལ་འཆང་བ་དེ་ནི་གཉེན་པོའི་སྟོབས་ཆེ་བས་ང་རྒྱལ་ཅན་ཞེས་བྱ་བ་དང༌། དགྲ་ལས་རྣམ་པར་རྒྱལ་བས་དཔའ་བོ་ཡང་དེ་ཉིད་ཡིན་ཏེ་གང་གི་ཕྱིར་ན། གང་ཞིག་སེམས་ཁེངས་པའི་ང་རྒྱལ་གྱི་དགྲ་རྡོ་བ་ཡང་ངེས་པར་རྩ་བ་ནས་ བཅོམ་ནས། དེ་ལྷ་དང་བཅས་པའི་འགྲོ་བ་ལ་ཇི་ལྟར་འདོད་པ་བཞིན་དུ་གནས་སྐབས་དང་མཐར་ཐུག་གི་རྒྱལ་བའི་འབྲས་བུ་འཕྲིན་ལས་དང་བཅས་པ་རྫོགས་པར་བྱེད་པས་དགྲ་ལས་རྣམ་རྒྱལ་ཞེས་བྱའོ། །གསུམ་པ་ལ་གསུམ། ཉོན་མོངས་ ཀྱི་གཉེན་པོའི་སྟོབས་བསྐྱེད་པར་བྱ་བ་དང༌། དེའི་དབང་དུ་ཅུང་ཟད་ཙམ་ཡང་མི་འགྱུར་བར་བྱ་བ་དང༌། གཉེན་པོ་བརྟན་པའི་བསམ་པ་ཁྱད་པར་ཅན་བསྐྱེད་པར་བྱ་བའོ། །དང་པོ་ནི། ཁྲོ་བ་སོགས་ཉོན་མོངས་པའི་ཕྱོགས་ཀྱི་ཁྲོད་ན་གནས་ན་ ཐབས་མི་འདྲ་བ་རྣམ་པ་སྟོང་དུ་གཉེན་པོའི་སྟོབས་ཀྱིས་སྲན་གཟུགས་པར་བྱ་སྟེ། དཔེར་ན་ཝ་ལ་སོགས་པས་སེངྒེ་ལ་མི་ཚུགས་པ་བཞིན་དུ་ཉོན་མོངས་པའི་ཚོགས་ཀྱིས་མི་ཚུགས་པར་བྱའོ། །གཉིས་པ་ནི། ཉམ་ང་ཆེ་ཐང་སྟེ་ཉོན་མོངས་ ཀྱི་འཇིགས་པ་ཆེན་པོ་བྱུང་བར་གྱུར་ཀྱང༌། མི་ཡིས་མིག་ནི་གཅེས་སྤྲས་ཆེན་པོས་བསྲུང་བ་ལྟར་དེ་བཞིན་དུ་ཉོན་མོངས་པའི་དབང་དུ་འགྲོ་ལ་ཁང་པའི་ཉམ་ང་བ་བྱུང་བར་གྱུར་ཀྱང་ཉོན་མོངས་པའི་དབང་དུ་མི་འགྱུར་བར་བྱའོ། །གསུམ་པ་ནི།

Page: 178 གཉེན་པོ་བརྟན་པའི་ཚད་ནི་བདག་ནི་མེས་བསྲེགས་ཏེ་བསད་པར་གྱུར་ཏམ། བདག་གི་མགོ་བོ་བཅད་ཀྱང་བླའི་རྣམ་པ་ཀུན་ཏུ་ཉོན་མོངས་པའི་དགྲ་ལ་འདུད་པར་མི་བྱའོ། །དེ་བཞིན་དུ་གནས་སྐབས་ཐམས་ཅད་དུ་སྤང་བྱ་འཇོམས་ཤིང་ གཉེན་པོ་བསྟེན་པའི་བྱ་བ་བྱེད་པ་རིགས་པ་ལས་ནི་བྱ་བ་གཞན་མི་སྤྱད་དོ། །གསུམ་པ་དགའ་བའི་སྟོབས་ལ་གསུམ། རྣམ་སྨིན་ལ་མི་ལྟོས་པར་དགེ་བ་ལ་འབད་པར་བྱ་བ་དང༌། འབྲས་བུ་ཡིད་ལ་བྱས་ཏེ་དགེ་བ་བསྒྲུབ་པ་དང༌། དགའ་བའི་སྟོབས་ ལ་སྦྱར་བའི་ཚུལ་ལོ། །དང་པོ་ནི། བྱིས་པ་ཁ་ཅིག་རྩེད་མོའི་བདེ་བའི་འབྲས་བུ་འདོད་པ་ལྟར་བྱང་ཆུབ་སེམས་དཔའ་འདི་ཡིས་གཞན་དོན་བྱ་བའི་ལས་གང་ཡིན་པའི་ལས་ཐོས་བསམ་དང་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་སོགས་པའི་ལས་དེ་ལ་ནི་ ཞེན་པ་སྟེ་སྤྲོ་བཞིན་དུ་བྱ་སྟེ། ལས་དེས་མི་ངོམས་ཤིང་རྒྱུན་མ་ཆད་པར་བྱ་བར་འདོད་པས་དགའ་བར་བྱའོ། །གཉིས་པ་ནི། འཇིག་རྟེན་པ་རྣམས་ལུས་སེམས་བདེ་བའི་དོན་དུ་ཞིང་ལ་སོགས་པའི་ལས་བྱས་ཀྱང་དེའི་འབྲས་བུ་བདེ་བར་འགྱུར་ མི་འགྱུར་གཏོལ་མེད་ཅིང༌། བདེ་བ་ཐོབ་པའི་ངེས་པ་མེད་ཀྱི་བྱང་ཆུབ་སེམས་དཔའ་གང་གི་ལས་ཉིད་གནས་སྐབས་དང་མཐར་ཐུག་ཏུ་ངེས་པར་བདེ་བར་འགྱུར་བ་དེ་ལྟ་བུའི་ལས་མི་བྱེད་པ་ཇི་ལྟར་བདེ་འདི་ལྟ་བུའི་བདེ་བ་མི་འབྱུང་ངོ༌། །སྤུ་གྲིའི་ སོར་ཆགས་པའི་སྦྲང་རྩི་ལྕེས་མྱངས་པས་རོ་ཅུང་ཟད་མྱོང་ཡང་ལྕེ་ཆད་པའི་སྡུག་བསྔལ་མྱོང་བ་ལྟ་བུའི་གཟུགས་སྒྲ་ལ་སོགས་པའི་འདོད་པ་རྣམས་ཀྱིས་འཁོར་བར་ཇི་ཙམ་སྤྱད་ཀྱང་མི་ངོམས་ན། གནས་སྐབས་ཀྱི་འབྲས་བུ་རྣམ་སྨིན་ལྷ་དང་མིའི་

Page: 179 ༄༅། །མངོན་མཐོ་ཁྱད་པར་ཅན་ཐོབ་པས་བདེ་ལ། མཐར་ཐུག་སྡུག་བསྔལ་ཐམས་ཅད་ཞི་བའི་བདེ་བ་ཐོབ་པར་བྱེད་པའི་རྒྱུ་སྦྱིན་སོགས་བསོད་ནམས་ཀྱིས་ལྟ་ཅི་སྟེ་ངོམས་ངོམས་པ་མེད་པ་གོམས་པར་བྱའོ། །གསུམ་ པ་ནི། ལས་དེ་ལྟ་བུ་ལ་འཇུག་པར་རིགས་པ་དེ་ལྟ་བས་ན་སེམས་པའི་ལས་བརྩམས་པ་དེས་ཚར་ཕྱིན་པར་བྱ་བའི་ཕྱིར། ཉི་མ་ཕྱེད་དུས་སུ་ཚ་བ་དང་སྐོམ་པས་གདུངས་པའི་གླང་ཆེན་མཚོ་དང་ཕྲད་ན་སྤྲོ་བཞིན་དུ་མཚོར་འཇུག་པ་ལྟར་སེམས་ པའི་ལས་དེ་ལ་ཡང་འཇུག་པར་བྱའོ། །བཞི་པ་དོར་བའི་སྟོབས་ལ་གཉིས། རེ་ཤིག་དོར་བ་དང༌། གཏན་དོར་བའོ། །དང་པོ་ནི། དགེ་བ་ལ་འབད་པས་ལུས་སེམས་དུབ་ནས་སྟོབས་ཉམས་པ་དང་རྗེས་སུ་འབྲེལ་ན་ངལ་བསོས་ཏེ་སླར་བྱ་བའི་ དོན་དུ་རེ་ཤིག་དོར་བར་བྱ་ཞིང་ངལ་བསོས་ནས་བརྩམ་པར་བྱའོ། །གཉིས་པ་ནི། ལེགས་པར་ཟིན་ན་ལས་ཕྱི་མ་དང༌། ཕྱི་མ་སྟེ་ལས་གཞན་དང་གཞན་བྱ་བར་འདོད་པས་ཟིན་པ་དེ་སྤང་བར་བྱའོ། །གཉིས་པ་དྲན་པ་དང་ཤེས་བཞིན་གྱིས་ སྤྱོད་པ་ཉམས་སུ་བླང་བ་ལྷུར་བྱ་བ་ལ་ལྔ། བག་ཡོད་ལྷུར་བླང་བ་དང༌། དྲན་པ་དང་ཤེས་བཞིན་ལྷུར་བླང་བ་དང༌། དྲན་ཤེས་ཀྱིས་ཉེས་པའི་སྐབས་མི་དབྱེ་བ་དང༌། ཉེས་པ་བྱུང་བ་དེ་མ་ཐག་ལྡོག་པར་བྱ་བ་དང༌། རིགས་པའི་ལས་ལ་འབད་ པར་བྱ་བའོ། །དང་པོ་ནི། འཐབ་མོ་བ་རྙིང་པ་མཚོན་ཆའི་ལས་དང་དགྲ་ཐབས་ལ་མཁས་པའི་སྐྱེ་བོ་དགྲ་དང་ལྷན་ཅིག་ཏུ་གཡུལ་ངོར་རལ་ཁ་ལྷགས་པའི་ཚེ་ན་རང་མཚོན་ལས་བཟུར་ཞིང༌། དགྲ་ལ་མཚོན་འདེབས་པ་བཞིན་དུ་རང་ཉོན་

Page: 180 མོངས་པའི་མཚོན་ལས་བཟུར་ནས་ལྡོག་པར་བྱ་ཞིང་སྟེ་ཉོན་མོངས་པས་མ་བཅོམ་པ་དང༌། ཉོན་མོངས་པའི་དགྲ་རྣམས་གཉེན་པོའི་མཚོན་གྱིས་འཇིབས་པར་བཏབ་ཅིང་རྩ་བ་ནས་ཕྱུང་ངོ༌། །གཉིས་པ་ནི། གཡུལ་སྤྲོད་པའི་ཚེ་གཡུལ་དུ་ལག་ ནས་རལ་གྲི་ལྷུང་བར་གྱུར་ན་གཞན་གྱིས་བསད་དོགས་པའི་འཇིགས་པས་མྱུར་དུ་ལེན་པ་ལྟར་དེ་བཞིན་དུ་དགེ་བའི་དམིགས་རྣམ་མ་བརྗེད་པའི་དྲན་པའི་མཚོན་ཤོར་ན་ཉོན་མོངས་ཀྱིས་བཅོམ་ནས་དམྱལ་བར་སྐྱེ་བས། དམྱལ་བའི་འཇིགས་པ་དྲན་ པས་དྲན་ཤེས་ཀྱི་གཉེན་པོ་མྱུར་དུ་བླང་བར་བྱའོ། །གསུམ་པ་ནི། ཇི་ལྟར་དུག་ཅན་གྱི་མདའ་ལུས་ལ་ཟུག་ན་རྩ་སྦུབས་ཀྱི་ཁྲག་ལ་བརྟེན་བཅས་ནས་དུག་གིས་ལུས་ལ་ཁྱབ་པར་གྱུར་པ་དེ་བཞིན་དུ། དྲན་པ་ཉམས་པ་སོགས་ཀྱི་ཉོན་མོངས་པས་ གླགས་ནི་རྙེད་པར་གྱུར་ན་ཁྲོ་བ་སོགས་ཀྱི་ཉེས་པས་སེམས་ལ་ཁྱབ་པར་འགྱུར་བས་ཉོན་མོངས་ཅུང་ཟད་ཙམ་ཡང་ལྡོག་པར་བྱའོ། །ཇི་ལྟར་སྒྲིམ་ཞེ་ན། ཉུང་མར་གྱིས་བཀང་བའི་སྣོད་བསྐུར་ལ་ལམ་འདྲེད་པ་ལ་འགྲོར་བཅུག་སྟེ་རལ་གྲི་ཐོགས་པ་ དྲུང་དུ་བསྡད་དེ་ཐིགས་པ་གཅིག་ཙམ་བོ་ན་གསོད་པས་བསྡིགས་ན་གསོད་པའི་འཇིགས་པས་འབད་པས་སྒྲིམ་པ་ལྟར་བྱང་ཆུབ་སེམས་དཔའ་བརྟུལ་ཞུགས་ཅན་གྱིས་དེ་བཞིན་དུ་གཉེན་པོ་བྱང་ཆུབ་ཀྱི་སེམས་ལ་སོགས་པ་དྲན་ཤེས་ཀྱིས་བཟུང་ ནས་བསྒྲིམ་པར་བྱའོ། །བཞི་པ་ནི། ཉོན་མོངས་ཀྱིས་དགེ་བ་བཅོམ་ན་དམྱལ་བར་འགྲོ་བ་དེ་བས་ན་གློ་བུར་དུ་པང་དུ་དུག་སྦྲུལ་འོངས་ན་ཇི་ལྟར་རིངས་པས་ལྡང་བ་ལྟར། དེ་བཞིན་དུ་འཇུག་པ་རང་དབང་མེད་པར་སྡུད་པའི་གཉིད་དང་སྙོམ་ལས་

Page: 181 ༄༅། །འོངས་ན་དམྱལ་བའི་འཇིགས་པས་མྱུར་དུ་དེ་དག་ལྡོག་པར་བྱའོ། །འོ་ན་ཇི་ལྟར་ལྡོག་ཅེ་ན། ཉེས་པ་བྱུང་བ་རེ་རེ་ཞིང་སྔར་ཡང་དེ་ལྟར་བྱས་པའི་མི་འདོད་པ་སྣ་ཚོགས་ཐོབ་ཅིང་འདོད་པ་མ་ཐོབ་ལ། ད་དུང་དེ་ ལྟར་བྱེད་དམ་ཞེས་བདག་ལ་སྨད་ནས་ཅི་ནས་ཀྱང་བདག་ལ་དུས་ཕྱིས་ཉེས་པ་འདི་མི་འབྱུང་བ་དེ་ལྟར་འབད་པར་བྱའོ། །ཞེས་ཡུན་རིང་པོ་བསམ་ཞིང་སྟོབས་བཞི་ཚང་བའི་བཤགས་པ་བྱའོ། །ལྔ་པ་ནི། ཇི་ལྟར་ཉེས་པ་མི་འབྱུང་བ་དང་ བྱུང་བ་སེལ་བའི་ཆེད་དུ་བག་ཡོད་དང་ཤེས་བཞིན་ལྷུར་བླང་བ་ལ་སོགས་པའི་གནས་སྐབས་འདི་དག་ལ་དྲན་པ་གོམས་པ་ཉིད་དུ་འགྱུར་རོ་ཞེས་བསམ་པའི་ཀུན་སློང་གི་རྒྱུ་འདི་ཡིས་ནི་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དང་ཕྲད་པའམ། དེ་མ་ཐག་མ་ཕྲད་ཀྱང་གདམས་པ་དང་རྗེས་སུ་བསྟན་པའི་དོན་རིགས་ཤིང་འཐད་པའི་ལས་ནི་འདོད་པར་བྱའོ། །གསུམ་པ་སྤྱོད་པ་བསྒྲུབ་པ་ལ་བདག་ཉིད་དབང་དུ་བྱ་བ་ལ་གཉིས། ལུས་སེམས་ཤིན་ཏུ་སྦྱངས་པས་དགེ་བ་ལ་ལྡང་བ་ཡང་ བར་བྱ་བ་དང༌། དཔེ་དོན་སྦྱར་བའོ། །དང་པོ་ནི། ཅི་ནས་ཀྱང་དགེ་བའི་ལས་བྱེད་པའི་སྔོན་རོལ་ནས་དགེ་བའི་ལས་ཐམས་ཅད་ལ་ནི་མཐུ་བརྩོན་འགྲུས་ཀྱི་སྟོབས་ཡོད་པ་དེ་ལྟར་བྱ་བའི་ཆེད་དུ་བག་ཡོད་བསྟེན་ཚུལ་གྱི་གཏམ་དྲན་པར་བྱས་ ཏེ། བདག་ཉིད་དགེ་བའི་བྱ་བ་ལ་ལས་ལ་དན་གྱི་འཚེར་སྣང་དང་བྲལ་ཏེ་ལྡང་བ་ཡང་བར་བྱའོ། །གཉིས་པ་ནི། ཇི་ལྟར་བྱ་ཞེ་ན་ཇི་ལྟར་རླུང་ནི་འགྲོ་བ་དང་འོང་བས་ཤིང་བལ་ལ་དབང་སྒྱུར་བ་དེ་བཞིན་དུ། དགེ་བ་ལ་སྤྲོ་བས་ལུས་ངག་

Page: 182 ལ་དབང་སྒྱུར་བར་བྱ་སྟེ་དེ་ལྟར་བྱས་ན་ནི་སྒོ་གསུམ་གྱི་དགེ་བའི་ལས་ཐམས་ཅད་མྱུར་དུ་འགྲུབ་པར་འགྱུར་རོ། །དོན་བསྡུས་ན་དྲན་པ་ཉེར་གཞག་ལས། ཉོན་མོངས་རྣམས་ཀྱི་གཞི་གཅིག་ནི། །ལེ་ལོ་ཡིན་ཏེ་གང་ལ་ཡོད། །གང་ལ་ལེ་ལོ་གཅིག་ ཡོད་པ། །དེ་ལ་ཆོས་ཀུན་མེད་པ་ཡིན། །ཞེས་གསུངས་པ་ལྟར་ལེ་ལོ་འགོག་པའི་བརྩོན་འགྲུས་བསྐྱེད་པ་ལ་འབད་པར་བྱ་སྟེ། དེ་ཡང་བརྩོན་འགྲུས་ཀྱི་འགལ་རྐྱེན་སེལ་བ་དང༌། མཐུན་རྐྱེན་སྟོབས་བཞི་བསྐྱེད་པ་ལ་འབད་དགོས་སོ། །འགལ་ རྐྱེན་ནི་དགེ་བའི་ཆོས་སྒྲུབ་ནུས་སུ་མཐོང་ཡང་མི་འཇུག་པ་དང༌། བདག་གིས་ག་ལ་ནུས་སྙམ་དུ་ཞུམ་པའོ། །དང་པོ་ལ་ཡང་གཉིས་ཏེ་ད་དུང་ལོང་ཡོད་སྙམ་པའི་ཕྱི་ཤོལ་བྱེད་པ་དང༌། བྱ་བ་ངན་པ་ལ་ཆགས་པས་ཟིལ་གྱིས་ནོན་པའོ། །དང་པོའི་ གཉེན་པོར་ལུས་ཐོབ་པ་མྱུར་དུ་འཇིགས་པ་དང༌། ཤི་ནས་ངན་འགྲོར་ལྟུང་བ་དང༌། དལ་འབྱོར་རྙེད་དཀའ་བ་བསམས་ནས་སྤང་བར་བྱའོ། །གཉིས་པའི་གཉེན་པོར་དམ་པའི་ཆོས་འདི་ཕྱིར་དཀའ་བ་མཐའ་ཡས་པའི་རྒྱུ་ཡིན་པ་དང༌། དོན་ མེད་པའི་ཅལ་ཅོལ་སྨྲ་བ་སོགས་ཀྱི་རྣམ་གཡེང་རྣམས་འདིར་དོན་ཆེན་པོ་ཉམས་པར་བྱེད་པ་དང༌། ཕྱི་མར་སྡུག་བསྔལ་དུ་མ་བསྐྱེད་པའི་གནས་སུ་བསམས་ནས་སྤོང་བའོ། །ཞུམ་པ་ལ་ཡང་གསུམ་སྟེ་ཐོབ་བྱ་སངས་རྒྱས་ཀྱི་ཡོན་ཏན་མཐའ་ཡས་ པས་བདག་གིས་ཐོབ་མི་ནུས་སྙམ་པ་དང༌། རྐང་ལག་གཏོང་བ་སོགས་བྱ་དཀའ་བ་དཔག་ཏུ་མེད་པ་བདག་གིས་བསྒྲུབ་པར་མི་ནུས་སྙམ་པ་དང༌། འཁོར་བར་སྐྱེ་བ་མཐའ་ཡས་པ་ལེན་དགོས་པས་དེའི་ཚེ་འཁོར་བའི་སྡུག་བསྔལ་བཟོད་མི་ནུས་

Page: 183 ༄༅། །སྙམ་དུ་ཞུམ་པའོ། །དང་པོའི་གཉེན་པོར་སྔར་སངས་རྒྱས་པ་རྣམས་ཀྱང་ལམ་མཐོན་པོ་ཐོབ་ཟིན་མིན་གྱི་བདག་འདྲ་བ་ཞིག་ཁོ་ན་ཇེ་མཐོར་གཤེགས་ཏེ་སངས་རྒྱས་པ་ཡིན་ཅིང༌། སྟོན་པས་ཀྱང་བདག་ལས་ཆེས་ དམན་པ་རྣམས་ཀྱིས་ཀྱང་སངས་རྒྱས་འཐོབ་པར་གསུངས་པས། བདག་གིས་ཀྱང་བརྩོན་པ་མ་བཏང་ན་ཅིའི་ཕྱིར་མི་འཐོབ་སྙམ་དུ་བསམ་མོ། །གཉིས་པའི་གཉེན་པོར་ལུས་ལ་སོགས་པ་གཏོང་བ་ཡང་བྱ་དཀའ་བའི་འདུ་ཤེས་སྐྱེ་བའི་ རིང་ལ་མི་གཏོང་ལ་གཏོང་བའི་ཚེ་ཚོད་མ་སོགས་སྟེར་བ་དང་འདྲ་བར་མི་དཀའོ་སྙམ་དུ་བསམ་མོ། །གསུམ་པའི་གཉེན་པོར་བྱང་ཆུབ་སེམས་དཔས་སྡིག་པ་སྤངས་པས་དེའི་འབྲས་བུ་ཚོར་བ་སྡུག་བསྔལ་མི་འབྱུང་ལ། འཁོར་བའི་སྡུག་ བསྔལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་རྟོགས་པ་བརྟན་པས་སེམས་ལ་སྡུག་བསྔལ་མེད་ཅིང༌། ལུས་སེམས་བདེ་བས་རྒྱས་ན་འཁོར་བར་བསྡད་ཀྱང་སྐྱོ་དོན་མེད་སྙམ་དུ་བསམས་ནས་ཞུམ་པ་སྤང་བར་བྱའོ། །རྣམ་གྲོལ་དོན་གཉེར་བསྒྲུབ་ པ་ལྷུར་ལེན་ལ། །དང་པོར་འཇུག་དང་ཞུགས་པ་མཐར་ཕྱིན་པ། །འབད་པས་བརྩོན་འགྲུས་རྩོམ་ལ་རག་ལས་པས། །སྟོབས་བཞི་ཚང་བའི་བརྩོན་འགྲུས་བསྐྱེད་པར་བྱ། །བསྡུ་བའི་ཚིགས་སུ་བཅད་པའོ། །གཉིས་པ་ལེའུའི ་མཚན་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་རྒྱལ་སྲས་འཇུག་ངོགས་ཞེས་བྱ་བ་ལས། བརྩོན་འགྲུས་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་ལེའུ་བདུན་པའི་འགྲེལ་པའོ།། །།

ལེའུ་བརྒྱད་པ། བསམ་གཏན་བསྟན་པ།

[edit]

གསུམ་པ་ཐུན་མོང་དང་

Page: 184 ཐུན་མོང་མ་ཡིན་པའི་ཞི་གནས་ཀྱིས་བསྡུས་པའི་བསམ་གཏན་ལ་སློབ་ཚུལ་ལ་གཉིས། ལེའུའི་གཞུང་བཤད་པ་དང༌། ལེའུའི་མཚན་ནོ། །དང་པོ་ལ་གསུམ། བསམ་གཏན་བསྒོམ་པར་གདམས་པ་དང༌། ཞི་གནས་ཀྱི་མི་མཐུན་ ཕྱོགས་སྤང་བ་དང༌། ཞི་གནས་ཇི་ལྟར་སྒོམ་པའི་ཚུལ་ལོ། །དང་པོ་ལ་གཉིས། ཞི་གནས་བསྒྲུབ་དགོས་པའི་རྒྱུ་མཚན་དང༌། ཞི་གནས་ཀྱི་མི་མཐུན་ཕྱོགས་སྤང་བར་གདམས་པའོ། །དང་པོ་ནི། སྔར་བཤད་པ་དེ་ལྟར་དགེ་བ་ལ་སྤྲོ་བའི་ བརྩོན་འགྲུས་བསྐྱེད་ནས་ནི། ཡིད་ནི་ཏིང་ངེ་འཛིན་ལ་གཞག་པར་བྱ་སྟེ་བྱིང་རྒོད་ཀྱིས་སེམས་ནི་རྣམ་པར་གཡེང་བའི་མི་ཉོན་མོངས་པ་གཅན་གཟན་གདུག་པ་དང་འདྲ་བའི་མཆེ་བའི་ཕྲག་ན་གནས་ཏེ། དེས་ནི་མྱུར་དུ་འཇོམས་པས་སོ། །རྣམ་ གཡེང་ཇི་ལྟར་སྤང་ཞེ་ན་ལུས་དང་སེམས་ནི་འདུ་འཛི་དང་འདོད་པའི་རྣམ་རྟོག་སོགས་ཀྱིས་དབེན་པ་ཡིས་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་རྣམ་པར་གཡེང་བ་མི་འབྱུང་ངོ༌། །གཉིས་པ་ནི། དེ་བས་ན་ལུས་དབེན་པའི་ཐབས་འཇིག་རྟེན་པའི་གཉེན་ བཤེས་སོགས་དང་འགྲོགས་པའི་འདུ་འཛི་སོགས་སྤང་བར་བྱ་ཞིང༌། སེམས་དབེན་པའི་ཐབས་འདོད་པའི་ཡོན་ཏན་ལ་རྣམ་པར་རྟོག་པ་སོགས་ཡོངས་སུ་དོར་བར་བྱའོ། །མདོ་ལས་སེམས་རྣམ་པར་གཡེངས་པ་རྣམས་ལ་ནི་འཇིག་རྟེན་པའི་ བསམ་གཏན་སྐྱེ་བ་ཡང་དཀོན་ན། བླ་ན་མེད་པའི་བྱང་ཆུབ་ལྟ་ཅི་སྨོས་དེ་བས་ན་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སེམས་མི་གཡེང་བར་བྱའོ། །ཞེས་གསུངས་སོ། །གཉིས་པ་ལ་གཉིས། འཇིག་རྟེན་གྱི་འདུ་འཛི་སོགས་སྤང་བ་

Page: 185 ༄༅། །དང༌། ཕྱིན་ཅི་ལོག་གི་རྣམ་རྟོག་སྤང་བའོ། །དང་པོ་ལ་གཉིས། འཇིག་རྟེན་ལ་ཆགས་པའི་རྒྱུ་ངོས་བཟུང་བ་དང༌། དེ་ཇི་ལྟར་སྤོང་བའི་ཚུལ་ལོ། །དང་པོ་ནི། བདག་དང་བདག་གིར་ཞེན་པ་ལ་བརྟེན་ནས་ནང་སེམས་ ཅན་ལ་ཆགས་པའི་ཕྱིར་དང༌། ཕྱི་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་སོགས་ལ་སྲེད་པས་འཇིག་རྟེན་གྱི་ཞེན་པ་མི་སྤོངས་ཏེ། དེ་བས་ཞེན་པའི་རྒྱུ་དེ་དག་སྤང་བར་བྱའོ། །གཉིས་པ་ལ་བཞི། གཉེན་པོ་ངོས་བཟུང་བ་དང༌། གཉེན་པོ་བསྐྱེད་པའི་ཐབས་དང༌། འདུ་འཛིའི་ཉེས་དམིགས་དང༌། དབེན་པ་བསྟེན་པའི་ཕན་ཡོན་ནོ། །དང་པོ་ལ་གཉིས། ཆགས་པ་སྤང་བར་གདམས་པ་དང༌། ཆགས་པ་སྤོང་བྱེད་ཀྱི་གཉེན་པོ་ངོས་བཟུང་བའོ། །དང་པོ་ནི། དེ་བས་ ན་ཕྱི་དང་ནང་ལ་སྲེད་ལ་འདི་དག་ཡོངས་སུ་སྤོངས་ལ་བླང་དོར་ལ་མཁས་པས་འོག་ནས་འཆད་པ་འདི་ལྟར་དཔྱད་ཅིང་བསམ་པར་བྱའོ། །གཉིས་པ་ནི། དགེ་བའི་དམིགས་པ་གང་ལ་རྩེ་གཅིག་པ་གོམས་པར་བྱས་པས་བྱིང་རྒོད་དང་བྲལ་ཏེ། ལུས་ སེམས་ཤིན་ཏུ་སྦྱངས་པའི་བདེ་བ་འདྲེན་པའི་ཞི་གནས་ཀྱི་རྟ་དང་རབ་ཏུ་ལྡན་པའི་སྟོང་ཉིད་རྟོགས་པའི་ལྷག་མཐོང་གིས་ཁམས་གསུམ་གྱི་ཉོན་མོངས་པ་ས་བོན་དང་བཅས་པ་རྣམ་པར་འཇོམས་པར་ཤེས་པར་བྱས་ནས་གནས་ལུགས་ཀྱི་དོན་ལ་ དཔྱད་པ་བྱས་པའི་སྟོབས་ཀྱིས་ཤིན་སྦྱངས་འདྲེན་ནུས་པའི་ལྷག་མཐོང་བསྒྲུབ་པར་བྱ་ལ་དེ་ལ་ཡང་ཐོག་མར་ཞི་གནས་བཙལ་བར་བྱ་སྟེ་ཞི་གནས་སྔོན་དུ་མ་བསྒྲུབ་པར་ལྷག་མཐོང་སྐྱེ་མི་སྲིད་པའི་ཕྱིར་རོ། །ཞི་གནས་དེ་ཡང་ནི་ཕྱི་ནང་གི་

Page: 186 འཇིག་རྟེན་གྱི་ལུས་ལོངས་སྤྱོད་སོགས་ལ་ཆགས་པ་མེད་པས་མངོན་པར་དགའ་བས་འགྲུབ་སྟེ། དེ་དག་ལ་ཆགས་པས་བྱིང་རྒོད་ཀྱི་དབང་དུ་འགྲོ་བའི་ཕྱིར་རོ། །གཉིས་པ་ལ་གཉིས། ནང་སེམས་ཅན་ལ་ཆགས་པ་སྤང་བ་དང༌། ཕྱི་རྙེད་ བཀུར་སོགས་ལ་ཆགས་པ་སྤང་བའོ། །དང་པོ་ལ་གཉིས། ཆགས་པའི་ཉེས་དམིགས་དང༌། ཉེས་དམིགས་ཤེས་ནས་སྤང་བའོ། །དང་པོ་ལ་ལྔ། འདོད་པའི་དོན་དང་མི་ཕྲད་པ་དང༌། འདོད་ཡོན་གྱིས་གཡེན་སྤྱོ་བ་དང༌། ཐོབ་ ཀྱང་ཆོག་མི་ཤེས་པ་དང༌། ཐར་པ་ལ་གེགས་བྱེད་པ་དང༌། དལ་འབྱོར་ཆུད་གསོན་པའོ། །དང་པོ་ནི། ཆགས་པའི་ཉེས་དམིགས་ནི་རང་ཉིད་མྱུར་དུ་འཆི་བའི་མི་རྟག་པ་སུ་ཞིག་གཉེན་བཤེས་སོགས་མི་རྟག་པ་ལ་ཡང་དག་པར་ཆགས་ པར་བྱེད་པ་ཡོད་སྡུག་པ་ལ་ཆགས་པ་དེས་ནི་རྣམ་སྨིན་ཚེ་རབས་སྟོང་ཕྲག་ཏུ་ཡང་འདོད་པའི་ཡུལ་སྡུག་པ་མཐོང་བར་ཡོང་སྟེ་གཏན་ནས་མཐོང་བར་མི་འགྱུར་རོ། །གཉིས་པ་ནི། ཡིད་དུ་འོང་བ་མ་མཐོང་བས་ཅིར་འགྱུར་ཞེ་ན་དེ་མ་མཐོང་ ན་ནི་དགའ་བར་མི་འགྱུར་ཞིང་ཡིད་མི་བདེ་བས་སེམས་གཡེངས་ནས་ཡིད་ཀྱང་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པར་མི་འགྱུར་ལ་བདེ་བ་ཐོབ་པར་མི་འགྱུར་རོ། །གསུམ་པ་ནི། སྡུག་པའི་དངོས་པོ་མཐོང་ཡང་སྲེད་པས་ངོམས་པར་མི་ འགྱུར་བས་སྔར་མ་མཐོང་ཞིང་འདོད་པའི་དུས་བཞིན་དུ་སྲེད་པས་གདུང་བར་འགྱུར་རོ། །བཞི་པ་ནི། རྒྱུ་མཚན་དེས་ན་སེམས་ཅན་རྣམས་ལ་ཆགས་པར་བྱས་ན་ཡང་དག་ཉིད་ལ་ཀུན་ནས་བསྒྲིབ་པ་སྟེ་དོན་དམ་པའི་བདེན་པ་མངོན་སུམ་

Page: 187 ༄༅། །དུ་མཐོང་བ་ལ་གེགས་བྱེད་ཅིང༌། ཟག་བཅས་ཀྱི་དངོས་པོ་ལ་སྲེད་པས་འཁོར་བ་ལ་སྐྱོ་བའི་སེམས་ཀྱང་འཇིག་པར་བྱེད་པས་ཐར་པ་ཐོབ་པར་མི་འགྱུར་རོ། །ཡིད་དུ་འོང་བ་དང་ཐ་མར་ངེས་པར་འབྲལ་བས་ མྱ་ངན་གྱིས་གདུང་བར་འགྱུར་རོ། །ལྔ་པ་ནི། འདོད་པའི་ཡུལ་དེ་ལ་སེམས་སེམས་པ་འབའ་ཞིག་གིས་ཚེ་འདི་དོན་མེད་པར་འདའ་བར་འགྱུར་བས་དལ་འབྱོར་ཆུད་ཟོས་པར་འགྱུར་རོ། །གཉིས་པ་ལ་གཉིས། ཉེས་དམིགས་བསམ་ པ་དང༌། དེ་སྤོང་བའི་ཚུལ་ལོ། །དང་པོ་ལ་གཉིས། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་གསུམ། དོན་ཆེན་པོ་འཇིག་ཅིང་ངན་འགྲོར་འཁྲིད་པ་དང༌། བྱིས་པའི་གྲོགས་མི་བསྟེན་ཞིང་བསྟེན་པར་དཀའ་ བ་དང༌། དེ་ལས་ཕན་པ་མི་ཐོབ་ཅིང་གནོད་པ་ལ་སྦྱོར་བའོ། །དང་པོ་ནི། མྱུར་དུ་འབྲལ་བས་རྟག་པ་མེད་པའི་མཛའ་བཤེས་ཀྱིས་མི་འགྱུར་བའི་གཡུང་དྲུང་གི་ཐར་པ་དང་དེ་ཐོབ་པའི་ཐབས་དམ་པའི་ཆོས་ཀྱང་འཇིག་ཅིང་ཉམས་པར་འགྱུར་ལ་བྱིས་ པ་དང་སྐལ་བ་མཉམ་པ་སྟེ། དེ་དག་དང་སྤྱོད་པ་མཚུངས་པར་སྤྱོད་ན་ངེས་པར་ངན་འགྲོར་འགྲོ་བར་འགྱུར་ཏེ་འཕགས་པ་རྣམས་དང་ད་ལྟ་མི་ལུས་ཐོབ་པ་དང་སྐལ་བ་མི་མཉམ་པར་འཁྲིད་པར་བྱེད་ན། བྱིས་པ་སོ་སོའི་སྐྱེ་བོ་བསྟེན་པས་ཅི་ ཞིག་བྱ་འདོད་དོན་མི་འགྲུབ་ཅིང་མི་འདོད་པ་འཕེལ་བའི་ཕྱིར་རོ། །གཉིས་པ་ནི། ཤེས་རྒྱུད་མི་བརྟན་པས་སྐད་ཅིག་གཅིག་གིས་མཛའ་བར་འགྱུར་ལ་ཚིག་ངན་ཅུང་ཟད་སྨྲས་པའི་ཡུད་ཙམ་གཅིག་གིས་དགྲར་ཡང་འགྱུར་བ་དང༌།

Page: 188 དགའ་བའི་གནས་དགེ་བ་ལ་སྦྱར་ན་ཡང་ཁྲོ་བར་བྱེད་པས་བྱིས་པ་སོ་སོའི་སྐྱེ་བོ་མགུ་བར་དཀའ་ལ་རང་ལ་ཕན་པ་སྨྲས་ན་ཁྲོ་བར་བྱེད་ཅིང་དེར་མ་ཟད་བདག་ཀྱང་ཐབས་སྣ་ཚོགས་ཀྱིས་ཕན་པའི་རྒྱུ་དགེ་བ་ལས་ཟློག་པར་བྱེད་ལ། དེ་དག་གི་ ངག་ནི་མ་མཉན་ན་བདག་ལ་ཁྲོ་བས་ངན་འགྲོར་འགྲོ་བར་འགྱུར་རོ། །གསུམ་པ་ནི། གཞན་ཡང་བྱིས་པ་ནི་རང་ལས་མཐོ་བ་ལ་ཕྲག་དོག་དང་མཉམ་པ་ལ་འགྲན་ཅིང་རང་ལས་དམའ་བ་ལ་དམིགས་ནས་ང་རྒྱལ་དང་བསྟོད་ན་དྲེགས་པ་སྐྱེ་ལ་མི་ སྙན་པ་བརྗོད་ན་ཁོང་ཁྲོ་སྐྱེ་བས་དུས་ནམ་ཞིག་བྱིས་པ་དང་འགྲོགས་པ་ལས་ཕན་པ་ཐོབ། མི་ཐོབ་པར་མ་ཟད་གཞན་ཡང་བྱིས་པ་དང་འགྲོགས་ན་གྲོགས་བྱིས་པ་གཞན་ལ་བདག་བསྟོད་ཅིང་གཞན་ལ་སྨོད་པ་དང༌། རྒྱལ་པོ་དང་ཡུལ་མི་སོགས་ འཁོར་བར་དགའ་བའི་གཏམ་ལ་སོགས་པ་མི་དགེ་བ་ཅིས་ཀྱང་ངེས་པར་འབྱུང་བར་འགྱུར་བས་བྱིས་པ་དང་འགྲོགས་པར་མི་བྱའོ། །གཉིས་པ་ནི། དེ་ལྟར་ན་བདག་དང་བྱིས་པ་གཞན་ཕན་ཚུན་གྱིས་བསྟེན་པ་དེས་ནི་སྡིག་གྲོགས་སུ་ འགྱུར་བས་ཕུང་བར་ཟད་དོ། །གཉིས་པ་ནི། བྱིས་པ་སོ་སོའི་སྐྱེ་བོ་དེས་ཀྱང་བདག་ལ་ཕན་པའི་དོན་མ་བྱས་ལ་བདག་གིས་ཀྱང་དེའི་དོན་དུ་མི་འགྱུར་བས་བྱིས་པ་ལས་ཐག་རིང་བའི་དགོན་པར་བྱོལ་བར་བྱའོ། །སྐབས་འགར་ཕྲད་ན་ དགའ་བས་མགུ་བར་བྱས་ཏེ་ཧ་ཅང་འདྲིས་ཆེན་ཉིད་དུ་མི་འགྱུར་བར་བརྡ་ཕྲད་པའི་ཐ་མལ་པ་ཙམ་ཆགས་སྡང་དང་བྲལ་བའི་སྤྱོད་པ་ལེགས་པར་བྱའོ། །གྲོང་དུ་བསོད་སྙོམས་སོགས་ཀྱིས་སྤྱོད་པ་ན་ཡང་བུང་བས་མེ་ཏོག་གི་ཁ་དོག་སོགས་

Page: 189 ༄༅། །ལ་མ་ཆགས་པར་སྦྲང་རྩི་ལེན་པ་བཞིན་དུ་ལུས་གནས་པར་བྱས་ནས་ཆོས་སྒྲུབ་པའི་ཆོས་ཀྱི་དོན་ཙམ་དུ་ཆོས་གོས་དང་བསོད་སྙོམས་བླངས་ནས་ནི། སྐྱེ་བོ་ཀུན་ལ་སྔོན་ཆད་མ་མཐོང་བ་བཞིན་དུ་འདུ་འཛིའི་འདྲིས་པ་ མེད་པར་གནས་པར་བྱའོ། །གཉིས་པ་ཕྱི་རྙེད་བཀུར་སོགས་ལ་ཆགས་པ་སྤང་བ་ལ་གཉིས། ཡུལ་ཅན་གྱི་ཉེས་པ་དང༌། ཡུལ་གྱི་ཉེས་པའོ། །དང་པོ་ལ་གཉིས། ང་རྒྱལ་གྱི་ཉེས་དམིགས་དང༌། ཆགས་པའི་ཉེས་དམིགས་སོ། ། དང་པོ་ནི། བདག་ནི་རྙེད་པ་མང་ངོ་བདག་ལ་བཀུར་སྟི་བྱས་སོ་བདག་ལ་སྐྱེ་བོ་མང་པོ་དགའོ་ཞེས། དེ་འདྲའི་སྙེམས་ཤིང་རྒྱགས་པ་འཆད་པར་གྱུར་ན་ང་རྒྱལ་དང་ཆགས་པའི་ཉེས་པས་དམྱལ་བར་འགྲོ་བས་ཤི་བའི་འོག་ཏུ་འཇིགས་པ་ སྐྱེའོ། །གཉིས་པ་ནི། དེ་བས་ན་ཕན་པའི་ལས་ལ་རྣམ་པར་རྨོངས་པའི་ཡིད་ཁྱོད་ཡུལ་གང་དང་གང་ལ་ཆགས་པར་གྱུར་པ་ཇི་སྙེད་པ་དེ་དང་དེ་བསྡོངས་ཏེ་བསྡོམས་པ་བས་སྟོང་འགྱུར་དུ། འབྲས་བུ་སྡུག་བསྔལ་ཉིད་དུ་གྱུར་ཅིང་ལྡང་ ངོ༌། །དེ་བས་ན་བླང་དོར་ལ་མཁས་པས་རྙེད་བཀུར་ལ་ཆགས་པར་མི་བྱ་སྟེ་ཆགས་པ་ལས་ནི་ངན་འགྲོར་འཇིགས་པ་སྐྱེ་བའི་ཕྱིར་རོ། །གཉིས་པ་ལ་གཉིས། འདོད་པའི་ཡུལ་ལ་ཡིད་བརྟན་དུ་མི་རུང་བ་དང༌། བསྟོད་སྨད་ལ་ཕན་གནོད་ མེད་པའོ། །དང་པོ་ནི། ཆགས་པའི་ཡུལ་འདི་དག་བྱུང་ཡང་ཡིད་བརྟན་མེད་དེ་འདི་དག་གི་རང་བཞིན་གདོན་མི་ཟ་བར་འདོར་བར་འགྱུར་བར་ཡིད་ཆེས་བརྟན་པར་གྱིས་ཏེ་རབ་ཏུ་རྟོགས་པར་གྱིས་ཤིག །འདི་ལྟར་རྙེད་པ་དག་ནི་

Page: 190 མང་པོ་བྱུང་ཞིང་གྲགས་པ་དང་སྙན་པ་བྱུང་བར་གྱུར་ཀྱང་འཆི་བའི་ཚེ་རྙེད་པ་དང་གྲགས་པའི་ཚོགས་དང་བཅས་ཏེ་གང་དུ་འདོད་པའི་གཏོལ་མེད་དོ་སྟེ་འཆི་བའི་ཚེ་དེ་དག་རྗེས་སུ་མི་འབྲང་བའི་དོན་ནོ། །གཉིས་པ་ནི། བསྟོད་སྨད་ལ་ཆགས་ སྡང་མི་རིགས་ཏེ་ལྐོག་ན་བདག་ལ་སྨོད་པ་གཞན་ཡོད་ན་འགའ་ཞིག་གིས་ངོར་བསྟོད་པས་བདག་དགར་ཅི་ཞིག་ཡོད། དེའི་དགའ་བ་ལ་གེགས་བྱེད་ཡོད་པའི་ཕྱིར་རོ། །བདག་ལ་བསྟོད་པ་གཞན་ཡོད་ན་ཁ་ཅིག་གིས་སྨད་པས་མི་དགར་བྱར་ ཅི་ཞིག་ཡོད་བསྟོད་སྨད་ཀྱིས་མཐོ་དམན་དུ་མི་འགྱུར་བས་དེ་ལ་ཆགས་པ་དང་སྡང་བར་མི་བྱའོ། །གསུམ་པ་འདུ་འཛིའི་ཉེས་དམིགས་ལ་གཉིས། བྱིས་པ་དང་འགྲོགས་པར་དཀའ་བས་དེའི་འདུ་འཛི་ལ་ཆགས་པར་མི་བྱ་བ་དང༌། དེ་ལ་ཤེས་བྱེད་ དགོད་པའོ། །དང་པོ་ནི། སེམས་ཅན་མོས་པ་སྣ་ཚོགས་པ་མགུ་བར་མི་ནུས་ཏེ་འཕྲིན་ལས་སྣ་ཚོགས་ཀྱིས་དོན་མཛད་པ་རྒྱལ་བས་ཀྱང་ནི་མི་མགུ་ན་བསམ་པ་མི་ཤེས་པའི་བདག་འདྲ་བའི་ངན་པས་མགུ་མི་ནུས་པ་སྨོས་ཅི་དགོས། དེ་བས་ན་ འཇིག་རྟེན་པ་དང་འགྲོགས་པའི་བསམ་པ་བཏང་བར་བྱའོ། །སེམས་ཅན་རྣམས་ནི་གྲོགས་རྙེད་པ་མེད་པ་ལ་འདི་ནི་སྔོན་བསོད་ནམས་མ་བྱས་པའོ་ཞེས་འཕྱ་ཞིང་སྨོད་ལ། རྙེད་པ་ཅན་ལ་ལོག་འཚོ་སྤྱོད་པའོ་ཞེས་མི་སྙན་པ་བརྗོད་དོ། །དེ་དག་ གི་རང་བཞིན་འགྲོགས་དཀའ་བ་ཡིན་པ་དེ་བས་ན་བྱིས་པ་དེ་དག་གིས་བདག་ལ་དགའ་བ་ཇི་ལྟར་སྐྱེ་བར་འགྱུར། མི་འགྱུར་བས་འགྲོགས་པར་མི་བྱའོ། །གཉིས་པ་ནི། རྒྱུ་མཚན་གང་གི་ཕྱིར་ན་བྱིས་པ་ཇི་ལྟར་ཡང་རང་དོན་ནི་གཞན་ལས་

Page: 191 ༄༅། །ལྷག་པ་ཞིག་མེད་པར་དགའ་བ་མི་འབྱུང་བས་བྱིས་པ་སོ་སོའི་སྐྱེ་བོ་འགའ་ཡང་གྲོགས་དང་བཤེས་པར་བྱ་བ་མིན་ནོ་ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་སོ། །ཟླ་བ་སྒྲོན་མེའི་མདོ་ལས། སོ་སོའི་ སྐྱེ་བོ་ལ་ནི་མཛའ་བ་མེད། །ཆོས་དང་ལྡན་པའི་ཚིག་དག་སྨྲས་ན་ཡང༌། །ཡིད་མི་ཆེ་ཤིང་ཞེ་སྡང་ཁྲོ་བ་དག །མངོན་པར་སྟོན་པ་འདི་ནི་བྱིས་པའི་ལས། །ཞེས་དང༌། བྱིས་པ་དག་ནི་ཡུན་རིང་ལེགས་བསྟེན་ཀྱང༌། །དེ་དག་ཕྱིར་ཞིང་ མི་མཛའ་འགྲས་འགྱུར་ཞེས། །བྱིས་པའི་ངོ་བོ་ཉིད་ཀྱི་རྒྱུས་ཤེས་ནས། །མཁས་པ་བྱིས་པ་དག་དང་བརྟེན་མི་བྱེད། །ཅེས་གསུངས་སོ། །བཞི་པ་དབེན་པ་བསྟེན་པའི་ཕན་ཡོན་ལ་ལྔ། གྲོགས་དང༌། གནས་དང༌། འཚོ་བའི་ཁྱད་པར་དང༌། སོ་སོར་རྟོག་པའི་ཁྱད་ པར་དང༌། སོ་སོར་རྟོགས་པའི་ཁྱད་པར་དང་། མི་གཡེང་བའི་ཁྱད་པར་རོ། །དང་པོ་ནི། མང་དུ་ཐོས་པ་དང་ལྡན་པའི་མཁས་པ་དག་བྱིས་པ་དང་འགྲོགས་པ་སྤངས་ནས་ནགས་སུ་གནས་པར་བྱ་སྟེ། ནགས་ན་རི་དྭགས་དང་བྱ་རྣམས་དང་ ཤིང་རྣམས་མི་སྙན་པ་རྗོད་པར་མི་བྱེད་པ་འགྲོགས་ན་བདེ་བ་དེ་དག་དང་ནམ་ཞིག་ལྷན་ཅིག་བདག་གནས་པར་འགྱུར་སྙམ་དུ་སྨོན་པར་བྱའོ། །གཉིས་པ་ནི། གནས་བྲག་དང་སའི་ཕུག་གམ་ལྷ་ཁང་སྟོང་པའམ་ལྗོན་ཤིང་གི་དྲུང་དུ་ཇི་ སྲིད་འདོད་པར་གནས་བཅས་ཏེ་ཁྱིམ་ལ་སོགས་པ་སྔར་སྤངས་པ་དེ་དག་ཕྱིར་ལེན་པར་མི་འདོད་པས་ན་ནམ་ཞིག་རྒྱབ་ཏུ་མི་བལྟ་ཞིང༌། དེ་དག་ལ་ཆགས་པ་མེད་པར་ནམ་ཞིག་འགྱུར་ཞིག་གུ་སྙམ་དུ་སྨོན་པར་བྱའོ། །ས་ཕྱོགས་གཞན་གྱིས་

Page: 192 བདག་གིར་བཟུང་བ་མེད་པ་རང་བཞིན་གྱིས་ནི་ཡངས་པ་རྣམས་སུ་རང་དབང་དུ་སྤྱོད་ཅིང་ལུས་ལོངས་སྤྱོད་གང་ལ་ཡང་ཆགས་པ་མེད་པར་ནམ་ཞིག་བདག་ནི་གནས་པར་འགྱུར་སྙམ་དུ་སྨོན་པར་བྱའོ། །གསུམ་པ་ནི། ས་ལས་བྱས་ པའི་ལྷུང་བཟེད་དང་རིལ་བ་ལ་སོགས་ཡོ་བྱད་ཉི་ཚེ་ཉུང་ཟད་དང༌། སྐྱེ་བོ་གཞན་ཀུན་ལ་མི་མཁོ་བའི་གོས་ལ་སོགས་པ་འཆང་ཞིང་འཕྲོག་རྒྱུ་མེད་པས་ལུས་འདི་བཙན་པའི་གནས་སུ་སྦ་བར་མ་བྱས་ཀྱང༌། ཆོམ་རྐུན་ལ་སོགས་པའི་ འཇིགས་པ་མེད་པར་གནས་པར་ནམ་ཞིག་འགྱུར་སྙམ་དུ་ཡང་དང་ཡང་དུ་སྨོན་པར་བྱ་ཞིང༌། སྦྱོར་བས་ཀྱང་ཉམས་སུ་བླང་བར་བྱའོ། །བཞི་པ་ལ་གཉིས། ལུས་ལ་ཆགས་པའི་གཉེན་པོ་ལ་སོ་སོར་རྟོག་པ་དང༌། མཛའ་བཤེས་ལ་ ཆགས་པའི་གཉེན་པོ་ལ་སོ་སོར་རྟོག་པའོ། །དང་པོ་ནི། རང་གི་ལུས་མི་རྟག་པར་ཡིད་ལ་བྱ་བ་ནི་དུར་ཁྲོད་དུ་སོང་ནས་གཞན་དག་གི་ཤི་བའི་རོ་དང་རུས་གོང་དག་དང་བདག་གི་ལུས་གཉིས་མཚུངས་པར་འཇིག་པའི་ཆོས་ཅན་དག་ཏུ་ནི། ནམ་ ཞིག་བདག་གི་ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན་ནོ་ཞེས་མགོ་སྙོམ་བྱེད་པར་འགྱུར་སྙམ་དུ་སྨོན་པར་བྱའོ། །རྒྱལ་བའི་ཡུམ་ལས་གསུངས་པ་ལྟར་རྣམ་པར་བེམ་པ་ལ་སོགས་པའི་འདུ་ཤེས་བསྐྱེད་པར་བྱའོ། །མི་གཙང་བའི་བློ་བསྐྱེད་པ་ནི་ བདག་གི་ལུས་ནི་འདི་ཉིད་ཀྱང་རུལ་བར་གྱུར་པའི་གང་གི་དྲི་ཡིས་མི་གཙང་བ་ལ་སྲེད་པའི་ཝ་དག་ཀྱང་དྲི་ང་བས་དྲུང་དུ་ཉེ་བར་འགྲོ་འདོད་པར་མི་འགྱུར་བ་བདག་མེད་དེ་ལྟ་བུར་ནི་འགྱུར་བར་འོང་སྙམ་དུ་དུར་ཁྲོད་ཀྱི་རོ་དང་མགོ་སྙོམ་པའོ། །གཉིས་

Page: 193 ༄༅། །པ་ལ་གསུམ། མཛའ་བཤེས་ལ་ཆགས་པར་མི་རིགས་པ་དང༌། དེའི་རྒྱུ་མཚན་དང༌། གནས་གཅིག་ཏུ་ཞག་གཅིག་གི་འགྲོན་པོ་དང་མཚུངས་པར་བསམ་པའོ། །དང་པོ་ནི། མཛའ་བཤེས་ལ་མི་ འབྲལ་བའི་སྲེད་པ་སྤང་བར་བྱ་སྟེ། རང་གི་ལུས་འདི་གཅིག་བུ་བྱུང་བ་ཡང་ལྷན་ཅིག་སྐྱེས་པའི་ཤ་རུས་དག་ཀྱང་ཞིག་སྟེ་སོ་སོར་འགྱེས་པར་འགྱུར་ན། འབྲེལ་མེད་ཀྱི་ལས་སོ་སོ་བའི་དབང་གིས་འོངས་པའི་མཛའ་བ་གཞན་དང་འབྲལ་ བ་ལྟ་ཅི་ཞིག་སྨོས་མྱུར་དུ་འབྲལ་བར་བསམ་མོ། །གཉིས་པ་ནི། ཅུང་ཟད་ལྷན་ཅིག་གནས་ཀྱང་དེ་ལ་ཞེན་པ་དགོས་པ་མེད་དེ་སྐྱེ་ནའང་རང་ཉིད་གཅིག་པུ་སྐྱེ་འགྱུར་ཞིང་འཆི་ནའང་དེ་ཉིད་གཅིག་པུ་འཆི་སྟེ། དེ་ལ་བརྟེན་ནས་སྡིག་པ་ བསགས་པའི་རྣམ་སྨིན་གྱི་སྡུག་བསྔལ་ལ་སོགས་པའི་སྐལ་བ་གཞན་དག་གིས་མི་ལེན་ན། དགེ་བའི་གེགས་བྱེད་པའི་མཛའ་བས་ཅི་ཞིག་བྱ་ཕན་པ་ཅུང་ཟད་ཀྱང་མེད་པས་ཆགས་པར་མི་རིགས་སོ། །གསུམ་པ་ནི། འགྲོན་པོ་ལམ་དག་ ཏུ་ནི་ཞུགས་པ་རྣམས་གནས་ཁང་གཅིག་ཏུ་ཞག་གཅིག་ཇི་ལྟར་གནས་ནི་འཛིན་པར་བྱེད་པ་ལྟར། དེ་བཞིན་དུ་ལས་ཀྱི་དབང་གིས་སྲིད་པའི་ལམ་དུ་ཞུགས་པའང་རིགས་གཅིག་པ་དང༌། རྣག་གི་གཉེན་མཚམས་སོགས་དང་སྐྱེ་གནས་ གཅིག་ཏུ་སྐྱེ་བའི་གནས་ནི་ཡོངས་སུ་འཛིན་པར་ཟད་པས་ཆགས་པར་མི་རིགས་སོ། །ལྔ་པ་མི་གཡེང་བའི་ཁྱད་པར་ལ་གཉིས། མཁས་པས་དབེན་པ་བསྟེན་པར་རིགས་པ་དང༌། དབེན་པ་བསྟེན་པའི་ཕན་ཡོན་ནོ། །དང་པོ་ནི། སྐྱེས་

Page: 194 པའི་མཐའ་འཆི་བ་ལས་མ་འདས་པས་ཤི་བའི་ཚེ་གཉེན་བཤེས་ཀྱི་འཇིག་རྟེན་པ་མྱ་ངན་གྱིས་ཀུན་ནས་གདུང་བཞིན་དུ་ཇི་སྲིད་སྐྱེས་བུ་བཞི་ཡིས་ནི་ཁྱིམ་ནས་ཁྲི་དེ་ལས་རོ་དེ་ནི་མ་བཏེག་པའི་གོང་རོལ་དེ་སྲིད་དུ་ནི་ནགས་སུ་སོང་ནས་དབེན་པ་ བསྟེན་པར་བྱའོ། །གཉིས་པ་ལ་གསུམ། མྱ་ངན་གྱིས་གདུངས་པ་སོགས་མེད་པ་དང༌། དགེ་བའི་ཕྱོགས་མི་ཉམས་ཤིང་འཕེལ་བ་དང༌། དེས་ན་བདག་ཉིད་དབེན་པ་བསྟེན་པར་རིགས་པའོ། །དང་པོ་ནི། ནགས་ན་གནས་པ་ལ་ཕན་ཡོན་ཅི་ཡོད་ཅེ་ ན། ཆགས་སྡང་སྐྱེ་བའི་བཤེས་མེད་ཅིང་གནོད་པ་བྱས་དོགས་པའི་ཁོན་པའང་མེད་པར་བྱས་ནས་རང་གི་ལུས་འདི་གཅིག་པུ་དབེན་པར་གནས་ཏེ། གཉེན་བཤེས་རྣམས་དོར་བས་ཤི་བའི་སྔ་ནས་ཀྱང་ཤི་བ་དང་འདྲ་བར་བརྩིས་ནས་ཆགས་ པ་དང་བྲལ་བས་ཤི་ནའང་མྱ་ངན་བྱེད་པ་སུ་ཡང་མེད་དོ། །གཉིས་པ་ནི། དབེན་པར་གནས་ན་གཉེན་དང་དགྲ་ལ་སོགས་པ་དྲུང་ན་འཁོད་པ་སུ་དག་ཀྱང་མྱ་ངན་དང་གནོད་པ་བྱེད་པ་མེད་པས་ནགས་ན་གནས་པ་འདི་ཡིས་སངས་རྒྱས་རྗེས་དྲན་ སོགས། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་བསྒོམ་པ་ལ་སུས་ཀྱང་གཡེངས་པར་འགྱུར་བ་མེད་པས་མཁས་པས་འདུ་འཛིན་སྤངས་ནས་ནགས་སུ་གནས་པར་བྱའོ། །གསུམ་པ་ནི། དེ་བས་ན་ཤིན་ཏུ་མདངས་དགའ་བ་སྟེ་ལུས་སེམས་ ལ་བདེ་བ་འཕེལ་བའི་ནགས་ཚལ་དུ་གནས་པས་འཚོ་བ་རྙེད་སླ་བས་ཚེགས་ཆུང་ཞིང༌། ནད་སོགས་ཀྱིས་གནོད་པ་མེད་པས་བདེ་བ་བསྐྱེད་ཅིང་གཡེང་བ་ཐམས་ཅད་ཞི་བར་བྱེད་པར་བདག་ཉིད་གཅིག་པུ་གནས་པར་བྱ་སྟེ། གནོད་པ་ཆུང་

Page: 195 ༄༅། །ཞིང་དགེ་བ་འཕེལ་བའི་ཕྱིར་རོ། །གཉིས་པ་ཕྱིན་ཅི་ལོག་གི་རྣམ་རྟོག་སྤང་བ་ལ་གཉིས། འདོད་པ་ལ་སྐྱོ་བ་བསྒོམ་པ་དང༌། དབེན་པ་ལ་དགའ་བ་བསྒོམ་པའོ། །དང་པོ་ལ་གསུམ། འདོད་པ་ལ་སྦྱང་བའི་འབྲས་བུ་ འཇིགས་པ་དང་བཅས་པར་བསམ་པ་དང༌། ལུས་ལ་སོགས་པའི་ངོ་བོ་མི་གཙང་བར་བསམ་པ་དང༌། མི་འདོད་པ་དུ་མ་བསྐྱེད་པར་བསམ་པའོ། །དང་པོ་ལ་གཉིས། དགེ་བ་ལ་བརྩོན་པར་གདམས་པ་དང༌། འདོད་པའི་ཉེས་དམིགས་ བསམ་པའོ། །དང་པོ་ནི། འདོད་པ་དང་གནོད་སེམས་ལ་སོགས་པའི་བསམ་པ་གཞན་ནི་ཀུན་བཏང་སྟེ་བྱང་ཆུབ་ཀྱི་སེམས་གཉིས་སྒོམ་པའི་བདག་ལ་སེམས་པ་གཅིག་པུ་ཡིས་དགེ་བ་ལ་རྩེ་གཅིག་ཏུ་སེམས་ནི་མཉམ་པར་བཞག་པར་བྱ་ བའི་ཕྱིར་དང༌། དེ་ལ་བརྟེན་ནས་གནས་ལུགས་ཀྱི་དོན་བསྒོམས་པས་ཉོན་མོངས་སྤངས་ཏེ་དུལ་བར་བྱ་བའི་ཕྱིར་བརྩོན་པ་བསྐྱེད་དེ་འབད་པར་བྱའོ། །ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། ཁྱིམ་བདག་གཞན་ཡང་བྱང་ ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ལ་གནས་པས་འདི་ལྟར་བདག་ཅིའི་ཕྱིར་དགོན་པ་ལ་གནས། དགོན་པ་ལ་གནས་པ་འབའ་ཞིག་ནི་དགེ་སྦྱོང་མ་ཡིན་ཏེ་ཞེས་པ་ནས། གང་གི་ཕྱིར་བདག་དགོན་པ་ལ་གནས་པས་འདི་ལྟ་སྟེ་དགེ་སྦྱོང་གི་ དོན་ཡོངས་སུ་རྫོགས་པར་བྱའོ་སྙམ་དུ་བརྟག་པར་བྱའོ་ཞེས་གསུངས་སོ། །གཉིས་པ་ནི། འདོད་པ་ལ་སྲེད་པས་འཇིག་རྟེན་འདི་དང་ཕ་རོལ་ཏུའང་འདོད་པ་རྣམས་ནི་ཕུང་ཁྲོལ་ཆེན་པོ་སྐྱེད་པར་བྱེད་དེ། འདིར་ནི་བསད་པ་དང་བཅིང་བ་

Page: 196 དང་གཅོད་པ་དང་འཇིག་རྟེན་ཕ་རོལ་ཏུ་ནི་དམྱལ་བ་སོགས་བསྒྲུབ་སྟེ། བུ་མོ་ཟླ་མཆོག་གིས་ཞུས་པ་ལས། འདོད་པའི་རྒྱུས་ནི་སེམས་ཅན་དམྱལ་བར་ལྟུང༌། །འདོད་ཆགས་ཀྱིས་ནི་ཡི་དྭགས་དུད་འགྲོར་འགྱུར། །ཞེས་སོགས་གསུངས་སོ། ། གཉིས་པ་ལ་གཉིས། དུར་ཁྲོད་ཀྱི་གནས་ཚུལ་ལ་བལྟས་ཏེ་ཉེས་དམིགས་བསམ་པ་དང༌། གསོན་པའི་ཆོས་ལ་སྦྱར་ཏེ་བསམ་པའོ། །དང་པོ་ལ་དྲུག །རོ་མྱང་བར་བྱ་བའི་འབྲས་བུ་མེད་པ་དང༌། མཐར་དུར་ཁྲོད་དུ་བོར་བ་ལས་མ་འདས་པ་དང༌། རང་གཞན་གྱི་ལུས་སེར་སྣས་བསྲུང་བ་མི་རིགས་པ་དང༌། རྒྱན་གདགས་པར་མི་རིགས་པ་དང༌། ཤིན་ཏུ་འཇིགས་པར་རིགས་པ་དང༌། གོས་ཀྱིས་གཡོགས་པ་ལ་ཆགས་པར་མི་རིགས་པའོ། །དང་པོ་ནི། ཕོ་ཉ་དང་ཕོ་ཉ་མོ་ལ་ཁྱིམ་ཐོབ་པ་གང་ གི་ཕྱིར་ཏུ་བདག་ཆེ་གེ་མོ་དང་ལྷན་ཅིག་གནས་པར་གྱིས་ཞེས་ལན་དུ་མར་གསོལ་བ་བཏབ་ཅིང༌། སྡིག་པ་རྣམས་སམ་གཏམ་ངན་གྱི་གྲགས་མིན་ལའང་བུད་མེད་གང་གི་དོན་དུ་མ་འཛེམས་པར་ཁྱད་དུ་བསད་དེ་གནོད་པ་ལ་སོགས་པའི་འཇིགས་པ་ལ་ ཡང་བདག་ཞུགས་ཤིང་དེའི་ཆེད་དུ་རྫས་ཀྱང་ཟད་པར་བྱས་པར་གྱུར་ཏེ། བུད་མེད་ཀྱི་ལུས་གང་ལ་ཡོངས་སུ་འཁྱུད་པས་ན་མཆོག་ཏུ་དགའ་ཞིང་ཆགས་པར་འགྱུར་བའི་ལུས་དེ་དག་ཉིད་ཀེང་རུས་ཉིད་ཡིན་གྱི་གཞན་མིན་ན་དང་པོ་ནས་རང་དབང་ དུ་གྱུར་པ་དང་ནི་བདག་ཏུ་ཡོངས་སུ་བཟུང་བ་ཡང་མིན་པ་ལ་དགོས་པ་ཅུང་ཟད་ཀྱང་མེད་པར་རབ་ཏུ་འདོད་ཅིང་ཡོངས་སུ་ཞེན་ནས་ཅིའི་ཕྱིར་མྱ་ངན་ལས་འདས་པར་མི་འགྲོ། འདོད་པ་སྤངས་ནས་ཐར་པའི་ལམ་ལ་བརྩོན་པར་བྱའོ། །གཉིས་པ་ནི།

Page: 197 ༄༅། །བུད་མེད་གང་ཞིག་དང་པོ་གསར་པའི་ཚེ་འབད་དེ་གདོད་པ་བཏེག་ནས་དྲངས་ཀྱང་ངོ་ཚ་བས་འོག་ཏུ་ལྟ་བར་བྱེད་ལ། དུར་ཁྲོད་དུ་སོང་བ་ལས་སྔོན་ནི་གཞན་གྱིས་མཐོང་ངམ་མ་མཐོང་ཡང་གོས་ཀྱིས་གདོང་ནི་གཡོགས་ པར་གྱུར་པ་ལ་ཁྱོད་ཉོན་མོངས་ཤིང་ཆགས་པའི་གདོང་དེ་ནི་ད་ལྟ་མངོན་སུམ་དུ་གྱུར་པ་བཞིན་དུ། ཤི་བའི་ཚེ་དུར་ཁྲོད་དུ་བྱ་རྒོད་ཀྱིས་གོས་བསལ་ཏེ་ཤིན་ཏུ་གསལ་བར་བྱས་པ་མཐོང་ནས་དེ་ལྟར་ཅིའི་ཕྱིར་འབྲོས་ཤིང་འབྱེར་བར་བྱེད་དེའི་ ཚེ་ཡང་ཆགས་པར་རིགས་སོ། །གསུམ་པ་ནི། ཁྱོད་ཀྱི་བུད་མེད་ལ་སྐྱེས་པ་གཞན་རྣམས་མིག་གིས་བལྟ་ན་ཡང་མིག་སེར་གྱིས་གང་ཞིག་ཡོངས་སུ་བསྲུང་བར་གྱུར་པ་དེའི་ལུས་དེ་ནི་ཇི་སྲིད་དུ་བྱ་རྒོད་ལ་སོགས་པ་དེས་ཟན་དེའི་ཚེ་སེར་སྣ་ཅན་ ཁྱོད་ཅིས་མི་བསྲུང་ཆགས་ནས་བསྲུང་བར་རིགས་སོ། །བཞི་པ་ནི། གཞན་ཡང་དུར་ཁྲོད་དུ་ཤའི་ཕུང་པོ་འདི་མཐོང་ནས་བྱ་རྒོད་དང་ཝ་ལ་སོགས་པ་གཞན་ཡང་ཟ་བར་བྱེད་ན་བྱ་རྒོད་ལ་སོགས་པ་གཞན་གྱི་ཟས་ལ་མེ་ཏོག་གི་ཕྲེང་བ་དང་ ཙན་དན་དང་གསེར་ལ་སོགས་པའི་རྒྱན་གྱིས་མཆོད་པར་ཅིའི་ཕྱིར་བྱེད། གསོན་པའི་ཚེ་ཡང་རྒྱན་གདགས་པར་མི་རིགས་སོ། །ལྔ་པ་ནི། དུར་ཁྲོད་དུ་གནས་པའི་ཚེ་རུས་གོང་ཉིད་དུ་མཐོང་ནས་ནི་མི་འགུལ་ཡང་ནི་ཁྱོད་སྐྲག་པས་འབྲོས་ན། ད་ལྟ་གསོན་པའི་ཚེ་རོ་ལངས་བཞིན་དུ་དེ་ལྟར་སེམས་པའི་ཀུན་སློང་འགའ་ཡིས་ཀྱང་བསྐྱོད་པར་གྱུར་ན་སྟེ། དེ་ལྟར་བསམས་ནས་ཅིས་མི་འཇིགས་རོ་ལངས་བཞིན་དུ་འཇིགས་པར་རིགས་ཀྱི་ཆགས་པར་མི་རིགས་སོ། །དྲུག་པ་ནི། ལུས་

Page: 198 གང་ལ་གོས་གཡོགས་ཀྱང་འདི་ལ་ཆགས་པ་ཁྱོད་དུར་ཁྲོད་དུ་བོར་བའི་ཚེ་དེ་མ་གཡོགས་ན་ཅིས་མི་འདོད་དེ་ལ་ཡང་འདོད་པར་བྱ་དགོས་སོ། །དུར་ཁྲོད་དུ་བོར་བ་དེ་ལ་དགོས་པ་མེད་ན་ནི་གོས་གཡོགས་པ་ལ་ཁྱོད་ཅིའི་ཕྱིར་འཁྱུད་མི་གཙང་བར་མཚུངས་ པའི་ཕྱིར་རོ། །གཉིས་པ་ལ་གསུམ། མི་གཙང་བར་མངོན་སུམ་དུ་གྱུར་པས་ཆགས་པར་མི་རིགས་པ་དང༌། རྟགས་ལས་ངེས་པས་ཆགས་པར་མི་རིགས་པ་དང༌། དེས་ན་གཙང་བར་ཞེན་པ་དགག་པའོ། །དང་པོ་ལ་ལྔ། རེག་བྱ་ལ་ ཆགས་པར་མི་རིགས་པ་དང༌། གཙང་བར་རྟོག་པ་དགག་པ་དང༌། ལུས་སེམས་སོ་སོར་ཆགས་པའི་གནས་མ་ཡིན་པ་དང༌། ཉེས་པ་དེ་དག་རང་ལ་སྦྱར་ནས་བསམ་པ་དང༌། དབྱིབས་ཆགས་པའི་གནས་མ་ཡིན་པའོ། །དང་པོ་ནི། བུད་ མེད་ཀྱི་ཁ་ཆུ་ལ་དགའོ་ཞེ་ན་གཉིས་ཀའི་རྒྱུ་ཟས་ནི་གཅིག་པུ་ཉིད་ལས་ནི་འབྲས་བུ་བཤང་གཅི་དང་ཁ་ཆུ་གཉིས་འབྱུང་བར་འགྱུར་ན་དེ་ལས་བཤང་བ་ལ་མི་དགའ་ཞིང༌། ཁ་ཆུ་ལ་ཁྱོད་ཅིའི་ཕྱིར་དགའ་རྒྱུ་མི་གཙང་བ་ལས་བྱུང་བ་དང་འབྲས་བུ་མི་ གཙང་བར་མཚུངས་པའི་ཕྱིར་རོ། །ཤིང་བལ་རེག་ན་འཇམ་པ་ཡི་སྔས་ལ་ཡང་བུད་མེད་ཀྱི་རེག་བྱ་ལྟར་དགའ་བར་མི་བྱེད་པ་བུད་མེད་ཀྱི་ལུས་ལ་འཛག་བཞིན་དུ་དྲི་ང་བ་འཛག་པ་མ་ཡིན་ནོ་ཞེས་འདོད་ལྡན་མི་གཙང་བ་ལ་གཙང་བར་རྨོངས་ནས་ ཆགས་པར་བྱེད་དོ། །འདོད་ལྡན་གྱི་སྐྱེ་བོ་ངན་པ་རྨོངས་པ་རྣམས་ཤིང་བལ་ལ་རེག་ན་འཇམ་པ་ལ་འདི་ལ་ཉལ་པོ་བྱ་བར་མི་ནུས་སོ་ཞེས་ཤིང་བལ་དེ་ལ་ཁྲོ་བ་དག་ཏུ་བྱེད་པས་ཕྱིན་ཅི་ལོག་ཏུ་ཞེན་པ་འབའ་ཞིག་ཡིན་པས་རེག་བྱ་ལ་ཆགས་པར་མི་རིགས་

Page: 199 ༄༅། །སོ། །གཉིས་པ་ནི། གལ་ཏེ་མི་གཙང་བ་ལ་ཆགས་པ་མེད་དོ་ཞེ་ན་རུས་པའི་གཟེབ་རྒྱུས་པའི་དྲ་བས་སྦྲེལ་བ་ལ་ཤའི་འདམ་གྱིས་ཞལ་ཞལ་བྱས་པ་གཞན་བུད་མེད་ལ་ཁྱོད་ཅིའི་ཕྱིར་པང་དུ་འཁྱུད། དེ་མི་རིགས་སོ། ། གཞན་ཡང་ཁྱོད་ཉིད་ཀྱི་ལུས་མི་གཙང་བ་མང་པོ་ཡོད་པ་དེ་ཉིད་ལ་ཁྱོད་རྟག་ཏུ་ལོངས་སྤྱོད་ཅིང་མི་གཙང་བའི་རྐྱལ་པ་གཞན་དག་ལའང་མི་གཙང་བ་ལ་སྲེད་ཅིང་བརྐམ་པས། རང་གི་ལུས་ཀྱིས་མ་ཚིམ་བར་བུད་མེད་ཀྱི་ལུས་ལ་ཅིའི་ཕྱིར་ འདོད་པར་བྱེད་བྱེད་མི་རིགས་སོ། །གསུམ་པ་ནི། བདག་ནི་ཤིང་བལ་གྱི་རེག་བྱ་ལ་མི་དགའི་གཞན་གྱི་ལུས་ཀྱི་ཤ་འདི་ལ་དགའ་ཞེས་རེག་པ་དང་བལྟ་བར་འདོད་ན་ཀོ་འདོད་ན་ནི་སེམས་མེད་པའི་རང་བཞིན་གྱི་ཤི་བའི་ཤ་ནི་ཁྱོད་ཀོ་ ཅིས་མི་འདོད་འདོད་པར་བྱ་དགོས་ན་དེ་ལྟར་མི་བྱེད་པས་ལུས་ལ་ཆགས་པར་མི་རིགས་སོ། །གཞན་གྱི་སེམས་ལ་ཆགས་སོ་ཞེ་ན་ཁྱོད་འདོད་པའི་སེམས་གང་ཡིན་པ་དེ་རེག་པ་དང་བལྟ་བར་མི་ནུས་ལ། གང་ཞིག་རེག་པར་ནུས་ པ་དེ་ཤེས་པ་མིན་པས་དོན་མེད་པའི་ལུས་ལ་འཁྱུད་ཅིང་ཆགས་པ་དེས་ཅི་ཞིག་བྱ་ཅུང་ཟད་ཀྱང་མི་ཕན་པས་ཆགས་པར་མི་རིགས་སོ། །བཞི་པ་ནི། གཞན་ཡང་མི་གཙང་བའི་རང་བཞིན་དུ་གྱུར་པའི་སྐྱེ་བོ་གཞན་གྱི་ལུས་མི་རྟོགས་པ་ ངོ་མཚར་མི་ཆེ་ཡི། དུས་རྒྱུན་དུ་མི་གཙང་བ་འཛག་པ་རང་ཉིད་མི་གཙང་བ་ཉིད་ཡིན་པར་རྟོགས་པར་མི་འགྱུར་བ་ངོ་མཚར་ཆེ་ཞེས་པ་བསྟིང་ཚིག་སྟེ། མི་གཙང་བར་ཤེས་ནས་ཆགས་པ་དགག་པར་བྱའོ། །ལྔ་པ་ནི། སྤྲིན་

Page: 200 དང་བྲལ་བའི་ཉི་ཟེར་གྱིས་ཕྱེ་བའི་པདྨ་གཞོན་ནུ་ལ་དེ་དག་ཚང་ན་དེ་སྤངས་ནས་ནི་མི་གཙང་བ་ལ་ཞེན་པའི་སེམས་ཀྱིས་ནི་མི་གཙང་བའི་གཟེབ་ལ་ཅིའི་ཕྱིར་དགའ། དགའ་བར་མི་རིགས་པས་དབྱིབས་ལ་ཡང་ཆགས་པར་མི་རིགས་སོ། །གཉིས་ པ་ལ་བཞི། མི་གཙང་བའི་འབྱུང་ཁུངས་ཡིན་པས་མི་གཙང་བར་བསམ་པ་དང༌། དེའི་འབྲས་བུ་ཡིན་པས་མི་གཙང་བར་བསམ་པ་དང༌། ལུས་མི་གཙང་བ་དཔེས་བསྟན་པ་དང༌། རང་གི་ལུས་མི་གཙང་བར་བསམ་པའོ། །དང་པོ་ནི། གཞན་ ཡང་ས་ཕྱོགས་མི་གཙང་བ་ངན་སྐྱུགས་སོགས་དག་གིས་གོས་པ་ལ་གལ་ཏེ་རེག་པར་མི་འདོད་ན་ལུས་གང་ལས་མི་གཙང་བ་དེ་ནི་བྱུང་བ་ཡི་ལུས་ལ་ཇི་ལྟར་ཁྱོད་རེག་པར་འདོད་འདོད་པར་མི་རིགས་སོ། །གཉིས་པ་ནི། གལ་ཏེ་མི་གཙང་བ་ལ་ ཆགས་པ་མེད་ན་མི་གཙང་བའི་ཞིང་མའི་མངལ་ལས་བྱུང་བར་གྱུར་ཅིང༌། མངལ་དེའི་ས་བོན་ཕ་མའི་ཁུ་ཁྲག་དེས་བསྐྱེད་པའི་ལུས་གཞན་ཁྱོད་ལ་ཅིའི་ཕྱིར་པང་དུ་འཁྱུད་ཅིང་ཆགས་པར་བྱེད་མི་རིགས་སོ། །གསུམ་པ་ནི། གཞན་ཡང་ཁྱོད་ མི་གཙང་བ་ལས་བྱུང་བའི་མི་གཙང་བའི་སྲིན་བུ་ཆུང་ངུའང་ཁྱོད་འདོད་པར་མི་བྱེད་ལ། མི་གཙང་བ་མང་པོའི་རང་བཞིན་གྱི་ལུས་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་གི་རང་བཞིན་ལས་སྐྱེས་པའང་ཇི་ལྟར་འདོད་པར་བྱེད། ཁྱོད་ནི་ རང་གི་མི་གཙང་བ་ལ་སྨོད་པར་མི་བྱེད་པར་མ་ཟད་ཀྱི་མི་གཙང་བའི་རྐྱལ་པ་མི་གཙང་བ་ལ་བརྐམ་པས་མི་གཙང་བའི་ཕུང་པོ་གཞན་ཡང་འདོད་པར་བྱེད་པ་འདི་ནི་མི་རིགས་སོ། །བཞི་པ་ལ་གཉིས། ལུས་མི་གཙང་

Page: 201 ༄༅། །པ་རྣམ་པ་ཐམས་ཅད་དུ་དགག་པར་བྱའོ། །གསུམ་པ་ལ་གཉིས། བདག་གཞན་གཅེས་པར་གཟུང་བའི་ཉེས་དམིགས་དང། ཕན་ཡོན་གྱི་རྣམ་གྲངས་དང༌། དེས་ན་བདག་གཅེས་འཛིན་དོར་རིགས་པའོ། །དང་པོ་ལ་གཉིས། རྒྱས་པར་བཤད་པ་དང༌། །དོན་བསྡུ་བའོ། །དང་པོ་ལ་ལྔ། སྦྱིན་པའི་དབང་དུ་བྱས་པ་དང་། གནོད་པའི་དབང་དུ་བྱས་པ་དང༌། བསྟོད་གྲགས་ཀྱི་དབང་དུ་བྱས་པ་དང༌། ལས་ལ་སྦྱོར་བའི་དབང་དུ་བྱས་པ་དང། ཕན་བདེའི་དབང་དུ་བྱས་པའོ། །དང་ པོ་ནི། གལ་ཏེ་སེར་སྣའི་དབང་གིས་ནོར་ལ་སོགས་པ་གཞན་ལ་བྱིན་ན་རང་ཉིད་ཅི་ལོངས་སྤྱོད་ཅེས་བདག་དོན་འབའ་ཞིག་སེམས་པ་འདྲེའི་ཚུལ་ཏེ་འཇིགས་པ་བསྐྱེད་པའི་ཕྱིར་རོ། །གལ་ཏེ་རང་གིས་ལོངས་སྤྱད་ན་གཞན་ལ་ཅི་སྦྱིན་ཞེས་གཞན་ དོན་འབའ་ཞིག་སེམས་པ་ལྷའི་ཆོས་ཏེ་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བའི་ཕྱིར་རོ། །གཉིས་པ་ནི།བདག་བདེ་བའི་ཕྱིར་ཏུ་གཞན་ལ་སྲོག་གཅོད་སོགས་གནོད་པ་བྱས་ན་རང་ཉིད་དམྱལ་བ་ལ་སོགས་པར་ལྟུང་བར་འགྱུར་ལ། གཞན་བདེ་བའི་ཕྱིར་ཏུ་བདག་གི་ལུས་དང་ལོངས་སྤྱོད་ལ་གནོད་པ་བྱས་ན་སྟེ་དེ་དག་གི་ཆེད་དུ་བཏང་ན་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་རོ། །གསུམ་པ་ནི། བདག་ཉིད་བསྟོད་པ་དང་གྲགས་པ་སོགས་ཀྱི་སྒོ་ནས་མཐོ་བར་འདོད་ པ་དེ་ཕྱི་མར་ངན་འགྲོ་དང་མིར་སྐྱེས་ན་ཡང་རིགས་དང་གཟུགས་ངན་པ་དང༌། ཤེས་པ་གླེན་པར་སྐྱེ་བར་འགྱུར་རོ། །མཐོ་བར་འདོད་པ་དེ་ཉིད་གཞན་ལ་སྤོས་ཏེ་གོམས་པར་བྱས་ན་ཕྱི་མར་བདེ་འགྲོ་དང་བཀུར་སྟི་རིམ་གྲོ་ཕུན་སུམ་

Page: 202 ཚོགས་པ་ཐོབ་པར་འགྱུར་རོ། །བཞི་པ་ནི། བདག་གི་དོན་དུ་གཞན་རང་དབང་མེད་པར་བྲན་དུ་བཀོལ་ན་རང་ཉིད་ཕྱི་མར་རིགས་ངན་དང་བྲན་ལ་སོགས་པ་མྱོང་བར་འགྱུར་ལ། གཞན་གྱི་ཕན་བདེའི་དོན་དུ་བདག་སྤྱད་ཅིང་བཀོལ་ན་ཕྱི་མར་བདག་ ཉིད་རྗེ་དཔོན་ཉིད་དང་རིགས་དང་གཟུགས་བཟང་བ་སོགས་མྱོང་བར་འགྱུར་རོ། །ལྔ་པ་ནི། མདོར་ན་འཇིག་རྟེན་ན་བདེ་བ་ཇི་སྙེད་ཡོད་པ་དེ་ཀུན་གཞན་བདེ་བ་འདོད་པ་གཞན་དོན་བྱས་པ་ལས་བྱུང་ལ་འཇིག་རྟེན་ན་ཡོད་པའི་སྡུག་བསྔལ་ཇི་སྙེད་ པ་དེ་ཀུན་བདག་གཅེས་པར་འཛིན་པའི་རང་བདེ་བ་འདོད་པ་ལས་བྱུང་བས་བདག་གཅེས་འཛིན་འབད་པས་དགག་པར་བྱའོ། །གཉིས་པ་དོན་བསྡུ་བ་ནི། མང་དུ་རྒྱས་པར་བཤད་པ་ལྟ་ཅི་ཞིག་དགོས་ཏེ་བྱིས་པ་རང་གི་དོན་གཅེས་སྤྲས་སུ་བྱེད་ པས་འདོད་པ་ཐམས་ཅད་འབྱུང་བ་དང༌། ཐུབ་པ་གཞན་གྱི་དོན་མཛད་པས་ཕུན་ཚོགས་ཐམས་ཅད་མཐར་ཕྱིན་པ་འདི་གཉིས་ཀྱི་ནི་ཁྱད་པར་ལྟོས་ལ་ཡིད་ཆེས་པར་གྱིས་ཤིག གཉིས་པ་ལ་བཞི། མ་མཐོང་བའི་ཉེས་དམིགས་དང༌། མཐོང་བའི་ཉེས་དམིགས་དང༌། ཉེས་དམིགས་བསྡུས་ཏེ་བསྟན་པ་དང༌། དེས་ན་བདག་གཅེས་འཛིན་འདོར་བར་རིགས་པའོ། །དང་པོ་ནི།བདག་གི་བདེ་བ་དང་གཞན་གྱི་སྡུག་བསྔལ་དག་ཡང་དག་བརྗེ་བ་སྟེ་སྔར་རང་གི་བདེ་བ་ཆེད་དུ་བསྒྲུབ་ ཅིང་སྡུག་བསྔལ་ཆེད་དུ་སེལ་བ་དེ་ལས་ལྡོག་ནས་གཞན་གཅེས་པར་གཟུང་སྟེ། དེའི་བདེ་བ་ཆེད་དུ་བསྒྲུབ་ཅིང་སྡུག་བསྔལ་འབད་པས་སེལ་བ་མ་བྱས་ན་རང་ཉིད་སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་དེ་མ་གྲུབ་ཀྱང་འཁོར་བར་གནས་

Page: 203 ༄༅། །དགའ་བར་མི་རིགས་སོ། །གསུམ་པ་མི་འདོད་པ་དུ་མ་བསྐྱེད་པ་བསམ་པ་ལ་གཉིས། བསྟན་པ་དང༌། བཤད་པའོ། །དང་པོ་ནི།དེ་ལྟར་མི་གཙང་བར་གྱུར་པ་བུད་མེད་ཀྱི་ལུས་དེའང་ནོར་ ལ་སོགས་པའི་རིན་མེད་པར་ནི་མི་རྙེད་དོ། །དེ་དང་རང་གི་ལུས་ལ་སོགས་པའི་དོན་དུ་ནོར་བསྒྲུབས་པས་ཚེ་འདིར་ངལ་དུབ་ཀྱིས་ཤ་ཐང་བ་དང༌། ཚེ་ཕྱི་མར་དམྱལ་བ་ལ་སོགས་པའི་གནོད་པར་འགྱུར་རོ། །གཉིས་པ་ལ་གཉིས། འདོད་པའི་དོན་མི་ཐོབ་པ་དང༌། མི་འདོད་པ་དུ་མའི་སྐྱོན་དང་འབྲེལ་བའོ། །དང་པོ་ལ་བཞི། འདོད་པ་བསྟེན་པའི་སྐབས་མེད་པ་དང༌། ངལ་བའི་སྡུག་བསྔལ་གྱིས་འདོད་པ་བསྟེན་མི་ནུས་པ་དང༌། ཡུལ་གྱིས་ བསྐལ་པས་འདོད་པའི་དོན་དང་ཕྲད་དཀའ་བ་དང༌། གཞན་གྱི་དབང་དུ་གྱུར་པས་མི་འདོད་པ་དུ་མ་ཐོབ་པའོ། །དང་པོ་ནི།བྱིས་པ་གཞོན་ནུའི་དུས་སུ་བུད་མེད་རྙེད་པའི་དོན་དུ་ནོར་སྤེལ་མི་ནུས་པས་དར་ལ་བབ་པ་ན་དེ་མི་རྙེད་པས་ ལོངས་སྤྱོད་འདིས་ཅི་བདེ། དར་ལ་བབ་པའི་ཚེ་ནོར་གསོག་པ་ཡིས་ཚེ་གཏུགས་པར་གྱུར་ན་ལུས་རྒས་ནས་འདོད་པས་ཅི་ཞིག་བྱ་བསྟེན་པར་མི་ནུས་སོ། །གཉིས་པ་ནི། འདོད་ལྡན་བྲན་ལ་སོགས་པ་ངན་པ་ཁ་ཅིག་ནི་ཉིན་མོ་ རང་ལས་ཀྱིས་ལུས་ཡོངས་སུ་དུབ་སྟེ་མཚན་མོ་ཁྱིམ་དུ་འོངས་ནས་ཆད་པའི་ལུས་རོ་དང་འདྲ་བར་ཉལ་བར་བྱེད་པས། འདོད་པ་མི་དྲན་ཅིང་བསྟེན་མི་ནུས་སོ། །གསུམ་པ་ནི། ཁ་ཅིག་བྱེས་སུ་བགྲོད་པའི་ཉོན་མོངས་

Page: 204 པ་དང༌། རང་གི་ཡུལ་ལས་རིང་དུ་སོང་བའི་སྡུག་བསྔལ་ཅན་དག་བུད་མེད་དང་ཕྲད་པར་འདོད་བཞིན་དུ་བུད་མེད་རྣམས་ཡུན་རིང་པོ་འཁྱུད་འཁོར་ལོས་ཀྱང་མཐོང་བར་མི་འགྱུར་ན། འདོད་པ་བསྟེན་པ་ལྟ་ཅི་སྨོས། བཞི་པ་ནི། བདག་ ལ་ཕན་པར་འདོད་པ་རྣམས་དེའི་ཐབས་ལ་རྨོངས་པས་རྙེད་པ་སོགས་གང་གི་དོན་ཉིད་དུ་རང་གི་ལུས་བཙོངས་པ་ཡང་གླ་རྔན་དེ་མ་ཐོབ་པར་རང་ལ་ཕན་པའི་དོན་མེད་པའི་གཞན་གྱི་ལས་ཀྱི་རླུང་གིས་རང་དབང་མེད་པར་བདས་ནས། འདི་ཕྱི་ གཉིས་ཀར་སྡུག་བསྔལ་མྱོང་ཞིང་འདོད་པའི་དོན་ཐོབ་པར་མི་འགྱུར་རོ། །གཉིས་པ་ལ་ལྔ། རང་དབང་མེད་ཅིང་མྱུར་དུ་སྲོག་འདོར་བ་དང༌། གཞན་གྱི་དབང་དུ་གྱུར་ཅིང་སྡུག་བསྔལ་སྣ་ཚོགས་དང་རྒྱུན་དུ་འབྲེལ་བ་དང༌། ཐར་ པ་ལ་གེགས་བྱེད་ཅིང་དལ་འབྱོར་ཆུད་གསོན་པ་དང༌། ཉེས་དམིགས་བསམས་ནས་ཐར་པ་དོན་གཉེར་གྱི་བློ་བསྐྱེད་པ་དང༌། འདོད་པ་ལ་ཆགས་པ་ཉེས་དམིགས་ཀུན་གྱི་འབྱུང་ཁུངས་སུ་བསམ་པའོ། །དང་པོ་ནི། སྐྱེས་ བུ་ལ་ལ་རང་གི་ལུས་བྲན་དུ་བཙོངས་ཤིང་དབང་མེད་གཞན་གྱིས་བཀོལ་བར་གྱུར་ཏེ། དེར་ཆུང་མ་དག་ཀྱང་བུ་བྱུང་ན་རང་གི་ཁྱིམ་མེད་པས་ཤིང་དྲུང་ངམ་དགོན་པ་གང་བབ་བབ་ཏུ་འབྱུང་ཞིང་བཙའ་བར་བྱེད་དགོས་པ་དང༌། འདོད་ པས་བསླུས་པའི་གླེན་པ་དག་སྲོག་ཡུན་རིང་དུ་འཚོ་འདོད་པས་རྙེད་པས་འཚོ་བར་བྱའོ་ཞེས་རྙེད་པའི་ཆེད་དུ། སྲོག་སྟོར་དོགས་བཞིན་དུ་གཡུལ་དུ་འཇུག་པར་བྱེད་དོ། །རང་ལ་ཁེ་བཙལ་བའི་ཕྱིར་བྲན་དུ་འགྲོ་བར་བྱེད་པས་

Page: 205 ༄༅། །སྡུག་བསྔལ་སྣ་ཚོགས་མྱོང་བར་བྱེད་དོ། །གཉིས་པ་ནི། འདོད་པའི་ཆེད་དུ་འདོད་ལྡན་ལ་ལ་ལུས་ལ་བཅད་པ་དང༌། ཁ་ཅིག་རྒྱལ་པོའི་ཆད་པས་གསལ་ཤིང་གི་རྩེ་ལ་བཙུགས་པ་དང༌། ཁ་ཅིག་མདུང་ཐུང་དང་རལ་གྲི་ལ་སོགས་པ་དག་གིས་བསྣུན་ཅིང་ཁ་ཅིག་ནན་གྱིས་མེར་བསྲེགས་པ་དག་ཀྱང་སྣང་ངོ༌། །ནོར་བསག་པ་དང་བསྲུང་བ་དང་ཐ་མར་བརླག་པའི་གདུང་བ་ཡིས་ནོར་ནི་དུས་ཐམས་ཅད་དུ་ཕུང་ཁྲོལ་ མཐའ་ཡས་པའི་རྩ་བར་ཤེས་པར་བྱའོ། །གསུམ་པ་ནི། ནོར་ལ་ཆགས་པས་ཡུལ་སྣ་ཚོགས་ལ་ཡིད་གཡེངས་པར་གྱུར་པ་རྣམས་ལས་ཀྱི་དབང་གིས་ཡང་དང་ཡང་དུ་འཁོར་བར་སྐྱེ་བས། སྲིད་པའི་སྡུག་བསྔལ་ལས་ གྲོལ་ནས་ཐར་པ་ཐོབ་པའི་སྐབས་མེད་དོ། །ཚེ་འདི་ཙམ་གྱི་ཆེད་དུ་འདོད་པ་ལ་སྲེད་པའི་འདོད་ལྡན་རྣམས་ལ་སྔར་བཤད་པའི་སྡུག་བསྔལ་དེ་ལ་སོགས་པ་ཉེས་དམིགས་མང་ལ། བདེ་བའི་མནོག་ཆུང་སྟེ་དཔེར་ན་ཤིང་ རྟ་འདྲེན་པའི་ཕྱུགས་དག་གིས་འགྲོ་བཞིན་དུ་རྩྭ་ནི་ཁམ་འགའ་ཟོས་པ་བཞིན་ནོ། །ཚེ་འདི་ཙམ་གྱི་དོན་དུ་བདེ་བ་བསྒྲུབ་པ་དང༌། སྡུག་བསྔལ་སེལ་བ་མི་ལས་དུད་འགྲོ་སྟོབས་ཆེ་བ་ཡང་ཡོད་པས་ཕྱུགས་ཀྱིས་བསྒྲུབས་ནའང་མི་ དཀོན་པའི་ཚེ་འདིའི་བདེ་བ་ཤིན་ཏུ་མནོག་ཆུང་བ་གང་ཡིན་པ་དེའི་དོན་དུ། དལ་འབྱོར་ཕུན་སུམ་ཚོགས་པ་རྙེད་ན་དོན་ཆེ་ཞིང་རྙེད་དཀའ་བ་འདི་ཕྱིན་ཅི་ལོག་གི་ཡུལ་ལ་སྲེད་པའི་ལས་ཀྱིས་མནར་བ་རྣམས་ཀྱིས་བཅོམ་ཞིང་ཆུད་གསོན་

Page: 206 པས་ཉེས་དམིགས་དེ་དག་བསམས་ཏེ། དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་པ་ལ་འབད་པར་བྱའོ། །བཞི་པ་ནི། རྒྱལ་སྲིད་ཀྱི་བདེ་བ་ལྟ་བུའི་འདོད་པ་ཡང་ངེས་པར་འཇིག་པར་འགྱུར་ཞིང་དེ་ལ་ཆགས་པས་དམྱལ་ བ་ལ་སོགས་པར་ལྟུང་བར་བྱེད་པས། དོན་ཆེན་པོ་མིན་པའི་ཕྱིར་ཏུ་ཐོག་མ་མེད་པ་ནས་འདོད་པ་ལ་བཀོལ་བས་དུབ་པའི་ཚེགས་ཆེན་པོ་བྱུང་བ་གང་ཡིན་པ་དེའི་བྱེ་བའི་ཆ་ཙམ་གྱི་དཀའ་སྤྱད་ཀྱི་ཚོགས་ཀྱིས་སངས་རྒྱས་ཉིད་བདེ་བླག་ཏུ་ འགྲུབ་ན། ངན་པ་ལ་ཆགས་པ་རྣམས་དེ་ལྟར་མི་བྱེད་དོ། །འདོད་ལྡན་འདོད་པ་ཐོབ་པའི་དོན་དུ་མྱོང་བའི་སྡུག་བསྔལ་དེ་བྱང་ཆུབ་སྒྲུབ་པའི་སྤྱོད་པ་པས་སྡུག་བསྔལ་ཆེ་ལ་འདོད་པའི་འབྲས་བུ་བྱང་ཆུབ་ཀྱང་མེད་དོ། །ལྔ་པ་ལ་གཉིས། འདོད་པའི་ཉེས་དམིགས་བསམ་པ་དང༌། དབེན་པ་ལ་དགའ་བ་བསྒོམ་པའོ། །དང་པོ་ནི། འདོད་པའི་དོན་དུ་སྡིག་པ་སྤྱད་པས་འབྲས་བུ་དམྱལ་བ་སོགས་ཀྱི་སྡུག་བསྔལ་བསམ་པར་བྱས་ན་འདོད་པ་རྣམས་ལ་ཉེས་དམིགས་མཚོན་དང་ ནི། དུག་དང་མེ་དང་གཡང་ས་དང་དགྲ་རྣམས་ཀྱིས་ཀྱང་འདོད་པའི་གནོད་བྱེད་ཀྱི་དཔེར་མི་ཕོད་པས། འདོད་པ་ལ་ཆགས་པར་མི་བྱའོ། །གཉིས་པ་དབེན་པ་ལ་དགའ་བ་བསྒོམ་པ་ལ་གཉིས། བསྟན་པ་དང༌། བཤད་པའོ། །དང་པོ་ནི། སྔར་བཤད་པ་དེ་ལྟར་འདོད་པ་ལ་སྐྱོ་བར་བྱས་ཏེ་དབེན་པ་ལ་ནི་དགའ་བ་བསྐྱེད་དེ་དབེན་པར་བསམ་གཏན་བསྒྲུབ་པར་བྱའོ། །གཉིས་པ་ལ་གསུམ། གནས་ལ་སོགས་པའི་ཕུན་

Page: 207 ༄༅། །ཚོགས་ཀྱི་ཁྱད་པར་དང༌། རང་དབང་ཐོབ་པའི་ཡོན་ཏན་དང༌། ཆོག་ཤེས་པའི་ཡོན་ཏན་ནོ། །དང་པོ་ནི། དབེན་པའི་གནས་ཇི་ལྟ་བུར་གནས་པར་བྱ་ཞེ་ན། འཁོར་ལོ་སྒྱུར་བའི་རྒྱལ་པོ་ འགྲན་ཟླ་དང་བྲལ་ཞིང་འདོད་པའི་ཡོན་ཏན་ལ་བདེ་བར་ལོངས་སྤྱོད་པ་ལྟར། ཕྱིའི་རྩོད་པ་དང་གཞན་གྱི་ཆགས་སྡང་གི་རྐྱེན་ལ་སོགས་པའི་ཉོན་མོངས་ཀྱིས་སྟོང་པའི་རྣམ་གཡེང་ཞི་བའི་ནགས་ཀྱི་ནང་དག་ཏུ། སྔོན་ལེགས་ པར་སྤྱད་པའི་སྐྱེ་བོ་སྐལ་ལྡན་དག་ཟླ་འོད་བསིལ་བ་ཙན་དན་གྱིས་བྱུགས་ནས་བསིལ་བའི་གནས་ལྟར། ཤིན་ཏུ་ཡངས་པའི་རྡོ་ལེབ་ཁང་བཟང་དང་འདྲ་བ་ཉམས་དགའ་བར་ཡིད་དང་མི་མཐུན་པའི་སྒྲ་མེད་ཅིང༌། འཇམ་ ཞིང་ཞི་བའི་ནགས་ཀྱི་རླུང་གཡོབ་པ་ཡིས་མཛེས་པར་བྱས་པའི་གནས་སུ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་སོགས་པ་གཞན་ལ་ཕན་པའི་དོན་སེམས་ཤིང་འཆག་པར་བྱེད་པས། རྣལ་འབྱོར་པ་རྣམས་ཀྱིས་དབེན་པ་བསྟེན་པ་ནི་ འཇིག་རྟེན་པའི་བདེ་བ་གང་ལས་ཀྱང་ཁྱད་པར་དུ་འཕགས་པའོ། །གཉིས་པ་ནི། སྐྱེ་བོ་གཞན་མེད་པའི་ཁང་སྟོང་དང༌། ཤིང་དྲུང་དང། རི་ཕུག་དག་ཏུ་གནས་ནས་གང་དུ་ཇི་སྲིད་སྡོད་འདོད་པ་དེ་ སྲིད་དུ་གནས་ཤིང་ཡོ་བྱད་མང་པོ་ཡོངས་སུ་འཛིན་པ་དང༌། དེ་དག་མི་ཉམས་པར་བསྲུང་བའི་སྡུག་བསྔལ་སྤངས་ཏེ། རེ་དོགས་ཀྱི་ལྟོས་པ་མེད་པར་བག་ཡངས་སུ་སྤྱོད་པས་གནས་པའོ། །གསུམ་པ་ནི།

Page: 208 གནས་དང་ལོངས་སྤྱོད་སོགས་ཇི་ལྟར་འདོད་པ་བཞིན་དུ་རང་དབང་དུ་སྤྱོད་ཅིང་དེ་ལ་ཆགས་པ་མེད་ལ། སྐྱེ་བོ་གང་དང་ཡང་ནི་འབྲེལ་བ་མེད་པའི་གནས་སུ་ཟས་གོས་སོགས་ངན་ངོན་ཙམ་གྱིས་ཆོག་ཤེས་པའི་བདེ་བ་ལ་སྤྱོད་པ་གང་ཡིན་པ་ ལྷ་དང་མིའི་དབང་པོས་ཀྱང་ནི་དེ་རྙེད་དཀའ་བས་མཁས་པས་དབེན་པ་བསྟེན་པ་ལ་འབད་པར་བྱའོ། །གསུམ་པ་ཞི་གནས་ཇི་ལྟར་སྒོམ་པའི་ཚུལ་ལ་གཉིས། བདག་གཞན་མཉམ་པར་སྒོམ་པའི་ཚུལ་དང༌། བདག་ གཞན་བརྗེ་བའི་ཚུལ་ལོ། །དང་པོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། སྔར་བཤད་པ་དེ་ལ་སོགས་པའི་རྣམ་པ་ཡིས་འདུ་འཛི་ལ་སོགས་པས་དབེན་པའི་བས་མཐའི་གནས་ཀྱི་ཡོན་ ཏན་བསམ་པ་བྱས་ནས་འདོད་པ་དོན་དུ་གཉེར་བ་ལ་སོགས་པའི་རྣམ་རྟོག་ཉེ་བར་ཞི་བ་དང༌། བྱང་ཆུབ་ཀྱི་སེམས་ནི་བསྒོམ་པར་བྱའོ། །ཐབས་གང་གི་སྒོ་ནས་བསྒོམ་ཞེ་ན་བདག་དང་གཞན་དུ་མཉམ་པ་ནི་དང་པོ་ཉིད་དུ་འབད་ དེ་བསྒོམ་པར་བྱའོ། །ཇི་ལྟར་ཞེ་ན་བདག་གི་བདེ་བ་ཆེད་དུ་བསྒྲུབ་ཅིང་སྡུག་བསྔལ་ཆེད་དུ་འགོག་པ་བཞིན་དུ་གཞན་གྱི་བདེ་སྡུག་ལ་ཡང་འདོར་ལེན་དེ་ལྟར་བྱེད་པས་གཞན་གྱི་བདེ་བ་བསྒྲུབ་པ་དང་སྡུག་བསྔལ་སེལ་བར་མཉམ་པས་ན་ སེམས་ཅན་ཐམས་ཅད་བདག་བཞིན་གཅེས་པར་བཟུང་ནས་བསྲུང་བར་བྱའོ། །གཉིས་པ་ལ་བཞི། བདག་གཞན་མཉམ་པར་སྒོམ་པའི་དོན་བཤད་པ་དང༌། བདག་གཞན་མཉམ་

Page: 209 ༄༅། །པར་སྒོམ་ཚུལ་དང༌། དེ་ལྟར་སྒོམ་པའི་ཕན་ཡོན་དང༌། བདག་གཞན་མཉམ་པར་གོམས་ན་དེ་ལྟར་བསྐྱེད་ནུས་པའོ། །དང་པོ་ནི། སེམས་ཅན་མཐའ་ཡས་པ་དུ་མ་ཡིན་པས་དེ་ལ་ངའོ་ སྙམ་པའི་བློ་བསྐྱེད་དུ་མི་རུང་བའི་ཕྱིར། དེ་དག་གི་བདེ་སྡུག་གི་འདོར་ལེན་ལ་རང་དང་མཚུངས་པར་ཇི་ལྟར་རུང་ཞེ་ན། རང་གི་ལུས་ལ་རྐང་པ་དང་ལག་པ་ལ་སོགས་པའི་དབྱེ་བ་རྣམ་པ་མང་ཡང་ངའི་སྙམ་དུ་གང་ཟག་གཅིག་གིས་ ཡོངས་སུ་བསྲུང་བའི་ལུས་སུ་གཅིག་པ་ལྟར། དེ་བཞིན་དུ་ལྷ་དང་མི་ལ་སོགས་པའི་འགྲོ་བ་ཐ་དད་ཀྱང་དེ་དག་གི་བདེ་སྡུག་དག་ལ་ཐ་དད་མེད་པ་སྟེ། ཁྱད་པར་མེད་པར་དམིགས་ནས་ཐམས་ཅད་བདག་དང་འདྲ་བར་བདག་ཏུ་ བཟུང་ནས་བདེ་བ་འདི་བདག་གིས་བསྒྲུབ་པར་བྱ། སྡུག་བསྔལ་འདི་བདག་གིས་བསལ་བར་བྱའོ་སྙམ་དུ་འདི་ཀུན་དེ་དག་འདྲ་བར་སྒོམ་པའི་དོན་ནོ། །གཉིས་པ་ལ་གཉིས། བདེ་སྡུག་གི་འདོར་ལེན་མཚུངས་པ་མི་ རིགས་པ་སྤང་པ་དང༌། མཚུངས་པར་བསྒོམ་རིགས་པའི་རྒྱུ་མཚན་བཤད་པའོ། །དང་པོ་ནི། གཞན་གྱི་སྡུག་བསྔལ་གྱིས་བདག་ལ་མི་གནོད་པ་རང་གི་སྡུག་བསྔལ་གྱིས་གཞན་ལ་མི་གནོད་པ་དང་འདྲ་བས། དེ་ཆེད་དུ་སེལ་བ་རང་གི་སྡུག་བསྔལ་སེལ་བ་དང་མཚུངས་པ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། གཞན་གྱི་སྡུག་བསྔལ་གྱིས་རང་ལ་མི་གནོད་པ་ལྟར། གལ་ཏེ་བདག་གི་སྡུག་བསྔལ་གྱིས་གཞན་གྱི་ལུས་ལ་མི་གནོད་པ་

Page: 210 དེ་ལྟ་ནའང་དེ་བདག་གི་སྡུག་བསྔལ་ཡིན་ཏེ། རང་ལ་བདག་ཏུ་ཞེན་པས་རང་གི་སྡུག་བསྔལ་ལ་མི་བཟོད་པ་འབྱུང་བ་ཉིད་ཡིན་པ་དེ་བཞིན་དུ་སེམས་ཅན་གཞན་ཡང་བདག་ཏུ་གཟུང་བ་གོམས་པས་གཞན་གྱི་སྡུག་བསྔལ་དག་བདག་ལ་འབབ་ པར་མི་འགྱུར་ཡང༌། དེ་ལྟ་ནའང་སེམས་ཅན་གྱི་སྡུག་བསྔལ་དེ་བདག་གིས་བསལ་བར་བྱ་བའི་སྡུག་བསྔལ་ཡིན་ཏེ། སེམས་ཅན་ལ་རང་གིས་བདག་ཏུ་ཞེན་པས་དེ་ལ་སྡུག་བསྔལ་བྱུང་ན་བཟོད་པར་དཀའ་བར་འགྱུར་རོ། ། གཉིས་པ་ལ་གསུམ། རྒྱས་པར་བཤད་པ་དང༌། དོན་བསྡུ་བ་དང༌། རྩོད་པ་སྤང་བའོ། །དང་པོ་ལ་གསུམ། རྟགས་དགོད་པ་དང༌། ཁྱབ་པ་བསྒྲུབ་པ་དང༌། བདག་གཞན་མཉམ་པར་བསྒོམ་དུ་མི་རུང་སྙམ་ པའི་གེགས་བསལ་བའོ། །དང་པོ་ནི།སེམས་ཅན་གཞན་གྱི་སྡུག་བསྔལ་ཆོས་ཅན། བདག་གིས་བསལ་བར་རིགས་ཏེ་སྡུག་བསྔལ་ཡིན་པའི་ཕྱིར། དཔེར་ན་བདག་གི་སྡུག་བསྔལ་བཞིན་ནོ། །བདག་ གིས་གཞན་ལ་ཕན་པ་དང་བདེ་བ་བསྒྲུབ་པར་བྱ་རིགས་ཏེ། སེམས་ཅན་ཕ་རོལ་པོ་སེམས་ཅན་ཡིན་པའི་ཕྱིར། དཔེར་ན་བདག་གིས་ལུས་ལ་བདེ་བ་བསྒྲུབ་པ་བཞིན་ནོ། །གཉིས་པ་ལ་གཉིས། ཁྱབ་བསྒྲུབ་དངོས་དང༌། དེའི་ གེགས་བསལ་བའོ། །དང་པོ་ནི། བདག་གཞན་གྱི་བདེ་སྡུག་ལ་དམིགས་ནས་འདོར་ལེན་མཚུངས་པར་བྱེད་རིགས་པར་ཐལ། གང་གི་ཚེ་བདག་དང་གཞན་གཉིས་ཀ་བདེ་བ་འདོད་དུ་མཚུངས་པ་ལ་བདག་དང་གང་

Page: 211 ༄༅། །ཟག་གཞན་ཁྱད་པར་ཅི་ཡོད་ན་ཅི་ཡང་མེད་པའི་ཕྱིར། རྒྱུ་མཚན་གང་གི་ཕྱིར་ན་བདག་གཅིག་པུ་བདེ་བར་བརྩོན་པར་བྱེད་ཅིང་གཞན་གྱི་བདེ་བ་ལ་མི་བརྩོན་པ་མི་རིགས་སོ། །གང་གི་ཚེ་བདག་དང་ གཞན་གཉིས་ཀ་སྡུག་བསྔལ་མི་འདོད་པར་མཚུངས་པ་ལ་བདག་དང་གཞན་ཁྱད་པར་ཅི་ཡོད་ན་སྟེ་ཅི་ཡང་མེད་པའི་ཕྱིར་རོ། །རྒྱུ་མཚན་གང་གི་ཕྱིར་གཞན་གྱི་བདེ་བ་བསྲུང་བ་མིན་པར་བདག་གི་བདེ་བ་ཆེད་དུ་བསྒྲུབ་ ཅིང་མི་ཉམས་པར་སྲུང་བར་བྱེད། གཉིས་ཀ་མཚུངས་པར་བསྒྲུབ་རིགས་སོ། །གཉིས་པ་ནི། གལ་ཏེ་སེམས་ཅན་དེ་ལ་སྡུག་བསྔལ་བྱུང་བས་བདག་ལ་མི་གནོད་པའི་ཕྱིར་མི་བསྲུང་ངོ་ཞེ་ན། དེ་ནི་ཆེས་མི་ རིགས་ཏེ་རྒས་པའི་ཚེ་སྡུག་བསྔལ་བྱུང་དོགས་ནས་གཞོན་པའི་ཚེ་ནོར་གསོག་པ་དང༌། དེ་བཞིན་དུ་སང་དང་ཕྱི་དྲོ་སྡུག་བསྔལ་བྱུང་དོགས་ནས་དེ་རིང་དང་སྔ་དྲོའི་དུས་ནས་སྡུག་བསྔལ་སེལ་བའི་ཐབས་ལ་འབད་པར་མི་རིགས་པར་ཐལ། ཕྱི་མའི་དུས་ཀྱི་སྡུག་བསྔལ་མ་འོངས་པའི་སྡུག་བསྔལ་ཡང་སྔ་མའི་དུས་ཀྱི་གང་ཟག་དེ་ལ་གནོད་པར་མི་བྱེད་ན་དེ་བྱུང་དོགས་ནས་ཅིས་བསྲུང་བསྲུང་མི་རིགས་པར་ཐལ་ལོ། །ཚེ་འདིར་བདག་གིས་ཕྱི་མའི་སྡུག་བསྔལ་གྱི་རྒྱུ་ ལྡོག་པར་མ་བྱས་ན་ཕྱི་མར་བདག་གིས་སྡུག་བསྔལ་མྱོང་དགོས་པས་དེ་ལྡོག་པའི་ཐབས་ལ་འབད་པར་རིགས་སོ་ཞེ་ན། ཚེ་འདིའི་བདག་གིས་ཕྱི་མའི་དུས་སུ་སྡུག་བསྔལ་དེ་ནི་མྱོང་སྙམ་པའི་རྣམ་པར་རྟོག་པ་དེ་ཕྱིན་ཅི་ལོག་པ་སྟེ།

Page: 212 འདི་ལྟར་ཤི་བའི་གང་ཟག་དེའང་གཞན་ཉིད་ལ་སྐྱེ་བ་ཕྱི་མའི་གང་ཟག་དེའང་ནི་གཞན་ཉིད་ཡིན་པས་དེ་གཉིས་གཅིག་ཏུ་མི་རུང་བའི་ཕྱིར་རོ། །འདི་ནི་སོ་སོ་ཐ་དད་ཡིན་པས་གཅིག་གི་སྡུག་བསྔལ་ཅིག་ཤོས་ཀྱིས་སེལ་མི་རིགས་པ་ལ་སྐད་ ཅིག་སྔ་ཕྱི་སོ་སོ་ཐ་དད་པའི་མགོ་མཚུངས་ཀྱི་རིགས་པས་འགོག་པ་ཡིན་གྱི། དོན་དམ་ལ་ལྟོས་ནས་འགོག་པ་གཞུང་གི་དོན་མིན་ནོ། །གཞན་ཡང་གང་གི་ཚེ་ཆ་གང་གི་སྡུག་བསྔལ་གང་ཡིན་པ་དེ་ནི་ལུས་ཀྱི་ཆ་དེ་ཉིད་ཀྱིས་ བསྲུང་ཞིང་སེལ་དགོས་ན། ཚེར་མ་ཟུག་པ་ལྟ་བུའི་རྐང་པའི་སྡུག་བསྔལ་ལག་པའི་མིན་པས་ཅིའི་ཕྱིར་ལག་པ་དེས་ནི་རྐང་པའི་སྡུག་བསྔལ་དེ་བསྲུང་བར་བྱ་བ་མི་རིགས་པར་ཐལ་ལོ། །གལ་ཏེ་འབྲེལ་མེད་ཀྱི་སྡུག་ བསྔལ་ཅིག་ཤོས་ཀྱིས་སེལ་བར་རིགས་པ་མིན་ཡང༌། འདིར་བདག་ཏུ་འཛིན་པ་གོམས་པ་ལས་སྐྱེ་བ་སྔ་ཕྱི་དང་སྔ་དྲོ་ཕྱི་དྲོ་ལ་སོགས་པའི་ལུས་རྣམས་གང་ཟག་གཅིག་པོ་དེའི་བདག་གི་བར་འཛིན་པ་གོམས་པ་ལས་གཅིག་གི་སྡུག་ བསྔལ་ཅིག་ཤོས་ཀྱིས་སེལ་བ་ལ་འཇུག་ཅེ་ན། རང་དབང་བའི་བདག་དང་གཞན་དུ་འཛིན་པ་མི་རིགས་པ་གང་ཡིན་པ་དེ་ཡང་མི་ནུས་པར་ནི་སྤང་བར་བྱ་བ་ཉིད་ཡིན་ཏེ། གང་ཟག་གི་བདག་ཏུ་འཛིན་པ་ཞེན་ཡུལ་ལ་འཁྲུལ་ ཞིང་དེས་ཕུང་ཁྲོལ་ཐམས་ཅད་བསྐྱེད་པའི་ཕྱིར་རོ། །གསུམ་པ་ནི། དེ་གཉིས་མི་མཚུངས་ཏེ་གང་ཟག་སོ་སོ་བ་འབྲེལ་མེད་ཡིན་ལ་གང་ཟག་གཅིག་གི་རྐང་ལག་ཚོགས་པ་གཅིག་ཅིང༌། རྒན་གཞོན་དང་ཚེ་སྔ་ཕྱི་རྒྱུད་གཅིག་ཡིན་

Page: 213 ༄༅། །པས་ཕྱི་མ་ལ་གཅིག་གི་སྡུག་བསྔལ་གཅིག་གིས་སེལ་བར་རིགས་ལ། སྔ་མ་ལ་དེ་མི་རིགས་སོ་ཞེ་ན། རང་དབང་བའི་རྒྱུད་དང་ཚོགས་པ་ཡང་མེད་པར་ཐལ། རྒྱུད་དང་ཚོགས་པ་ཞེས་བྱ་བ་ནི་ ཕྲེང་བ་དང་དམག་ལ་སོགས་པ་རང་གི་ཆ་དུ་མ་ལ་བཏགས་པའི་རྫུན་པ་ཡིན་པ་བཞིན་དུ་རྒྱུན་ཅན་སྔ་ཕྱི་དུ་མ་དང༌། ཚོགས་པ་ཅན་ལ་བཏགས་ནས་བཞག་པའི་རྫུན་པ་ཡིན་པའི་ཕྱིར། གང་ཟག་གཅིག་གི་བདག་གི་བས་བསྡུས་པ་ གང་ཟག་དེའི་དབང་བསྒྱུར་བྱ་ཡིན་པས་ཡུལ་དུས་ཐ་དད་ཀྱང་གཅིག་གི་སྡུག་བསྔལ་ཅིག་ཤོས་ཀྱིས་སེལ་ལོ་ཞེ་ན། སྡུག་བསྔལ་ཅན་གྱི་གང་ཟག་གི་བདག་གང་ཡིན་པ་དེ་མེད་པའི་ཕྱིར། གང་ཟག་རང་དབང་བ་དེས་བདེ་སྡུག་འདི་ སུ་ཞིག་དབང་བར་འགྱུར་སུའི་ཡང་དབང་བསྒྱུར་བྱ་མ་ཡིན་པར་མཚུངས་སོ། །རྒྱུ་མཚན་དེས་ན་སྡུག་བསྔལ་ལ་ལོངས་སྤྱོད་པའི་རང་དབང་བའི་བདག་པོ་མེད་པར་ནི་བདག་དང་གཞན་གྱི་སྡུག་བསྔལ་ཐམས་ཅད་བྱེ་བྲག་མེད་པ་ཉིད་ཡིན་ ལ་ཐ་སྙད་དུ་ཕན་ཚུན་ལྟོས་པའི་བདག་གཞན་དེ་དག་གི་སྡུག་བསྔལ་ཡང་ཡོད་པས། རང་གི་སྡུག་བསྔལ་བཞིན་དུ་གཞན་གྱི་སྡུག་བསྔལ་སེལ་བ་འབད་པར་རིགས་སོ། །གཉིས་པ་དོན་བསྡུ་བ་ནི། དེས་ ན་གཞན་གྱི་སྡུག་བསྔལ་དེ་ཡང་སྡུག་བསྔལ་ཡིན་པའི་ཕྱིར་དེ་རང་གིས་བསལ་བར་བྱ་བ་རིགས་ཀྱི་རང་དང་གཞན་རིས་སུ་གཅོད་པའི་ངེས་པས་དེར་ནི་ཅི་ཞིག་བྱ། གཞན་གྱི་སྡུག་བསྔལ་མཐའ་དག་བསལ་དགོས་པས་ཅིའི་ཕྱིར་

Page: 214 སེམས་ཅན་ཀུན་གྱི་སྡུག་བསྔལ་ནི་བདག་ལ་མི་གནོད་པས། ཅིའི་ཕྱིར་ལྡོག་པར་བྱ་ཞེས་བརྩད་དུ་མེད་པས་རང་གི་སྡུག་བསྔལ་འདོད་བྱ་མ་ཡིན་པས་གལ་ཏེ་ལྡོག་ན་ཡང་སྡུག་བསྔལ་ཐམས་ཅད་ལྡོག་པར་རིགས་ལ། གཞན་གྱི་སྡུག་ བསྔལ་སེལ་བ་དེ་མིན་ན་བདག་གི་སྡུག་བསྔལ་ཀྱང་སེམས་ཅན་གཞན་གྱི་སྡུག་བསྔལ་བཞིན་དུ། བསལ་བྱ་མ་ཡིན་པར་འགྱུར་བས་བདག་ལ་གཅེས་པར་འཛིན་པ་བཞིན་དུ་གཞན་གཅེས་པར་གཟུང་ནས་དེའི་སྡུག་བསྔལ་ སེལ་བ་ལ་ཆེད་ཆེར་བྱའོ། །གསུམ་པ་རྩོད་པ་སྤང་བ་ལ་གཉིས། སེམས་ཅན་གྱི་སྡུག་བསྔལ་བསམས་པས་བྱང་སེམས་རང་ཉིད་སྡུག་བསྔལ་གྱི་གཞན་དབང་དུ་འགྱུར་བ་མི་འཐད་པ་དང༌། སྡུག་བསྔལ་བསམས་ པའི་དགོས་པའོ། །དང་པོ་ནི། གལ་ཏེ་སྙིང་རྗེས་གཞན་གྱི་སྡུག་བསྔལ་ཐམས་ཅད་བདག་གིར་བྱས་ན། སྡུག་བསྔལ་མང་པོར་འགྱུར་བས་ཅིའི་ཕྱིར་སྡུག་བསྔལ་མི་སྤོང་བར་ནན་གྱིས་བསྐྱེད་ཅེ་ན། བྱང་ཆུབ་སེམས་ དཔས་འགྲོ་བའི་སྡུག་བསྔལ་བསམ་པར་བྱས་ན་ཇི་ལྟར་སྙིང་རྗེའི་དབང་གིས་སྡུག་བསྔལ་མང་པོ་འབྱུང་བ་མ་ཡིན་པར་ཐལ། དེས་རང་གི་ཚོར་བ་སྡུག་བསྔལ་མཐའ་དག་སེལ་བའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་སྡུག་བསྔལ་ཅུང་ཟད་བྱུང་ཡང་སྡུག་ བསྔལ་གཅིག་གིས་ནི་འགྲོ་བ་མཐའ་ཡས་པའི་འཁོར་བའི་སྡུག་བསྔལ་མང་པོ་མེད་པར་འགྱུར་ན། དོན་ཤིན་ཏུ་ཆེ་བས་བརྩེ་བ་དང་ལྡན་པས་དེ་ལྟ་བུའི་སྡུག་བསྔལ་དེ་རང་དང་གཞན་ལ་བསྐྱེད་པར་བྱ་འོས་པ་ཉིད་ཡིན་ནོ། །དེས་ན་ཏིང་ངེ་

Page: 215 ༄༅། །འཛིན་རྒྱལ་པོ་ལས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་ཀྱིས་རང་ཉིད་གསོད་པའི་རྒྱལ་པོའི་གནོད་པ་ཤེས་ཀྱང་ནི། བདག་གི་སྡུག་བསྔལ་མ་བསལ་ ཏེ་དང་དུ་བླངས་པས་སེམས་ཅན་མང་པོའི་སྡུག་བསྔལ་ཟད་པར་འགྱུར་བ་གཟིགས་ནས་དེའི་ཕྱིར་ཏུ་འཁོར་གྱིས་ལྡོག་ཀྱང་མ་གསན་པར་གྲོང་དུ་ཞུགས་པ་ཡིན་ནོ། །གསུམ་པ་ལ་ལྔ། གཞན་དོན་ལ་གཅིག་ ཏུ་གཞོལ་བ་ལ་སྡུག་བསྔལ་ཆེན་པོ་མེད་པ་དང༌། དེའི་བདེ་བ་མཆོག་ཏུ་གྱུར་པས་གཞན་དོན་ལ་འཇུག་པ་དང༌། རང་གི་དྲེགས་པ་ཞི་བར་འགྱུར་བ་དང༌། ལན་དང་རྣམ་སྨིན་ལ་ལྟོས་པ་མེད་པ་དང༌། རྒྱུ་མཚན་ དེས་ན་བདག་གཞན་མཉམ་པར་བསྒོམ་རིགས་པའོ། །དང་པོ་ནི། སྔར་བཤད་པ་དེ་ལྟར་རང་གི་རྒྱུད་ནི་བདག་གཞན་མཉམ་པ་བསྒོམ་པ་གོམས་པར་གྱུར་པ་ན་གཞན་གྱི་སྡུག་བསྔལ་ཞི་བར་དགའ་བས་དེ་སེལ་བར་ འདོད་པ་ལ་པདྨའི་མཚོ་རུ་ངང་པ་འཇུག་པ་ལྟར། རང་གི་སྡུག་བསྔལ་ཁྱད་དུ་བསད་ནས་སྤྲོ་བཞིན་དུ་མནར་མེད་པར་ཡང་འཇུག་པར་འགྱུར་བས་གཞན་དོན་ལ་འཇུག་པ་ལ་ཡིད་ཀྱི་སྡུག་བསྔལ་མེད་དོ། ། གཉིས་པ་ནི། སེམས་ཅན་རྣམས་ནི་སྲིད་པ་ལས་གྲོལ་བ་ན་ཐུགས་དགའ་བའི་རྒྱ་མཚོས་ལེགས་པར་གང་བ་གང་ཡིན་པ་དེ་ཉིད་ཀྱིས་ནི་འདོད་དོན་ཐམས་ཅད་གྲུབ་པས་ངོམས་ཤིང༌། ཆོག་པ་མིན་

Page: 216 ནམ་རང་ཉིད་གཅིག་པུ་ཐར་པ་འདོད་པ་ཅི་ཞིག་བྱ། སེམས་ཅན་ཐམས་ཅད་ཀྱིས་མ་བྱས་པ་དྲན་པར་བྱས་ནས་དེའི་དོན་དུ་བརྩོན་པར་བྱའོ། །གསུམ་པ་ནི། གཞན་གྱི་དོན་ལ་ལྷག་པར་དགའ་བ་དེ་ལྟ་ བས་ན་གཞན་གྱི་དོན་བྱས་ཀྱང་ངས་དྲིན་གྱིས་བསྐྱངས་སོ་སྙམ་པའི་རློམ་སེམས་དང་ནི་དེ་ལ་ངོ་མཚར་མེད་དོ། །བཞི་པ་ནི། མཐའ་གཅིག་ཏུ་གཞན་དོན་གྲུབ་པ་ཁོ་ན་ལ་དགའ་བས་རྣམ་སྨིན་གྱི་འབྲས་ བུའི་རེ་བ་མེད་དོ། །ལྔ་པ་ནི། བདག་གཞན་མཉམ་པར་བསྒོམ་རིགས་པ་དེ་བས་ན་ཇི་ལྟར་ཆུང་ངུ་ན་ཚིག་མི་སྙན་པ་ཙམ་ལས་ཀྱང་བདག་བསྲུང་བ་དེ་བཞིན་དུ་གཞན་གྱི་མི་འདོད་པ་དང་སྡུག་བསྔལ་ ལ་ཡང་བསྲུང་སེམས་དང༌། སྙིང་རྗེའི་སེམས་ནི་དེ་ལྟར་བྱའོ། །བཞི་པ་ནི། གཞན་གྱི་ལུས་ལ་ངའོ་སྙམ་པ་དང་གཞན་གྱི་མིག་ལ་ངའི་མིག་གོ་སྙམ་པའི་བློ་མི་སྐྱེ་བས་གཞན་གྱི་བདེ་སྡུག་ལ་རང་ གི་དང་འདྲ་བའི་འདོར་ལེན་གྱི་བློ་ཇི་ལྟར་སྐྱེ་ཞེ་ན། མ་གོམས་ན་བདེན་མོད་ཀྱི་གོམས་པ་ཡིས་ནི་གཞན་ཕ་དང་མ་དག་གི་ཁུ་བ་ཁྲག་གི་ཐིགས་པ་ལ་བདག་གི་དངོས་པོ་གྲུབ་པ་མེད་པར་གྱུར་ཀྱང་ནི། གོམས་ པའི་སྟོབས་ཀྱིས་བདག་གོ་ཞེས་ནི་ཤེས་ཤིང་འཛིན་པ་ལྟར་དེ་བཞིན་དུ་གོམས་པར་བྱས་ན། གཞན་གྱི་ལུས་ལ་ཡང་བདག་ཅེས་ཅིའི་ཕྱིར་མི་གཟུང་སྟེ་གཟུངས་ཤིག་དང༌། གོམས་པར་བྱས་ན་རང་གི་དང་འདྲ་བའི་

Page: 217 ༄༅། །བློ་སྐྱེའོ། །དེས་ན་གཞན་གཅེས་པར་འཛིན་པའི་ཕན་ཡོན་བསམས་ནས་གཞན་གྱི་སྡུག་བསྔལ་སེལ་བ་ལ་འབད་པར་བྱའོ། །འགྱུར་ཁ་ཅིག་ལས་དངོས་པོ་མེད་པར་གྱུར་ཀྱང་ ནི་ཞེས་པའི་ཚིག་རྐང་མི་འབྱུང་ངོ༌། དེས་ན་བདག་གི་ལུས་འདི་གཅེས་པར་འཛིན་པ་ཆེད་དུ་བཀག་ནས་གཞན་དུ་ཡང་བཞག་པ་དེ་ལྟར་གོམས་ན་དཀའ་བ་མེད་པ་བདག་གཅེས་འཛིན་གོམས་པ་དང་ འདྲའོ། །གཉིས་པ་བདག་གཞན་བརྗེ་བའི་ཚུལ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། བདག་གཞན་བརྗེ་བའི་ཚུལ་དང༌། དེ་ལྟར་གོམས་སུ་རུང་བའི་རྒྱུ་ མཚན་ནོ། །དང་པོ་ནི།བདག་གཅེས་པར་འཛིན་པ་ནི་ཉེས་པ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས་སྐྱོན་དང་བཅས་པས་ཆེད་ཆེར་འགོག་པ་དང་སེམས་ཅན་གཞན་ལ་གཅེས་པར་འཛིན་པ་ཡང་ ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས་ཡོན་ཏན་རྒྱ་མཚོར་ཤེས་པར་བྱས་ནས། བདག་གཅེས་འཛིན་ཡོངས་སུ་དོར་བ་དང་གཞན་གཅེས་པར་འཛིན་ཞིང་བླང་བ་ནི་བསྒོམ་པར་བྱའོ། །གཉིས་ པ་ནི། སེམས་ཅན་མཐའ་ཡས་པས་བདག་ཏུ་གཟུང་བར་མི་ནུས་སོ་ཞེ་ན། ཇི་ལྟར་རང་གི་ལག་པ་ལ་སོགས་པ་སོ་སོ་ཐ་དད་ཀྱང་རང་གི་ལུས་ཀྱི་ཡན་ལག་ཡིན་པས་བསྲུང་བྱར་འདོད་པ་ལྟར། དེ་བཞིན་དུ་

Page: 218 སེམས་ཅན་དུ་མ་ཡིན་ཡང་གཅེས་པར་འཛིན་པ་གོམས་ན་རང་གི་ལུས་ལྟར་གཅེས་པར་འཛིན་པའི་འགྲོ་བའི་ཡན་ལག་ཏུ་ཅིའི་ཕྱིར་ལུས་ཅན་རྣམས་བསྲུང་བྱར་མི་འདོད་དེ་འདོད་པར་རིགས་སོ། །གཉིས་པ་ལ་ གསུམ། བདག་གཞན་བརྗེ་བའི་ཚུལ་བཤད་པ་དང༌། བརྗེས་ནས་བསམ་པས་རྗེས་སུ་སྒྲུབ་པའི་ཚུལ་དང༌། སྦྱོར་བས་རྗེས་སུ་སྒྲུབ་པའི་ཚུལ་ལོ། །དང་པོ་ལ་གཉིས། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། ། དང་པོ་ལ་གསུམ། གཞན་གཅེས་འཛིན་གོམས་པར་བྱ་བ་དང༌། བདག་གཅེས་འཛིན་འབད་པས་སྤང་བར་བྱ་བ་དང༌། བདག་དང་གཞན་གཙོ་བོར་བྱེད་པའི་སྐྱོན་དང་ཡོན་ཏན་བསམ་པའོ། །དང་པོ་ལ་ལྔ། བདག་ གཞན་བརྗེ་ནུས་ཤིང་རློམ་པ་ཞི་བར་འགྱུར་བ་དང༌། རྣམ་སྨིན་ལ་མི་ལྟོས་པར་དེ་བསྒོམ་པ་ལ་འབད་པར་གདམས་པ་དང༌། དེས་ན་གཞན་དོན་ཆེད་ཆེར་བྱ་བ་དང༌། གོམས་ན་བསྐྱེད་ནུས་པ་དང༌། བདག་གཞན་ སྡུག་བསྔལ་ལས་སྒྲོལ་འདོད་པས་བདག་གཞན་བརྗེ་བ་བསྒོམ་པར་བྱ་བའོ། །དང་པོ་ནི། བདག་གཞན་བརྗེ་བའི་བློ་གོམས་པར་མི་ནུས་སོ་ཞེ་ན། ཇི་ལྟར་གང་ཟག་གི་བདག་མེད་པའི་ལུས་འདི་ལ་ གོམས་པས་བདག་གི་བར་འཛིན་པའི་བློ་འབྱུང་བ་དེ་བཞིན་དུ་སེམས་ཅན་གཞན་ལ་ཡང་གཅེས་འཛིན་གོམས་པས་བདག་གི་བའི་བློ་ཅིས་མི་སྐྱེ་གོམས་པས་ངེས་པར་སྐྱེའོ། །སེམས་ཅན་ཀུན་

Page: 219 ༄༅། །བདག་ཏུ་གཟུང་བ་གོམས་པ་དེ་ལྟ་ནའང་ནི་གཞན་གྱི་དོན་བྱས་ཀྱང་ངོ་མཚར་དང་རློམ་སེམས་མི་འབྱུང་ངོ༌། །གཉིས་པ་ནི། དཔེར་ན་བདག་ཉིད་ཀྱིས་ནི་རང་གི་ཟས་ཟོས་ ནས་ལན་ལ་རེ་བ་མི་འབྱུང་བ་བཞིན་ནོ། །ཕན་ཡོན་མཐའ་ཡས་པ་ཡོད་པ་དེ་བས་ན་ཇི་ལྟར་ཆུད་དུ་ན་ཚིག་མི་སྙན་པ་ལས་ཀྱང་བདག་བསྲུང་བ་དེ་བཞིན་དུ་འགྲོ་བ་ལ་སྡུག་བསྔལ་ལས་བསྲུང་ སེམས་དང་སྙིང་རྗེའི་སེམས་ནི་གོམས་པར་བྱའོ། །གསུམ་པ་ནི། སེམས་ཅན་གྱི་སྡུག་བསྔལ་ཆུང་ངུ་ཡང་བསྲུང་དགོས་པ་དེ་བས་ན་མགོན་པོ་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོས་འགྲོ་ བ་ཡི་ཐ་ན་འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པའང་བསལ་བའི་ཕྱིར་ཏུ་བདག་གི་མིང་འཛིན་པ་དེ་འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་མེད་པར་གྱུར་ཅིག་ཅེས་རང་གི་མཚན་ཡང་བྱིན་གྱིས་བརླབས་སོ། ། སྡོང་པོ་བཀོད་པ་ལས་མཚན་ལན་གསུམ་དྲན་པ་ལ་གསུངས་སོ། །བཞི་པ་ནི། ཕན་ཡོན་དུ་མ་ཡོད་ཀྱང་བདག་གཞན་བརྗེ་བ་གོམས་པར་དཀའོ་ཞེ་ན། གོམས་པ་དཀའ་བ་ལས་ཕྱིར་ལྡོག་པར་མི་བྱ་སྟེ་ གོམས་ན་བསྐྱེད་ནུས་པ་ནི་འདི་ལྟར་གོམས་པའི་མཐུ་ཡིས་ནི་སྔར་གང་གི་མིང་ཐོས་ན་འཇིགས་པའི་དགྲ་ཡང་ཕྱིས་མཛའ་བར་བྱས་པ་ན། དེ་ཉིད་མེད་ན་མི་དགའ་བར་འགྱུར་བ་བཞིན་ནོ། །ལྔ་པ་ནི། རྒྱུ་མཚན་

Page: 220 དེས་ན་གང་ཞིག་བདག་དང་གཞན་རྣམས་ནི་སྲིད་པ་དང་ཞི་བའི་རྒུད་པ་ལས་མྱུར་དུ་བསྐྱབ་པར་འདོད་པ་དེས་བདག་དང་གཞན་དུ་བརྗེ་བྱ་བ་སྣོད་མིན་ལ་གསང་ཞིང་ཐེག་པ་ཆེན་པོའི་ལམ་གྱི་གནད་མཐར་ཐུག་པ་གསང་བའི་ དམ་པ་སྤྱད་པར་བྱའོ། །གཉིས་པ་ལ་གཉིས། བདག་གཅེས་འཛིན་འཇིགས་པ་མཐའ་དག་གི་རྒྱུ་ཡིན་པ་དང༌། ཉེས་སྤྱོད་མཐའ་དག་ལ་སྦྱོར་བྱེད་ཡིན་པ་བསམ་པའོ། །དང་པོ་ནི། བདག་གཞན་མ་བརྗེས་པར་བདག་གི་ ལུས་གང་ལ་ཆགས་པ་ཡིས་སྡིག་སྦྲུལ་ལ་སོགས་པའི་འཇིགས་གནས་ཆུང་ངུ་ལ་ཡང་འཇིགས་པ་ཆེན་པོ་སྐྱེ་བ་ཡིན་པས་འཇིགས་པ་སྐྱེ་བའི་ལུས་དེ་ལ་མཁས་པ་སུ་ཞིག་དགྲ་བཞིན་དུ་སྡང་བར་མི་བྱེད་པར་གཅེས་པར་ འཛིན་པ་མི་རིགས་སོ། །གཉིས་པ་ནི། བདག་གཅེས་པར་གཟུང་བས་ལུས་གང་བཀྲེས་པ་དང་སྐོམ་པ་སོགས་ནད་གསོ་བའི་ཆོ་ག་བྱེད་འདོད་པས། བྱ་དང་ཉ་དང་རི་དྭགས་དག་གསོད་པར་བྱེད་ཅིང་ལམ་དུ་འགྲོ་བ་ལ་ལམ་བསྒུགས་ བྱེད་ཅིང་གཞན་གྱི་ནོར་འཕྲོག་པ་དང༌། གཅེས་པར་གཟུང་བའི་ལུས་གང་ཞིག་ཁེ་དང་རིམ་གྲོའི་ཕྱིར་ཏུ་ཕན་བཏགས་པའི་ཕ་དང་མ་ཡང་གསོད་པར་བྱེད་ཅིང༌། དཀོན་མཆོག་གསུམ་གྱི་དཀོར་བརྐུས་ནས་སྡིག་པ་དེས་ནི་མནར་མེད་ དུ་བསྲེག་པར་འགྱུར་ན་མཁས་པ་སུ་ཞིག་ལུས་དེ་ལ་གཅེས་པར་གཟུང་ནས་འདོད་ཅིང་བསྲུང་བ་དང་མཆོད་པར་བྱེད་ཀྱི་རང་གི་ལུས་འདི་ལ་སུ་ཞིག་དགྲ་བཞིན་དུ་བལྟ་བར་མི་བྱེད་བརྙས་པར་མི་བྱེད། གཅེས་པར་འཛིན་

Page: 221 བར་བསམ་པ་དང༌། དེ་ལ་ཆགས་ན་དུར་ཁྲོད་ཀྱི་ལུས་ལའང་ཆགས་པར་རིགས་པའོ། །དང་པོ་ནི། ག་བུར་ལ་སོགས་པ་སྨན་ཡིད་འོང་དང་འབྲས་ཆན་དག་གམ་སྔོ་ལ་སོགས་པའི་ ཚོད་མའང་རུང༌། ཁར་བཅུག་སྟེ་ཕྱིར་ཕྱུང་ནས་བོར་བ་ཡིས་ས་ཡང་མི་གཙང་བས་བཙོག་པར་བྱེད་པར་འགྱུར་བས་ཆགས་པར་མི་རིགས་སོ། །གཉིས་པ་ནི། གལ་ཏེ་ད་ལྟར་གྱི་ལུས་མི་གཙང་བ་འདི་འདྲ་ བ་མངོན་སུམ་དུ་གྱུར་ཀྱང་གཙང་ངམ་སྙམ་དུ། ཐེ་ཚོམ་ཟ་ན་དུར་ཁྲོད་དག་ཏུ་བོར་བའི་ལུས་མི་གཙང་བ་གཞན་ཡང་བལྟ་བར་གྱིས་དང༌། ལུས་གང་ལས་པགས་པའི་ཁ་ཕྱེ་ན་འཇིགས་པ་ཆེན་པོ་སྐྱེ་བར་འགྱུར་ བར་ཤེས་ཀྱང་ཇི་ལྟར་རང་དང་བུད་མེད་ཀྱི་ལུས་དེ་ཉིད་ལ་ཕྱིར་ཞིང་ཡང་དང་ཡང་དུ་དགའ་བ་སྐྱེ་བར་འགྱུར་བ་མི་རིགས་པས། དུར་ཁྲོད་ཀྱི་རོ་དང་མཚུངས་པར་བསམས་ནས་ཆགས་པ་སྤང་བར་བྱའོ། ། གསུམ་པ་ལ་གསུམ། བཅོས་མའི་རྒྱན་གྱིས་ལུས་གཙང་བར་མི་ནུས་པ་དང༌། ལུས་འཇིག་པའི་རང་བཞིན་ལས་མ་འདས་པ་དང༌། ཡིད་འབྱུང་བའི་གནས་སུ་བསམ་པའོ། །དང་པོ་ལ་གཉིས། ལུས་མི་གཙང་བ་ཙན་དན་སོགས་ཀྱི་དྲིས་གཙང་བར་བྱེད་མི་ནུས་པ་དང༌། འབྲེལ་མེད་ཀྱི་དྲི་གཞན་ལ་ཆགས་པའི་རྒྱུ་མཚན་དུ་མི་རུང་བའོ། །དང་པོ་ནི། ལུས་མི་གཙང་བར་གྱུར་ཀྱང་ཙན་དན་ལ་སོགས་པའི་དྲི་ཞིམ་པོ་

Page: 222 བསྐུས་པས་འདོད་པར་རིགས་སོ། །ཞེ་ན། ལུས་ལ་བསྐུས་པའི་དྲི་དེ་ཡང་ག་པུར་དང་ཙན་དན་སོགས་ཀྱི་ཡིན་ལ། གཞན་ལུས་ཀྱི་མ་ཡིན་ན་འབྲེལ་མེད་གཞན་གྱི་དྲི་དེས་ལུས་གཞན་དག་ལ་རྒྱུ་མཚན་ཅིའི་ཕྱིར་ན་ཆགས་པར་བྱེད། གལ་ཏེ་ལུས་ཀྱི་རང་བཞིན་དྲི་ང་བས་འདི་ལ་མ་ཆགས་ན་ལེགས་པ་མིན་ནམ་ལུས་ལ་ཆགས་པས་སྡུག་བསྔལ་དུ་མའི་རྒྱུ་བྱེད་པའི་ཕྱིར་རོ། །གཉིས་པ་ནི། འཇིག་རྟེན་དོན་མེད་པ་ལ་སྲེད་པ་དག་ལུས་ལ་ཆགས་པའི་ཆེད་དུ་ཇི་སྟེ་ལུས་དེ་ ལ་ཙན་དན་ལ་སོགས་པའི་དྲི་ཞིམ་པོ་སྐུད་པར་བྱེད། འོན་ཏེ་དྲི་ཞིམ་པོ་དེ་ཙན་དན་གྱི་ཡོན་ཏན་ཡིན་ན་ལུས་ལ་འདིར་ནི་དྲིའི་ཡོན་ཏན་ཅི་ཞིག་བྱུང༌། ཅི་ཡང་མེད་པས་གཞན་གྱི་དྲི་ཡིས་གཞན་དག་ལ་ཅིའི་ཕྱིར་ན་ཆགས་པར་བྱེད་མི་རིགས་སོ། །གཉིས་ པ་ནི། གལ་ཏེ་སྐྲ་དང་སེན་མོ་སོགས་བྱི་དོར་བྱས་པས་མཛེས་ཤིང་འདོད་པར་བྱ་བ་ཡིན་ནོ་ཞེ་ན། སྐྲ་སེན་རིང་བ་དང་སོ་སྐྱ་ཞིང་དྲི་མ་དང་བཅས་པའི་འདམ་གྱི་དྲིས་བསྒོས་པས་དུས་ཀྱི་རང་བཞིན་ནི་གཅེར་བུ་འཇིགས་པ་ཉིད་ཡིན་ན། རང་ གསོད་པར་བྱེད་པ་རང་ལ་གནོད་པའི་མཚོན་བཞིན་དུ་དེ་འབད་པས་ཅིའི་ཕྱིར་བྱི་དོར་བྱེད་མི་རིགས་སོ། །གསུམ་པ་ནི། དེས་ན་སྐྱེ་བོ་རྣམས་བདག་ལ་རྨོངས་པའི་འབད་པ་ཡིས་ཉོན་མོངས་པས་རྒྱུད་འཁྲུལ་བའི་སྨྱོས་པས་ས་འདི་ཀུན་ཏུ་ འཁྲུགས་པ་སྟེ། གང་ཞིང་ཁྱབ་པ་ཡིན་ནོ། །དུར་ཁྲོད་དུ་རུས་གོང་འབའ་ཞིག་མཐོང་ནས་ནི་ལུས་ལ་དུར་ཁྲོད་དུ་ནི་ཡིད་འབྱུང་ན་ཀུན་སློང་གི་དབང་གིས་འགུལ་ཞིང་གཡོ་བའི་རུས་གོང་གིས་ཁྱབ་པའི་གྲོང་གི་དུར་ཁྲོད་ལ་དགའ་འམ་

Page: 223 ༄༅། །པས་ཆོག་མོད་སྙམ་ན་འཁོར་བ་ན་ཡང་ཕུན་སུམ་ཚོགས་པའི་བདེ་བ་མེད་དོ། །གཉིས་པ་ནི། བདག་གཅེས་འཛིན་དོར་ཏེ་གཞན་གཅེས་འཛིན་གོམས་པར་མ་བྱས་ན་འཇིག་རྟེན་ཕ་རོལ་གྱི་ཉེས་དམིགས་ཕར་ཞོག་གི་ ཚེ་འདིར་ཡང་བྲན་གཡོག་ལས་མི་བྱེད་པ་དང༌། རྗེ་དཔོན་ལས་བྱས་པ་ལ་རྔན་པ་མི་སྟེར་བའི་ཚེ་འདིའི་དོན་ཡང་འགྲུབ་པར་མི་འགྱུར་རོ། །གསུམ་པ་ནི། གཞན་དོན་ཆེད་ཆེར་མ་བྱས་པས་མཐོང་བ་དང་མ་མཐོང་བ་ཚེ་འདི་དང་ཕྱི་མའི་ བདེ་བ་འགྲུབ་པའི་ཐབས་བདག་གཞན་བརྗེ་བ་སྤངས་པས་ཕུན་སུམ་ཚོགས་པའི་བདེ་སྐྱིད་ཡོངས་སུ་དོར་བར་འགྱུར་ཞིང་གཞན་ལ་གནོད་པའི་སྡུག་བསྔལ་བྱས་པའི་རྒྱུས་བདེ་སྡུག་གི་ཐབས་ལ་རྨོངས་པའི་བྱིས་པ་རྣམས་སྡུག་ བསྔལ་མི་བཟད་ཅིང་བཟོད་དཀའ་བ་རྒྱུད་ལ་ལེན་པར་འགྱུར་རོ། །བཞི་པ་ནི། འཇིག་རྟེན་དག་ན་མི་དང་མི་མ་ཡིན་པའི་འཚེ་བ་གང་ཡོད་དང༌། སེམས་ཀྱི་འཇིགས་པ་དང་ལུས་ཀྱི་སྡུག་བསྔལ་ཇི་སྙེད་ཡོད་པར་གྱུར་པ་དེ་ཀུན་ བདག་ཏུ་དམིགས་ནས་བདག་གཅེས་པར་འཛིན་པ་ལས་བྱུང་བར་གྱུར་ན། མི་འདོད་པ་ཐམས་ཅད་བསྐྱེད་པའི་བདག་གཅེས་འཛིན་གྱི་འདྲེ་ཆེན་དེས་ཀོ་སྟེ་དེས་ནི་བདག་ལ་ཅི་ཞིག་བྱ་ནན་གྱིས་སྤང་བར་བྱའོ། །བདག་ཉིད་གཅེས་ པར་འཛིན་པ་ཡོངས་སུ་མ་བཏང་ན་རང་གིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སྤང་བར་མི་ནུས་ཏེ་ཇི་ལྟར་ཏེ་དཔེར་ན་མེ་ནི་ལག་པས་བཟུང་ནས་མ་བཏང་ན་བསྲེག་པ་སྤོང་བར་མི་ནུས་པ་བཞིན་ནོ། །གཉིས་པ་དོན་བསྡུ་བ་

Page: 224 ལ་གསུམ། བདག་གཞན་བརྗེ་བའི་ཚུལ་དང༌། བརྗེས་ནས་ལོག་པར་སྦྱོར་བ་དགག་པ་དང༌། ཕྱིན་ཅི་མ་ལོག་པར་བསྒྲུབ་པའོ། །དང་པོ་ནི། གཞན་ཡལ་བར་དོར་ནས་རང་གཅེས་པར་འཛིན་པ་མི་འདོད་པ་ཐམས་ཅད་ཀྱི་འབྱུང་ ཁུངས་ཡིན་པས་དེ་ལྟ་བས་ན་བདག་གི་གནོད་པ་ཞི་བ་དང༌། གཞན་གྱི་སྡུག་བསྔལ་ཞི་བར་བྱ་བའི་ཕྱིར་བདག་ཉིད་གཅེས་པར་འཛིན་པ་དོར་ནས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་གཞན་ལ་བཏང་བ་དང༌། གཞན་རྣམས་བདག་ བཞིན་གཅེས་པར་གཟུང་བར་བྱའོ། །རང་ཉིད་ད་ནི་གཞན་གྱི་དབང་དུ་གྱུར་པ་ཡིན་ནོ་ཞེས་ཡིད་ཁྱོད་ངེས་པར་ཤེས་པར་གྱིས་ལ་དེང་ཕྱིན་ཆད་སེམས་ཅན་གྱི་དོན་ཀུན་བསྒྲུབ་པ་མ་གཏོགས་པར་ད་ནི་ཁྱོད་ཀྱིས་རང་དོན་འབའ་ཞིག་ དོན་དུ་གཉེར་བ་སོགས་གཞན་མི་བསམ་མོ། །གཉིས་པ་ནི།རང་ཉིད་སེམས་ཅན་གྱི་བྲན་དུ་བསྔོས་ན་གང་གི་བྲན་ཡིན་པ་དེ་ལ་རང་གི་མིག་ལ་སོགས་པས་ལོག་པར་བསྒྲུབ་པ་མི་རིགས་པས། སེམས་ཅན་གཞན་དབང་བའི་ མིག་ལ་སོགས་པ་ཡིས་སེམས་ཅན་ལ་སྡང་མིག་བལྟ་བ་སོགས་དང༌། རང་དོན་འབའ་ཞིག་བསྒྲུབ་པར་རིགས་པ་མ་ཡིན་ལ་དེའི་དོན་བསྒྲུབ་དགོས་ཤིང་དེ་དབང་བའི་མིག་ལ་སོགས་པ་ཡིས་སེམས་ཅན་དེ་ལ་ལོག་པར་ བསྒྲུབ་པ་བྱ་མི་རིགས་པས་སེམས་ཅན་ལ་སྒོ་གསུམ་གྱིས་ལོག་པར་བསྒྲུབ་པ་མཐོང་ན་ཡང་ཉེས་དམིགས་བསམས་ནས་ཡང་དང་ཡང་དུ་སྡོམ་སེམས་བྱའོ། །གསུམ་པ་ནི། རྒྱུ་མཚན་དེས་ན་སེམས་ཅན་གྱི་དོན་གཙོ་

Page: 225 ༄༅། །བོར་བྱས་ཏེ་ཟས་གོས་སོགས་བདག་གི་ལུས་ལ་ཅི་མཐོང་བ་དེ་དང་དེ་ནི་རང་ལ་ཕྲོགས་ནས་ཀྱང་སྟེ། བདག་གིར་འཛིན་པ་བསལ་ནས་སེམས་ཅན་གཞན་དག་ལ་ནི་ཕན་པར་སྤྱོད་པ་བྲན་གྱིས་རྗེ་བོའི་ཟས་ གོས་ལོངས་སྤྱོད་པ་ལྟར་དྲན་པ་མི་བརྗེད་པར་བྱའོ། །གཉིས་པ་བདག་གཞན་བརྗེས་ནས་བསམ་པས་རྗེས་སུ་སྒྲུབ་པའི་ཚུལ་ལ་གཉིས། བསྟན་པ་དང༌། བཤད་པའོ། །དང་པོ་ནི།བྱང་ཆུབ་སེམས་དཔས་སེམས་ཅན་ རང་ལས་དམན་པ་དང་མཉམ་པ་དང་རང་ལས་ལྷག་པ་སོགས་དམིགས་ཡུལ་དུ་བྱས་ནས་བདག་ཏུ་བྱས་པ་དང༌། བདག་ཉིད་གཞན་ཉིད་དུ་ནི་བྱས་ནས་ཏེ་བདག་གཞན་དུ་འཛིན་པའི་བློ་གོ་ས་སྤོས་ནས་ངེས་ཤེས་དྲངས་ཏེ་ ཐེ་ཚོམ་གྱི་རྣམ་རྟོག་མེད་པའི་སེམས་ཀྱིས་སུ་བདག་གཞན་བརྗེ་བ་སྒོམ་པའི་བྱང་ཆུབ་སེམས་དཔའ་ལྷ་སྦྱིན་ཡིན་ན། ལྷ་སྦྱིན་དེ་ལ་ཕྲག་དོག་དང་ནི་མཉམ་པ་ཡིན་ན་འགྲན་སེམས་དང་དམན་པ་ཡིན་ན་ང་རྒྱལ་བསྒོམ་པར་ བྱའོ། །གཉིས་པ་ལ་བཞི། མཐོ་བ་ལ་ཕྲག་དོག་བསྒོམ་ཚུལ་དང༌། མཉམ་པ་ལ་འགྲན་སེམས་བསྒོམ་ཚུལ་དང༌། དམན་པ་ལ་ང་རྒྱལ་བསྒོམ་ཚུལ་དང༌། སྒོམ་པའི་འབྲས་བུའོ། །དང་པོ་ལ་གཉིས། སྒོམ་པའི་ཚུལ་ དང༌། བསྒོམས་ནས་ཇི་ལྟར་སྒྲུབ་པའི་ཚུལ་ལོ། །དང་པོ་ནི།བྱང་ཆུབ་སེམས་དཔའ་ལྷ་སྦྱིན་རང་ཉིད་ཀྱིས་བདག་གཞན་བརྗེ་བ་སྒོམ་པའི་ཚེ་ལྷ་སྦྱིན་འདི་ནི་གཞན་གྱིས་བཀུར་སྟི་བྱས་ལ་སེམས་ཅན་བདག་ཏུ་གཟུང་

Page: 226 ནས་བདག་ནི་ཡོན་ཏན་དམན་པས་བཀུར་སྟི་བྱས་པ་མིན་ནོ། །ལྷ་སྦྱིན་འདི་བཞིན་བདག་གིས་བདེ་བའི་ཡོ་བྱད་མ་རྙེད་ཅིང་བྱང་སེམས་ལྷ་སྦྱིན་འདི་ནི་བསྟོད་པར་བྱས་ལ་བདག་ཅག་སེམས་ཅན་རྣམས་ལ་སྨོད་དོ། །འདི་བདེ་ ལ་བདག་ཅག་རྣམས་ནི་སྡུག་བསྔལ་ལ་བདག་ནི་ཁུར་ཁྱེར་བ་ལ་སོགས་པའི་ལས་རྣམས་བྱེད་པ་དང༌། ལྷ་སྦྱིན་འདི་ནི་བདེ་བ་ཉིད་དུ་གནས་སོ། །བྱང་སེམས་འདི་ནི་འཇིག་རྟེན་ལ་ཚུལ་ཁྲིམས་དང་ཐོས་པ་སོགས་ཀྱིས་ཆེ་ བར་གྲགས་པ་དང༌། བདག་དམན་པ་དང་ཡོན་ཏན་མེད་པར་གྲག་གོ །དེ་ཡང་ཁྱོད་ཀྱིས་འབད་པས་ཡོན་ཏན་བསྒྲུབས་པ་ཡིན་ལ་བདག་ཅག་སེམས་ཅན་རྣམས་ཀྱང་ཡོན་ཏན་མེད་པས་ཅི་ཞིག་བྱ། བདག་ཅག་སེམས་ཅན་ཀུན་ཡོན་ ཏན་དང་ལྡན་པ་ཉིད་དུ་འབད་པས་བསྒྲུབ་པར་བྱའོ། །འདི་མཐོ་ལ་བདག་ཅག་དམན་པ་ཡང་ལྟོས་ས་ལ་ལྟོས་ནས་བཞག་པ་ཡིན་པས་ཡོན་ཏན་ཆེས་ལྷག་པའི་གང་ཟག་གང་བས་བྱང་སེམས་འདི་དམན་པ་དེ་ཡོད་ཅིང་སེམས་ཅན་ དམན་པ་གང་བས་བདག་མཆོག་ཏུ་གྱུར་པ་དེ་ཡང་ཡོད་པས་བདག་ཅག་སེམས་ཅན་རྣམས་ཞུམ་པ་བྱེད་མི་དགོས་ཀྱི་འབད་པས་བྱང་ཆུབ་བསྒྲུབ་པར་བྱའོ། །སྙམ་དུ་གཞན་བདག་ཏུ་གཟུང་ནས་བསྒོམ་པར་བྱའོ། །ཚུལ་ཁྲིམས་ དང་ལྟ་བ་ཉམས་པ་སོགས་ཀྱི་དབང་གིས་བྱང་སེམས་ལྷ་སྦྱིན་ལས་ཁྱོད་དམན་ནོ་ཞེ་ན། ཚུལ་ཁྲིམས་དང་ལྟ་བ་ཉམས་པ་དང་འཚོ་བས་རྒུད་པ་སོགས་ལྟ་བ་དང་སྤྱོད་པ་ཉམས་པ་ནི་གློ་བུར་བའི་ཉོན་མོངས་པའི་སྟོབས་ཀྱིས་ཡིན་

Page: 227 ༄༅། །གྱི་བདག་ཉིད་ཀྱི་འདོད་པའི་རང་དབང་དུ་གྱུར་པའི་སྐྱོན་མིན་ནོ། །ཡང་ན་རྐང་པ་འདི་ལ། གློ་བུར་ཉོན་མོངས་རྣམས་ཀྱིས་མིན། །ཞེས་འདོན་ནོ། །གཉིས་པ་ནི།བྱང་སེམས་ལྷ་སྦྱིན་ཁྱོད་སྙིང་རྗེ་དང་ལྡན་པ་ ཡིན་ན་ཅི་ནུས་ཀྱིས་བདག་ནི་ཁྱོད་ཀྱིས་རྒུད་པ་གསོ་དགོས་ཏེ་ཡོན་ཏན་སྒྲུབ་པའི་དཀའ་སྤྱད་ཀྱི་གནོད་པའང་བདག་གིས་དང་དུ་བླང་དགོས་སོ། །འོན་ཏེ་བདག་ཅག་རྣམས་ལྷ་སྦྱིན་འདིའི་གསོ་བྱ་མིན་ཞིང་ཕན་མི་འདོགས་ན་ ཅིའི་ཕྱིར་བདག་ཅག་སེམས་ཅན་རྣམས་ལ་བརྙས་པ་བྱེད། བདག་ལ་བྱང་སེམས་དེའི་ཡོན་ཏན་གྱིས་ཅི་བྱ་བྱང་སེམས་ལྷ་སྦྱིན་འདི་བདག་ཉིད་ཡོན་ཏན་ཅན་ཡིན་ཡང་བདག་ཅག་སེམས་ཅན་རྣམས་ལ་ཕན་པ་མེད་པས་ སོ། །གཞན་ཡང་ཚུལ་ཁྲིམས་དང་ལྟ་བ་ཉམས་པས་ངན་འགྲོ་དང་སྦྲུལ་དང་གཅན་གཟན་གདུག་པ་ལྟ་བུའི་ཁར་གནས་པས་འགྲོ་བ་རྣམས་ལ་སྙིང་རྗེ་མེད་པ་ལྷ་སྦྱིན་འདི་རང་ཅག་སེམས་ཅན་རྣམས་ལ་ཕན་པ་མི་བྱེད་པར་ མ་ཟད། ཕྱིར་ལ་རང་གི་ཡོན་ཏན་ཅན་དུ་རློམ་པ་ཡིས་བདག་ཅག་སྐྱེ་བོ་སེམས་ཅན་མཁས་པ་བདག་ལ་བསྡོ་བར་འདོད་པ་སྟེ། ལྷག་པར་འདོད་ཅིང་བརྙས་པ་བྱེད་པར་མི་རིགས་པའོ། །སེམས་ཅན་རྣམས་ལ་བདག་གི་བློ་ བཞག་པ་དང༌། བྱང་སེམས་རང་ཉིད་གཞན་དུ་བྱས་ནས་རང་ཉིད་ལ་དེས་གནོད་པ་བྱེད་པ་སོགས་མི་རིགས་པར་སེམས་པའོ། །གཉིས་པ་ལ་བཞི། རྙེད་བཀུར་ལ་འགྲན་པ་དང༌། ཡོན་ཏན་བསྒྲགས་པ་ལ་འགྲན་པ་དང༌།

Page: 228 ལེགས་པའི་རྣམ་གྲངས་ལ་འགྲན་པ་དང༌། གནོད་པ་ལ་སྦྱར་བ་ལ་དགའ་བ་བསྐྱེད་པའོ། །དང་པོ་ནི།བདག་ཅག་སེམས་ཅན་དང་རིགས་ལ་སོགས་པས་མཉམ་པའི་བྱང་སེམས་ལ་ལྟོས་ནས་ནི་རྙེད་པ་དང་ཡོན་ཏན་སོགས་ གང་གིས་བྱང་སེམས་དེ་ལས་སེམས་ཅན་རང་ནི་ལྷག་པར་བྱ་བའི་ཕྱིར་ཏུ་བདག་གི་རྙེད་པ་དང༌། བཀུར་སྟི་ནི་བྱང་སེམས་ལྷ་སྦྱིན་འདི་དང་རྩོད་པ་ཡིས་ཀྱང་ངེས་པར་བསྒྲུབ་པར་བྱའོ། །གཉིས་པ་ནི། ཅི་ནས་བདག་ཅག་གི་ ཡོན་ཏན་ནི་འཇིག་རྟེན་ཀུན་ལ་ལེགས་པར་བསྒྲགས་ཤིང་གསལ་བ་དང༌། གཞན་ཡང་བྱང་སེམས་འདིའི་ཡོན་ཏན་གང་ཡོད་པ་སུས་ཀྱང་ཐོས་པར་མི་འགྱུར་བ་དེ་ལྟར་བྱའོ། །གསུམ་པ་ནི། སེམས་ཅན་བདག་གི་སྐྱོན་ཡང་སྦ་ བར་བྱ་ཞིང་འདིའི་སྐྱོན་རྣམས་གསལ་བར་བསྒྲགས་ན་སེམས་ཅན་བདག་ནི་གཞན་གྱིས་མཆོད་པར་འགྱུར་བར་བྱ་ཞིང༌། འདི་ལ་དེ་ལྟར་བྱེད་པ་མིན་པ་ལ་འབད་པར་བྱའོ། །བདག་དེང་ཟས་གོས་ལ་སོགས་པའི་ རྙེད་པ་ལེགས་པར་རྙེད་ཅིང་གཞན་གྱིས་བདག་ནི་བཀུར་བར་འགྱུར་བར་བྱ་ལ་འདི་ལ་དེ་དག་འབྱུང་བ་མིན་ནོ། །བཞི་པ་ནི། བྱང་སེམས་ལྷ་སྦྱིན་འདི་ནི་མ་རུངས་ཤིང་བརླག་པར་བྱས་པ་ལ་ཡུན་རིང་པོའི་བར་དུ་བདག་ནི་ དགའ་བས་བལྟ་བར་བྱའོ། །བྱང་སེམས་འདི་ནི་འགྲོ་བ་ཀུན་གྱི་བཞད་གད་ཀྱི་གནས་དང་ཕན་ཚུན་ཀུན་གྱིས་སྐྱོན་བརྗོད་པས་སྨོད་པ་དག་ཏུ་བྱའོ་ཞེས་བདག་གཞན་བརྗེས་ནས་སེམས་ཅན་གཟེངས་བསྟོད་ཅིང་རང་

Page: 229 ༄༅། །ཉིད་ཡོན་ཏན་གྱིས་རློམ་པ་དགག་པར་བྱའོ། །གསུམ་པ་ལ་བཞི། ང་རྒྱལ་སྒོམ་པའི་རྣམ་པ་དང༌། སྒོམ་པའི་ཡོན་ཏན་དང༌། བསྒོམས་ནས་སྦྱོར་བས་ཉམས་སུ་བླང་བའི་ཚུལ་དང༌། དེ་ལྟ་བུའི་ ང་རྒྱལ་དང་བྲལ་བའི་ཉེས་དམིགས་བསམ་པའོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་རང་ལས་ཡོན་ཏན་ཆེས་ལྷག་པ་བདག་ཏུ་གཟུང་ནས་ང་རྒྱལ་བསྒོམ་པར་བྱ་སྟེ། བྱང་སེམས་ལྷ་སྦྱིན་ཉོན་མོངས་ཏེ་དམན་པ་ འདི་ཡང་བདག་ཅག་སེམས་ཅན་རྣམས་དང་ནི་ལྷན་ཅིག་ཏུ་ནི་འགྲན་ཞེས་གྲགས་ན། བྱང་སེམས་ལྷ་སྦྱིན་འདི་བདག་དང་ཐོས་པ་དང་ཤེས་རབ་བམ་གཟུགས་དང་རིགས་དང་ནོར་གྱིས་མཉམ་མམ་ཅི། གང་གི་སྒོ་ ནས་ཀྱང་མི་མཉམ་ཞེས་ང་རྒྱལ་བསྐྱེད་པར་བྱའོ། །གཉིས་པ་ནི།མི་མཉམ་པ་དེ་ལྟར་ན་ཀུན་ལ་གྲགས་པ་ཡི་ལྷ་སྦྱིན་ལས་ཆེས་ལྷག་པའི་ཐོས་པ་ལ་སོགས་པའི་བདག་གི་ཡོན་ཏན་ཐོས་ནས་ནི། བ་སྤུ་ལྡང་བའི་ དགའ་བ་སྐྱེ་བར་འགྱུར་བའི་བདེ་སྐྱིད་ལ་ནི་ཡོངས་སུ་སྤྱོད་ཅིག་ཅེས་པའོ། །གསུམ་པ་ནི། ཅི་སྟེ་འདི་ལ་ཟས་ནོར་སོགས་ཀྱི་རྙེད་པ་ཡོད་ཀྱང་གལ་ཏེ་ངའི་སྟེ་ངེད་སེམས་ཅན་རྣམས་སྡུག་བསྔལ་སེལ་བ་ལ་སོགས་ པའི་ལས་བྱེད་ན། འདི་ལ་ཟས་གོས་ལ་སོགས་པ་སྲོག་འཚོ་བའི་རྐྱེན་ཙམ་བྱིན་ནས་ལྷག་མ་དེ་རྣམས་བདག་གི་ནུས་པའི་སྟོབས་ཀྱིས་རྙེད་པ་དེ་བླང་བར་བྱའོ། །བཞི་པ་ནི། བྱང་སེམས་འདི་ནི་སྙོམས་ལས་ཀྱི་

Page: 230 བདེ་བ་ལས་ཉམས་པར་བྱ་ཞིང་བདག་གི་སྡུག་བསྔལ་ཁུར་དུ་བསྐུར་ནས་བདག་སེམས་ཅན་རྣམས་ཀྱི་སྡུག་བསྔལ་སེལ་བའི་གནོད་པ་དང་རྟག་ཏུ་སྦྱར་བར་བྱའོ། །བཞི་པ་ལ་བཞི། བདག་གཅེས་པར་ གཟུང་བའི་ཉེས་དམིགས་བསམ་པ་དང༌། གཞན་གཅེས་པར་གཟུང་བ་ལ་ཕན་ཡོན་མཐའ་ཡས་པའི་ཤེས་བྱེད་དང༌། ཕན་ཡོན་ཉིད་བཤད་པ་དང༌། དེས་ན་གཞན་གཅེས་འཛིན་ལ་འབད་པར་གདམས་པའོ། །དང་ པོ་ནི། རང་ཕུན་སུམ་ཚོགས་པ་ཞིག་བྱེད་འདོད་ནས་རང་ཉིད་གཅེས་པར་གཟུང་བ་འདི་ཡིས་ཚེ་རབས་བརྒྱ་ཕྲག་ཐམས་ཅད་དུ་འཁོར་བར་འཁོར་བའི་ཚེ་བདག་ལ་དམྱལ་བ་ལ་སོགས་པའི་གནོད་པ་བྱས་ཤིང་ཡིད་ ཁྱོད་རང་དོན་འབའ་ཞིག་བྱེད་འདོད་པས་བསྐལ་པ་གྲངས་མེད་པ་འདས་པར་གྱུར་ཀྱང་དོན་མེད་པའི་དལ་བ་ཆེན་པོ་དེ་ལྟ་བུས་ཁྱོད་ཀྱིས་བདག་ལ་འཁོར་བའི་སྡུག་བསྔལ་འབའ་ཞིག་བསྒྲུབས་སྙམ་དུ་བསམ་པ་ ནི་བྱང་སེམས་ལྷ་སྦྱིན་རང་གིས་རང་ལ་དེ་ལྟར་སེམས་པའོ། །གཉིས་པ་ནི། དེ་ལྟར་ན་གཞན་གཅེས་པར་གཟུང་ནས་ངེས་པར་གཞན་དག་གི་དོན་ལ་རབ་ཏུ་འཇུག་པར་གྱིས་དང༌། ཐུབ་པའི་བཀའ་ནི་བསྟན་བྱའི་དོན་ལ་ མི་སླུ་བས་བདག་གཅེས་འཛིན་ལ་དགྲར་བལྟས་ནས་གཞན་གཅེས་པར་གཟུང་བ་དེའི་ཡོན་ཏན་འབྲས་བུ་སངས་རྒྱས་ཐོབ་པ་ཕྱིས་མཐོང་བར་འགྱུར་རོ། །གསུམ་པ་ནི། གཞན་དོན་ཡུན་རིང་དུ་བྱས་ཀྱང་དེ་ལྟ་བུའི་

Page: 231 ༄༅། །འབྲས་བུ་མ་མཐོང་ངོ་ཞེ་ན། གལ་ཏེ་ཁྱོད་ཀྱིས་སྔ་རོལ་གྱི་དུས་སུ་བདག་གཞན་བརྗེ་བའི་ལས་འདི་བྱས་པར་གྱུར་ན་ནི་སངས་རྒྱས་ཀྱི་དོན་གཉིས་ཕུན་སུམ་ཚོགས་པའི་བདེ་བ་མིན་པ་སྡུག་ བསྔལ་མྱོང་བའི་གནས་སྐབས་འདི་འདྲར་འགྱུར་མི་སྲིད་པས། དོན་མེད་ཀྱི་བྱ་བས་དུས་འདས་པ་ལ་འགྱོད་པར་བྱས་ནས་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་འབད་པར་བྱའོ། །བཞི་པ་ནི། བདག་གཞན་བརྗེ་བ་ གོམས་པས་གོམས་པར་མི་ནུས་སྙམ་ན། གཞན་དོན་ལ་ཕན་ཡོན་དེ་ལྟ་བུ་ཡོད་པ་དེ་བས་ན་འདི་ལྟར་གཞན་ཕ་མ་དག་གི་ཁུ་བ་ཁྲག་གི་ཐིགས་པ་ལས་གྲུབ་པའི་ལུས་འདི་ལ་ཁྱོད་ཀྱིས་ངར་འཛིན་གོམས་པར་ བྱས་པ་ལྟར། དེ་བཞིན་སེམས་ཅན་གཞན་ལའང་བདག་ཏུ་གཟུང་ནས་གཅེས་པར་འཛིན་པ་གོམས་པར་གྱིས་དང་གོམས་པ་མཐར་ཕྱིན་པར་འགྱུར་རོ། །གསུམ་པ་སྦྱོར་བས་རྗེས་སུ་སྒྲུབ་པའི་ཚུལ་ལ་གཉིས། དངོས་དང༌། བདག་གཞན་བརྗེས་ནས་སྦྱོར་བས་ཉམས་སུ་ལེན་པའི་ཚེ་སེམས་དབང་དུ་བྱ་བའོ། །དང་པོ་ལ་གསུམ། རང་གི་ལེགས་ཚོགས་ཐམས་ཅད་གཞན་ལ་སྦྱོར་བ་དང༌། རང་ཉིད་གཞན་དོན་དུ་དམན་པའི་ གནས་ལྷུར་བླང་བ་དང༌། སྦྱོར་བས་ཉམས་སུ་ལེན་པའི་ཚུལ་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གཉིས། དངོས་དང༌། རང་ལ་ཕྲག་དོག་བྱ་རིགས་པའོ། །དང་པོ་ནི། དེ་ལྟར་བསམ་པ་སྦྱངས་ནས་སྦྱོར་བས་སེམས་ཅན་

Page: 232 གཞན་གྱི་དོན་ལ་རྟོག་ཆེན་ཞེས་པ་བྱ་ར་བ་བྱས་ནས་རང་གིས་ཀྱང་སེམས་ཅན་ལ་གནོད་པ་བྱེད་མི་བྱེད་བརྟག་པ་བྱས་ནས་ནི། བདག་གི་ལུས་ལ་འདོད་པའི་དངོས་པོ་ཅི་སྣང་བ་དེ་དང་དེ་ཉིད་ཕྲོགས་ཏེ་བདག་གིར་འཛིན་པ་ བཏང་བ་བྱས་ནས། ཁྱོད་ཀྱིས་སེམས་ཅན་གཞན་ལ་ཕན་པར་སྤྱོད་ཅིག་ཅེས་བྱང་སེམས་རང་ཉིད་ལ་གྲོས་འདེབས་པའོ། །གཉིས་པ་ནི། གཞན་ཡང་ཕྲག་དོག་བསྒོམ་པར་བྱ་སྟེ། བདག་སྐྱིད་ཅིང་སེམས་ཅན་གཞན་ ནི་མི་སྐྱིད་ལ་ལོངས་སྤྱོད་ལ་སོགས་པས་བདག་མཐོ་ལ་གཞན་དམའ་བ་དང༌། བདག་ནི་རང་ལ་ཕན་པའི་ལས་དགེ་བ་བྱེད་ལ་གཞན་ནི་དེ་ལྟར་བྱེད་པ་མིན་པས་བདག་བདེ་ལ་སེམས་ཅན་མི་བདེ་བས་ཅི་ཞིག་བྱ་ཞེས་པས་ བདག་མཐོ་བ་ལ་ཕྲག་དོག་ཅིས་མི་བྱེད་བྱེད་པར་རིགས་སོ། །གཉིས་པ་ལ་གསུམ། རང་གི་སྐྱོན་བརྟག་པ་དང༌། སེམས་ཅན་ལ་ཉེས་པ་བྱས་པ་བཤགས་པ་དང༌། དམན་པའི་གནས་ལྷུར་བླང་བའོ། །དང་པོ་ནི། བདག་ནི་ཟས་ གོས་སོགས་བདེ་བ་ཅི་ཡོད་དང་བྲལ་བར་གྱིས་ཏེ་གཞན་ལ་ཐོང་ལ། གཞན་གྱི་སྡུག་བསྔལ་བདག་ལ་སྦྱོར་ཞིང་བླང་བར་བྱའོ། །རང་གིས་ཉེས་པ་བྱས་པ་ལ་རེས་འགའ་འདི་ནི་ཅི་བྱེད་ཅེས་བྱང་སེམས་བདག་གི་སྐྱོན་ལ་བརྟག་ པར་གྱིས་ཤིག་པའོ། །གཉིས་པ་ནི། གཞན་གྱིས་རང་ལ་གནོད་པ་བྱས་པ་ལྟ་བུའི་ཉེས་པ་བྱས་པ་ཡང་སེམས་རང་གི་སྐྱོན་དུ་བསྒྱུར་བར་བྱོས་ལ་དེའི་འབྲས་བུ་རང་གིས་མྱོང་བར་གྱུར་ཅིག་པའི་ཁུར་བྱའོ། །སེམས་

Page: 233 ཅན་ལ་བདག་གིས་ཉེས་པ་ཆུང་ངུ་བྱས་ཀྱང་སྐྱེ་བོ་མང་པོ་ལ་རབ་ཏུ་ཤོགས་ཏེ་རང་གི་ཉེས་པ་ཁས་ལེན་པའོ། །གཞན་གྱི་གྲགས་པ་དང་སྙན་པ་བརྗོད་པ་ཐོས་ན་རང་གིས་ཀྱང་ལྷག་པར་བརྗོད་པས་ བསྟོད་པར་བྱ་ཞིང༌། རང་གི་གྲགས་པ་ཟིལ་གྱིས་གནོན་གཅེས་པ་མི་མངོན་པར་བྱའོ། །གསུམ་པ་ནི། བདག་ནི་བྲན་གྱི་ནང་ནས་ཀྱང་ཁུར་ལྷག་པར་འཁུར་བ་ཐ་མ་ལྟར་ང་རྒྱལ་མེད་པར་སེམས་ཅན་གྱི་དོན་རྣམས་ཀུན་ ལ་བཀོལ་བར་གྱིས་ཏེ་བདག་འདི་ནི་སྐྱོན་ཅན་གྱི་རང་བཞིན་དུ་བསམ་སྟེ། ཐོས་པ་སོགས་ཡོན་ཏན་ཅུང་ཟད་ཀྱི་སྒོ་ནས་བསྟོད་པར་བྱའམ་སྙམ་ན། གློ་བུར་གྱི་ཡོན་ཏན་ཆ་ཤས་ཙམ་གྱིས་ཀྱང་མི་བསྟོད་པར་ བྱང་སེམས་གང་ལ་དམིགས་ནས་འདིའི་ཡོན་ཏན་ཅི་ནས་ཀྱང་གང་ཟག་འགས་ཀྱང་མི་ཤེས་པ་དེ་ལྟར་གསང་བར་གྱིས་ཤིག་པ་སྟེ། རང་གི་ཡོན་ཏན་མི་སྒྲོག་པར་བསམ་པའོ། །གསུམ་པ་ནི། མདོར་ན་ཐོག་མ་མེད་པ་ ནས་བདག་གི་དོན་གྱི་ཕྱིར་ཏུ་ཡིད་ཁྱོད་ཀྱིས་གཞན་ལ་གནོད་པ་ཇི་སྙེད་བྱས་པ་གང་ཡིན་པའི་གནོད་པ་དེ་སེམས་ཅན་གྱི་དོན་བསྒྲུབ་པ་ཉིད་ཀྱི་ཕྱིར། བདག་ཉིད་ལ་ནི་འབབ་པར་གྱིས་ཤིག་སྙམ་དུ་བསམ་མོ། ། གཞན་གྱི་སྡུག་བསྔལ་འཁུར་བར་མི་བཟོད་དོ་སྙམ་ན་བྱང་སེམས་རང་གི་ཡིད་འདི་ནི་གཉའ་དྲག་སྟེ་ཐོད་རྒལ་དུ་ཕོད་ཁ་མ་ཆེ་བར་འགྱུར་བའི་ཚུལ་དུ་ཤེད་བསྐྱེད་པར་ནི་མི་བྱ་སྟེ། འོ་ན་ཇི་ལྟར་གནས་པར་བྱ་ཞེ་ན་

Page: 234 བག་མ་གསར་པའི་ངང་ཚུལ་བཞིན་དུ་ངོ་ཚ་བ་དང༌། གཞན་གྱིས་སྨད་དོགས་པའི་འཇིགས་པ་དང་སྤྱོད་ལམ་བསྡམས་ཏེ་བཞག་པར་བྱའོ། །གཉའ་དྲག་ལ་འགྲེལ་ཆེན་གྱི་འགྱུར་ལས་རྩུབ་འགྱུར་ཚུལ་དུ་ཞེས་འབྱུང་ངོ༌། ། གཉིས་པ་ལ་བཞི། རྒོད་བག་ཏུ་གནས་པ་ཚར་བཅད་པའི་ཚུལ་དང༌། རང་དོན་འབའ་ཞིག་ལ་སྦྱོར་བའི་ཉེས་དམིགས་དང༌། ལུས་ཀྱི་ཉེས་པ་ལ་བརྟག་པ་དང༌། སེམས་དབང་དུ་བྱ་བའོ། །དང་པོ་ནི། གཞན་དོན་གྱི་བསམ་ པ་དེ་བྱ་ཞིང་སྦྱོར་བས་ཀྱང་དེ་ལྟར་གནས་པར་བྱ་ལ་རྟ་དུལ་བ་བཞིན་དུ་དགེ་བ་ལ་བཀོལ་དུ་རུང་བར་བྱའོ། །དེ་ལྟར་སེམས་ཁྱོད་ཀྱིས་གཞན་དོན་མི་བྱ་བ་དེ་ལྟར་འདོད་ན་སེམས་འདི་ནི་དྲན་པ་དང་ཤེས་བཞིན་གྱིས་དབང་དུ་ བྱ་སྟེ་གཉེན་པོ་དེ་ལས་འདས་ན་ཚར་གཅད་པར་བྱ་ཞིང་དུལ་བར་བྱའོ། །འོན་ཏེ་རང་གིས་རང་ལ་དེ་ལྟར་གདམས་ཀྱང་ནི་ཉོན་མོངས་ཀྱི་དབང་དུ་གྱུར་པ་ལ་སྙད་བཏགས་ནས་སེམས་ཁྱོད་དེ་ལྟར་མི་བྱེད་ན། བདག་གཅེས་ འཛིན་གྱི་སེམས་ཁྱོད་ལ་འདི་ཕྱིའི་ཉེས་པ་ཀུན་བརྟེན་པས་ན་སེམས་ཁྱོད་ཉིད་ཚར་གཅད་པར་བྱ་བར་ཟད་དོ། །གཉིས་པ་ལ་གསུམ། ཉེས་དམིགས་བསམས་ནས་རང་དོན་འབའ་ཞིག་བསྒྲུབ་པ་དོར་བ་དང༌། གཞན་ དོན་ལ་སྦྱོར་བ་དང༌། བསྡུས་ཏེ་བསྟན་པའོ། །དང་པོ་ནི།བདག་གཅེས་འཛིན་ཁྱོད་ཀྱིས་ཁོ་བོ་གང་བརླག་བའི་ཉེས་པ་ཀུན་གྱི་རྩ་བར་མ་ཤེས་པའི་སྔོན་གྱི་དུས་དེ་ཉེས་པའི་རྩ་བར་མ་ཤེས་པའི་དུས་གཞན་ཡིན་ཏེ། ཉེས་

Page: 235 ༄༅། །པའི་རྩ་བར་ངས་མཐོང་ཁྱོད་ཉེས་པ་བསྐྱེད་པ་ལ་ད་གང་དུ་འགྲོ་འགྲོ་དབང་མེད་པར་བདག་གཅེས་འཛིན་ཁྱོད་ཀྱི་དྲེགས་པ་ཀུན་རྩ་བ་ནས་གཞོམ་པར་བྱའོ། །ད་དུང་དུ་བདག་ལ་རང་གི་དོན་འབའ་ཞིག་ སྒྲུབ་པའི་དབང་ཡོད་སྙམ་དུ་སེམས་པ་དེ་དོར་ཅིག་ཅུང་ཟད་ཀྱང་བྱེད་དུ་མི་གཞུག་གོ །གཉིས་པ་ནི། བདག་གིས་སེམས་ཅན་གཞན་ལ་ཁྱོད་བཙོངས་པ་ཡིན་པར་ཤེས་པར་གྱིས་ལ་སྐྱོ་བར་མ་སེམས་པར་སེམས་ཅན་ ཅི་འདོད་པའི་ཞོ་ཤ་ཕུལ་ཅིག །གལ་ཏེ་རང་དོན་འབའ་ཞིག་སེམས་ཤིང་བག་མེད་པར་གྱུར་ནས་ཁྱོད་སེམས་ཅན་རྣམས་ལ་མ་བྱིན་ན། ཁྱོད་ཀྱིས་སྡིག་པའི་ལས་བསགས་ནས་ཁོ་བོ་དམྱལ་བ་ཡི་བསྲུང་མ་རྣམས་ ལ་བྱིན་དུ་ངེས་པས་བདག་གཅེས་འཛིན་ཁྱོད་གཞོམ་པར་བྱའོ། །གསུམ་པ་ནི། དེ་ལྟར་ཁྱོད་ཀྱིས་སྔོན་ཡང་རེ་ལྟ་ཞིག་ཁོ་བོ་དམྱལ་སྲུངས་རྣམས་ལ་བྱིན་པས་ཡུན་རིང་པོར་སྡུག་བསྔལ་མྱོང་ལ་ད་ནི་སྔར་གྱི་ ཁོན་རྣམས་དྲན་པར་བྱས་ཏེ། ཉེས་པའི་རྩ་བ་ཁྱོད་ཀྱིས་རང་དོན་འབའ་ཞིག་བྱ་བར་སེམས་པ་གཞོམ་པར་བྱའོ། །དེ་སྟེ་བདག་ནི་ཡུན་རིང་པོའི་བར་དགའ་བདེ་ཕུན་སུམ་ཚོགས་པ་འདོད་ན་རང་ལ་བདག་གིས་གཅེས་ པར་གཟུང་ནས་དགའ་བར་མི་བྱའོ། །དེ་སྟེ་བདག་ཉིད་སྡུག་བསྔལ་ལས་བསྲུང་འདོད་ན་སེམས་ཅན་གཞན་དག་གཅེས་པར་གཟུང་ནས་རྟག་ཏུ་བསྲུང་བར་བྱའོ། །གསུམ་པ་ལ་གསུམ། ཆོག་མི་ཤེས་པའི་ཉེས་

Page: 236 པ་དང༌། གཡོ་བ་མེད་པའི་ཉེས་པ་དང༌། རྨོངས་པའི་ཉེས་པའོ། །དང་པོ་ལ་གཉིས། ལུས་ལ་སྲེད་པའི་ཉེས་དམིགས་དང༌། དེས་ན་ལུས་ལ་ཆགས་བྲལ་བསྒོམ་རིགས་པའོ། །དང་པོ་ནི། གཞན་དོན་བྱེད་འདོད་པས་སྲེད་ པས་ལུས་བསྐྱང་བར་བྱའོ་ཞེ་ན། དེ་ནི་མི་རིགས་ཏེ་ཇི་ལྟ་ཇི་ལྟར་རང་གི་ལུས་འདི་ནི་སྲེད་པས་གཅེས་པར་གཟུང་ནས་ཟས་གོས་སོགས་ཀྱིས་ཡོངས་སུ་སྐྱོང་བར་བྱེད་པ་སྟེ་བསྐྱངས་པར་གྱུར་པ་དེ་ལྟ་དེ་ལྟར་ཤིན་ཏུ་ནི་འདོད་པ་ཅུང་ ཟད་ཙམ་མ་གྲུབ་ན་ཡང་སྡུག་བསྔལ་ཆེན་པོ་འབྱུང་ཞིང་སྡུག་བསྔལ་ཆུང་ངུ་ཡང་མི་བཟོད་པའི་གཟེ་རེ་ཅན་དུ་འགྱུར་བ་ཉིད་དུ་ལྟུང་བས་ཤིན་ཏུ་བསྐྱང་དཀའ་བར་འགྱུར་རོ། །དེས་ཅིར་འགྱུར་ཞེ་ན་དེ་ལྟར་ལྟུང་བ་དེ་ཡི་ཡང་ སྲེད་པ་ལེགས་པར་འཕེལ་ནས་འདོད་པས་ས་འདིའི་སྟེང་གི་ལོངས་སྤྱོད་ཐམས་ཅད་ཀྱིས་ཀྱང་འདོད་པ་རྫོགས་པར་བྱེད་ནུས་པ་ཡོད་པ་མིན་ན་སྲེད་པ་དེའི་འདོད་པ་རྫོགས་པར་སུས་བྱེད་ནུས་ཏེ་འདོད་ཡོན་ལ་སྲེད་ པས་ངོམས་པ་མི་སྲིད་དོ། །དཔེར་ན་རྒྱལ་པོ་ང་ལ་ནུ་གླིང་བཞི་དང་བརྒྱ་བྱིན་གྱི་སྟན་གྱི་ཕྱེད་ལ་ལོངས་སྤྱོད་པས་ཀྱང་མ་ངོམས་པར་གསུངས་པ་བཞིན་ནོ། །འདོད་པ་རྫོགས་པར་བྱེད་པའི་ནུས་པ་མེད་བཞིན་དུ་འདོད་ པ་ལ་ལྷག་པར་ཡང་སྲེད་པས་ནི་ཆགས་སྡང་སོགས་ཀྱིས་ཉོན་མོངས་དང༌། དགེ་བའི་ཕྱོགས་ཀྱི་བསམ་པ་ཉམས་པར་འགྱུར་ཞིང་ཡིད་མི་བདེ་འབའ་ཞིག་སྐྱེ་བར་འགྱུར་རོ། །གཉིས་པ་ནི། གང་ཟག་གང་ཞིག་ལུས་

Page: 237 ༄༅། །ལོངས་སྤྱོད་ཀུན་ལ་ལྟོས་པ་མེད་པ་འདོད་པ་ཆུང་ཞིང་ཆོག་ཤེས་པ་དེའི་ཕུན་སུམ་ཚོགས་པའི་ཡོན་ཏན་ཟད་མི་ཤེས་ཏེ། ནམ་ཡང་ལོངས་སྤྱོད་ཀྱིས་ཕོངས་པའི་བྲེལ་བ་མི་སྲིད་དོ། །དེ་བས་ ན་ལུས་ཀྱི་དོན་དུ་ལོངས་སྤྱོད་ལ་སྲེད་པའི་འདོད་པ་ནི་གཉེན་པོ་མ་བསྟེན་ན་གོང་ནས་གོང་དུ་འཕེལ་བར་འགྱུར་བའི་ཕྱིར་འདོད་ཡོན་ལ་སྲེད་པས་སྐབས་གཡོ་བར་མི་བྱ་སྟེ། གང་ཞིག་ཡིད་ཆགས་པར་འགྱུར་བའི་ དངོས་པོ་ཡིད་འོང་མི་འཛིན་པ་དེ་ནི་ནོར་རྣམས་ཀྱི་མཆོག་ཏུ་གྱུར་པ་དངོས་པོ་བཟང་པོ་ཡིན་ནོ། །གཉིས་པ་ནི།ལུས་འདི་ནི་ཐ་མར་ཐལ་བའི་མཐར་གཏུགས་ཤིང་དེར་ཟད་པ་དང༌། ལུས་རང་ཉིད་མི་གཡོ་བས་གཞན་ སེམས་ཀྱིས་བསྐྱོད་པར་བྱ་བ་དང༌། ཤ་ཁྲག་སོགས་མི་གཙང་བའི་ཕུང་པོའི་གཟུགས་ནི་འཇིགས་པ་མི་བཟད་པ་དུ་མའི་གནས་ཡིན་པས་ལུས་འདི་ལ་ཅིའི་ཕྱིར་བདག་ཏུ་འཛིན། བདག་ཏུ་གཟུང་ན་དམྱལ་བའི་སྡུག་ བསྔལ་ཡང་མྱོང་དགོས་པས་གསོན་ནམ་ཤི་ཡང་སླ་བདག་ལ་ལུས་ཀྱི་འཁྲུལ་འཁོར་འདིས་ཅི་བྱ་དགོས་པ་ཅུང་ཟད་ཀྱང་མེད་དོ། །གཡོ་བ་མེད་པ་བོང་བ་སོགས་དང་ལུས་འདི་ཁྱད་ཅི་ཡོད་ན་ཀྱེ་མ་ལུས་ལ་སྲེད་པ་མི་ བཟོད་པས་ཀྱི་ཧུད་ཅིའི་ཕྱིར་ལུས་ཀྱིས་སེམས་ཁེངས་པའི་ང་རྒྱལ་སེལ་བར་མི་བྱེད་ང་རྒྱལ་རྣམ་པ་ཐམས་ཅད་དུ་སྤང་བར་བྱའོ། །གསུམ་པ་ལ་བཞི། ལེགས་ཉེས་ལ་རྨོངས་པ་དང༌། བསྟོད་སྨད་ལ་རྨོངས་པ་

Page: 238 དང༌། དེ་ལ་རྩོད་པ་སྤང་བ་དང༌། ལུས་ལ་སྲེད་པ་ཉེས་པ་དུ་མའི་འབྱུང་གནས་ཡིན་ཡང་དལ་འབྱོར་ལ་སྙིང་པོ་བླང་བའི་ཆེད་དུ་བསྲུང་བར་བྱ་བའོ། །དང་པོ་ནི། ཡིད་ཁྱོད་ལུས་ཀྱི་རིམ་གྲོའི་ཁ་ཏ་བྱས་པ་ཡིས་དོན་མེད་ པའི་སྡུག་བསྔལ་མང་པོ་ཉེ་བར་བསགས་ནས། ཕན་གནོད་བྱེད་པ་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དུ་མ་བསྐྱེད་པའི་ལུས་བསྐྱངས་ཀྱང་དྲིན་གཟོ་མེད་པ་ཤིང་དང་མཚུངས་པའི་ལུས་འདི་ལ་ཆགས་པས་ཅི་ཞིག་ བྱ་བྱེད་པར་མི་རིགས་སོ། །བདག་གིས་འདི་ལྟར་ལོངས་སྤྱོད་ཀྱིས་བསྐྱངས་པའམ་བྱ་རྒོད་སོགས་ཀྱིས་ཟོས་ཀྱང་རུང་ལུས་ཁོ་རང་ལ་ཕན་གནོད་བྱེད་པ་ལ་ཆགས་པ་མེད་ཅིང་ཞེ་སྡང་ཡོད་པ་མིན་ན། རང་ཉིད་ཅི་སྟེ་དེ་ལ་ ཆགས་པར་བྱེད་ཆགས་པར་མི་རིགས་སོ། །གཉིས་པ་ནི།ལུས་དེ་ལ་སྐྱོན་གང་ཞིག་གིས་སྨོད་པས་ཁྲོ་བ་དང་ཡོན་ཏན་གང་ཞིག་གིས་བསྟོད་པས་མགུ་བར་གྱུར་པ་གལ་ཏེ་བསྟོད་སྨད་དེ་ཉིད་ལུས་རང་གིས་ཤེས་པ་མེད་ ན་ཡིད་བདག་གིས་གང་གི་དོན་དུ་ཆགས་སྡང་གི་སྒོ་ནས་ངལ་བ་བྱས་བྱེད་པ་དོན་མེད་དོ། །གསུམ་པ་ནི། ལུས་རང་གིས་དེ་ལྟར་ཤེས་པ་མེད་ཀྱང་གང་ཞིག་བདག་གི་ལུས་འདི་འདོད་ཅིང་ཡིད་དུ་འོང་བར་གྱུར་པ་དེ་དང་བདག་ བཤེས་ཡིན་པས་དེ་ལ་དགའ་བ་ཡིན་ནོ་ཞེ་ན། སེམས་ཅན་ཐམས་ཅད་རང་གི་ལུས་འདོད་པས་གཞན་གྱི་ལུས་དེ་ལའང་བདག་ཀོ་ཅིས་མི་དགའ། རང་གི་ལུས་ལ་ཆགས་པ་དང་གཞན་གྱི་ལུས་ལ་སྨོད་པར་མི་རིགས་སོ། །

Page: 239 ༄༅། །བཞི་པ་ནི། ལུས་ལ་ཆགས་པར་མི་རིགས་པ་དེ་བས་ན་བདག་གིས་རང་གི་ལུས་ལ་ཆགས་པ་མེད་པར་འགྲོ་བ་ལ་ཕན་པའི་ཕྱིར་ཏུ་ལུས་སྦྱིན་པར་བཏང་བར་བྱའོ། །བཞི་བརྒྱ་པར། ལུས་ནི་ དགྲ་ལྟར་མཐོང་མོད་ཀྱི། །དེ་ལྟ་ན་ཡང་དེ་བསྲུང་བྱ། །ཁྲིམས་ལྡན་ཡུན་རིང་འཚོ་བ་ནི། །དེ་ལས་བསོད་ནམས་མང་པོ་བྱེད། །ཅེས་བཤད་པ་ལྟར་ལུས་ལ་བརྟེན་ནས་གཞན་དོན་མང་པོ་འགྲུབ་པ་དེས་ན་ལུས་འདི་ལ་ ཉེས་པ་མང་ཡང༌། འཇིག་རྟེན་པ་རྣམས་ཁུར་གྱི་དོན་དུ་ཤིང་རྟ་འཛིན་པའི་ལས་ཀྱི་སྤྱད་བཞིན་དུ་གཞན་དོན་དུ་གཟུང་བར་བྱའོ། །བཞི་པ་ལ་གསུམ། དགེ་བའི་བར་ཆད་ལོག་པར་བྱ་བ་དང༌། གཉེན་པོ་ལ་བརྩོན་ པའི་སྟོབས་བསྐྱེད་པ་དང༌། དགེ་བའི་དམིགས་པ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པར་བྱ་བའོ། །དང་པོ་ནི།དེ་བས་ན་འདོད་པའི་སྲེད་པ་དང་བརྣབ་སེམས་དང་གནོད་སེམས་སོགས་ཞི་གནས་ཀྱི་མི་མཐུན་ཕྱོགས་ ལ་གཞོལ་བ་བྱིས་པའི་སྤྱོད་པས་ཆོག་གི་བདག་གིས་བླང་དོར་ལ་མཁས་པའི་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་རྗེས་སུ་བསྙེགས་ཏེ། དགེ་བའི་ཆོས་རྣམས་ལ་བག་ཡོད་པའི་གཏམ་ནི་དྲན་པར་བྱས་ནས་ གཉིད་དང་རྨུགས་པ་སོགས་ཞི་གནས་ཀྱི་བར་ཆད་རྣམས། བཤེས་སྤྲིང་ལས། རྒོད་དང་འགྱོད་དང་གནོད་སེམས་རྨུགས་པ་དང༌། །གཉིད་དང་འདོད་ལ་འདུན་དང་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་པོ་འདི་དག་དགེ་བའི་

Page: 240 ནོར། །འཕྲོག་པའི་ཆོམ་རྐུན་ལེགས་པར་མཁྱེན་པར་མཛོད། །ཅེས་བཤད་པ་ལྟར་འབད་པས་བཟློག་པར་བྱ་ཞིང་སྤང་བར་བྱའོ། །གཉིས་པ་ནི། རྒྱལ་སྲས་ཐུགས་རྗེ་ཆེན་པོ་རྣམས་ལྟར་གཉེན་པོའི་སྟོབས་བསྐྱེད་ པའི་རིགས་པའི་བསླན་ནི་གཟུགས་པར་བྱ་སྟེ་ཉིན་མཚན་ཕྱེད་པར་ཏེ་རྟག་པར་མ་འབད་ན། བདག་གིས་སྡུག་བསྔལ་ནམ་མཐར་ཕྱིན་སྙམ་དུ་བསམས་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཞི་གནས་བསྒོམ་ པ་ལ་འབད་པར་བྱའོ། །གསུམ་པ་ནི། དེ་བས་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མཐའ་དག་བསལ་བའི་ཕྱིར་ཏུ་ལྷག་མཐོང་བསྐྱེད་དགོས་ལ་དེ་ཡང་སྔོན་དུ་ཞི་གནས་བསྒྲུབ་དགོས་པས་ཞི་གནས་སྐྱེ་བའི་གེགས་ ལོག་པའི་ལམ་འདོད་པའི་རྣམ་རྟོག་སོགས་མཐའ་དག་ལས་སེམས་བསླན་ཏེ། སྤོང་བའི་འདུ་བྱེད་བརྒྱད་ཀྱི་སྒོ་ནས་ཡང་དག་པའི་དམིགས་པ་ལ་རྟག་པར་ཡང་བདག་གིས་སེམས་མཉམ་པར་བཞག་པར་བྱའོ། ། མདོར་ན་ཞི་གནས་ཐུན་མོང་བ་སྒྲུབ་ཚུལ་རྒྱས་པར་ཉན་ཐོས་ཀྱི་ས་ལས་གསུངས་པ་དང༌། ཐུན་མོང་མ་ཡིན་པའི་བསྒྲུབ་ཚུལ་གཞུང་འདི་དང་སློབ་དཔོན་ཀ་མ་ལ་ཤཱི་ལས་སྒོམ་རིམ་ནས་གསུངས་པ་ལྟར་ཤེས་ པར་བྱས་ནས། ཞི་གནས་བསྒོམས་པའི་ཕན་ཡོན་དང༌། མ་བསྒོམས་པའི་ཉེས་དམིགས་བསམས་ནས་སེམས་གནས་པའི་ཐབས་དགུ་ལ་སོགས་པས་ཏིང་ངེ་འཛིན་བསྒོམ་པ་ལ་འབད་པར་བྱ་ཞིང༌། རྒྱས་པར་ཕ་རོལ་

Page: 241 ༄༅། །ཏུ་ཕྱིན་པའི་ལམ་གྱི་རིམ་པ་ཆེ་ཆུང་ལས་གསུངས་པ་ལྟར་ཤེས་པར་བྱའོ། །གནས་ལུགས་མངོན་དུ་གྱུར་པའི་ལྷག་མཐོང་གིས། །སྒྲིབ་གཉིས་ས་བོན་རྩད་ནས་འཇོམས་པ་ཡང༌། །གཡོ་ མེད་ཏིང་འཛིན་གནས་ལ་རག་ལས་པས། །ཐོག་མར་ཞི་གནས་སྒྲུབ་ལ་མཁས་པར་བྱ། །བསྡུ་བའི་ཚིགས་སུ་བཅད་པའོ། །གཉིས་པ་ལེའུའི་མཚན་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་ བཤད་རྒྱལ་སྲས་འཇུག་ངོགས་ཞེས་བྱ་བ་ལས། བསམ་གཏན་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་ལེའུ་བརྒྱད་པའི་འགྲེལ་པའོ།། །།

ལེའུ་དགུ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ།

[edit]

བཞི་པ་ལྷག་མཐོང་གི་ངོ་བོ་ཤེས་རབ་ལ་བསླབ་ཚུལ་ལ་གཉིས། ལེའུའི་ གཞུང་བཤད་པ་དང༌། ལེའུའི་མཚན་ནོ། །དང་པོ་ལ་གསུམ། ཐར་པ་ཐོབ་པར་འདོད་པས་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་བསྐྱེད་དགོས་པར་བསྟན་པ་དང༌། དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཇི་ལྟར་བསྐྱེད་ པའི་ཐབས་དང༌། དེས་ན་དེ་བསྐྱེད་པ་ལ་འབད་པར་གདམས་པའོ། །དང་པོ་ལ་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ནི། གཞན་རྒྱུད་ཀྱི་སྡུག་བསྔལ་མཐའ་དག་ཞི་བར་བྱེད་པ་ལ་བླ་ན་མེད་པའི་ བྱང་ཆུབ་ཐོབ་དགོས་པས། དེ་ཁོ་ན་ཉིད་རྟོགས་དགོས་ཀྱང་རང་རྒྱུད་ཀྱི་སྡུག་བསྔལ་ཞི་བ་ལ་དེ་ཁོ་ན་ཉིད་རྟོགས་ཅི་དགོས་སྙམ་ན། མགོན་པོ་ཀླུ་སྒྲུབ་ཀྱིས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་

Page: 242 ཡོད། །ཅེས་ཕུང་པོ་བདེན་འཛིན་ཡོད་པ་དེ་སྲིད་དུ་ང་དང་ང་ཡི་བ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་འཇིག་ལྟ་མི་ལྡོག་པར་གསུངས་ལ། ཉན་རང་དགྲ་བཅོམ་པས་འཇིག་ལྟ་ཟད་པར་མ་སྤངས་པ་སུ་ཡང་ མི་འདོད་ཅིང༌། དེ་ལ་ཕུང་པོ་བདེན་འཛིན་ཟད་དགོས་པས་ཉན་རང་འཕགས་པས་ཀྱང་ཕུང་པོ་བདེན་མེད་དུ་རྟོགས་པར་བཞེད་པ་ལྟར། སློབ་དཔོན་འདིས་ཀྱང་འཁོར་བའི་སྡུག་བསྔལ་ཞི་བ་ལ་ཡང་དེ་ཁོ་ཉིད་ རྟོགས་དགོས་པར་བཞེད་དེ། འོག་ཏུ་ཡང་འཆད་པར་འགྱུར་རོ། །འདི་དག་གི་རྣམ་གཞག་རྒྱས་པར་ཤེས་པར་འདོད་ན་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་འདྲེན་པ་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་བློ་བཟང་ གྲགས་པའི་དཔལ་བཟང་པོའི་ཞལ་སྔ་ནས་མཛད་པའི་དབུ་མ་འཇུག་པའི་རྣམ་བཤད་ཆེན་མོ་ལས་ཤེས་པར་བྱའོ། །གཞུང་འདིས་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་བསྟན་པ་འདིའི་རྣམ་བཤད་ བྱེད་པ་དུ་མས་འཆད་པ་ནི། གཞུང་གི་དོན་ཕྱི་ཅི་ལོག་ཡིན་པར་གསལ་བར་རྟོགས་ཏེ་འཆད་པར་འགྱུར་རོ། །ཡན་ལག་འདི་དག་ཅེས་པ་ལེའུ་བརྒྱད་པ་ནས་བཤད་པའི་ཞི་གནས་ཙམ་ལ་འཆད་པ་དང༌། སྦྱིན་སོགས་ ཕར་ཕྱིན་ལྷག་མ་ཐམས་ཅད་ལ་འཆད་པའི་ལུགས་གཉིས་ལས། ལེའུ་སྔ་ཕྱི་གཉིས་ཙམ་གྱི་འབྲེལ་ལ་སྦྱར་ན་སྔ་མ་ཡང་རུང་མོད་ཀྱང་འདིར་ཕྱི་མ་ལྟར་བཤད་ན་ལེགས་སོ། །སྦྱིན་པ་ལ་སོགས་པའི་ཡན་ལག་

Page: 243 ༄༅། །ཤེས་རབ་ཀྱི་དོན་དུ་གསུངས་ཞེས་པ་ལ་དོགས་པ་འདི་ལྟར་བཅད་དེ། དེ་ཁོ་ན་ཉིད་ཐོས་བསམ་གྱིས་རྟོགས་པ་ལ་སྦྱིན་སོགས་སྔོན་དུ་འགྲོ་དགོས་པ་མ་ཡིན་ཏེ། སྤྱིར་སྟོང་ཉིད་རྟོགས་པ་ལ་ ཚོགས་བསག་དགོས་ཀྱང་འདིར་བཤད་པ་འདྲ་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྔོན་དུ་འགྲོ་མི་དགོས་ཏེ་སློབ་དཔོན་ཞི་འཚོས་སྟོང་ཉིད་ཐོས་བསམ་གྱིས་གཏན་ལ་འབེབས་ཚུལ་གཉིས་བཤད་པ་ བཞིན་ནོ། །སྟོང་ཉིད་ལ་ཡིད་འགྱུར་བའི་མྱོང་བ་སྐྱེ་བ་ལ་ཡང་དེ་དག་སྔོན་དུ་འགྲོ་དགོས་པའང་མིན་ཏེ། དེ་ལྟ་ན་མི་རྟག་པ་རྟོགས་པ་ལྟ་བུའི་ཉམས་མྱོང་ལའང་དེ་དག་སྔོན་དུ་འགྲོ་དགོས་པ་མཚུངས་སོ། །སྟོང་ཉིད་ རྟོགས་པའི་སྒོམ་བྱུང་གི་ལྷག་མཐོང་སྐྱེ་བ་ལ་དེ་དག་སྔོན་དུ་འགྲོ་དགོས་པའང་མིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་དག་སྔོན་དུ་མ་སོང་ཡང་ཉན་རང་གིས་དེ་ཁོ་ན་ཉིད་རྟོགས་པའི་ཚུལ་སྔར་བཤད་པ་བཞིན་ནོ། །སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཆོས་སྐུའི་ཉེར་ལེན་བྱེད་ཅིང་སྦྱིན་སོགས་ཐབས་རྣམས་ཀྱིས་དེའི་ལྷན་ཅིག་བྱེད་རྐྱེན་བྱེད་པས་ཤེས་རབ་ཀྱིས་འབྲས་བུ་དེ་ཐོབ་པ་ལ་སྦྱིན་སོགས་རྣམས་ཀྱིས་ཕན་དགོས་པས་དེ་དག་ ཤེས་རབ་ཀྱི་དོན་དུ་གསུངས་སོ་ཞེ་ན། དེ་ལྟ་ན་ཤེས་རབ་དེ་དག་གི་དོན་དུ་གསུངས་ཞེས་གོ་ལྡོག་ན་ཡང་མཚུངས་སོ། །དེས་ན་སྟོང་ཉིད་རྟོགས་པའི་ཤེས་རབ་མེད་ན་སྒྲིབ་གཉིས་གང་གི་ཡང་ས་བོན་ཟད་པར་བྱེད་མི་ནུས་

Page: 244 ལ་ཉོན་སྒྲིབ་ཀྱི་ས་བོན་ཟད་པ་ཙམ་ལ་ཚོགས་མཐའ་ཡས་པས་བརྒྱན་པ་མི་དགོས་ཀྱང༌། ཤེས་སྒྲིབ་ཀྱི་ས་བོན་ཟད་པ་ལ་དགོས་ཤིང་འདིར་ཡང་གཙོ་བོ་ཤེས་སྒྲིབ་ཟད་པའི་དོན་དུ་ཡིན་པས་ཡན་ལག་འདི་དག་ཤེས་རབ་དོན་ དུ་གསུངས་པ་ཡིན་ནོ། །བདེན་འཛིན་ཉོན་སྒྲིབ་ཏུ་བྱེད་པ་སློབ་དཔོན་ཀླུ་སྒྲུབ་ཀྱི་བཞེད་པ་ཡིན་ཞིང་སློབ་དཔོན་འདི་ཡང་དེ་ལྟར་ཏུ་མཛད་དོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས། སེམས་མཉམ་པར་བཞག་ན་ཡང་ དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་གསུངས་པ་དང༌། བསླབ་བཏུས་ལས་ཀྱང༌། མཉམ་བཞག་ཡང་དག་ཇི་བཞིན་དུ། །ཤེས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞེས་གསུངས་པའི་མཉམ་གཞག་ཞི་གནས་ དང༌། ཇི་ལྟ་བ་བཞིན་དུ་ཤེས་པ་ལྷག་མཐོང་ཡིན་པས་ལེའུ་བརྒྱད་པ་ནས་བཤད་པའི་བསམ་གཏན་གྱི་ཕར་ཕྱིན་འདིར་བསྟན་པའི་ཤེས་རབ་ཀྱི་རྒྱུའི་ཡན་ལག་ཏུ་འགྱུར་བ་ཡིན་ནོ། །གཉིས་པ་ནི།རང་བཞིན་གྱི་འཁོར་བའི་ སྡུག་བསྔལ་དག་ཉེ་བར་ཞི་བར་འདོད་པས་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་བསྐྱེད་པར་བྱའོ། །སྔར་གོང་དུ་བཤད་པའི་སྦྱིན་པ་ལ་སོགས་པའི་ཡན་ལག་སྟེ་རྒྱུ་ཚོགས་འདི་དག་ཐམས་ཅད་ནི་ཐུབ་པ་སངས་རྒྱས་བཅོམ་ ལྡན་འདས་ཀྱིས་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་བསྐྱེད་པའི་དོན་དུ་གསུངས་པ་དེའི་ཕྱིར་ནའོ། །གཉིས་པ་ལ་གསུམ། བདེན་གཉིས་ཀྱི་རྣམ་གཞག་དང༌། ཐར་པ་ཙམ་ཐོབ་པར་འདོད་པས་ཀྱང་སྟོང་ཉིད་རྟོགས་དགོས་པར་

Page: 245 ༄༅། །བསྒྲུབ་པ་དང༌། སྟོང་ཉིད་སྒྲུབ་པའི་རིགས་པ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། དངོས་དང༌། སྟོང་ཉིད་ལ་དགོས་ནུས་མེད་པའི་རྩོད་པ་སྤང་བའོ། །དང་པོ་ལ་གསུམ། བདེན་ གཉིས་ཀྱི་དབྱེ་བ་དང༌། མཚན་ཉིད་དང༌། དེ་གཏན་ལ་འབེབས་པའི་གང་ཟག་ངོས་བཟུང་བའོ། །དང་པོ་ནི།བསླབ་བཏུས་སུ་ཡབ་སྲས་འཇལ་བའི་མདོ་དྲངས་པ་ལས། འདི་ལྟར་དེ་བཞིན་གཤེགས་པས་ཀུན་རྫོབ་ དང་དོན་དམ་པ་གཉིས་ཐུགས་སུ་ཆུད་དེ་ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་འདིར་ཟད་དོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་དུ་རབ་ཏུ་གཟིགས་རབ་ཏུ་མཁྱེན། ལེགས་པར་མངོན་དུ་ བྱས་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱའོ་ཞེས་གསུངས་ཏེ། ཤེས་པར་བྱ་བ་ཡང་ཞེས་པས་ཤེས་བྱ་དབྱེ་གཞི་དང༌། འདིར་ཟད་དོ་ཞེས་པས་བདེན་གཉིས་སུ་གྲངས་ངེས་པ་དང༌། བདེན་པ་གཉིས་ཀ་དེ་ བཞིན་གཤེགས་པས་ཐུགས་སུ་ཆུད་པའི་ཕྱིར་ཐམས་ཅད་མཁྱེན་པར་བསྟན་ཏོ། །དེས་ན་དོན་དམ་པའི་བདེན་པ་ཤེས་བྱ་མ་ཡིན་པ་དང་བློ་གང་གིས་ཀྱང་མ་རྟོགས་པར་སྤྱོད་འཇུག་གི་དགོངས་པར་འཆད་པ་ནི་ལོག་ པར་འཆད་པའོ། །ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་དང་གཉིས་སུ་འབྱེད་པ་ནི་དབྱེ་བའི་ངོ་བོའོ། །ཕྱེ་བའི་དོན་ལ་ཡང་མི་འདྲ་བ་དུ་མ་ཞིག་འདུག་ཀྱང་འདིར་ནི་གཉིས་ཀ་ལ་ངོ་བོ་ཡོད་ལ་དེ་ལ་ངོ་བོ་

Page: 246 གཅིག་དང་ཐ་དད་གང་ཡང་མིན་པ་མི་སྲིད་པའི་ཕྱིར་དང༌། ཆོས་ཅན་རྣམས་བདེན་སྟོང་ལས་ངོ་བོ་ཐ་དད་ན་བདེན་གྲུབ་ཏུ་འགྱུར་བ་སོགས་མདོ་སྡེ་དགོངས་འགྲེལ་ལས་བཤད་པའི་གནོད་པ་དེ་དག་འཇུག་ལ། ཐ་མི་དད་ཡིན་ན་ཡང་དེ་ནས་བཤད་པའི་གནོད་པར་འགྱུར་བས་བྱས་མི་རྟག་ལྟར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དོ། །དེས་ན་ཤེས་པར་བྱ་བ་འདི་ནི་དབྱེ་གཞི་དབྱེ་ན་བདེན་པ་གཉིས་སུ་ཡོད་ཅིང་དེར་གྲངས་ངེས་པར་ འདོད་དོ། །དབྱེ་བའི་ངོ་བོ་ནི་ཐ་སྙད་པའི་ཚད་མས་རྙེད་པའི་དོན་ཀུན་རྫོབ་བདེན་པ་དང་ནི་དོན་དམ་པའི་ཚད་མས་རྙེད་པའི་དོན་དོན་དམ་པའི་བདེན་པ་སྟེ་གཉིས་སོ། །གཉིས་པ་ནི།གཞན་གྱི་ལུགས་དགག་པ་དང༌། རང་གི་ལུགས་བཞག་པ་གཉིས་ཀྱིས་ཤེས་པར་བྱའོ། །དང་པོ་ནི། སྔོན་གྱི་སྟོད་ལུང་རྒྱ་དམར་ལ་སོགས་པ་ཁ་ཅིག །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་པའི་རྐང་པ་དང་པོ་དམ་བཅའ་དང༌། ཕྱི་མ་རྟགས་སུ་བྱས་ནས་དོན་ དམ་བདེན་པ་རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་གང་གི་ཡང་ཡུལ་དུ་མི་རུང་སྟེ་བློ་དང་བློའི་ཡུལ་ཡིན་ན་ཀུན་རྫོབ་བདེན་པ་ཡིན་པས་ཁྱབ་པ་རྐང་པ་འོག་མས་བསྟན་པས་གྲུབ་བོ་ཞེས་འདོད་པ་ནི། རྣམ་པ་ཐམས་ཅད་ དུ་མི་རིགས་ཏེ་ཐེག་ཆེན་འཕགས་པའི་མཉམ་གཞག་ན་བློ་མེད་པར་ཁས་ལེན་ན་རྒྱང་པན་གྱི་གཞུང་བཙུགས་པར་འགྱུར་ཏེ། དེས་འཆི་ཁ་ཚུན་ཆད་དུ་རིག་པ་ཡོད་ལ་དེ་ནས་རྒྱུན་ཆད་པར་འདོད་ཅིང༌། ཁྱེད་ཀྱིས་

Page: 247 ༄༅། །ཀྱང་སྦྱོར་ལམ་ཐ་མ་ཚུན་ཆད་དུ་བློ་ཡོད་ལ་གནས་ལུགས་ཀྱི་དོན་ལ་མཉམ་པར་བཞག་པའི་ཚེ་མེད་པར་ཁས་བླངས་པའི་ཕྱིར། གཞན་ཡང་དོན་གང་ཞིག་མངོན་སུམ་དུ་རྟོགས་པས་དྲི་མ་ ཟད་པར་བྱེད་པའི་ཤེས་བྱ་ཞིག་ཁས་མི་ལེན་ན། དྲི་མ་ཟད་པ་མི་སྲིད་པས་སངས་རྒྱས་དང་སེམས་ཅན་གང་ཡང་བཞག་ཏུ་མེད་པའི་སྐུར་འདེབས་འབའ་ཞིག་ཏུ་འགྱུར་ལ། ཁས་ལེན་ན་དོན་དམ་བདེན་པ་ཡུལ་དང་ དེ་རྟོགས་པའི་བློ་མི་འདོད་པ་འགལ། ཀུན་རྫོབ་ཡིན་ན། དོན་དམ་མི་འཇལ་བས་ཁྱབ་པར་འདོད་ན། དོན་དམ་བདེན་པ་རང་ཉིད་ཀྱིས་རང་ཉིད་འཇལ་བ་མི་སྲིད་པས་འཇལ་བྱེད་མེད་པའི་ཕྱིར་གཏན་མེད་དུ་འགྱུར་ལ། དེ་མེད་ན་བདེན་པ་གཉིས་ཀྱི་དབྱེ་བ་བྱས་པ་ལ་དགོས་པ་ཅི་ཞིག་ཡོད། གཞན་ཡང་ཀུན་རྫོབ་བདེན་པས་སྟོང་པ་ཡིན་ན་བདེན་སྟོང་ཉིད་དོན་དམ་བདེན་པར་ཁས་བླངས་པ་ལ་གནོད་པ་ཅུང་ཟད་ཀྱང་མེད་ལ་དེ་མིན་ན་ཀུན་ རྫོབ་བདེན་གྲུབ་ཏུ་འགྱུར་ཏེ། རྩོད་ཟློག་ལས། རང་བཞིན་མེད་པ་ཉིད་ལྡོག་ན། །རང་བཞིན་ཉིད་དུ་རབ་གྲུབ་འགྱུར། །ཞེས་གསུངས་པས་སོ། །གཉིས་པ་ནི། རྐང་པ་དང་པོས་དོན་དམ་བདེན་པའི་མཚན་ཉིད་དང༌། གཉིས་པས་ཀུན་རྫོབ་བདེན་པའི་མཚན་ཉིད་སྟོན་པ་ཡིན་ལ་བློ་སྔ་ཕྱི་གཉིས་གཉིས་སྣང་ཅན་གྱི་བློ་ཡིན་གྱི་བློ་ཙམ་མིན་ལ། དེ་ཡང་འཇལ་ཚུལ་གྱི་དབང་དུ་བྱས་པ་ཡིན་ནོ། །དེས་ན་འདི་ལྟར་སྦྱར་ཏེ་གང་ཟག་དང་

Page: 248 ཕུང་པོ་རང་བཞིན་གྱིས་དབེན་པ་མཚན་གཞི་དོན་དམ་བདེན་པར་མཚོན་ལ། རང་ཉིད་དངོས་སུ་རྟོགས་པའི་བློ་མངོན་སུམ་ཚད་མ་དེ་ལ་རང་ཉིད་གཉིས་སུ་སྣང་བའི་སྒོ་ནས་དེའི་སྤྱོད་ཡུལ་དུ་འགྱུར་བ་མིན་པ་གང་ ཞིག་རང་འཇལ་བའི་མངོན་སུམ་ཚད་མ་དེས་ཤེས་པར་བྱ་བ་ཡིན་པའོ། །འདི་ནི་འཇུག་པ་ལས། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པའི། །ངོ་བོ་ལོག་པ་གང་ཞིག་རྣམ་བརྟགས་པ། །དེ་ཉིད་བདག་ཉིད་གང་དུ་མིག་ དག་པས། །མཐོང་དེ་དེ་ཉིད་དེ་བཞིན་འདིར་ཤེས་གྱིས། །ཞེས་བཤད་པ་དང་དོན་འདྲ་བ་ཡིན་ནོ། །གང་ཟག་དང་ཕུང་པོ་མཚན་གཞི་ཀུན་རྫོབ་བདེན་པ་ཡིན་པར་བརྗོད་དེ། རང་ཉིད་དངོས་སུ་རྟོགས་པའི་བློ་མངོན་སུམ་ཚད་ མ་དེ་ལ་རང་ཉིད་གཉིས་སུ་སྣང་བའི་སྒོ་ནས་རྟོགས་པར་བྱ་བའོ། །འདི་དག་གི་མཐའ་གཅོད་རྒྱས་པར་ནི་རྗེ་ཉིད་ཀྱིས་མཛད་པའི་འཇུག་པའི་རྣམ་བཤད་ལས་ཤེས་པར་བྱའོ། །བདེན་གཉིས་ཀྱི་མཚན་ཉིད་འདི་ལྟར་ ཞིབ་ཏུ་བཤད་དགོས་པ་ནི་སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དེ་ཉིད་ཀྱིས་ཇི་སྙེད་པ་མཁྱེན། ཇི་སྙེད་པ་མཁྱེན་པ་དེས་ཇི་ལྟ་བ་མཁྱེན་ཡང་ཇི་ལྟ་བ་ཆུ་ལ་ཆུ་བཞག་དང༌། ཇི་སྙེད་པ་ལ་གཉིས་སྣང་དང་བཅས་ པས་མཁྱེན་པ་རྣམས་ལ་ཡང་ཁྱབ་པའི་དབང་དུ་བྱས་པའོ། །ཁ་ཅིག་དབུ་མ་ལ་འཇུག་པའི་རྣམ་བཤད་ཀྱི་དོན་ཞིབ་ཏུ་མ་རྟོགས་པར་སངས་རྒྱས་ཀྱི་ཡེ་ཤེས་དེ་ཉིད་ལ་རང་ཉིད་སྣང་བར་འདོད་པ་ནི་རིགས་པ་དང་

Page: 249 འགལ་ཏེ། སྣང་ཚུལ་གཉིས་ལས་མ་འདས་པས་ཐ་དད་དུ་སྣང་ན་སངས་རྒྱས་ཀྱི་ཡེ་ཤེས་སྣང་ཡུལ་ལ་འཁྲུལ་པ་མི་སྲིད་པས་རང་ཉིད་རང་དང་ཐ་དད་དུ་ཁས་ལེན་དགོས་ལ། ཆུ་ལ་ཆུ་ བཞག་གི་ཚུལ་དུ་སྣང་ན་དེ་ཉིད་དོན་དམ་བདེན་པར་ཐལ་བ་ལྡོག་ཏུ་མེད་དོ། །སངས་རྒྱས་ཀྱི་ཡེ་ཤེས་རང་ཉིད་ལས་ལྡོག་པ་ཐ་དད་པའི་རང་དང་གྲུབ་བདེ་ངོ་བོ་གཅིག་པ་མཐའ་དག་ལ་སྣང་ནས་རྟོགས་ལ། ཤུགས་རྟོགས་ ཀྱི་ཐ་སྙད་འདོགས་སམ་མི་འདོགས་ཀྱང་རུང་རང་ཉིད་ལ་རང་ཉིད་མི་སྣང་ཡང་རྟོགས་པའོ། །སོ་སོའི་སྐྱེ་བོའི་སྔོ་འཛིན་མངོན་སུམ་ཚད་མ་ལྟ་བུ་ཡིན་ན་རང་རིག་པའི་མངོན་སུམ་མི་སྲིད་པས་རང་ལ་རང་ཉིད་མི་ སྣང་ཡང༌། རང་དང་གྲུབ་བདེ་ངོ་བོ་གཅིག་པའི་ཆ་གཞན་རང་ལ་སྣང་ནས་རྟོགས་པར་བཞག་མི་རིགས་པའི་ཕྱིར། སྔོན་པོ་དངོས་སུ་རྟོགས་པ་ལ་ལྟོས་པའི་ཤུགས་རྟོགས་འབའ་ཞིག་ཡིན་ལ་དེ་འདྲ་བའི་ ཤུགས་རྟོགས་སངས་རྒྱས་ལ་མི་སྲིད་པའི་དོན་དུ་ཤེས་པར་བྱའོ། །གསུམ་པ་ལ་གཉིས། བདེན་གཉིས་གཏན་ལ་འབེབས་འདོད་པའི་གང་ཟག་གི་དབང་དུ་བྱས་པའི་དབྱེ་བ་དང་། བློ་མཐོ་དམན་གྱི་ཁྱད་པར་ བཤད་པའོ། །དང་པོ་ནི།བདེན་གཉིས་གཏན་ལ་འབེབས་འདོད་པའི་གང་ཟག་ནི་དེ་ལ་འཇིག་རྟེན་ཏེ་ཕུང་པོ་ལ་བརྟེན་ནས་བཏགས་པའི་གང་ཟག་ཡིན་ལ་དེ་ཡང་རྣམ་པ་གཉིས་སུ་མཐོང་སྟེ། ཞི་ལྷག་ཟུང་

Page: 250 འབྲེལ་གྱི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་རྟོགས་པ་དང༌། ཕལ་པ་དངོས་པོར་སྨྲ་བའོ། །གཙོ་བོའི་དབང་དུ་བྱས་པ་ཡིན་གྱི་སྟོང་ཉིད་ཐོས་བསམ་གྱིས་རྟོགས་ པ་དང་གྲུབ་མཐས་བློ་མ་བསྒྱུར་བའི་གང་ཟག་རྣམས་ཀྱང་དེ་དག་གི་ཕྱོགས་སུ་གཏོགས་པར་བྱའོ། །གཉིས་པ་ནི། དེ་ལ་འཇིག་རྟེན་ཕལ་པ་རྡུལ་ཕྲན་ཆ་མེད་དང་ཤེས་པ་སྐད་ཅིག་ཆ་མེད་དང་དངོས་པོ་ཙམ་བདེན་ པར་འདོད་པ་ནི་རྣལ་འབྱོར་པ་ཡང་ཡིན་ལ་འཇིག་རྟེན་པ་ཡང་ཡིན་པས། རྣལ་འབྱོར་འཇིག་རྟེན་རང་བཞིན་མེད་པར་རྟོགས་པའི་གང་ཟག་དེས་དངོས་པོར་སྨྲ་བ་གྲུབ་མཐའ་འོག་མ་རྣམས་ལ་གནོད་ཅིང་ཞི་ལྷག་ ཟུང་འབྲེལ་གྱི་རྣལ་འབྱོར་པ་ཡང་གོང་མ་གོང་མ་རྣམས་ཀྱིས་འོག་མ་འོག་མ་རྣམས་ལ་གནོད་དེ། དབུ་མ་པས་སེམས་ཙམ་པ་ཤེས་པ་བདེན་པར་འདོད་པ་རིགས་པས་ཁེགས་ལ། དེས་མདོ་སྡེ་པ་རྡུལ་ཕྲན་ཆ་མེད་ ཁས་ལེན་པ་རིགས་པས་ཁེགས་པའོ། །སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ་ནང་ཕན་ཚུན་གཅིག་གིས་གཅིག་ལ་མི་གནོད་དམ་སྙམ་ན་སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ་ཡང་བློའི་ཁྱད་པར་གྱིས་ས་གཉིས་པ་ལ་ སོགས་པ་གོང་མ་གོང་མ་ལ་གནས་པ་རྣམས་ཀྱིས་ས་དང་པོ་ལ་སོགས་པ་ས་འོག་མ་ལ་གནས་པ་རྣམས་ལ་གནོད་པ་སྟེ་ཟིལ་གྱིས་གནོན་པ་ཡིན་ནོ། །རྒྱུད་གཅིག་པའི་དབང་དུ་བྱས་པ་བློ་འཕེལ་བའི་ཁྱད་པར་གྱིས་ས་

Page: 251 ༄༅། །འོག་མར་སྒོམ་སྤངས་ཀྱི་ས་བོན་ལ་གནོད་མ་ནུས་པས་གོང་མར་གནོད་པ་སོགས་ཀྱང་དོན་གྱིས་འཕངས་པ་ཤེས་པར་བྱའོ། །གཞུང་འདི་དག་བཀོད་པའི་དགོས་པ་ནི་བློ་ལ་ཀུན་རྫོབ་རྟོགས་ པའི་བློ་དང་དོན་དམ་རྟོགས་པའི་བློ་གཉིས་སུ་ངེས་པར་བྱས་ནས། ཀུན་རྫོབ་རྟོགས་པའི་ཚད་མས་ཀྱང་དོན་དམ་རྟོགས་པའི་བློ་ལ་མི་གནོད་ན་རྡུལ་ཕྲན་ཆ་མེད་དུ་ཞེན་པ་རྣམས་ཀྱིས་གནོད་པ་ལྟ་ཅི་སྨོས། དོན་ དམ་རྟོགས་པའི་བློས་མཐར་འཛིན་ཐམས་ཅད་ལ་གནོད་པར་ཤེས་པར་བྱ་བའི་ཆེད་དུ་ཡིན་ནོ། །གཞན་ཡང་རྣལ་འབྱོར་པ་ཡང་བློའི་ཁྱད་པར་གྱིས་ཕྱི་རོལ་པ་རྣམས་ཀྱིས་རྟག་དངོས་ཁས་བླངས་པ་བྱེ་བྲག་སྨྲ་ བ་དང་མདོ་སྡེ་པ་ལ་སོགས་པའི་རིགས་པས་གནོད་པ་དང༌། དོན་སྨྲ་གཉིས་ཀྱིས་རྡུལ་ཕྲན་ཆ་མེད་ཁས་ལེན་པ་ལ་སེམས་ཙམ་པ་སོགས་ཀྱི་རིགས་པས་གནོད་པ་དང༌། སེམས་ཙམ་པས་ཤེས་པ་བདེན་གྲུབ་ ཁས་ལེན་པ་ལ་དབུ་མ་པའི་རིགས་པས་གནོད་པ་སོགས་འོག་མ་འོག་མའི་དམ་བཅའ་ལྟར་སྣང་གི་དོན་ལ་གོང་མ་གོང་མའི་རིགས་པ་རྣམས་ཀྱིས་གནོད་པར་ཤེས་པར་བྱའོ། །བཤད་པ་སྔ་མ་ནི་འགྲེལ་ཆེན་ གྱི་བཞེད་པའོ། །གཉིས་པ་ལ་གཉིས། དངོས་དང༌། དེ་ལ་གནོད་པ་སྤང་བའོ། །དང་པོ་ནི། ཕལ་པའི་གྲུབ་མཐའ་ལ་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་རྣལ་འབྱོར་པའི་རིགས་པས་གནོད་པ་མི་

Page: 252 འཐད་དེ་རང་བཞིན་མེད་པའི་སྒྲུབ་བྱེད་མེད་པའི་ཕྱིར་དང༌། རང་བཞིན་མེད་ན་འབྲས་བུ་སངས་རྒྱས་ཀྱི་དོན་དུ་སྦྱིན་སོགས་ལ་སློབ་པ་དོན་མེད་པར་འགྱུར་རོ་ཞེ་ན། རང་བཞིན་མེད་པའི་སྒྲུབ་བྱེད་མེད་པ་མ་ཡིན་ པར་ཐལ། དབུ་མ་པ་དང་དངོས་སྨྲ་བ་གཉིས་ཀ་ལ་ཡང་ནི་རྫུན་པར་གྲགས་ཤིང་འདོད་པའི་རྨི་ལམ་དང་སྒྱུ་མ་ལ་སོགས་པའི་དཔེས་ཏེ་དེ་ལ་བརྟེན་ནས་རང་བཞིན་མེད་པར་གྲུབ་པའི་ཕྱིར། རང་བཞིན་མེད་ན་ སྦྱིན་སོགས་ལ་སློབ་པ་དོན་མེད་དུ་འགྱུར་བ་མ་ཡིན་པར་ཐལ། སངས་རྒྱས་ལ་སོགས་པའི་འབྲས་བུ་ཐོབ་པའི་དོན་དུ་སྦྱིན་སོགས་བདེན་པར་མ་གྲུབ་ཀྱང་མ་བརྟགས་མ་དཔྱད་པ་རྫུན་པ་སྒྱུ་མ་ལྟ་བུར་རྟོགས་པའི་ ཤེས་རབ་ཀྱིས་ཟིན་ནས་འཇུག་པའི་ཕྱིར། རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱིས་མ་ཟིན་ན་ཕར་ཕྱིན་ལྷག་མ་རྣམས་ཀྱིས་ཕར་ཕྱིན་གྱི་མིང་མི་ཐོབ་ཅིང་དེའི་དམིགས་བུ་དང་བཅས་པ་རྣམ་མཁྱེན་གྱི་གྲོང་ཁྱེར་དུ་ བགྲོད་དགོས་པའི་ཕྱིར་རོ། །བཙོ་སྲེག་ལ་སོགས་པའི་དོན་བྱེད་ནུས་པའི་མེ་ལ་སོགས་པ་མངོན་སུམ་གྱིས་གྲུབ་པ་འདི་ཁྱེད་ཀྱང་ཁས་ལེན་ན། ཁོ་བོ་ཅག་འདི་ལ་བདེན་པར་གྲུབ་པ་ཞེས་ཟེར་བ་ཡིན་པས་འུ་བུ་ཅག་ རྩོད་དོན་མེད་ལ་འདི་ཁས་མི་ལེན་ན་མངོན་སུམ་དང་འགལ་བ་སོགས་ཀྱི་གནོད་པ་དུ་མར་འགྱུར་རོ་ཞེ་ན། འདི་དག་ནི་དངོས་པོ་རང་བཞིན་གྱིས་མེད་ན་ཡེ་མེད་དུ་འགྱུར་ཞིང་ཡོད་ན་རང་བཞིན་གྱིས་ཡོད་དགོས་སྙམ་

Page: 253 ༄༅། །པ་བདེན་གཉིས་འགལ་བར་འཛིན་པའི་རྩོད་པའོ། །དབུ་མ་པ་དང་དངོས་པོར་སྨྲ་བའི་འཇིག་རྟེན་པ་ཡིས་མེ་ལ་སོགས་པའི་དངོས་པོ་གཉིས་ཀས་ཚད་མས་མཐོང་ཞིང་ཁས་ལེན་པ་ཡིན་ ཡང་དངོས་པོར་སྨྲ་བས་ཡང་དག་པར་གྲུབ་པ་ཉིད་དུ་རྟོག་ཅིང་ཁས་ལེན་པར་བྱེད་ཀྱི་བདེན་སྟོང་སྒྱུ་མ་ལྟ་བུར་ཁོང་དུ་ཆུད་པ་མིན་ལ། དབུ་མ་པས་ཁོང་དུ་ཆུད་པས་འདིར་ཡང་རྣལ་འབྱོར་པ་དབུ་མ་པ་དང་འཇིག་ རྟེན་དངོས་པོར་སྨྲ་བ་རྩོད་པ་ཡིན་ནོ། །ཡང་ན་འཇིག་རྟེན་པ་སྔ་མ་དངོས་པོར་སྨྲ་བ་འབའ་ཞིག་ལ་སྦྱར་རོ། །གཉིས་པ་ལ་གསུམ། མདོ་སྡེ་པ་ལ་སོགས་པའི་དངོས་སྨྲ་བ་སྤྱིར་དགག་པ་དང༌། སེམས་ཙམ་པའི་ འདོད་པ་བྱེ་བྲག་ཏུ་དགག་པ་དང༌། སྟོང་ཉིད་རྟོགས་པའི་ལམ་དབུ་མ་པ་ལ་དགོས་ནུས་མེད་པར་ཐལ་བ་སྤང་བའོ། །དང་པོ་ལ་གཉིས། མངོན་སུམ་གྱིས་གནོད་པ་དགག་པ་དང༌། ལུང་གིས་གནོད་པ་དགག་པའོ། །དང་པོ་ནི། རང་བཞིན་གྱིས་མ་གྲུབ་ན་གཟུགས་སོགས་ཡུལ་ལྔ་མངོན་སུམ་གྱིས་མཐོང་བ་དང་འགལ་ལོ་ཞེ་ན་མི་འགལ་ཏེ། གཟུགས་ལ་སོགས་པ་མངོན་སུམ་ཚད་མས་གྲུབ་པ་ཉིད་ཀྱང་ནི་གྲགས་པས་གྲུབ་པའི་ཀུན་རྫོབ་པ་ ཙམ་ལ་ཚད་མར་སོང་བ་ཡིན་གྱི། གཟུགས་སོགས་ཀྱི་དེ་ཁོ་ན་ཉིད་ཚད་མ་དེས་གྲུབ་པ་དང་དེ་ལ་ཚད་མར་སོང་བ་མིན་ཏེ། དེ་ལྟ་ན་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཀྱང་དེ་ཁོ་ན་ཉིད་མཐོང་བས་འཕགས་ལམ་བསྐྱེད་པ་

Page: 254 དགོས་པ་མེད་པར་འགྱུར་བ་དང༌། ཏིང་ངེ་འཛིན་རྒྱལ་པོ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ཞེས་སོགས་ཀྱིས་ཀྱང་དེ་ཁོ་ན་ཉིད་ལ་ཚད་མ་ཡིན་པ་བཀག་པར་ཤེས་པར་བྱའོ། །གཟུགས་ལ་སོགས་པ་རང་གི་མཚན་ ཉིད་ཀྱིས་མ་གྲུབ་ན་ཇི་ལྟར་གྲགས་ཤིང་གྲགས་ན་ཡང་ཇི་ལྟར་རྫུན་པ་ཡིན་ཞེ་ན། དེ་ནི་བུད་མེད་ཀྱི་ལུས་མི་གཙང་བ་ལ་སོགས་པ་ལ་གཙང་བ་སོགས་སུ་གྲགས་པ་བཞིན་དུ་དངོས་པོ་རྣམས་རྫུན་པ་ཡིན་ནོ། །གཉིས་པ་ལ་གསུམ། འདུས་བྱས་མི་རྟག་པ་སོགས་སུ་སྟོན་པའི་ལུང་དྲང་དོན་དུ་བསྟན་པ་དང༌། ངེས་དོན་ཡིན་པ་དགག་པ་དང༌། དེ་ལ་འགལ་བ་སྤང་བའོ། །དང་པོ་ནི། གཟུགས་ལ་སོགས་པ་རང་བཞིན་གྱིས་མ་གྲུབ་ན། མདོ་ལས་མི་རྟག་པ་ སོགས་སུ་གསུངས་པ་དང་འགལ་ལོ་ཞེ་ན་མི་འགལ་ཏེ། འཇིག་རྟེན་དེ་ཁོ་ན་ཉིད་ལ་རིམ་གྱིས་གཞུག་པའི་དོན་དུ་ནི་མགོན་པོས་དངོས་པོ་མི་རྟག་པར་བསྟན་ཏོ། །གཉིས་པ་ནི། དེ་ཁོ་ན་ཉིད་དུ་དངོས་པོ་དེ་དག་སྐད་ཅིག་ མ་ཉིད་དུ་གྲུབ་པ་མིན་ཏེ་དེ་ཁོ་ན་ཉིད་དུ་གཅིག་དང་དུ་མ་གང་དུ་ཡང་མ་གྲུབ་པའི་ཕྱིར་རོ། །གསུམ་པ་ལ་ལྔ། ཀུན་རྫོབ་ཏུ་ཡང་མ་གྲུབ་པ་སྤང་བ་དང༌། ཚོགས་གསོག་པ་མི་འཐད་པ་སྤང་བ་དང༌། ཉིང་མཚམས་སྦྱོར་ བ་མི་འཐད་པ་སྤང་བ་དང༌། དགེ་སྡིག་གི་རྣམ་དབྱེ་མི་འཐད་པ་སྤང་བ་དང༌། འཁོར་འདས་ཀྱི་རྣམ་དབྱེ་སོ་སོར་ངེས་པ་མི་འཐད་པ་སྤང་བའོ། །དང་པོ་ནི། ཀུན་རྫོབ་ཏུ་ཡང་འདུས་བྱས་མི་རྟག་པར་གྲུབ་པ་འགལ་ཏེ་འཇིག་

Page: 255 ༄༅། །རྟེན་ན་སྔ་དྲོའི་དངོས་པོ་དེ་ཉིད་ཕྱི་དྲོ་ཡོད་པ་སོགས་རྟག་པར་གྲགས་པའི་ཕྱིར་ཞེ་ན། འཇིག་རྟེན་ན་གཟུགས་སོགས་རྟག་པར་གྲགས་ཀྱང་མི་རྟག་པར་ཚད་མས་མ་གྲུབ་པའི་ཉེས་པ་མེད་དེ་མི་རྟག་ སོགས་རྣལ་འབྱོར་པའི་ཀུན་རྫོབ་ཐ་སྙད་པའི་ཚད་མས་གྲུབ་པའི་ཕྱིར། འོ་ན་མི་རྟག་སོགས་མཐོང་བ་དེ་ཉིད་མཐོང་བར་བཤད་པ་དང་འགལ་ཞེ་ན་མི་འགལ་ཏེ། འཇིག་རྟེན་པ་གཙང་བདེ་རྟག་སོགས་སུ་ ཞེན་པ་ལ་ལྟོས་ནས་དེ་ཉིད་མཐོང་བར་བཞེད་པ་ཙམ་ཡིན་པའི་ཕྱིར། དེ་ལས་གཞན་དུ་འཇིག་རྟེན་ན་གྲགས་ཚད་ཚད་མ་ཡིན་ན་བུད་མེད་མི་གཙང་བར་ངེས་པར་རྟོག་པ་མི་སྡུག་པ་སྒོམ་པའི་རྣལ་འབྱོར་པ་ ལ་བུད་མེད་གཙང་བར་ཞེན་པའི་འཇིག་རྟེན་གྱིས་གནོད་པར་ཐལ་བར་འགྱུར་རོ། །གཉིས་པ་ནི། རང་བཞིན་གྱིས་མེད་ན་རྒྱལ་བ་མཆོད་པ་སོགས་ལ་བསོད་ནམས་འབྱུང་བར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ་བདེན་མེད་སྒྱུ་མ་དང་འདྲ་བའི་རྒྱལ་བ་ལ་མཆོད་པ་ལ་བསོད་ནམས་འབྱུང་བ་ནི། ཅི་ལྟར་ཁྱོད་རྒྱལ་བ་བདེན་པའི་དངོས་པོར་ཡོད་པར་འདོད་པ་ལ་བསོད་ནམས་འབྱུང་བར་འདོད་པ་ཇི་ལྟ་བ་ བཞིན་ནོ། །བདེན་རུང་མི་བདེན་རུང་དངོས་པོ་དང་མཐུན་པར་བསོད་ནམས་འབྱུང་བ་ཡིན་ནོ། །གསུམ་པ་ནི། གལ་ཏེ་སེམས་ཅན་བདེན་མེད་སྒྱུ་མ་དང་འདྲ་ན་སྒྱུ་མའི་སེམས་ཅན་ཞིག་ནས་སླར་མི་འབྱུང་

Page: 256 བ་ལྟར་སེམས་ཅན་ཤི་ནས་ཇི་ལྟར་སྐྱེ་ཞེ་ན་སྒྱུ་མ་དང་སེམས་ཅན་རྣམ་པ་ཐམས་ཅད་དུ་འདྲ་བར་ཁས་མ་བླངས་ཀྱི་བདེན་པར་གྲུབ་མ་གྲུབ་འདྲ་བར་ཁས་བླངས་ལ། དེ་ཙམ་ལ་སྐྱོན་དེ་འཇུག་ན་ཁྱོད་རང་གིས་ཀྱང་ རྨི་ལམ་དང་སྒྱུ་མ་རྫུན་པར་ཁས་བླངས་པས་སྤྲུལ་གཞི་དེ་ལྟར་སྣང་ན་བོང་བུར་ཇི་ལྟར་མི་སྣང་ཞེས་སྨྲས་ན་མཚུངས་སོ། །དེས་ན་རྫུན་པ་ལ་ཡང་ཇི་སྲིད་རྐྱེན་རྣམས་ཚོགས་པར་གྱུར་ན་དུས་དེ་སྲིད་སྒྱུ་མའང་འབྱུང་ བར་འགྱུར་བ་བཞིན་མ་རིག་པ་ལ་སོགས་པའི་རྐྱེན་ཚོགས་ན་སེམས་ཅན་རྣམས་ཀྱང་ཉིང་མཚམས་སྦྱོར་བ་ཡིན་ནོ། །དེ་མི་མཚུངས་ཏེ་སེམས་ཅན་ཐོག་མ་མེད་པ་ནས་རྒྱུན་རིང་བའི་ཕྱིར་རོ་ཞེ་ན། རྒྱུན་རིང་བ་ ཙམ་གྱིས་ཇི་ལྟར་ན་སེམས་ཅན་བདེན་པར་ཡོད་པ་ཡིན་ལ་སྒྱུ་མ་རྒྱུན་ཐུང་བས་རྫུན་པའི་ཁྱད་པར་མི་འཐད་པར་ཐལ། དེ་ལྟ་ན་སྒྱུ་མ་དང་རྨི་ལམ་སོགས་ཀྱང་རྒྱུན་རིང་ཐུང་ཡོད་པས་བདེན་རྫུན་གྱི་ཁྱད་པར་ ཁས་བླང་དགོས་པའི་ཕྱིར་ཏེ། རྨི་ལམ་དུ་བསྐལ་པ་དྲན་པ་ཞག་གཅིག་དྲན་པ་སོགས་ཡོད་པའི་ཕྱིར་རོ། །བཞི་པ་ནི། རང་བཞིན་མེད་པ་སྒྱུ་མ་དང་འདྲ་ན་སེམས་ཅན་བསད་པ་སོགས་ལ་སྡིག་པ་འབྱུང་བར་ བཤད་པ་དང་འགལ་ལོ་ཞེ་ན། སྒྱུ་མའི་སྐྱེས་བུ་བསད་པ་སོགས་ལ་ཡང་མིར་འདུ་ཤེས་ཏེ་གསོད་འདོད་ཀྱིས་མཚོན་བསྣུན་པ་སོགས་བྱས་ན་སྦྱོར་བའི་སྡིག་པ་ཡོད་ལ་སྲོག་གཅོད་དངོས་གཞིའི་སྡིག་པ་མེད་དེ་

Page: 257 ༄༅། །དེ་ལ་སེམས་མེད་པའི་ཕྱིར་ནའོ། །མི་ལ་སོགས་པ་སྒྱུ་མའི་སེམས་དང་ལྡན་པའི་སེམས་ཅན་ལ་ཕན་བཏགས་པས་བསོད་ནམས་དང་ནི་གནོད་པ་བྱས་པས་སྡིག་པ་འབྱུང་བ་ཡིན་ ནོ། །རང་བཞིན་མེད་པར་མཚུངས་པ་ལ་སེམས་ཡོད་མེད་དུ་སྐྱེ་བ་ཇི་ལྟར་ཡིན་ཞེ་ན། སྒྱུ་མའི་རྫས་སྨན་དང་སྔགས་རྣམས་ལ་སྒྱུ་མ་སེམས་ལྡན་དུ་བསྐྱེད་པའི་ནུས་པ་མེད་པའི་ཕྱིར། སྒྱུ་མའི་རྟ་གླང་ལ་སེམས་ ནི་འབྱུང་བ་མེད་དོ། །སྣ་ཚོགས་པའི་རྐྱེན་ལས་བྱུང་བའི་སྒྱུ་མ་དེ་ཡང་སྣ་ཚོགས་ཉིད་དུ་སྣང་བ་ཡིན་ཏེ་ཡང་གི་སྒྲས་སེམས་ཅན་དུ་མ་ཟད་པའོ། །འབྲས་བུ་སྣ་ཚོགས་ལ་རྒྱུ་སྣ་ཚོགས་འབྱུང་དགོས་པ་ནི་རྐྱེན་ གཅིག་གིས་ནི་འབྲས་བུ་ཀུན་བསྐྱེད་ནུས་པ་གང་ནའང་ནི་ཡོད་པ་མ་ཡིན་པའི་ཕྱིར་རོ། །ལྔ་པ་ནི། དབུ་མ་པས་དོན་དམ་དུ་སྐྱེ་བ་དང་རྒ་བ་སོགས་མེད་ཅིང་རང་བཞིན་གྱིས་སྟོང་པ་རང་བཞིན་གྱི་མྱང་འདས་སུ་ ཁས་བླངས་ཤིང་སྐྱེ་རྒ་སོགས་ལས་ཉོན་གྱི་དབང་གིས་གྲུབ་པ་རྣམས་འཁོར་བར་ཁས་བླངས་པ་ལ་མདོ་སྡེ་པ་ན་རེ། གལ་ཏེ་དོན་དམ་པའམ་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་ན་མྱང་འདས་ཡིན་ ཞིང་འཁོར་བ་རང་བཞིན་གྱིས་སྟོང་པ་དོན་དམ་པའི་མྱང་འདས་ཡིན་ཡང་འཁོར་བ་ཀུན་རྫོབ་ཏུ་སྐྱེ་འཆིའི་རྒྱུན་གྱིས་འཁོར་བ་དེ་ལྟ་ན། འཁོར་བ་དང་མྱང་འདས་གཞི་མཐུན་ཡོད་པར་འགྱུར་ལ་དེ་ཡིན་ན་

Page: 258 སངས་རྒྱས་ཀྱང་ནི་འཁོར་བར་འཁོར་བར་འགྱུར་བས་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཐོབ་པའི་ཕྱིར་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པས་ཅི་ཞིག་བྱ་དོན་མེད་པར་ཐལ་ལོ་ཞེ་ན་སྐྱོན་མེད་དེ། རང་ བཞིན་གྱི་མྱང་འདས་དང་གློ་བུར་རྣམ་དག་གི་མྱང་འདས་ལ་ཁྱད་པར་ཡོད་པའི་ཕྱིར་རོ། །རང་བཞིན་གྱིས་མྱ་ངན་ལས་འདས་པ་ནི་ལམ་ལ་གོམས་པ་ལ་ལྟོས་པ་མ་ཡིན་ཏེ་ལམ་ལ་གོམས་མ་གོམས་ཀུན་གྱི་ཆོས་ ཉིད་ཡིན་པས་སོ། །གློ་བུར་དྲི་བྲལ་གྱི་མྱང་འདས་ནི་སྐྱེ་འཆིའི་རྒྱུན་གྱིས་འཁོར་བར་འཁོར་བ་ཆད་པ་ལས་ཐོབ་དགོས་པས་རང་བཞིན་མེད་པ་ཡིན་ཡང་རྐྱེན་རྣམས་རྒྱུན་ནི་མ་ཆད་ན་འཁོར་བར་མ་ཟད་སྒྱུ་མའང་ ལྡོག་པར་མི་འགྱུར་གྱི། མ་རིག་པ་ལ་སོགས་པའི་རྐྱེན་རྣམས་རྒྱུན་ནི་ཆད་པ་ན་འཁོར་བ་ཡང་ཀུན་རྫོབ་ཏུ་ཡང་མི་འགྱུར་རོ། །སྔར་གྱི་རྩོད་པ་དེ་ལ་དོན་དམ་པའི་མྱང་འདས་དང་མྱང་འདས་ཀྱི་ཁྱད་པར་ཕྱེ་ནས་ ལན་འདེབས་དགོས་ཀྱི་གཞན་གྱིས་ལན་མི་ཐེབས་ཏེ། སངས་རྒྱས་མི་འཁོར་ལ་སེམས་ཅན་འཁོར་བ་ཕྱི་རྒོལ་ཡང་འདོད་པས་སོ། །གཉིས་པ་སེམས་ཙམ་པའི་འདོད་པ་བྱེ་བྲག་ཏུ་དགག་པ་ལ་འདོད་པ་བརྗོད་པ་ དང༌། དེ་དགག་པའོ། །དང་པོ་ནི།གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་མེད་ན་སྒྱུ་མ་འཛིན་པའི་ཤེས་པ་འཁྲུལ་པའང་ཡོད་པ་མིན་ན་སྒྱུ་མ་བློ་གང་གིས་དམིགས་པར་འགྱུར་ཏེ། མི་འགྱུར་བས་སྒྱུ་མའང་མེད་པར་

Page: 259 ༄༅། །འགྱུར་རོ་ཞེ་ན་འདི་ཡང་ཡོད་ན་རང་བཞིན་གྱིས་ཡོད་དགོས་སྙམ་པའི་རྩོད་པའོ། །གཉིས་པ་ལ་རྩོད་པ་མཚུངས་པ་དང། དེའི་ལན་དགག་པའོ། །དང་པོ་ནི། གང་གི་ཚེ་སེམས་ཙམ་པ་ཁྱོད་ལ་ གཟུང་བྱ་ཕྱི་རོལ་གྱི་དོན་དུ་སྣང་བ་སྣང་བ་ལྟར་དུ་གྲུབ་ན་ཕྱི་རོལ་གྱི་དོན་ཡོད་པས་སྒྱུ་མ་ལྟ་བུ་དང་དེ་དམིགས་བྱེད་མེད་པར་འགྱུར་ལ། སྣང་བ་ལྟར་དུ་མ་གྲུབ་ན་རང་བཞིན་གྱིས་མེད་པས་ཁྱོད་ལྟར་ན་གཏན་མེད་དུ་འགྱུར་ དགོས་ལ་གཟུང་བྱ་དོན་དུ་སྣང་བ་སྒྱུ་མ་ལྟ་བུ་ཉིད་མེད་ནའང་དེའི་ཚེ་གཟུང་བྱ་ཅི་ཞིག་དམིགས་ཏེ་གཟུགས་སྒྲ་སོགས་འཛིན་བྱེད་ཀྱང་མེད་པར་འགྱུར་རོ། །གཉིས་པ་ལ་འདོད་པ་བརྗོད་པ་དང༌། དེ་དགག་པའོ། །དང་ པོ་ནི།ཁོ་ན་རེ་གལ་ཏེ་ཕྱི་རོལ་དོན་དུ་སྣང་བ་སྣང་བ་ལྟར་གྱི་དོན་དེ་ཉིད་དུ་མེད་ཀྱང་དེ་ལས་གཞན་དུ་ཡོད་དེ་གཟུགས་སོགས་ཀྱི་རྣམ་པ་དེ་ནི་སེམས་ཉིད་ཀྱི་རྫས་ཡིན་ནོ་ཞེ་ན། གཉིས་པ་ལ། གཉིས་མེད་ཀྱི་ཤེས་པ་གང་ གིས་ཀྱང་མ་མཐོང་བ་དང༌། དྲིས་པའི་ལན་གྱི་རང་རིག་དགག་པའོ། །དང་པོ་ནི།གང་གི་ཚེ་སེམས་ཉིད་སྒྱུ་མ་ལྟ་བུའི་དོན་དུ་སྣང་བ་ཡིན་གྱི་ཕྱི་རོལ་གྱི་དོན་མེད་ན་དེའི་ཚེ་དོན་དང་བྲལ་བའི་ཤེས་པ་གང་ཞིག་ཚད་མ་གང་ གིས་མཐོང་སྟེ་མཐོང་བྱེད་མེད་པར་འགྱུར་རོ། །གཉིས་པ་རང་རིག་དགག་པ་ལ། ཤེས་པ་འདི་ལ་ཁ་ཕྱིར་ཕྱོགས་གཟུང་བའི་རྣམ་པ་དང༌། ནང་ཁོ་ནར་ཕྱོགས་པའི་འཛིན་པའི་རྣམ་པ་གཉིས་ཡོད་ལ་ཕྱི་མ་རང་

Page: 260 རིག་པའི་མངོན་སུམ་ཡིན་པས་དེས་ཤེས་པ་ཐམས་ཅད་དམིགས་པ་ཡིན་ནོ་ཞེ་ན། དེ་ལ་ལུང་གིས་དགག་པ་དང༌། རིགས་པས་དགག་པ་དང༌། རང་རིག་ཡོད་པའི་སྒྲུབ་བྱེད་དགག་པ་དང༌། བཏགས་ཡོད་རྣམས་དངོས་པོ་ བདེན་གྲུབ་ཀྱི་རྟེན་ཅན་དུ་འདོད་པ་དགག་པའོ། །དང་པོ་ནི། ཤེས་པ་དེ་ཉིད་ཀྱིས་དེ་ཉིད་གཉིས་སྣང་ནུབ་པའི་ཚུལ་གྱིས་མྱོང་ཞིང་རིག་པ་མི་འཐད་དེ། འཇིག་རྟེན་གྱི་ནི་མགོན་པོས་ཀྱང་གཙུག་ན་རིན་པོ་ཆེའི་མདོ་ ལས་རལ་གྲིའི་སོ་དེ་ཉིད་ཀྱིས་རལ་གྲིའི་སོ་དེ་ཉིད་བཅད་པར་མི་ནུས་པ་སོགས་དཔེར་བཞག་ནས་སེམས་ཀྱིས་སེམས་མི་མཐོང་ཞེས་གསུངས་སོ། །དཔེར་ན་རལ་གྲིའི་སོ་ནི་རང་ལ་རང་གིས་ཅི་ལྟར་ཡང་མི་ གཅོད་པ་དེ་བཞིན་དུ་ཡིད་ཀྱིས་ཡིད་མི་མཐོང་ངོ༌། །རང་རིག་ཁས་ལེན་པ་རྣམས་ཀྱིས་འཛིན་པའི་རྣམ་པ་ཉིད་རང་ཉིད་ཀྱིས་རང་ཉིད་རིག་པར་ཁས་ལེན་པས་དེའི་རིག་བྱ་དང་རིག་བྱེད་ལ་རྣམ་པ་མི་འདྲ་བར་འཆར་ རྒྱུ་རྡུལ་ཙམ་ཡང་མེད་པས་ལྡོག་པ་ཐ་དད་ཀྱང་མེད་པའི་གཅིག་ཏུ་ཁས་ལེན་དགོས་པས་དེ་ལྟ་བུའི་རང་རིག་ཁས་བླངས་ན་རལ་གྲིའི་སོ་རང་གིས་གཅོད་པ་སོགས་ཁས་ལེན་དགོས་ཤིང༌། ཚད་མས་གཞལ་བྱ་ལ་ ལྟོས་མེད་དུ་གཞལ་བྱ་འཇལ་བ་སོགས་ཁས་ལེན་དགོས་པ་ཡིན་ནོ། །གཉིས་པ་ལ། དཔེ་དགག་པ་དང༌། དོན་དགག་པའོ། །དང་པོ་ལ། མར་མེའི་དཔེ་དགག་པ་ནི། ཇི་ལྟར་ཏེ་དཔེར་ན་མར་མེ་རང་གི་དངོས་པོ་དང་གཞན་

Page: 261 ༄༅། །གྱི་དངོས་པོ་གཉིས་ཡང་དག་པར་གསལ་བར་བྱེད་པ་བཞིན་དུ། ཤེས་པས་ཀྱང་རང་གཞན་གཉིས་ཀ་རིག་པར་བྱེད་པ་ཡིན་ནོ་ཞེ་ན། དཔེ་མ་གྲུབ་སྟེ་མར་མེ་རང་གིས་རང་གསལ་བར་བྱེད་པ་མ་ ཡིན་ཏེ། མར་མེ་རང་གིས་གསལ་བར་བྱ་བ་མིན་པའི་ཕྱིར་ཏེ། རང་གིས་རང་གསལ་མི་དགོས་ཤིང་མི་ནུས་པའི་ཕྱིར་རོ། །དེ་ལྟ་ན་མུན་པས་ཀྱང་རང་གཞན་གཉིས་ཀ་སྒྲིབ་པར་བྱེད་པར་འགྱུར་ན་དེ་མི་རིགས་ཏེ་གང་གི་ཕྱིར་ ན་མུན་པ་ལ་མུན་གྱིས་བསྒྲིབས་པ་མེད་པའི་ཕྱིར་རོ། །བསྒྲིབས་ན་བུམ་པ་གོས་ཀྱིས་བསྒྲིབས་པ་བཞིན་དུ་མུན་པའང་མི་མཐོང་བར་འགྱུར་རོ། །འདི་དག་ནི་རྩ་ཤེ་ལས་གསུངས་པ་ལྟར་རྒྱས་པར་ཤེས་པར་བྱའོ། ། ཤེལ་གྱི་དཔེ་དགག་པ་ནི། དཔེར་ན་ཤེལ་བཞིན་དུ་ཤེལ་དཀར་པོ་གཞིའི་དབང་གིས་སྔོན་པོར་སྐྱེས་པ་ནི་གཞན་ལ་ལྟོས་ནས་ཡིན་གྱི་རང་གི་ངོ་བོ་ཉིད་ཀྱིས་མ་ཡིན་ལ། བཻཌཱུརྱའི་སྔོན་པོ་ཉིད་ལ་རང་གི་ངོ་བོ་ཉིད་ཀྱིས་ སྔོན་པོར་སྐྱེས་པ་ཡིན་གྱི། གཞན་ལ་ལྟོས་པ་ཡོད་པ་མ་ཡིན་པ་དེ་བཞིན་དུ་གཟུགས་ལ་སོགས་པ་འགའ་ཞིག་རིག་པ་ནི་ཤེས་པ་གཞན་ལ་ནི་ལྟོས་པ་དང༌། ཤེས་པ་ནི་རང་གིས་རང་རིག་པ་ཡིན་པས་རིག་བྱེད་གཞན་ལ་ ལྟོས་པ་མེད་པ་ཡང་མཐོང་ཞེ་ན། བཻ་ཌཱུརྱའི་སྔོན་པ་སྔོན་པོར་རྒྱུ་གཞན་ལས་མ་སྐྱེས་པའི་དཔེ་དེ་མི་འཐད་པར་ཐལ། སྔོན་པོ་ཉིད་དུ་རྒྱུ་ལས་སྐྱེས་པ་མིན་པ་ལ་སྔོན་པོ་དེ་རང་གི་བདག་གིས་སྔོན་པོའི་བདག་ཉིད་དུ་བྱས་པ་

Page: 262 མེད་པའི་ཕྱིར་རོ། །གཉིས་པ་ནི། མར་མེ་རང་གིས་རང་གསལ་བར་མི་བྱེད་ཀྱང་མར་མེ་གསལ་བ་ཉིད་དོ་ཞེས་ཤེས་པས་ཤེས་ཞེས་དེ་ལྟར་རྗོད་པར་བྱེད་ན་ཤེས་པ་རང་གིས་རང་གསལ་བ་མ་ཡིན་ལ། དེ་ལྟ་ན་བློ་ནི་ གསལ་བ་ཉིད་ཡིན་ནོ་ཞེས་ཤེས་པ་རྫས་གཞན་གང་གིས་ཤེས་ནས་དེ་སྐད་དུ་རྗོད་པར་བྱེད་དེ་མི་རིགས་སོ། །རྫས་གཞན་གྱིས་རིག་ན་ཐུག་མེད་དུ་འགྱུར་བས་རང་གིས་ཀྱང་མི་རིག་གཞན་གྱིས་ཀྱང་མི་རིག་ན་གང་གི་ཚེ་ རིག་བྱེད་འགས་ཀྱང་ཤེས་པ་དེ་མཐོང་བ་མིན་ན། ཤེས་པ་དེ་ནི་གསལ་བའམ་ནི་མི་གསལ་བའི་ཁྱད་པར་དེ་ནི་བརྗོད་ཀྱང་དོན་མེད་དེ། ཁྱད་གཞི་ཤེས་པ་ཚད་མས་མ་གྲུབ་པའི་ཕྱིར། མོ་གཤམ་བུ་མོ་མི་སྲིད་ན་ དེའི་འགྱིང་བག་བརྗོད་པ་དོན་མེད་བཞིན་ནོ། །གསུམ་པ་ལ་གཉིས། རང་རིག་མེད་ཀྱང་དྲན་པ་སྐྱེ་བའི་དཔེ་དང༌། རང་རིག་མེད་ན་གཞན་རིག་མི་འཐད་པ་དགག་པའོ། །དང་པོ་ནི། གལ་ཏེ་རང་རིག་ཡོད་པ་མིན་ན་ཡུལ་ ཅན་རྣམ་ཤེས་དྲན་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་བས་དྲན་པའི་རྟགས་ཀྱིས་མྱོང་བ་དཔོག་ནུས་ན་དེ་ཡང་ངས་སྔར་སྔོན་པོ་མཐོང་ངོ་ཞེས་དྲན་པའི་ཚེ། དྲན་པ་མྱོང་བའི་རྗེས་སུ་བྱེད་པས་སྔོན་པོ་མཐོང་ངོ་ཞེས་ཡུལ་དྲན་ པའི་རྟགས་ལས་ཡུལ་མྱོང་བ་ཡོད་པར་གྲུབ་ལ་ཡུལ་མྱོང་དེ་ཉིད་སྔོ་འཛིན་ཡིན་ནོ། །ངས་མཐོང་ངོ་ཞེས་ཡུལ་ཅན་དྲན་པའི་རྟགས་ལས་ཡུལ་ཅན་མྱོང་བ་ཡོད་པར་གྲུབ་ལ་ཡུལ་ཅན་མྱོང་བ་དེ་ནི་རང་རིག་ཡིན་ལ། སྔོ་

Page: 263 ༄༅། །འཛིན་མྱོང་བྱེད་གང་ཡིན་མཐའ་གཞན་འགོག་པའི་རིགས་པས་ཀྱང་རང་རིག་གྲུབ་བོ་ཞེ་ན། ཡུལ་ཅན་དྲན་པས་རང་རིག་གྲུབ་པ་མ་ཡིན་ཏེ་སྔོ་འཛིན་གྱིས་ཡུལ་གཞན་སྔོན་པོ་མྱོང་བ་ན་ སྔར་སྔོན་པོ་འདི་མཐོང་ཞེས་ཡུལ་ཡུལ་ཅན་འབྲེལ་བ་ལས་ཏེ་འབྲེལ་བར་དྲན་པ་ལས་ཡུལ་ཅན་དྲན་པ་སྐྱེ་བར་འགྱུར་གྱི། ཡུལ་ཅན་མྱོང་བ་ལས་སྐྱེ་བ་མ་ཡིན་ཏེ་བྱི་བའི་དུག་རྨུགས་པའི་དུས་མ་མྱོང་ཡང་ཕྱིས་ དྲན་པ་བཞིན་ནོ། །དཔེར་ན་དགུན་གྱི་དུས་སུ་བྱི་བས་ལུས་ལ་རྨུགས་པ་ན་བྱི་དུག་ཞུགས་ཡོད་ཀྱང་རྨུགས་པ་མྱོང་གི་དུག་མི་མྱོང་ངོ༌། །དེ་ལས་དུས་ཕྱིས་འབྲུག་གི་སྒྲ་ཐོས་པ་ན་རྨུགས་པའི་ཚེ་དུག་ཞུགས་པར་འདུག་ སྙམ་དུ་དྲན་ཀྱང་སྔར་གྱི་ཚེ་དུག་མ་མྱོང་བ་བཞིན་ནོ། །དེ་ལ་བྱི་བས་རྨུགས་པ་ནི་སྔོ་འཛིན་གྱིས་ཡུལ་མྱོང་བ་བཞིན་ནོ། །རྨུགས་པ་དང་དུས་གཅིག་ཏུ་དུག་ཞུགས་པ་ནི་ཡུལ་བཟུང་བ་དང་དུས་གཅིག་ཏུ་ཡོད་པའི་ ཡུལ་ཅན་གྱི་མྱོང་བ་དང་འདྲའོ། །དེའི་ཚེ་ཡུལ་ཅན་རང་གིས་རང་མ་མྱོང་བ་ནི་རྨུགས་པའི་ཚེ་དུག་མ་མྱོང་བ་དང་འདྲའོ། །ཕྱིས་རྨུགས་པ་དྲན་པ་ནི་ཡུལ་མྱོང་བ་དྲན་པ་དང་འདྲའོ། །ཡུལ་མྱོང་དྲན་པ་ཉིད་ཀྱིས་སྔར་གྱི་ཡུལ་ ཅན་ཁོ་རང་གིས་ཁོ་རང་མ་མྱོང་ཡང་དྲན་པ་ནི་རྨུགས་པ་དྲན་པ་ཉིད་ཀྱི་མཐུས་སྔར་ཞུགས་པའི་དུག་མ་མྱོང་བ་དྲན་པ་དང་འདྲའོ། །འདི་ནི་རང་རིག་མེད་པར་དྲན་པ་སྐྱེ་བའི་རིགས་པ་མཁས་པའི་དབང་པོས་མཛད་པ

Page: 264 ཕུལ་དུ་བྱུང་བ་ཞིག་སྣང་སྟེ་སྤྱོད་འཇུག་གི་བཤད་པ་བྱེད་པ་རྣམས་ཀྱིས་ཇི་བཞིན་དུ་མ་ཐོན་པ་འདྲའོ། །འདི་ནི་སྤྱིར་ཕྱིས་ཀྱི་རྣམ་ཤེས་ཀྱི་དྲན་པ་མི་འཐད་པར་ཐལ། སྔར་གྱི་རྣམ་ཤེས་དེས་རང་གིས་རང་མ་མྱོང་བའི་ཕྱིར་ ཞེས་པ་ལ་ཁྱབ་པ་མ་གྲུབ་ཀྱི་ལན་བཏབ་པ་ཡིན་པས། སྤྱོད་འཇུག་གི་དགོངས་པ་ནི་ཐ་སྙད་དུ་རང་རིག་འགོག་པ་མིན་ཞེས་པ་ནི་རྒྱལ་སྲས་ཆེན་པོའི་བཞེད་པ་གཏན་མིན་ཞེས་གསུང་ངོ༌། །རང་རིག་སྒྲུབ་པའི་རིགས་པ་ གཞན་དགག་པ་ནི། ཞི་གནས་བསྒྲུབས་ནས་རྣམ་གནས་སྦྱངས་པ་སོགས་ཀྱི་རྐྱེན་གཞན་དག་དང་ལྡན་པ་ནི་གཞན་གྱི་སེམས་ལ་སོགས་པ་མཐོང་བའི་ཕྱིར་ཤིན་ཏུ་ཉེ་བའི་རང་ཉིད་ཀྱི་སེམས་རང་གི་ཡུལ་དུ་གསལ་ བ་ཡིན་ཏེ། དཔེར་ན་རིང་བའི་ཁབ་མཐོང་ན་ཉེ་བའི་རི་མཐོང་བ་བཞིན་ནོ་ཞེ་ན། མིག་སྨན་གྲུབ་པའི་རྫས་མིག་ལ་བྱུགས་པའི་མིག་སྨན་གྱི་སྦྱོར་བ་ལས་ས་འོག་གི་བུམ་སོགས་ཀྱི་གཏེར་མཐོང་ཡང་མིག་སྨན་ཉིད་ མཐོང་བར་འགྱུར་བ་མིན་པ་བཞིན་དུ་རང་རིག་ཡོད་པ་ལ་གནོད་པར་འགྱུར་གྱི་སྒྲུབ་བྱེད་དུ་མི་རུང་ངོ༌། །ཡང་ན་འདི་ལྟར་བཤད་དེ་གསལ་བྱེད་ཀྱི་རྒྱུ་གཅིག་ལས་སྐྱེས་པར་མཚུངས་པས། གསལ་བྱ་དང་གསལ་ བྱེད་གཅིག་ཏུ་མི་འགྲུབ་པར་མ་ཟད་ངོ་བོ་གཅིག་ཏུ་ཡང་ངེས་པར་འགྲུབ་པ་མ་ཡིན་པར་ཐལ། ས་འོག་གི་གཏེར་ཆེན་པོའི་བུམ་པ་མཐོང་བའི་གསང་སྔགས་གྲུབ་པའི་མིག་སྨན་མིག་ལ་བྱུགས་པའི་སྦྱོར་བ་ལས་ས་

Page: 265 ༄༅། །འོག་གི་བུམ་པ་མཐོང་བའི་ཚེ་ན་གསལ་བྱ་བུམ་པ་གསལ་བྱེད་མིག་སྨན་ཉིད་དང་གཅིག་ཏུ་མི་འགྱུར་བར་མ་ཟད་ངོ་བོ་གཅིག་ཏུ་ཡང་འགྱུར་བ་མིན་པའི་ཕྱིར། དེས་ན་རང་རིག་གི་སྒྲུབ་ བྱེད་དུ་མི་རུང་བར་མ་ཟད་རང་རིག་ཡོད་པ་ལ་གནོད་བྱེད་དུ་འགྱུར་རོ། །གཉིས་པ་ལ་གཉིས། དངོས་དང༌། སེམས་ལས་སྒྱུ་མ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་དགག་པའོ། །དང་པོ་ནི། ཅི་སྟེ་རང་རིག་མེད་ན་དྲན་པ་ མེད་པས་ཡུལ་མྱོང་བ་དང་མཐོང་ཐོས་སོགས་མེད་པར་འགྱུར་རོ་ཞེ་ན། ཇི་ལྟར་མིག་ཤེས་ཀྱིས་མཐོང་བ་དང་ཉན་ཤེས་ཀྱིས་ཐོས་པ་དང་ཡིད་ཀྱིས་ཤེས་པ་ལ་སོགས་པ་དག་ཀུན་རྫོབ་འདིར་ནི་དགག་པར་བྱ་བ་མིན་ཏེ། དེ་དགག་མི་དགོས་ཏེ་དེ་ཙམ་གྱིས་སྡུག་བསྔལ་མི་སྐྱེད་ཅིང་དགྲ་བཅོམ་པ་རྣམས་ལ་ཡང་ཐ་སྙད་དེ་ཡོད་པའི་ཕྱིར་རོ། །དགག་མི་ནུས་ཏེ་འགོག་ན་ལུང་རིགས་ཀྱིས་འགོག་དགོས་ན་དེ་འགོག་ན་ལུང་རིགས་ལ་ཡང་ མཚུངས་པའི་ཕྱིར་རོ། །བཀག་ན་སྐྱོན་ཡོད་དེ་ཆད་ལྟ་ཅན་དུ་འགྱུར་བའི་ཕྱིར་རོ། །དེས་ན་འདིར་ནི་སྡུག་བསྔལ་གྱི་རྒྱུར་གྱུར་པ་ཡུལ་དེ་དག་བདེན་པར་རྟོག་པ་ལྡོག་བྱ་ཡིན་ཏེ་དེ་ཉིད་འཁོར་བའི་རྩ་བ་ཡིན་པའི་ ཕྱིར། འཁོར་བའི་རྩ་བ་མ་ལོག་ན་འཁོར་བ་མི་ལྡོག་ཅིང་གཟུགས་སྒྲ་སོགས་བདེན་འཛིན་འཁོར་བའི་རྩ་བར་བསྟན་པས་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པ་གསལ་བར་བཞེད་པ་ཡིན་ནོ། བདག་

Page: 266 པ་ལ་སོགས་པ་དབང་ཤེས་ལ་སྣང་ཙམ་དགག་བྱ་མིན་ལ་དེ་ལ་རྟག་མི་རྟག་དང་ཡོད་མེད་སོགས་གང་དུ་གཟུང་ཡང་དགག་བྱ་ཡིན་ནོ་ཞེས་ཟེར་བ་ནི་རྒྱ་ནག་གི་མཁན་པོ་སླར་འོངས་པ་ཡིན་ནོ། །གཉིས་པ་ནི། སེམས་ ཙམ་པ་ན་རེ་ཕྱི་རོལ་གྱི་དོན་མེད་པས་སེམས་ལས་སྒྱུ་མ་སྟེ་གཟུགས་ལ་སོགས་པ་རྫས་གཞན་མིན་ཞིང༌། སྔར་དེ་ཚེ་གང་ཞིག་གང་གིས་མཐོང་ཞེས་པའི་སྐྱོན་འཇུག་པས་དེ་གཉིས་གཞན་མིན་པར་ཡང་མི་རྟག་ གོ་ཞེ་ན། གཟུགས་སོགས་བདེན་པར་གྲུབ་ན་སྣང་བ་ལྟར་དུ་བདེན་དགོས་ལ་དེ་ལྟ་ན་ཕྱི་རོལ་དོན་དུ་སྣང་བས་ཕྱི་རོལ་དོན་དུ་གྲུབ་དགོས་ལ་ཕྱི་རོལ་གྱི་དངོས་པོ་ཡིན་ན་ཇི་ལྟར་དེ་སེམས་ལས་རྫས་གཞན་མིན་ཏེ་ རྫས་གཞན་དུ་ཐལ་ལོ། །རྫས་གཞན་མིན་ཞེ་ན་བདེན་པའི་དངོས་པོར་མེད་པར་ཐལ། སྣང་བ་རྣམས་རྫུན་པར་ཁས་བླངས་པ་དེ་ལས་གཞན་མིན་པའི་ཕྱིར། ཇི་ལྟར་སྒྱུ་མ་སྟེ་དོན་དུ་སྣང་བའི་གཟུགས་ལ་སོགས་ པ་བདེན་པར་གྲུབ་པ་མིན་ཡང་སེམས་ཀྱི་བལྟ་བྱ་དམིགས་པ་ཡིན་པ་དེ་བཞིན་ཤེས་པ་དྲུག་ལྟ་བྱེད་ཡིན་པའང་བདེན་པར་མ་གྲུབ་པར་མཚུངས་སོ། །དེའི་ཕྱིར་སྔར། གལ་ཏེ་འཁྲུལ་བ་ཡོད་མིན་ན། །ཞེས་པའི་སྐྱོན་དེ་ དབུ་མ་པ་ལ་མེད་ཅིང་ཁྱེད་སེམས་ཙམ་པས་ཀྱང་ཚུལ་དེ་ལ་བརྟེན་ན་མཛེས་སོ། །བཞི་པ་ནི། གལ་ཏེ་འཁོར་བ་སོགས་རྫུན་པ་དང་བཏགས་པར་ཡོད་པ་རྣམས་དངོས་པོ་བདེན་གྲུབ་རེའི་རྟེན་ཅན་ནམ་གཞི་ཅན་

Page: 267 ༄༅། །ཡིན་ཏེ་འཁྲུལ་པ་ཐམས་ཅད་ལ་གཞི་བདེན་པ་རེ་ཡོད་པས་སོ། །དཔེར་ན་སྡོང་དུམ་ལ་མིར་འཁྲུལ་པ་ལ་ཡང་སྡོང་དུམ་བདེན་པར་གྲུབ་པ་བཞིན་ནོ། །འཁོར་བ་དེ་བཞིན་དུ་གཞི་བདེན་པ་ ལ་བརྟེན་པ་ལས་གཞན་དུ་མི་བརྟེན་ན་ནམ་མཁའ་དང་འདྲ་བར་དངོས་པོ་མེད་པར་འགྱུར་རོ་ཞེས་པ་སྟེ་རྩོད་པ་འདི་བསླབ་བཏུས་སུ་གསུངས་པའི་དོན་ཡིན་གྱི་གཞན་དུ་བཤད་པ་འདིའི་དོན་མིན་ནོ། །འཁོར་བ་སོགས་ དངོས་མེད་དེ་རྫུན་པ་རྣམས་འཁྲུལ་གཞི་བདེན་པའི་དངོས་པོ་ལ་བརྟེན་པས་ན་འཆིང་གྲོལ་སོགས་འབྲས་བུ་བསྐྱེད་པའི་བྱེད་པ་དང་ལྡན་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། བརྟེན་པའི་གཞི་ དངོས་པོ་བདེན་གྲུབ་མེད་པའི་ཕྱིར་རྟགས་འདི་བསླབ་བཏུས་སུ་གསུངས་སོ། །སེམས་ཙམ་པ་ཁྱོད་ཀྱི་ལུགས་ཀྱིས་སེམས་ནི་གཟུང་འཛིན་གཉིས་སུ་འཁྲུལ་བ་སོགས་ཀྱི་གྲོགས་མེད་པར་རང་རིག་རང་ གསལ་གཅིག་པུ་ཉིད་དུ་འགྱུར་བ་ཡིན་པར་ཐལ། ཡུལ་ཡུལ་ཅན་རྒྱངས་ཆད་དུ་སྣང་བ་འདི་སྣང་བ་ལྟར་དུ་མ་གྲུབ་པར་ཁས་བླངས་པས་ཕྱི་དོན་མེད་ལ་གཟུགས་སོགས་ཀྱི་སྣང་བ་ཤེས་པ་ཡིན་པའང་སྔར་ བཀག་པས་ཤེས་པ་མིན་ལ། དེ་ལྟ་ན་ཤེས་པ་དང་འབྲེལ་མེད་དོན་གཞན་དུ་འགྱུར་བས་གཟུགས་སོགས་ཀྱི་སྣང་བ་བསླད་ཀྱང་ཤེས་པའི་རྫས་ལ་བསླད་བ་མེད་པའི་ཕྱིར་རོ། །འདོད་ན་གང་གི་ཚེ་སེམས་ནི་

Page: 268 གཟུང་འཛིན་གཉིས་ཀྱི་སྣང་བ་དང་བྲལ་བ་དེའི་ཚེ་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་ཞིང་འབད་མེད་དུ་གྲོལ་བར་ཐལ། སེམས་ཐམས་ཅད་གཟུང་འཛིན་གཉིས་ཀྱི་སྣང་བ་དང་བྲལ་བའི་ཕྱིར། འདོད་པ་དེ་ལྟ་ན་ཡང་ཐམས་ཅད་མཁྱེན་པ་ཐོབ་པའི་ཆེད་དུ་གཟུང་འཛིན་རྫས་ཐ་དད་ཀྱིས་སྟོང་པའི་སེམས་ཙམ་ཏུ་བརྟགས་པ་སྟེ་གཏན་ལ་ཕབ་པ་ལའང་ཡོན་ཏན་ཏེ་དགོས་པ་ཅི་ཞིག་ཡོད་དེ་ཅུང་ཟད་ཀྱང་མེད་པར་ ཐལ། འདོད་པ་དེའི་ཕྱིར། གསུམ་པ་སྟོང་ཉིད་རྟོགས་པའི་ལམ་དབུ་མ་ལའང་དགོས་ནུས་མེད་པར་ཐལ་བ་སྤང་བ་ལ་གཉིས། རྩོད་པ་དང༌། ལན་ནོ། །དང་པོ་ནི། ཁྱོད་ཀྱིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རང་བཞིན་མེད་པར་ གཏན་ལ་ཕབ་སྟེ་དེ་ལྟར་ཤེས་ན་ཡང་དེས་ཉོན་སྒྲིབ་སྤོང་བ་སོགས་ཀྱི་དགོས་པ་མེད་ན་ནི་གཏན་ལ་འབེབས་པ་ངལ་བ་ཙམ་དུ་ཟད་ལ། དགོས་པ་ཡོད་པར་འདོད་ན་ཡང་ཇི་ལྟར་དེས་ཉོན་མོངས་ལྡོག་པར་འགྱུར་ཏེ་མི་འགྱུར་བར་ ཐལ། གང་གི་ཚེ་སྒྱུ་མའི་བུད་མེད་ལ་དེ་བྱེད་པ་པོ་སྒྱུ་མ་མཁན་ཉིད་ཀྱང་ཕྱི་རོལ་གྱི་བུད་མེད་ཀྱིས་སྟོང་པར་རྟོགས་ཀྱང་སྒྱུ་མའི་བུད་མེད་འདི་ལོངས་སྤྱད་རུང་དུ་སོང་ན་སྙམ་དུ་སྒྱུ་མ་མཁན་ཆགས་པ་སྐྱེ་བར་འགྱུར་བ་ མཐོང་ལ་ཁྱོད་ཀྱི་སྟོང་ཉིད་ནི་དང་པོ་ཐོས་བསམ་གྱིས་རྟོགས་པ་ཙམ་ལས་མེད་པས་སོ་ཞེ་ན། གཉིས་པ་ལ་གསུམ། སྒྱུ་མ་མཁན་ལ་ཆགས་པ་སྐྱེ་བའི་རྒྱུ་མཚན་དང༌། སྟོང་ཉིད་རྟོགས་པའི་ཤེས་རབ་གོམས་པས་

Page: 269 ༄༅། །ཉོན་མོངས་བག་ཆགས་དང་བཅས་པ་སྤོང་བ་འཐད་པར་བསྟན་པ་དང༌། སྤངས་པའི་འབྲས་བུ་ཕུན་སུམ་ཚོགས་པ་འབྱུང་བར་བསྟན་པའོ། །དང་པོ་ནི། སྒྱུ་མ་མཁན་སྒྱུ་མ་དེ་བྱེད་པ་པོ་ནི་ ཤེས་བྱ་ལ་སྟེ་སྒྱུ་མའི་བུད་མེད་ལ་ཉོན་མོངས་བག་ཆགས་ཏེ་བདེན་འཛིན་ཅུང་ཟད་ཀྱང་མ་སྤངས་ཤིང༌། བདེན་པར་འཛིན་པ་དེས་ན་དེ་མཐོང་བའི་དུས་ན་དེ་སྟོང་ཉིད་རྟོགས་པའི་བག་ཆགས་ཉམ་ཆུང་བ་ཉིད་ ཡིན་པས་ཉོན་མོངས་སྐྱེ་བ་ཡིན་ནོ། །སྔ་མ་དག་གིས་སྒྱུ་མའི་བུད་མེད་བུད་མེད་ཀྱིས་སྟོང་བར་རྟོགས་པ་ནི་ཉི་ཚེ་བའི་སྟོང་ཉིད་ཙམ་ཡིན་པས་དེས་ཉོན་མོངས་མི་སྤོང་ལ། ངེད་ཀྱི་ལུགས་ལ་ཁྱབ་པའི་སྟོང་ཉིད་རྟོགས་ པས་སྤོང་བ་ཡིན་ནོ། །ཞེས་ལན་མཛད་པ་ནི་མི་འཐད་དེ་སྒྱུ་མའི་བུད་མེད་ཀྱིས་སྟོང་པར་རྟོགས་པ་ནི་དགག་བྱ་ཕྲ་མོ་ལ་ལྟོས་པའི་ཉི་ཚེ་བའི་སྟོང་ཉིད་རྟོགས་པ་མིན་ཏེ་དགག་བྱའི་ངོས་འཛིན་དང་དེ་ཆོས་གཅིག་ གི་སྟེང་དུ་མེད་པར་རྟོགས་ན་གཞན་ལའང་གོ་འོང་བ་སོགས་གཞན་ལས་བཤད་པ་ལས་ཤེས་པས་སོ། །དེས་ན་སྤྱིར་འཁྲུལ་པ་ལ་རྟོག་མེད་འཁྲུལ་བ་རབ་རིབ་ཀྱིས་སྐྲ་ཤད་འཛག་པར་མཐོང་བ་ལྟ་བུ་ལ་ཡིད་ཀྱིས་སྐྲ་ ཤད་མེད་པར་གོ་བས་འཁྲུལ་བ་དེ་མི་ལྡོག་གི་དེ་ལྡོག་པ་ལ་མིག་གི་རབ་རིབ་སེལ་ཐབས་བྱེད་དགོས་སོ། །རྟོག་པ་འཁྲུལ་བ་ལའང་འཕྲལ་དུ་གློ་བུར་གྱི་རྒྱུ་ལས་བྱུང་བ་ཐག་ཁྲ་ལ་སྦྲུལ་འཛིན་སོགས་ནི་ཐག་པར་རྟོགས་

Page: 270 པ་ཙམ་གྱིས་འཁྲུལ་བ་དེ་ལྡོག་གི་དེ་ལྡོག་པ་ལ་གོ་བ་དེ་རིང་དུ་གོམས་པ་སོགས་མི་དགོས་སོ། །འགྲོ་བ་ཀུན་གྱི་རྒྱུད་ཀྱི་བདེན་འཛིན་ནི་སངས་རྒྱས་ཀྱིས་ཀྱང་མི་གཟིགས་པའི་ཐོག་མ་མེད་པ་ནས་རྒྱུད་ལ་ཆེས་ཤིན་ཏུ་འདྲིས་ཤིང༌། དེས་ རྒྱུད་ཚོས་པ་བཞིན་དུ་སོང་བས་དེའི་ས་བོན་ལྟ་ཞོག་མངོན་གྱུར་རགས་པའང་བདེན་པ་མེད་པར་རྟོགས་པ་ཙམ་གྱིས་ག་ལ་ལྡོག་དེ་ཙམ་དུ་མ་ཟད་བདེན་མེད་མངོན་སུམ་དུ་རྟོགས་ཀྱང་ཉོན་མོངས་ཀུན་བཏགས་ས་བོན་དང་ བཅས་པ་སྤོང་ཡང་ལྷན་སྐྱེས་མི་སྤོང་བས་སོ། །དེའི་ཕྱིར་ཡུན་རིང་དུ་སྒོམ་པའི་སྒོམ་ལམ་སོགས་ལམ་གྱི་རྣམ་གཞག་མང་དུ་གསུངས་པ་ཡིན་ནོ། །སྟོང་ཉིད་རྟོགས་པ་ལའང་མཐར་ཉོན་མོངས་ཟད་པ་འབྱུང་བ་ཁས་ བླངས་ཤིང་དེས་ཆོག་གི་དེ་ལ་སྟོང་ཉིད་རྟོགས་མ་ཐག་སྤོང་དགོས་ཞེས་ཁས་མ་བླངས་ཤིང་ལེན་ཡང་ག་ལ་དགོས་ཞེ་ན་ལན་བསྡུས་པའོ། །སྒྱུ་མ་མཁན་སྒྱུ་མའི་བུད་མེད་དེ་བྱེད་པས་ནི་དམིགས་ཡུལ་ཤེས་བྱ་སྟེ་སྒྱུ་མའི་བུད་མེད་ ལ་ཉོན་མོངས་བག་ཆགས་ཏེ་བདེན་འཛིན་མ་སྤངས་ཤིང་བདེན་པར་འཛིན་པ་དེས་ན་སྒྱུ་མའི་བུད་མེད་བུད་མེད་ཀྱིས་སྟོང་པ་དེ་མཐོང་བ་ན། དེའི་སྟོང་ཉིད་བག་ཆགས་དེ་ཉམ་ཆུང་བ་སྟེ་བདེན་འཛིན་ལ་གནོད་པའི་ནུས་པ་མེད་དེ་ དེ་དང་འཛིན་སྟངས་འགལ་བ་མེད་པས་སོ། །ཉོན་མོངས་བག་ཆགས་ཞེས་པའི་བག་ཆགས་ནི་བདེན་འཛིན་ལ་བྱས་པ་དང་དེའི་ས་བོན་དང༌། ཤེས་སྒྲིབ་ལ་བྱས་པ་ཡོད་ཀྱང་འདིར་སྔ་མའོ། །གཉིས་པ་ལ་གཉིས། སྤྱིར་

Page: 271 ༄༅། །བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྟོང་ཉིད་བག་ཆགས་གོམས་པ་སྟེ་དངོས་པོ་རང་བཞིན་གྱིས་སྟོང་པར་རྟོགས་ན་དངོས་པོ་བདེན་པར་འཛིན་པའི་བག་ཆགས་སྤོང་བར་འགྱུར་ ཞིང་ཅི་ཡང་མེད་ཅེས་པ་སྟེ་བདེན་མེད་ཉིད་ཀྱང་བདེན་མེད་དུ་རྟོགས་པ་གོམས་པས་ནི་བདེན་མེད་བདེན་འཛིན་དེ་ཡང་ཕྱི་ནས་སྤོང་བར་འགྱུར་རོ། །དགག་བྱ་རགས་པ་བཀག་པ་ཙམ་ཡིན་ན་བཀག་པ་བདེན་གྲུབ་ཕྱིས་ དགག་དགོས་ཀྱང་མིང་གི་ཐ་སྙད་ཀྱིས་བཞག་པ་ཙམ་མིན་པའི་ཡོད་པ་བདེན་ཚད་དུ་བྱས་པའི་དགག་བྱ་ཕྲ་མོ་བཀག་པའི་བཀག་པ་བདེན་འཛིན་ནི། དུས་དེའི་ཚེ་ཉིད་ནས་འགོག་སྟེ་དེ་མ་ཐག་འཆད་པར་འགྱུར་རོ། །གཉིས་ པ་ནི། གང་གི་ཚེ་དངོས་པོ་གང་ཞིག་བདེན་པར་མེད་དེ་ཞེས་བརྟག་བྱའི་དངོས་པོ་བདེན་པར་ཡོད་ན་དམིགས་སུ་རུང་བ་ལས་བདེན་པར་མི་དམིགས་པས། བདེན་མེད་དུ་རྟོགས་པ་དེའི་ཚེ་བདེན་པའི་དངོས་མེད་རྟེན་ ཆོས་ཅན་བདེན་གྲུབ་དང་བྲལ་བའི་ཕྱིར། བཀག་པ་བདེན་གྲུབ་བློ་དེའི་མདུན་དུ་ཇི་ལྟར་གནས་ཏེ་ཆོས་ཅན་དང་བྲལ་བའི་ཆོས་ཉིད་མེད་པས་བདེན་སྟོང་བདེན་པར་གྲུབ་ན། ཆོས་ཅན་དེའི་རང་བཞིན་དུ་གྲུབ་དགོས་ལ་དེ་ བདེན་པའི་རང་བཞིན་དུ་གྲུབ་པ་སྔར་ནས་ཁེགས་པའི་ཕྱིར། དེས་ན་གང་གི་ཚེ་དངོས་པོ་དང་དངོས་མེད་དག་བདེན་གྲུབ་གང་ཡང་བློ་ཡི་མདུན་ན་མི་གནས་པ་དེའི་ཚེ་བདེན་པར་གྲུབ་པའི་རྣམ་པ་གཞན་མེད་པས། བདེན་འཛིན་གྱི་དམིགས་

Page: 272 པའི་གཏད་སོ་མཐའ་དག་མེད་པར་རྟོགས་པར་སྤྲོས་པ་མཐའ་དག་རབ་ཏུ་ཞི་བ་ཡིན་ཏེ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་གང་ཟག་གི་དོན་སྟོང་ཉིད་ལ་གཉིས་སྣང་གི་སྤྲོས་པ་ཡང་ཞི་ལ་སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པ་ལ་ནི་ གཉིས་སྣང་མ་ཁེགས་ཀྱང་ངེས་དོན་བདེན་པའི་སྤྲོས་པ་ཁེགས་པ་ཡིན་ནོ། །ཚིགས་བཅད་འདི་དང་འོག་མ་ལྔས་འབྲས་བུའི་གནས་ཚུལ་རྒྱས་པར་སྟོན་པ་ཡིན་ནོ། །སྟོད་ལུང་རྒྱ་དམར་ན་རེ་གནས་ལུགས་མངོན་སུམ་དུ་གྱུར་པའི་ ཚེ་ཤེས་པ་མེད་པ་དང་ཤེས་བྱ་མེད་པར་བསྟན་བཅོས་འདི་དང་བདེན་གཉིས་མཁན་པོའི་བཞེད་པར་བྱས་ནས། ཁོ་བོས་ནི་ཤེས་བྱ་མེད་པའི་ཤེས་པ་དང་གཞལ་བྱ་མེད་པའི་ཚད་མ་མ་རིག་གོ་ཞེས་ཟེར་ཞིང་རང་ཉིད་བདེན་སྟོང་ བདེན་གྲུབ་ཏུ་འདོད་པ་ནི་ཤིང་རྟ་ཆེན་པོའི་བཞེད་པ་ཅུང་ཟད་མ་གོ་བར་གསལ་ཞིང༌། རང་ཉིད་ཀྱང་རྟག་ལྟའི་གཞན་དབང་དུ་གྱུར་བཞིན་དུ་དབུ་མའི་དོན་རྟོགས་པར་རློམ་པ་ནི་མི་རིགས་པ་ཆེན་པོ་ཡིན་ནོ། །གསུམ་པ་ལ་ གཉིས། རྣམ་རྟོག་མེད་ཀྱང་གདུལ་བྱའི་རེ་བ་སྐོང་བ་འཐད་པ་དཔེ་དང་བཅས་པ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། སངས་རྒྱས་ལ་རྟོག་པ་ཐམས་ཅད་ཉེ་བར་ཞི་བ་ཡིན་ན་གདུལ་བྱ་ལ་ཆོས་བསྟན་པར་བྱའོ་སྙམ་པ་ ཡང་མེད་པས་སེམས་ཅན་ལ་ཆོས་བསྟན་པ་སོགས་ཀྱི་དོན་མཛད་པ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ་རྟོག་པ་མེད་ཀྱང་མི་ལ་ཡིད་བཞིན་ནོར་བུ་དང་ལྷ་ལ་དཔག་བསམ་གྱི་ཤིང་ལ་གསོལ་བ་བཏབ་པས་ཇི་ལྟར་འདོད་པའི་རེ་བ་ཡོངས་

Page: 273 ༄༅། །སུ་སྐོང་བ་དེ་བཞིན་དུ། གདུལ་བྱའི་སངས་རྒྱས་དང་ཕྲད་པ་སོགས་ཀྱི་བསོད་ནམས་བསགས་པའི་མཐུ་དང་སངས་རྒྱས་རྣམས་ཀྱིས་རྟོག་པ་མེད་བཞིན་དུ་སེམས་ཅན་གྱི་དོན་འབད་མེད་ལྷུན་གྲུབ་ཏུ་བྱེད་ པར་གྱུར་ཅིག་སྙམ་པའི་སྔོན་གྱི་སྨོན་ལམ་གྱི་དབང་གིས་རྒྱལ་བའི་གཟུགས་ཀྱི་སྐུར་སྣང་ནས་ཆོས་སྟོན་པ་ཤིན་ཏུ་འཐད་པ་ཡིན་ནོ། །སྨོན་ལམ་བཏབ་པ་འདས་ནས་དུས་རིང་པོ་ལོན་པས་དེས་ད་ལྟར་འབྲས་བུ་བསྐྱེད་པ་ མི་འཐད་ཅིང་སྨོན་ལམ་འདེབས་མཁན་བྱང་ཆུབ་སེམས་དཔའ་ཡིན་པས་དེའི་འབྲས་བུ་རྒྱལ་བའི་མཛད་པར་མི་འཐད་དོ་ཞེ་ན། སྐྱོན་མེད་དེ་དཔེར་ན་བྲམ་ཟེས་དུག་ཞི་བར་བྱེད་པའི་ནམ་མཁའ་ལྡིང་གི་མཆོད་ སྡོང་བསྒྲུབས་ནས་བྲམ་ཟེ་འདས་པར་གྱུར་པ་དེ་འདས་ནས་ཡུན་རིང་ལོན་ཡང་མཆོད་སྡོང་དེ་ད་ལྟར་དུག་ལ་སོགས་པ་ཞི་བར་བྱེད་ནུས་པ་བཞིན་དུ་བྱང་ཆུབ་སེམས་དཔས་བྱང་ཆུབ་ཀྱི་སྤྱོད་པ་དང་རྗེས་སུ་མཐུན་པར་ཚོགས་ གཉིས་ཀྱི་སྒོ་ནས་རྒྱལ་བའི་མཆོད་སྡོང་བསྒྲུབས་པ་ཡང༌། སྒྲུབ་པ་པོ་བྱང་ཆུབ་སེམས་དཔའ་མི་གནས་པའི་མྱ་ངན་ལས་འདས་པ་མངོན་དུ་བྱས་ཀྱང་གདུལ་བྱའི་གནས་སྐབས་དང་མཐར་ཐུག་གི་དོན་རྣམས་ཐམས་ཅད་ མཛད་པ་མི་འགལ་ཞིང་འདི་ནི་རྒྱུན་འཇོག་མ་ཤེས་པའི་རྩོད་པའོ། །གཉིས་པ་ནི། ཉན་ཐོས་པ་ཁ་ཅིག་ན་རེ། སངས་རྒྱས་ལ་རྟོག་པའི་སེམས་མེད་པ་ལ་མཆོད་པ་བྱས་ནས་ཅི་ལྟར་བསོད་ནམས་ཀྱི་འབྲས་བུ་ལྡན་པར་འགྱུར་ཏེ་

Page: 274 མཆོད་པ་ལེན་པའི་རྟོག་པ་ཡང་མེད་པའི་ཕྱིར་རོ་ཞེ་ན། སངས་རྒྱས་ལ་རྟོག་པ་མེད་ཀྱང་མཆོད་པ་བྱས་པས་བསོད་ནམས་འབྱུང་བ་འཐད་པར་ཐལ། རྒྱུ་མཚན་གང་གི་ཕྱིར་ན་སངས་རྒྱས་སྐུ་དངོས་སུ་བཞུགས་པའམ་མྱ་ངན་ ལས་འདས་རྗེས་ཀྱི་སྐུ་གདུང་ལ་མཆོད་པ་གཉིས་བསོད་ནམས་མཚུངས་པ་ཉིད་དུ་བྱམས་པ་སེངྒེ་སྒྲའི་མདོ་ལས་བཤད་པའི་ཕྱིར་རོ། །མཆོད་རྟེན་བསྐོར་བའི་ཕན་ཡོན་ལས་ཀྱང༌། གང་ཞིག་བཞུགས་ལ་མཆོད་པ་དང༌། །མྱ་ངན་ འདས་པའི་སྐུ་གདུང་ལ། །སེམས་ནི་མཉམ་པར་དང་བ་ཡི། །བསོད་ནམས་ལ་ནི་ཁྱད་པར་མེད། །ཅེས་གསུངས་སོ། །སངས་རྒྱས་ལ་མཆོད་པ་སོགས་ཀུན་རྫོབ་ཏུ་གྲུབ་པ་ནི་དེ་ཁོ་ན་ཉིད་དུའང་རུང་སྟེ་དེར་མཆོད་པ་བྱས་པས་ འབྲས་བུ་འབྱུང་བ་སངས་རྒྱས་ཀྱིས་ལུང་ལས་གསུངས་པ་ཡིན་ནོ། །དཔེར་ན་ཁྱོད་རང་བདེན་པའི་སངས་རྒྱས་ལ་ཇི་ལྟར་འབྲས་བུ་དང་བཅས་པ་འདོད་པ་བཞིན་ནོ། །དོན་ནི་དེ་ཁོ་ན་ཉིད་ཀྱི་དོན་ལ་དཔྱད་པ་རེ་ཤིག་བཏང་སྙོམས་ སུ་བྱས་ནས་བདེན་ཡང་རུང་རྫུན་ཡང་རུང་ངེད་ལ་དངོས་པོ་དང་མཐུན་པའི་འབྲས་བུ་བྱུང་བ་དེས་ཆོག་ཅེས་པའི་དོན་ནོ། །གཉིས་པ་ཐར་པ་ཙམ་ཐོབ་པར་འདོད་པས་ཀྱང་སྟོང་ཉིད་རྟོགས་དགོས་པར་བསྒྲུབ་པ་ལ། རྩོད་པ་དང༌། ལན་ ནོ། །དང་པོ་ནི།ཉན་ཐོས་སྡེ་པ་ཁ་ཅིག་ན་རེ། བདེན་པ་བཞིའི་རྣམ་པ་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་མཐོང་བ་གོམས་པས་གྲོལ་བ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འགྱུར་གྱི། ཆོས་ཐམས་ཅད་བདེན་པས་སྟོང་པ་

Page: 275 ༄༅། །ཉིད་མཐོང་བས་ཅི་ཞིག་བྱ་དགོས་པ་མེད་ཅིང་མི་རིགས་སོ་ཞེ་ན། ཉན་ཐོས་སྡེ་པ་ཁ་ཅིག་སངས་རྒྱས་ཐོབ་པར་བྱེད་པ་ལ་ཡང་སྟོང་ཉིད་རྟོགས་མི་དགོས་པར་མ་ཟད་ཆོས་ཀྱི་བདག་མེད་ཀྱི་མིང་ཙམ་ ཡང་ཁས་མི་ལེན་ཅིང་ཐེག་པ་ཆེན་པོའི་མདོ་སྡེ་བཀར་ཁས་མི་ལེན་པ་དེ་དག་ཕྱོགས་སྔའི་གཙོ་བོ་ཡིན་ལ། ཞར་ལ་ཐེག་པ་ཆེན་པོའི་མདོ་སྡེ་ཚད་མར་བཞེད་ཀྱང་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ལ་ཆོས་ཉིད་བདག་མེད་རྟོགས་པ་ མི་དགོས་པར་བཞེད་པ་དེ་དག་ཀྱང་བཀག་ནས་སྟོང་ཉིད་རྟོགས་པའི་ཤེས་རབ་ཉིད་སྲིད་པ་ལས་གྲོལ་བའི་ལམ་དུ་བསྒྲུབ་བཞེད་ནས་གཞུང་འདི་དག་བཀོད་པ་ཡིན་ནོ། །གཉིས་པ་ལ་གསུམ། སྟོང་ཉིད་རྟོགས་པའི་ཤེས་རབ་དེ་ཉིད་ སྲིད་པ་ལས་གྲོལ་བའི་ལམ་དུ་བསྒྲུབ་པ་དང༌། མི་གནས་པའི་མྱ་ངན་ལས་འདས་པའི་ལམ་དུ་བསྒྲུབ་པ་དང༌། དེས་ན་གྲོལ་བ་དོན་གཉེར་གྱིས་སྟོང་ཉིད་བསྒོམ་རིགས་པར་གདམས་པའོ། །དང་པོ་ལ་ཐེག་པ་ཆེན་པོའི་མདོ་སྡེ་ བཀར་ལུང་གིས་སྒྲུབ་པའི་སྒོ་ནས་བསྒྲུབ་པ་དང༌། རིགས་པས་བསྒྲུབ་པའོ། །དང་པོ་ནི།ཉན་རང་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ལ་ཡང་སྟོང་ཉིད་རྟོགས་པ་ངེས་པར་དགོས་པར་ཐལ། རྒྱུ་མཚན་གང་གི་ཕྱིར་ན་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེའི་ལུང་ལས་སྟོང་ཉིད་རྟོགས་པའི་ལམ་འདི་ནི་གོམས་པ་མེད་པར་བྱང་ཆུབ་གསུམ་ག་ཐོབ་པ་མེད་པར་གསུངས་པའི་ཕྱིར་རོ། །སྤྱོད་འཇུག་འགྲེལ་ཆེན་ལས་ཡུམ་གྱི་མདོ་ལས་དངོས་པོའི་འདུ་

Page: 276 ཤེས་ཅན་ལ་ཐར་པ་མེད་པ་དང༌། དུས་གསུམ་གའི་ཡང་དག་པར་རྫོགས་པའི་སངས་རྒྱས་དང་རྒྱུན་ཞུགས་ནས་རང་རྒྱལ་གྱི་བར་རྣམས་ཤེར་ཕྱིན་འདི་ཉིད་ལ་བརྟེན་ནས་ཐོབ་པར་གསུངས་པ་དྲངས་པ་ལྟར་ཡིན་གྱི་བླ་ན་མེད་པའི་བྱང་ ཆུབ་རྐྱང་པ་ལ་བྱེད་པ་གཞུང་གི་དོན་མིན་ནོ། །གཞན་ཡང་མདོ་ཕྱོགས་ནས་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་སྟོན་པའི་ལུང་མཐའ་ཡས་པ་ཡོད་པ་རྣམས་མ་དྲངས་སོ། །གཞུང་རྐང་པ་གཉིས་པོ་འདི་ཉན་ཐོས་སྡེ་པ་ འགའ་ཞིག་གི་བློ་ངོར་ཐེག་པ་ཆེན་པོ་བཀར་བསྒྲུབ་བཞེད་ནས་སྒྲུབ་བྱེད་འདི་བཀོད་པ་ཡིན་ནོ། །ཐེག་པ་ཆེན་པོའི་ལུང་ཚད་མར་མི་འདོད་ན་དེ་ལ་སྒྲུབ་བྱེད་དུ་བཀོད་པ་རིགས་པ་དང་བྲལ་བར་མི་འགྱུར་རོ་སྙམ་ན་སྐྱོན་མེད་དེ། སྒྲུབ་བྱེད་བཀོད་པ་ཐམས་ཅད་ཀྱི་ཚུལ་གསུམ་དང་པོ་ནས་ཕྱི་རྒོལ་གྱིས་གྲུབ་མི་དགོས་ལ་འདིར་ཡང་སྒྲུབ་བྱེད་འདིའི་ཁྱབ་པ་འོག་ནས་འགོ་མཚུངས་དང་རྣལ་མའི་རིགས་པས་བསྒྲུབ་པ་ཡིན་ནོ། །སློབ་དཔོན་གྱིས་ཀྱང་ ཐེག་ཆེན་གྱི་མདོ་སྡེ་བཀར་མི་འདོད་པའི་ལོག་རྟོག་དགག་བཞེད་ནས་གཞུང་འདི་དག་བཀོད་པ་ཡིན་ལ། གཏན་ཚིགས་འདིའི་བསྒྲུབ་བྱ་སྟོང་ཉིད་རྟོགས་པའི་ཤེས་རབ་བྱང་ཆུབ་གསུམ་གའི་ལམ་དུ་བསྒྲུབ་པ་ཡིན་གྱི་འདིའི་ཁྱབ་ པ་བསྒྲུབ་པའི་སྒོ་ནས་ཐེག་ཆེན་བཀར་བསྒྲུབ་པ་མིན་ཡང་ཐེག་ཆེན་བཀར་ལུང་གིས་བསྒྲུབ་པ་ལ་སྦྱར་བ་ལ་ཁ་ན་མ་ཐོ་བ་མེད་དོ། །གཉིས་པ་ལ་གཉིས། འགོ་མཚུངས་ཀྱིས་བསྒྲུབ་པ་དང༌། རྣལ་མའི་རིགས་པས་བསྒྲུབ་པའོ།

Page: 277 ༄༅། །དང་པོ་ནི།གལ་ཏེ་ཐེག་པ་ཆེན་པོའི་མདོ་སྡེ་ངེད་ལ་བཀར་མ་གྲུབ་ཅིང་ཚད་མར་ཁས་མི་ལེན་པས་ངེད་ལ་མ་གྲུབ་ན་དེ་སྒྲུབ་བྱེད་དུ་བཀོད་ནས་སྟོང་ཉིད་རྟོགས་པ་ཉན་རང་གི་ཡང་ལམ་དུ་བསྒྲུབ་པ་ ནི་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་སོ་ཞེ་ན། ཁྱོད་ཀྱི་ལུང་ཁྱོད་རང་ཚད་མར་འདོད་པའི་ཐེག་དམན་གྱི་སྡེ་སྣོད་འདི་རྣམས་བཀའ་ཡིན་པར་ཇི་ལྟར་གྲུབ་དྲིས་པས་དེ་དག་བཀའ་ཡིན་ཏེ། གང་གི་ཕྱིར་ན་འུ་བུ་ཅག་གཉིས་ཀ་ ལ་ཐེག་པ་དམན་པའི་མདོ་སྡེ་འདི་བཀར་གྲུབ་བོ་ཞེ་ན། རྒྱུ་མཚན་ཀུན་ནས་མཚུངས་ཏེ་ཁྱོད་སྐྱེས་མ་ཐག་པ་དང་ལུང་དོན་རིགས་པས་གཏན་ལ་མ་ཕེབས་པའི་དང་པོ་ཁྱོད་ལ་ཡང་དམན་པའི་སྡེ་སྣོད་འདི་ཚད་མར་མ་གྲུབ་ ལ། དུས་ཕྱིས་ལུང་ཚད་མར་ཁས་ལེན་པའི་རྐྱེན་ཏེ་ཐབས་དག་གང་འདུལ་བ་ལ་གནང། མདོ་སྡེ་ལ་འཇུག །མངོན་པའི་ཆོས་ཉིད་དང་མི་འགལ་བར་འཇུག་པའི་ཆེན་པོ་བསྟན་པ་སོགས་ལུང་དོན་རིགས་པས་གཏན་ལ་ འབེབས་པའི་ཐབས་གང་གིས་ནི་ལུང་ཚད་མ་དེར་ཡིད་ཆེས་པར་སྒྲུབ་པའི་སྒྲུབ་བྱེད་དེ་ནི་ཐེག་ཆེན་གྱི་མདོ་སྡེ་ལ་ཡང་མཚུངས་པར་ཡོད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་པར་གང་ཟག་གཞན་གང་ཡང་རུང་བ་གཉིས་འདོད་པས་ ཚད་མར་བདེན་ན་ནི་རིག་བྱེད་ཀྱི་གཞུང་སོགས་ཀྱང་བདེན་པར་འགྱུར་བར་ཐལ། གང་ཟག་གཉིས་ཀྱིས་ཚད་མར་འདོད་པ་ཡོད་པའི་ཕྱིར་རོ། །ངེད་འདོད་པའི་ཐེག་དམན་གྱི་སྡེ་སྣོད་བཀར་ཁྱེད་ཀྱིས་ཀྱང་འདོད་པས་རྩོད་

Page: 278 པ་མེད་ལ་ཐེག་ཆེན་གྱི་སྡེ་སྣོད་ངེད་མི་འདོད་པས་རྩོད་པ་དང་བཅས་པའི་ཕྱིར་ཞེ་ན། འོ་ན་ཐེག་དམན་གྱི་ལུང་ལ་མུ་སྟེགས་པ་རྣམས་དང་ཉན་ཐོས་སྡེ་པ་རྣམས་རྩོད་པ་ཡོད་པའི་ཕྱིར་དང༌། ཐེག་དམན་གྱི་ལུང་སྡེ་པ་བཅོ་བརྒྱད་པོ་ ཐམས་ཅད་ཀྱིས་ཚད་མར་ཁས་ལེན་པ་ཡོད་ཀྱང་ནང་ཚན་གྱི་ལུང་གཞན་བར་སྲིད་ཡོད་པར་སྟོན་པ་སོགས་ཉན་ཐོས་སྡེ་པ་ལ་ལས་བཀར་འདོད་ཀྱང༌། ལ་ལས་དེ་མི་འདོད་པས་སྡེ་པ་ནང་དུ་རང་དང་གཞན་རྩོད་པ་དང་ བཅས་པ་ཡིན་པའི་ཕྱིར་ཐེག་དམན་གྱི་སྡེ་སྣོད་ཀྱང་ཚད་མ་ཡིན་པ་དོར་བྱར་འགྱུར་བར་ཐལ་ལོ། །གཉིས་པ་ལ་བཞི། སྟོང་ཉིད་རྟོགས་པའི་ཤེས་རབ་དང་བྲལ་ན་དགྲ་བཅོམ་པ་དང་མྱང་འདས་ཐོབ་པ་མི་སྲིད་པར་བསྟན་ པ་དང༌། མི་རྟག་སོགས་བཅུ་དྲུག་གི་ལམ་ཙམ་གྱིས་དགྲ་བཅོམ་ཐོབ་ན་ཉོན་མོངས་མངོན་གྱུར་སྤངས་པ་ཙམ་གྱིས་ཀྱང་ཐོབ་པར་ཐལ་བ་དང༌། དེའི་ལན་དགག་པ་དང༌། དེས་ན་ཐར་པ་ཙམ་འདོད་པས་ཀྱང་སྟོང་ཉིད་བསྒོམ་ དགོས་པར་བསྟན་པའོ། །དང་པོ་ནི། དགྲ་བཅོམ་པ་རྣམས་ཀྱིས་སངས་རྒྱས་ལས་མངོན་སུམ་དུ་ཐོས་ནས་དེའི་རྗེས་སུ་སྟོན་པའི་གསུང་རབ་ལ་བསྡུ་བ་མཛད་པ་ཡིན་པས། དགེ་སློང་དུ་མ་བཤད་པའི་ནང་ནས་སངས་རྒྱས་ བཅོམ་ལྡན་འདས་ཀྱི་བསྟན་པའི་རྩ་བ་དགེ་སློང་དགྲ་བཅོམ་པ་ཉིད་ཡིན་ན་སྟེ་ཡིན་པ་ལ་དགེ་སློང་དགྲ་བཅོམ་པ་ཉིད་ཀྱང་དཀའ་བར་གནས་པ་སྟེ། ཉན་ཐོས་འཕགས་པ་ཆོས་ཅན། དགྲ་བཅོམ་པ་མི་ཐོབ་པར་ཐལ།

Page: 279 ༄༅། །སྟོང་ཉིད་རྟོགས་པའི་ཤེས་རབ་ལམ་དུ་མི་བྱེད་པའི་ཕྱིར། ཆོས་རྣམས་རང་བཞིན་གྱིས་སྟོང་པའི་སྟོང་པ་ཁས་མི་ལེན་པ་རྣམས་ལ་དགྲ་བཅོམ་མི་སྲིད་པར་ཐལ་བ་འཕེན་པའང་འདིས་སྟོན་ ཏོ། །ཀྱང་གི་སྒྲས་སྟོང་ཉིད་རྟོགས་པ་དང་བྲལ་ན་སངས་རྒྱས་མི་ཐོབ་པར་མ་ཟད་ཅེས་པའོ། །ཉན་ཐོས་དགྲ་བཅོམ་པ་ཆོས་ཅན་མྱ་ངན་ལས་འདས་པའང་དཀའ་བར་གནས་ཏེ་ཁྱོད་རྣམས་ཀྱི་རྒྱུད་ཀྱི་མྱང་འདས་ཀྱང་མི་ འཐད་པར་ཐལ། ཁྱོད་ཀྱི་སེམས་ནི་བདེན་འཛིན་གྱི་དམིགས་པ་དང་བཅས་པ་སྟེ་དེའི་ཞེན་ཡུལ་རིགས་པས་སུན་མ་ཕྱུང་བར་དངོས་པོ་ལ་བདེན་པར་ཞེན་པ་དེ་ཡིན་པའི་ཕྱིར། ཡང་ན་རྐང་པ་སྔ་མ་གཉིས་དམ་ བཅར་བྱས་ནས་ཕྱི་མ་གཉིས་རྟགས་སུ་བྱ་སྟེ་བདེན་འཛིན་ཇི་སྲིད་ཡོད་པ་དེ་སྲིད་དུ་མྱང་འདས་མི་ཐོབ་པའི་ཕྱིར་ཞེས་བཤད་དོ། །གཉིས་པ་ནི། དགྲ་བཅོམ་པ་ཐོབ་པ་ལ་སྟོང་ཉིད་རྟོགས་མི་དགོས་ཀྱི་མི་རྟག་སོགས་བཅུ་ དྲུག་རྟོགས་པའི་ལམ་གོམས་པས་ཉོན་མོངས་ཟད་པར་སྤངས་པས་གྲོལ་བ་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ་ཞེ་ན། ཉོན་མོངས་མངོན་གྱུར་ཙམ་རེ་ཤིག་སྤངས་པའི་གང་ཟག་དེའི་མངོན་གྱུར་སྤངས་པ་དེ་མ་ཐག་ཏུ་དགྲ་ བཅོམ་པ་དེར་འགྱུར་བར་ཐལ། མི་རྟག་སོགས་བཅུ་དྲུག་གི་ལམ་ཙམ་གོམས་པས་ཉོན་མོངས་ཟད་ནས་དགྲ་བཅོམ་ཐོབ་པའི་ཕྱིར། དེ་གཉིས་རྣམ་པ་ཐམས་ཅད་དུ་འགོ་མཚུངས་བྱེད་པ་ཡིན་ནོ། །དེ་འདོད་མི་ནུས་པ་ནི་

Page: 280 ཉོན་མོངས་མངོན་གྱུར་རེ་ཤིག་མེད་ཀྱང་མངོན་གྱུར་ཙམ་སྤངས་པའི་གང་ཟག་དེ་དག་ལ་ཡང་སྲིད་ཕྱི་མར་ཉིང་མཚམས་སྦྱོར་བའི་ལས་ཀྱི་ནུས་པ་མཐོང་བ་ཡིན་པའི་ཕྱིར་རོ། །ཉོན་མོངས་སྤངས་པས་གྲོལ་ན་ཞེས་པ་ ནི་ཕྱོགས་སྔ་མའི་ལུགས་བརྗོད་པ་ཡིན་ལ་དེའི་དོན་ནི་བདེན་པ་མཐོང་བས་གྲོལ་འགྱུར་གྱི། །ཞེས་བཤད་པ་བཞིན་དུ་མི་རྟག་སོགས་བཅུ་དྲུག་གི་ལམ་བསྒོམས་པས་ཉོན་མོངས་སྤངས་ཏེ་གྲོལ་བ་འཐོབ་ན་ཞེས་ བཤད་རྒྱུ་ཡིན་ཏེ། སྐབས་འདིར་མི་རྟག་སོགས་བཅུ་དྲུག་གི་ལམ་ཙམ་གྱིས་ཉོན་མོངས་ལས་གྲོལ་བ་འཐོབ་མི་འཐོབ་ལ་རྩོད་པའི་ཕྱིར་དང༌། བདེན་པ་མཐོང་བས་ཞེས་སོགས་ཀྱི་རྩོད་པ་ལས་ཤིན་ཏུ་གསལ་བའི་ཕྱིར་རོ། །དེས་ན་མི་རྟག་སོགས་བཅུ་དྲུག་གི་ལམ་གྱིས་ཉོན་མོངས་ཟད་པར་ནུས་པ་ཁས་བླངས་ནས་དེས་སྡུག་བསྔལ་ཐམས་ཅད་ལས་གྲོལ་བ་མིན་ནོ་ཞེས་འཆད་པ་ནི་འདིའི་དོན་གཏན་མིན་ནོ། །དེའི་ཕྱིར་ལམ་དེས་ཉན་ཐོས་སྡེ་ པ་གཉིས་དང་ཐུན་མོང་བའི་ཉོན་མོངས་སུ་བཞག་པ་རྣམས་སྔར་བཤད་པ་ལྟར་གྱི་ལམ་རྒྱུད་ལ་བསྐྱེད་པས་རེ་ཤིག་མངོན་གྱུར་དུ་རྒྱུ་བ་མེད་པའི་ཚེ། ཉོན་མོངས་ཟད་པའི་གྲོལ་བ་ཐོབ་པར་འཇོག་ན་ཉོན་མོངས་ མངོན་གྱུར་ཙམ་རེ་ཤིག་སྤངས་པས་དེའི་དེ་མ་ཐག་ཏུ་ཟག་པ་ཐམས་ཅད་ཟད་པའི་གྲོལ་བ་ཐོབ་པར་འགྱུར་རོ་ཞེས་འགོག་པ་དགོངས་པ་ཡིན་ནོ། །དེ་འདོད་པར་མི་ནུས་པ་ནི། ཉོན་མོངས་མེད་ཀྱང་དེ་དག་ལ། །ལས་ཀྱི་

Page: 281 ༄༅། །ནུས་པ་མཐོང་བ་ཡིན། །ཞེས་ཉོན་མོངས་མངོན་གྱུར་རེ་ཤིག་མེད་ཀྱང་ལས་ཀྱི་དབང་གིས་ཡང་སྲིད་ཕྱི་མ་འཕེན་མི་ནུས་པ་མཐོང་བས་སོ། །ཞེས་པས་སྟོན་ནོ། །གཞུང་དེ་རྣམས་ནི་དེ་ལྟར་ བཤད་དགོས་ཀྱི་འགྲེལ་པ་འགའ་ཞིག་དང་བོད་རྣམས་ཉོན་མོངས་མེད་ཀྱང་མོའུ་འགལ་གྱི་བུ་དང་འཕགས་པ་སོར་ཕྲེང་ཅན་ལ་སོགས་པ་ལ་སྔོན་སོ་སྐྱེའི་དུས་སུ་བསགས་པའི་ལས་ཀྱི་འབྲས་བུ་སྡུག་བསྔལ་ འབྱིན་པ་མཐོང་བས་དེ་མ་ཐག་ཏུ་གྲོལ་བ་མ་ཡིན་ནོ་ཞེས་པ་ལྟར་མི་བྱ་སྟེ། འདི་ནི་ཚེ་འདིའི་སྡུག་བསྔལ་བསྐྱེད་པའི་ནུས་པ་མིན་གྱི་ལས་ཀྱིས་ཡང་སྲིད་ཕྱི་མ་འཕེན་པའི་ནུས་པ་མི་ལྡོག་པས་གྲོལ་བ་མེད་དོ་ཞེས་ སྟོན་པ་ཡིན་ནོ། །གསུམ་པ་ནི། མི་རྟག་སོགས་ཀྱི་ལམ་བསྒོམས་པས་དགྲ་བཅོམ་པ་ཐོབ་པ་སྤངས་པ་རེ་ཤིག་པ་ཙམ་མིན་པའི་སྲིད་པ་ཉེ་བར་ལེན་པའི་ལྷན་ཅིག་བྱེད་རྐྱེན་སྲེད་པ་ནི་ལམ་དེས་ཟད་པར་སྤངས་ པས་ས་བོན་མེད་པའི་ཕྱིར་ཡང་སྲིད་ཕྱི་མ་མི་ལེན་པ་ཉིད་དོ་ཞེས་ངེས་པ་ཉིད་དོ་ཞེ་ན། ཁྱོད་དགྲ་བཅོམ་པར་འདོད་པའི་གང་ཟག་དེའི་རྒྱུད་ཀྱི་སྲེད་པ་འདི་མངོན་པ་ནས་བཤད་པ་ལྟར་གྱི་ཉོན་མོངས་ཅན་མིན་ཡང༌། མངོན་ པ་ནས་ཀུན་རྨོངས་མ་རིག་པ་ལ་ཉོན་མོངས་ཅན་ཡིན་མིན་གཉིས་སུ་འདོད་པ་བཞིན་དུ་སྲེད་པ་ལ་ཡང་མངོན་པ་ནས་བཤད་པ་ལྟར་གྱི་ཉོན་མོངས་ཅན་ཡིན་པ་གཅིག་དང་མིན་པ་གཅིག་ཀྱང་ཅི་སྟེ་མེད་དེ་འདོད་

Page: 282 དགོས་སོ། །གཞུང་དེས་ནི་སྡེ་པ་གཉིས་དང་ཐེག་ཆེན་པ་ལ་ཐུན་མོང་དུ་གྲགས་པ་ལྟར་གྱི་ཉོན་མོངས་ཅན་མ་ཡིན་པའི་སྲེད་པ་ཡོད་པར་སྟོན་གྱི་རང་ལུགས་ཀྱི་སྲེད་པ་ལ་ཉོན་མོངས་ཅན་ཡིན་མིན་གཉིས་སུ་འདོད་པ་གཏན་ མིན་པར་ཤེས་པར་བྱའོ། །དེས་ན་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་བདག་འཛིན་གྱིས་དྲངས་པའི་སྲེད་པ་མངོན་གྱུར་པ་རེ་ཤིག་སྤངས་ཀྱང་གང་ཟག་ངོ་བོ་ཉིད་ཀྱིས་གྲུབ་པར་འཛིན་པའི་འཇིག་ལྟས་ དྲངས་པའི་སྲེད་པ་ཅི་སྟེ་མེད་ཅེས་པ་ཡིན་པས། སྔར་བཤད་པའི་མངོན་གྱུར་སྤངས་པ་ལ་ནི་བཤད་མ་ཐག་པའི་འཇིག་ལྟ་དང་སྲེད་པ་མངོན་གྱུར་བ་ཡང་མི་ལྡོག་གོ །གལ་ཏེ་ལུགས་དེ་གཉིས་ཀའི་ཉོན་མོངས་མངོན་ གྱུར་སྤངས་ན་གཉིས་ཀའི་ས་བོན་མ་སྤངས་པར་ནི་འདྲ་ལ་མངོན་གྱུར་ཡོད་མེད་ལ་ཁྱད་པར་མ་བྱུང་ན་སྲེད་པ་ལ་ཁྱད་པར་ཕྱེ་བ་དོན་མེད་དོ། །སྟོང་ཉིད་མ་རྟོགས་པའི་གང་ཟག་དེ་དག་ལ་ཚོར་བ་བདེན་འཛིན་གྱི་མ་རིག་ པ་ཅུང་ཟད་ཀྱང་མ་སྤངས་པས་ཚོར་བའི་རྐྱེན་གྱིས་ཚོར་བ་བདེ་བ་ལ་མི་འབྲལ་བར་སྲེད་པ་དང༌། སྡུག་བསྔལ་ལ་འབྲལ་འདོད་ཀྱི་སྲེད་པ་ངེས་པར་སྐྱེ་བ་ཡིན་ལ་ཚོར་བ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཞེན་པ་ཁྱོད་དགྲ་ བཅོམ་དུ་འདོད་པ་དེ་དག་ལ་ཡོད་པའི་ཕྱིར་དངོས་པོ་ལ་བདེན་པར་དམིགས་པ་དང་ནི་བཅས་པའི་སེམས་གང་ཟག་འགའ་ཞིག་གི་རྒྱུད་ལ་ནི་མངོན་གྱུར་དུ་གནས་པར་འགྱུར་བ་དེ་སྲིད་དུ་དེས་དྲངས་པའི་སྲེད་པ་མངོན་

Page: 283 ༄༅། །གྱུར་ཡང་ལྡོག་པ་མི་སྲིད་དོ། །བཞི་པ་ནི། གང་ཟག་དང་ཕུང་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་ཉིད་དུ་རྟོགས་པ་དང་ནི་བྲལ་བའི་སེམས་ལ་ཉོན་མོངས་མངོན་གྱུར་བ་རེ་ཤིག་ འགགས་པ་ཡིན་དུ་ཟིན་ཀྱང་སླར་ཡང་མངོན་གྱུར་དུ་སྐྱེ་བར་འགྱུར་ཏེ་འདུ་ཤེས་མེད་པའི་སྙོམས་འཇུག་ལ་གནས་པ་བཞིན་ནོ། །དེས་ན་ཐམས་ཅད་མཁྱེན་པར་མ་ཟད་དགྲ་བཅོམ་པའི་འབྲས་བུ་ཙམ་ཐོབ་པར་འདོད་ པ་ལ་ཡང་དགག་བྱ་ཕྲ་མོ་བཀག་པའི་སྟོང་ཉིད་བསྒོམ་པར་བྱ་བར་ངེས་པར་འདོད་པར་བྱའོ། །རྩེགས་དབང་ཕྱུག་སེངྒེ་ལ་སོགས་པ་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པ་སྤྱོད་འཇུག་གི་དགོངས་པར་བྱེད་པ་ དང་ཚོར་བའི་རྐྱེན་གྱིས་ཞེས་པ་ལ་རྒྱུས་འབྲས་བུ་དཔོག་པ་ཁྱབ་པ་མ་ངེས་ཞེས་སྐྱོན་འཛིན་པ་ནི་ཕྱོགས་སྔའི་ནམ་མ་ལངས་ཤིང་ཚོགས་པར་དབྱུང་དུ་མི་རུང་བའི་གཏམ་མོ། །གང་ཟག་དང་ཕུང་པོ་བདེན་འཛིན་ ཉོན་མོངས་སུ་འདོད་པ་སློབ་དཔོན་འདིའི་ཡང་བཞེད་པ་ཡིན་ཏེ་རྒྱས་པར་ཤེས་པར་འདོད་ན་རྗེ་ཉིད་ཀྱིས་མཛད་པའི་དབུ་མ་ལ་འཇུག་པའི་རྣམ་བཤད་ཆེན་མོ་ལས་ཤེས་པར་བྱའོ། །གཞུང་འདིའི་མཇུག་ཏུ་ངག་ གང་མདོ་སྡེ་ལ་ཞེས་སོགས་ཤོ་ལོ་ཀ་གསུམ་འདུག་པ་ཐེག་ཆེན་བཀར་སྒྲུབ་པའི་རིགས་པ་སྟོན་འདོད་པར་འདུག་པ་ལ། བསྟན་རྩ་དགེ་སློང་ཞེས་སོགས་ཀྱི་གོང་དུ་འོང་རྒྱུར་འདུག་པ་འཇུག་པའི་སྐབས་ཀྱང་མ་ཤེས་

Page: 284 ཤིང་སློབ་དཔོན་གྱི་གཞུང་མིན་ནོ་ཞེས་འགྲེལ་ཆེན་མཁན་པོ་འཆད་དོ། །གང་ལྟར་ཡང་དོན་ནི་ངག་གང་ལྷག་པ་སེམས་ཀྱི་བསླབ་པ་སྟོན་པས་མདོ་སྡེ་ལ་འཇུག །ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་པས་འདུལ་བ་ལ་སྣང༌། ཤེས་རབ་ཀྱི་བསླབ་པ་སྟོན་པས་མངོན་པ་དང་མི་འགལ་བ་དེ་སངས་རྒྱས་ཀྱི་གསུང་དུ་འདོད་ན། ཐེག་པ་ཆེན་པོའི་མདོ་སྡེ་ཕལ་ཆེར་བསླབ་པ་གསུམ་སྟོན་པས་དེ་སངས་རྒྱས་ཀྱི་བཀར་ཅིའི་ཕྱིར་མི་འདོད། ཁྱོད་ཀྱིས་ བཀའི་མཚན་ཉིད་བཞག་པ་དེ་ཚང་བར་མ་རྟོགས་པའི་མདོ་གཅིག་རྒྱུ་མཚན་དུ་བྱས་ནས་ཐེག་ཆེན་གྱི་མདོ་སྡེ་ཐམས་ཅད་སྐྱོན་ཅན་དུ་ཁས་ལེན་ན། ཁྱོད་འདོད་པའི་བཀའི་མཚན་ཉིད་ཚང་བའི་ཐེག་ཆེན་གྱི་མདོ་སྡེ་ གཅིག་མཐོང་བས་ཁྱོད་མདོ་སྡེར་འདོད་པ་དང་མཚན་ཉིད་མཚུངས་པས་ཐེག་ཆེན་གྱི་མདོ་སྡེ་ཐམས་ཅད་རྒྱལ་བས་གསུངས་པར་ཅིའི་ཕྱིར་མི་འདོད། ཡུམ་རྒྱས་པ་སོགས་བཀའ་ཡིན་ན་འོད་སྲུངས་ཆེན་པོ་ལ་སོགས་པས་ དེའི་བརྗོད་བྱ་རྟོགས་རིགས་པ་ལ་མ་རྟོགས་པས་བཀའ་མིན་ནོ་ཞེ་ན། འོད་སྲུངས་ཆེན་པོ་ལ་སོགས་པས་གཏིང་དཔག་དཀའ་བར་འདོད་པའི་ཤིན་ཏུ་ཟབ་པ་དེ་ཁྱོད་ཀྱིས་མ་རྟོགས་པ་རྒྱུ་མཚན་དུ་བྱས་ནས་བཀར་གཟུང་བྱ་ མིན་པར་སུ་ཞིག་བྱེད་དེ་བྱེད་པར་མི་རིགས་སོ། །ཞེས་པའི་དོན་ནོ། །གཉིས་པ་ནི།མི་གནས་པའི་མྱང་འདས་འགྲུབ་པ་ངེས་པར་སྟོང་ཉིད་རྟོགས་པ་ལ་རག་ལུས་ཏེ་གང་ཟག་དང་ཕུང་པོ་ལ་བདེན་པར་རྨོངས་པས་འཁོར་བར་

Page: 285 ༄༅། །འཁོར་བའི་སེམས་ཅན་སྡུག་བསྔལ་ཅན་རྣམས་ཀྱི་དོན་དུ། སོ་སོའི་སྐྱེ་བོ་རྣམས་ལྟར་ཕུང་པོ་ལ་བདེན་པར་ཆགས་པས་ལས་ཉོན་གྱི་དབང་གིས་འཁོར་བར་འཁོར་བའི་རྟག་མཐར་ལྟུང་བ་དང༌། ཉན་ རང་རྣམས་ལྟར་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་སྲིད་པར་སྐྱེ་བ་ཙམ་ཆད་པ་ལས་བྱུང་བའི་མྱང་འདས་ཐོབ་བྱར་བྱེད་པའི་ཆད་མཐར་ལྟུང་བའི་མཐའ་གཉིས་ཀ་ལས་གྲོལ་བར་བྱང་སེམས་འཕགས་པ་ རྣམས་སྙིང་རྗེའི་དབང་གིས་འཁོར་བར་གནས་པ་འགྲུབ་པར་འགྱུར་བ་འདི་ནི་སྟོང་ཉིད་རྟོགས་པའི་འབྲས་བུ་ཡིན་ཏེ། སྟོང་ཉིད་རྟོགས་པ་དང་བྲལ་ན་འཁོར་བར་གནས་སུ་ཟིན་ཀྱང་འཁོར་བའི་སྡུག་བསྔལ་རང་ མཚན་པ་ཉམས་སུ་མྱོང་ནས་དེས་སུན་ན་ཆད་པའི་མཐར་ལྟུང་བར་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། དེས་ན་སྔར་བཤད་པ་དེ་ལྟར་སྟོང་པ་ཉིད་ཀྱི་ཕྱོགས་ལ་སུན་འབྱིན་པ་ནི་འཐད་པ་མ་ཡིན་ཏེ་འོག་ནས་འཆད་པའི་ རིགས་པ་རྣམས་ཀྱིས་ཀྱང་གནོད་པའི་ཕྱིར་རོ། །དེས་ན་ཉན་རང་གི་བྱང་ཆུབ་ཐོབ་པར་འདོད་པས་ཀྱང་ཐེ་ཚོམ་མི་ཟ་བར་སྟོང་པ་ཉིད་ནི་བསྒོམ་པར་བྱ་སྟེ། བདེན་འཛིན་འཁོར་བའི་རྩ་བར་གྱུར་པའི་ཉོན་མོངས་ཅན་ གྱི་མ་རིག་པ་ཡིན་ལ་དེའི་ཞེན་ཡུལ་སུན་མ་ཕྱུང་བར་ཐར་པ་ཐོབ་པ་མི་སྲིད་པའི་ཕྱིར་རོ། །ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པའི་མུན་པའི་གཉེན་པོ་ཡང་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཡིན་པས་མྱུར་

Page: 286 དུ་སྒྲིབ་གཉིས་ཟད་པའི་ཐམས་ཅད་མཁྱེན་པ་འདོད་པས་སྟོང་ཉིད་དེ་ནི་ཇི་ལྟར་སྒོམ་མི་བྱེད་དེ་དེ་དང་བྲལ་ན་ཉོན་སྒྲིབ་ཀྱི་ས་བོན་ཡང་སྤོང་མི་ནུས་སོ། །ཤེས་སྒྲིབ་ཀྱི་ས་བོན་ནི་ཉོན་མོངས་པའི་བག་ཆགས་མཐར་ཐུག་པ་ དང་མངོན་གྱུར་ནི་དངོས་པོ་བདེན་པར་སྣང་བའི་སྣང་ཆ་སོགས་ཡིན་གྱི་བདེན་པར་སྣང་ན་ཤེས་སྒྲིབ་ཡིན་པས་ཁྱབ་པ་སོགས་བྱར་མི་རུང་ངོ༌། །དོན་བསྡུ་བ་ནི། སྟོང་པ་ཉིད་ཀྱི་དོན་ལ་སྐྲག་པས་དེ་བསྒོམ་པར་མི་བྱའོ་ ཞེ་ན། བདེན་འཛིན་གྱི་དངོས་པོ་གང་འཁོར་བའི་སྡུག་བསྔལ་བསྐྱེད་པའི་གཙོ་བོ་བྱེད་པ་དེ་ལ་འཇིགས་ཤིང་སྐྲག་བ་སྐྱེ་བར་འགྱུར་རིགས་ན། སྟོང་ཉིད་རྟོགས་པའི་ཤེས་རབ་འཁོར་བའི་སྡུག་བསྔལ་ཞི་བར་བྱེད་པ་དེ་ ལ་འཇིགས་པ་ཇི་ལྟར་སྐྱེ་སྟེ་འཇིགས་པར་མི་རིགས་ཏེ་དེ་འཇིགས་པ་ཟད་བྱེད་ཡིན་པའི་ཕྱིར་རོ། །གལ་ཏེ་བདག་འགའ་རང་བཞིན་གྱིས་གྲུབ་པ་ཡོད་ན་ནི་དེར་ཞེན་པ་ལས་ཡུལ་ཅི་ཡང་རུང་བ་ལས་འཇིགས་པ་སྐྱེ་རིགས་ པར་འགྱུར་ན་བདག་ཉིད་འགའ་ཡང་རང་བཞིན་གྱིས་གྲུབ་པ་ཅུང་ཟད་ཀྱང་ཡོད་པ་མིན་པས་འཇིགས་པར་འགྱུར་བ་པོ་དེ་སུ་ཞིག་ཡིན་ཏེ། རང་བཞིན་སེམས་པའི་བློས་ཁ་ནང་དུ་ལོག་ལ་སོམས་ཤིག་དང་བདག་ མེད་པ་ཁོང་དུ་ཆུད་པས་འཇིགས་པ་མཐའ་དག་ལས་གྲོལ་བར་འགྱུར་བ་ཡིན་ནོ། །གསུམ་པ་སྟོང་ཉིད་སྒྲུབ་པའི་རིགས་པ་རྒྱས་པར་བཤད་པ་ལ་གཉིས། གང་ཟག་གི་བདག་མེད་སྒྲུབ་པའི་རིགས་པ་དང༌། ཆོས་ཀྱི་བདག་

Page: 287 ༄༅། །མེད་སྒྲུབ་པའི་རིགས་པ་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། ལྷན་སྐྱེས་ཀྱི་བདག་འཛིན་གྱི་ཞེན་ཡུལ་དགག་པ་དང༌། ཀུན་བཏགས་ཀྱི་བདག་དགག་པ་དང༌། བཀག་པ་ལ་རྩོད་པ་སྤང་ བའོ། །དང་པོ་ནི། དེ་ལ་བདེན་འཛིན་ཀུན་བཏགས་དང་ལྷན་སྐྱེས་ཀྱི་ཁྱད་པར་ནི་གང་ཟག་དང་ཕུང་པོ་གང་ལ་དམིགས་ཀྱང་རུང༌། གྲུབ་མཐས་བློ་བསྒྱུར་བ་དང་མ་སྒྱུར་བ་ཀུན་ལ་ཡོད་པའི་རང་བཞིན་གྱིས་གྲུབ་པ་ དང་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་བློ་རིགས་པའི་དཔྱད་པ་ཞུགས་པ་ལ་མི་ལྟོས་པར་ངམ་ངམ་ཤུགས་ཀྱིས་སྐྱེ་བ་དེ་ནི། བདེན་འཛིན་ལྷན་སྐྱེས་ཞེས་བྱ་ལ་བདེན་འཛིན་ཡིན་ཡང་རིགས་པའི་དཔྱད་པ་ཞུགས་ པ་ལ་ལྟོས་ནས་བདེན་པར་གྲུབ་པ་འཐད་སྙམ་པ་དང༌། བདེན་པར་གྲུབ་སྙམ་པ་ནི་བདེན་འཛིན་ཀུན་བཏགས་ཡིན་ལ། གང་ཟག་གི་བདག་འཛིན་ལ་རང་རྐྱ་ཐུབ་པའི་རྗས་ཡོད་དུ་འཛིན་པའི་ལྷན་སྐྱེས་ཀྱིས་བསྡུས་པ་ཡང་ཡོད་ ལ་གང་ཟག་དང་ཕུང་པོ་རྗེ་བོ་དང་ཁོལ་པོ་བཞིན་དུ་འཛིན་པ་ནི་ཀུན་བཏགས་འབའ་ཞིག་ཏུ་ཤེས་པར་བྱའོ། །དེ་བཞིན་དུ་རྡུལ་ཕྲན་ཆ་མེད་དང་ཤེས་པ་སྐད་ཅིག་ཆ་མེད་དུ་འཛིན་པ་ཡང་ཆོས་ཀྱི་བདག་འཛིན་ཀུན་བཏགས་ འབའ་ཞིག་གོ །མདོར་ན་གྲུབ་མཐའི་དཔྱད་པ་ལ་མ་ལྟོས་པར་ངམ་ངམ་ཤུགས་ཀྱིས་སྐྱེ་བའི་བདག་འཛིན་གཉིས་ནི་ལྷན་སྐྱེས་ཡིན་ལ་དེ་ལས་གཞན་པའི་བདག་འཛིན་ནི་ཀུན་བཏགས་སོ། །སྔ་མའི་ཞེན་ཡུལ་དགག་

Page: 288 པས་འབྲས་བུ་བྱེད་ནའང་དེ་དབང་ཕྱུག་ག་ལ་ཡིན་ཏེ་འདོད་པ་མི་རྟག་པ་ཡིན་པས་སོ། །གསུམ་པ་ནི། བྱེ་བྲག་པ་གང་དག་རྡུལ་ཕྲན་རྟག་་པ་འགྲོ་བ་སྣ་ཚོགས་ཀྱི་བྱེད་པ་པོ་སྨྲ་བ་དེ་དག་ཀྱང་ནི་སྔར་རྡུལ་ཕྲན་ཆ་མེད་འགོག་ པའི་རིགས་པས་ལྡོག་ཟིན་པས་ཤི་ཟིན་པ་ལ་མནན་མི་དགོས་སོ། །གསུམ་པ་ལ་གཉིས། འདོད་པ་དགོད་པ་དང་། དེ་སུན་དབྱུང་བའོ། །དང་པོ་ནི། གྲངས་ཅན་པ་ན་རེ། རང་བཞིན་ལས་ཆེན་པོ་དེ་སངས་རྒྱས་ཏེ། །དེ་ལས་ ཚོགས་ནི་རྣམ་པར་བཅུ་དྲུག་འབྱུང་། བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་སྟེ། །སྐྱེས་བུ་རང་བཞིན་ན་ཡིན་རྣམ་འགྱུར་མིན། ཞེས་ཤེས་བྱ་ཉེར་ལྔ་ཡོད་པའི་ནང་ནས་གཙོ་བོ་རྟག་པ་ཡིན་པ་གཅིག་བུ་ཡིན་པ་སོགས་མཚན་ཉིད་ ལྔ་ལྡན་དེ་རྣམ་འགྱུར་སྣ་ཚོགས་པའི་འགྲོ་བའི་རྒྱུ་ཡིན་པར་ནི་གྲངས་ཅན་འདོད་དོ། །བདེ་སྡུག་བཏང་སྙོམས་གསུམ་གྱི་མིང་གི་རྣམ་གྲངས་སྙིང་སྟོབས་དང་རྡུལ་དང་མུན་པ་ཞེས་བྱ་བའི་ཡོན་ཏན་གསུམ་ཆ་མཉམ་ པའི་གནས་སྐབས་ན་གཙོ་བོ་ཁྱེད་རང་བརྒྱལ་བ་པ་རྒོད་དེ་དེ་གསུམ་ཆ་མི་མཉམ་པ་འདི་ནི་འགྲོ་སྟེ་རྣམ་འགྱུར་ཡིན་པར་བརྗོད་དོ། །གཉིས་པ་ལ་གཉིས། དངོས་དང་། དབུ་མ་པ་ལ་སྐྱོན་མི་མཚུངས་པའོ། །དང་པོ་ལ་ གསུམ། གཙོ་བོ་ཆ་མེད་ཀྱི་རྟག་པ་རྣམ་འགྱུར་རྣམས་ཀྱི་རང་བཞིན་ཡིན་པ་དགག་པ་དང་། རྟག་པ་ཡིན་པ་དགག་པ་དང་། འབྲས་བུ་སྔར་མད་གསར་སྐྱེ་མི་སྲིད་པ་དགག་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། གཟུགས་

Page: 289 ༄༅། །གཅིན་མ་ཡིན་ཤ་དང་པགས་པ་བདག་མིན་ཏེ་དེ་དག་ལ་བཏགས་པ་ཙམ་དུ་ཟད་པའི་ཕྱིར་རོ། །དྲོད་དང་རླུང་ཡང་བདག་མ་ཡིན་ལུས་ཀྱི་ནང་གི་བུ་ག་སོགས་ཀྱང་བདག་མ་ཡིན་ཏེ་གོ་བར་ཟད་དོ། །དེ་དག་ གི་དོན་བསྡུས་ན་རང་སྡེ་དངོས་པོར་སྨྲ་བ་རྣམས་གང་ཟག་གི་མཚན་གཞིར་ཕུང་པོ་འཛིན་ལ་ཕྱི་རོལ་པ་རྣམས་གང་ཟག་རྗེ་བོ་དང་ཕུང་པོ་ཁོལ་བཞིན་དུ་ཕུང་པོ་ལས་དོན་གཞན་པའི་བདག་ཁས་ལེན་པ་ཡིན་ནོ། །འདིར་བསྟན་པ་ འདི་དག་ནི་དབུ་མ་རིན་ཆེན་ཕྲེང་བ་ལས་ཁམས་དྲུག་གང་ཟག་ཡིན་པ་བཀག་པ་དང་དོན་གཅིག་པས་སོ། །བུ་ག་མིན་ཞེས་པ་ནི་ནམ་མཁའི་ཁམས་གང་ཟག་ཡིན་པ་བཀག་པ་ཡིན་ནོ། །དེས་ན་ཐ་སྙད་དུ་ཡང་ཕུང་པོའི་ཚོགས་ པ་དང་རྒྱུན་དང་ཡ་གྱལ་དང་ཆ་ཤས་གང་ཡང་གང་ཟག་གི་མཚན་གཞིར་གཟུང་དུ་མི་རུང་ལ། དེ་རྣམས་ལས་ངོ་བོ་ཐ་དད་པ་གཞན་ཡང་གང་ཟག་ཏུ་བཞག་ཏུ་མེད་དེ་དེ་དག་ལ་བརྟེན་ནས་གང་ཟག་ཏུ་བཏགས་པ་ཙམ་དུ་ ཟད་པའོ། །འོ་ན་གང་ཟག་ཅུང་ཟད་ཀྱང་བཞག་ཏུ་མེད་པར་འགྱུར་རོ་ཞེ་ན་ཁྱོད་ལ་ལྷ་སྦྱིན་དང་མཆོད་སྦྱིན་སོགས་མ་དཔྱད་པར་འཇུག་པ་འདིས་མི་ཆོག་གམ་གང་ཟག་ཅེས་པའི་ཐ་སྙད་འཇུག་པའི་གཞི་གང་ཟག་རང་གི་ མཚན་ཉིད་ཀྱིས་གྲུབ་པ་གཅིག་འདོད་ན་ནི་རྟག་ཆད་ཀྱི་མཐར་ལྟུང་བར་འགྱུར་བས་དེ་རྡུལ་ཙམ་ཡང་མེད་པར་ཤེས་པར་བྱའོ། །གཉིས་པ་ལ་གཉིས། གྲངས་ཅན་བདག་ཤེས་པར་འདོད་པ་དགག་པ་དང༌། བྱེ་བྲག་པ་

Page: 290 བདག་བེམ་པོར་འདོད་པ་དགག་པའོ། །ཕྱི་རོལ་པའི་བདག་རྫས་གྲུབ་ཁས་ལེན་པའི་གསལ་བའི་དབྱེ་བ་མཐའ་ཡས་ཀྱང་དེ་རྣམས་བེམ་རིག་གང་རུང་གཅིག་ཏུ་འདོད་པས་འདི་གཉིས་བཀག་པས་གཞན་རྣམས་ཀྱང་འགོག་ ནུས་པར་དགོངས་ནས་གཉིས་པོ་དགག་པ་འདིར་གསུངས་སོ། །དང་པོ་ལ་གཉིས། བཀག་པ་དངོས་དང༌། དེའི་ལན་དགག་པའོ། །དང་པོ་ནི། གྲངས་ཅན་ཤེས་བྱ་ཉི་ཤུ་རྩ་ལྔར་གྲངས་ངེས་པ་ལ་གཙོ་བོ་སོགས་ཉེར་བཞི་བེམ་པོ་དང་ཉེར་ལྔ་པ་ཤེས་ པ་དང་རིག་པ་དང་མྱོང་བ་དང་སེམས་པ་ཅན་དུ་གྱུར་པའི་བདག་ཏུ་འདོད་ལ། གཙོ་བོས་རྣམ་འགྱུར་རྣམས་བྱེད་ཤེས་ཀྱང་ལོངས་སྤྱོད་མི་ཤེས་ལ་ཤེས་རིག་གི་སྐྱེས་བུས་ཡུལ་ལོངས་སྤྱོད་ཤེས་ཀྱང་བྱེད་མི་ཤེས་པའི་རྟག་ དངོས་སུ་འདོད་ལ་ལོངས་སྤྱོད་པའི་ཚེ་བློའམ་ཆེན་པོ་ཞེས་པ་དེ་ལ་ཕྱི་ནས་སྒྲ་སོགས་དེ་ཙམ་ལྔ་ཡང་སྣང་། ནང་ནས་སྐྱེས་བུ་ཡང་སྣང་ནས་ལོངས་སྤྱོད་ཅིང༌། བློས་ལོངས་སྤྱད་བྱ་དང་སྤྱོད་བྱེད་གཅིག་ཏུ་ཞེན་པར་བྱས་པ་ལས་ འཁོར་བར་འདོད་དོ། །འདིར་ཞིབ་ཏུ་མ་སྤྲོས་ཤིང་འདི་དག་གི་རྣམ་གཞག་གཞན་དུ་ཤེས་པར་བྱ་སྟེ། གྲངས་ཅན་གྱི་ལུགས་འདི་ལ་མིང་གཞན་བཏགས་ནས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཀྱི་དགོངས་པར་འདོད་པ་དུ་མ་སྣང་བའི་ ཕྱིར་རོ། །སྒྲ་དང་ཤེས་པ་རྟག་པར་འདོད་མི་འདོད་མུ་བཞི་འོང་ཡང་གྲངས་ཅན་གཉིས་ཀ་རྟག་པར་འདོད་པ་ཡིན་ནོ། །གལ་ཏེ་སྒྲ་དང་སྒྲ་སོགས་དེ་ཙམ་ལྔ་ལ་ལོངས་སྤྱོད་པའི་ཤེས་རིག་གི་སྐྱེས་བུ་རྟག་དངོས་ཡིན་ན་ཤེས་རིག་

Page: 291 ༄༅། །གི་སྐྱེས་བུ་དེས་སྒྲ་ཡོད་མེད་ཀྱི་དུས་ཐམས་ཅད་ཀྱི་ཚེ་ན་སྒྲ་གཟུང་དོན་དུ་བྱས་ནས་འཛིན་པར་འགྱུར་བར་ཐལ། དེ་གཟུང་དོན་དུ་བྱས་ནས་འཛིན་པའི་རྟག་པ་ཡིན་པའི་ཕྱིར། འདོད་མི་རིགས་པར་ ཐལ། ཡུལ་ཤེས་བྱ་ནི་དོན་ཅི་ཞིག་རིག་ནས་ཡུལ་གང་གི་ཡུལ་ཅན་ཤེས་པ་ཞེས་པར་རྗོད་པར་བྱེད་དེ་བརྗོད་པར་མི་རིགས་པའི་ཕྱིར། རྟགས་མ་གྲུབ་སྟེ། གལ་ཏེ་སྒྲ་མ་གྲུབ་ཀྱང་དེར་འཛིན་གྱི་ཤེས་པ་རྟག་པར་ཡོད་དོ་ཞེ་ན་ ཤིང་ཡང་ཤེས་པར་ཐལ་བར་འགྱུར་ཏེ། ཤེས་བྱ་མེད་པའི་ཤེས་པ་ཁས་བླངས་པས་ཆོག་པའི་ཕྱིར། དེས་ན་ཤེས་བྱ་སྒྲ་སོགས་ཉེ་བར་གནས་པ་མེད་པར་ཤེས་པ་མེད་ཅེས་ངེས་ཏེ་དེ་མེད་ན་ཤེས་པར་འཇོག་བྱེད་མེད་པས་སྐྱེས་ བུས་སྒྲ་མི་འཛིན་པའི་དུས་མེད་པར་ཁས་བླང་དགོས་སོ། །གཉིས་པ་ནི། ཤེས་བྱ་མེད་པའི་ཤེས་པ་ཡོད་པར་ཐལ་བའི་སྐྱོན་མེད་དེ། སྒྲ་མེད་པ་དེའི་ཚེ་སྐྱེས་བུ་རྟག་པ་དེ་ཉིད་ཀྱིས་ནི་གཟུགས་གཟུང་དོན་དུ་བྱས་ནས་ཤེས་སོ་ཞེ་ན་སྐྱེས་ བུ་ཆོས་ཅན། གཟུགས་གཟུང་དོན་དུ་བྱས་ནས་འཛིན་པ་དེའི་ཚེ་སྒྲ་ཐོས་པའང་ཇི་སྟེ་མིན་ཏེ་ཐོས་པར་ཐལ། དེ་ཙམ་ལྔ་ལ་ཉེ་རིང་མེད་པར་ལོངས་སྤྱོད་པའི་རྟག་པ་ཡིན་པའི་ཕྱིར། གལ་ཏེ་གཟུགས་ཤེས་པ་དེའི་ཚེ་སྒྲ་ནི་ཉེ་བར་ གནས་པ་མེད་པས་སྒྲ་མི་ཤེས་པ་ཡིན་ནོ་ཞེ་ན། ཡུལ་སྒྲ་མེད་པ་དེས་ན་སྒྲ་དེའི་ཡུལ་ཅན་ཤེས་པའང་མེད་པར་འགྱུར་ལ་འདོད་ན་སྐྱེས་བུ་རྟག་ཁྱབ་ཏུ་འདོད་པ་ཉམས་སོ། །གཞན་ཡང་སྒྲ་འཛིན་ཤེས་པའི་རང་བཞིན་གང་ཡིན་

Page: 292 པ་དེ་གཟུགས་འཛིན་ཤེས་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། དེ་གཉིས་རྣམ་པ་ལེགས་པར་འགལ་བའི་ཕྱིར། སྐྱེས་བུ་གཅིག་བལྟོས་ས་ཐ་དད་ལ་ལྟོས་ནས་ཕ་དང་བུར་འཇོག་པ་བཞིན་དུ་རྣམ་འགྱུར་དང་རང་བཞིན་ ལ་ལྟོས་ནས་གཟུགས་འཛིན་པའི་ཚེ་སྒྲའི་རྣམ་པར་འགྱུར་བ་མེད་ཀྱང་སྒྲའི་རང་བཞིན་ཡོད་དེ་གཟུགས་སྒྲ་གཉིས་རང་བཞིན་གཅིག་པའི་ཕྱིར། དེའི་ཚེ་ཡང་སྒྲའི་ཡུལ་ཅན་དུ་འཇོག་གོ་ཞེ་ན་དེ་གཉིས་དཔེ་དོན་མི་མཚུངས་པར་ཐལ། སྐྱེས་བུ་གཅིག་ནི་བལྟོས་ས་ཐ་དད་ལ་ལྟོས་ནས་ཕ་དང་བུ་ཉིད་དུ་བཏགས་པ་ཡིན་གྱི་ཡང་དག་ཉིད་དུ་གྲུབ་པ་མིན་ཡང་ཁྱེད་ཀྱིས་དེ་དག་གི་རང་བཞིན་དོན་དམ་པར་གྲུབ་པ་ཁས་བླངས་པའི་ཕྱིར། འདི་ལྟར་སྙིང་སྟོབས་དང་རྡུལ་དང་ནི་མུན་ པ་གསུམ་ཆ་མཉམ་པ་གཙོ་བོ་དང་རང་བཞིན་དང་དོན་དམ་པའི་བདེན་པར་ཁྱོད་ཀྱིས་ཁས་བླངས་པ་ལ་བུའི་གནས་སྐབས་ཀྱི་རང་བཞིན་དེ་ཉིད་བུ་མིན། ཕའི་གནས་སྐབས་ཀྱི་རང་བཞིན་དེ་ཉིད་ཕ་ཡང་མིན་ཏེ། གྲངས་ཅན་གྱིས། ཡོན་ཏན་རྣམས་ཀྱི་རང་བཞིན་མཆོག །མཐོང་བའི་ལམ་དུ་འགྲོ་མ་ཡིན། །མཐོང་བའི་ལམ་དུ་གང་གྱུར་དེ། །སྒྱུ་མ་ལྟ་བུར་ཤིན་ཏུ་གསོག། ཅེས་རང་བཞིན་ནམ་ཡང་མཐོང་བའི་ལམ་དུ་མི་འགྲོ་ཞིང་དངོས་སུ་མཐོང་བའི་ཕ་དང ་བུ་ལ་སོགས་པ་རྫུན་པར་ཁས་བླངས་པའི་ཕྱིར། དེ་ལྟ་ན་ཕ་དེ་ཉིད་བུ་དང་བུ་དེ་ཉིད་ཕར་ཡང་འགྱུར་ཏེ། ཕ་བུ་གཉིས་ཀྱི་རང་བཞིན་གཅིག་ཡིན་པའི་ཕྱིར། དེས་ན་ཕ་དང་བུའི་རང་བཞིན་གཅིག་ཏུ་ཁས་བླངས་པས་བལྟོས་ས་ལ་ལྟོས་ནས་

Page: 293 ༄༅། །ཀྱང་གནས་སྐབས་སོ་སོར་བཞག་པ་མེད་པས་སོ། །གཞན་ཡང་གཟུགས་འཛིན་དེ་ནི་ཆོས་ཅན། སྒྲ་འཛིན་པ་དང་ལྡན་པའི་རང་བཞིན་དུ་མེད་དེ་དེར་ཡོད་ན་ནི་ཚད་མས་མཐོང་དགོས་པ་ལ་མཐོང་བ་ མ་ཡིན་པའི་ཕྱིར་རོ། །གོས་ལ་སོགས་པའི་ཆ་བྱད་སྔ་མ་བཏང་ནས་ཕྱི་མ་ལེན་པའི་གར་མཁན་ལྟ་བུར་གཟུགས་འཛིན་གྱི་ཚུལ་ཏེ་རྣམ་འགྱུར་གཞན་གྱིས་སྒྲ་འཛིན་དེ་ཉིད་མཐོང་བ་ཡིན་ན་འོ་ན་ཤེས་རིག་དེ་རྟག་དངོས་མ་ཡིན་ པར་ཐལ། ཚུལ་ལུགས་གཞན་བཏང་ནས་གཞན་ལེན་པའི་ཕྱིར། གལ་ཏེ་སྒྲ་འཛིན་ལས་ཚུལ་གཞན་གཟུགས་འཛིན་དེ་ཉིད་སྒྲ་འཛིན་དང་རང་བཞིན་གཅིག་ཡིན་པས་སྐྱོན་མེད་དོ་ཞེ་ན། དེའི་རང་བཞིན་གཅིག་ཉིད་དེ་ནི་སྔོན་ མེད་ཞིག་སྟེ་སོ་སོ་ཐ་དད་པ་ཁོ་ནར་གནས་པའི་ཕྱིར་རོ། །ཡང་ན་ཕྱིས་ཀྱི་ཚུལ་དེ་ཉིད་སྔར་གྱི་ཚུལ་དེ་ཉིད་དུ་ཁས་ལེན་མི་རིགས་པར་ཐལ། ཕྱིས་ཀྱི་གཅིག་པུ་དེ་ནི་སྔོན་མེད་པ་གཅིག་ཡིན་པའི་ཕྱིར། འགྲེལ་ཆེན་གྱིས་གཅིག་པུ་ དེ་ཉིད་ཕྱིས་གཞན་སྐྱེས་པའི་ཚེ་ཡང་གཅིག་པུ་དེ་ཉིད་ཡིན་ན་དེ་འདྲའི་གཅིག་སྔོན་མེད་ཞིག་སྟེ་ཕན་ཚུན་འགལ་བ་གཅིག་ཏུ་ཁས་བླངས་པའི་ཕྱིར། ཞེས་འཆད་དོ། །གལ་ཏེ་ཚུལ་གཞན་དུ་སྣང་བ་དེ་སྣང་བ་ལྟར་བདེན་པ་མིན་ པས་སྐྱོན་མེད་དོ་ཞེ་ན། འོ་ན་ཤེས་པ་དེའི་རང་གི་རང་བཞིན་གཅིག་ཏུ་བདེན་པ་གང་ཡིན་པ་དེ་སྨྲོས་ཤིག་སྟེ་སྨྲར་མེད་པར་ཐལ། ཚུལ་གང་དུ་སྣང་བ་དེ་སྣང་བ་ལྟར་མི་བདེན་པར་ཁས་བླངས་པའི་ཕྱིར། ཤེས་རིག་གི་སྐྱེས་བུ་

Page: 294 ཉིད་དུ་བདེན་པར་གྲུབ་པ་ཉིད་དོ་ཞེ་ན། དེ་ལྟ་ན་རྒྱུད་ཐ་དད་པའི་སྐྱེས་བུ་ཀུན་གཅིག་ཏུ་ཐལ་བར་འགྱུར་ཏེ་སྐྱེས་བུ་ཀུན་ཆ་མེད་ཀྱི་རྟག་ཁྱབ་ཏུ་ཁས་བླངས་པའི་ཕྱིར། སེམས་པ་ཅན་ཤེས་རིག་དང་སེམས་མེད་བེམ་པོ་གཙོ་བོ་ དེ་དག་ཀྱང་གཅིག་ཏུ་འགྱུར་བར་ཐལ། གང་གི་ཕྱིར་ན་ཆ་མེད་ཀྱི་རྟག་ཁྱབ་ཏུ་ཡོད་པ་ཉིད་དུ་མཚུངས་པའི་ཕྱིར། ཡང་ན་ཡོད་པ་ཉིད་ཀྱི་རང་བཞིན་དུ་བདེན་པ་ཡིན་ནོ་ཞེས་པའི་ལན་དུ་སྦྱར་རོ། །གལ་ཏེ་རྣམ་འགྱུར་གྱི་བྱེ་བྲག་མི་འདྲ་བ་ རྣམས་ཕྱིན་ཅི་ལོག་རྫུན་པ་ཡིན་པ་དེའི་ཚེ། དེ་རྣམས་ཀྱིས་འདྲ་བའི་སྟེ་མཚུངས་པའི་རྟེན་སྤྱི་གཙོ་བོ་བདེན་པར་གྲུབ་པ་གང་ཡིན་པ་དེ་ཡང་མེད་པར་ཐལ། རྣམ་འགྱུར་རྣམས་རྫུན་པའི་ཕྱིར་རོ། །གཉིས་པ་ནི། རིགས་པ་ཅན་པ་ དང་བྱེ་བྲག་པ་གང་དག་བདག་སེམས་མེད་པ་བེམ་པོར་འདོད་པ་ཡང་བདག་མིན་ཏེ་སེམས་མེད་ཉིད་ཡིན་པའི་ཕྱིར། དཔེར་ན་བུམ་སོགས་བཞིན་ནོ། །འོན་ཏེ་བདག་རང་ཉིད་བེམ་པོ་ཡིན་ཡང་འདུ་འབྲེལ་གྲུབ་པའི་སྒོ་ ནས་སེམས་དང་ལྡན་པའི་ཕྱིར་ཡུལ་ཤེས་པར་འཇོག་གོ་ཞེ་ན། འོ་ན་བདག་དེ་ཡུལ་སྔར་མི་ཤེས་པའི་རང་བཞིན་དུ་བདེན་པར་ཡོད་པ་དེ་འཇིག་པར་ཐལ། ཕྱིས་རྐྱེན་གཞན་གྱི་སྟོབས་ལས་ཡུལ་ཤེས་པ་ཡིན་པའི་ཕྱིར། ཅི་སྟེ་བདག་ ལ་འགྱུར་བ་ཅུང་ཟད་ཀྱང་མེད་པར་ཁས་བླངས་ན་སེམས་པས་བདག་དེ་ལ་བྱ་བ་ཅི་ཞིག་བྱས་ནས་ཡུལ་ཤེས་པར་འགྱུར་ཏེ་མི་འགྱུར་བར་ཐལ། བདག་འགྱུར་མེད་དུ་ཁས་བླངས་པའི་ཕྱིར། དོན་བསྡུ་བ་ནི། དེ་ལྟར་བདག་དེ་ཤེས་པ་

Page: 295 ༄༅། །མེད་པ་དང་བྱ་བ་དང་བྲལ་བར་ཁས་བླངས་པས་ནམ་མཁའ་བདག་ཏུ་བྱས་པར་འགྱུར་བའི་ཕྱིར། དེ་འདྲའི་བདག་ཁས་བླངས་པ་ལ་དགོས་པ་མེད་དེ་ཕན་གནོད་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ། ། གསུམ་པ་ལ་གཉིས། ལས་འབྲས་མི་འཐད་པར་ཐལ་བ་སྤང་བ་དང༌། སྙིང་རྗེ་བསྒོམ་པ་མི་འཐད་པར་ཐལ་བ་སྤང་བའོ། །དང་པོ་ལ་གཉིས། རྩོད་པ་དང༌། ལན་ནོ། །དང་པོ་ནི། གལ་ཏེ་བཅིངས་གྲོལ་ཀུན་གྱི་གཞིར་གྱུར་པའི་ བདག་ནི་ཡོད་པ་མིན་པར་དངོས་པོ་ཐམས་ཅད་སྐད་ཅིག་གིས་སྐྱེ་འགག་བྱེད་པ་ཡིན་ན། དགེ་མི་དགེའི་ལས་དང་དེའི་འབྲས་བུའི་འབྲེལ་བ་རིགས་པ་མིན་ཏེ་དགེ་མི་དགེའི་ལས་བྱས་ནས་ནི་སྐད་ཅིག་གཉིས་པར་ཞིག་ པས་ན་ཕྱིས་ལས་དེ་བྱེད་པ་པོ་སུའི་ལས་སུ་འགྱུར་ཏེ་འབྲས་བུ་མྱོང་དུས་ན་ལས་བྱེད་པ་པོ་མེད་པའི་ཕྱིར། ཁོ་བོ་ཅག་ལྟར་ན་སྐྱེས་བུ་རྟག་པ་ཡོད་པ་ཡིན་ནོ་ཞེ་ན། གཉིས་པ་ནི།རྒྱུ་ལས་བྱེད་པའི་བྱ་བའི་དུས་དང་འབྲས་ བུ་ལོངས་སྤྱོད་པའི་དུས་ཀྱི་གཞི་གང་ཟག་རྫས་ཐ་དད་དང་འབྲས་བུ་མྱོང་བའི་དུས་དེར་བདག་སྟེ་ལས་བྱེད་པ་པོ་མེད་པར་ཡང་འུ་བུ་ཅག་གཉིས་ཀ་ལ་གྲུབ་པས། ལས་འབྲས་ཀྱི་འབྲེལ་བ་སྟོན་པའི་སྐབས་འདིར་ཁྱོད་ཀྱིས་རྩོད་ པ་དོན་མེད་མ་ཡིན་ནམ་རྒྱུ་ལས་བྱེད་དུས་ན་འབྲས་བུ་མྱོང་བ་མེད་མྱོང་དུས་ན་ལས་བྱེད་པ་པོ་མེད་པར་ཁྱོད་ཀྱིས་ཀྱང་ཁས་བླངས་པའི་ཕྱིར། དེ་སྐྱོན་དུ་འགྱུར་ན་ཁྱོད་རང་ལ་ཡང་མཚུངས་པའི་ཕྱིར་དང་། རྒྱུ་ལྡན་ཏེ་རྒྱུ་གསོག་

Page: 296 དུས་ན་འབྲས་བུ་མྱོང་བ་དང་བཅས་ཞེས་མཐོང་བ་འདི་ནི་སྲིད་པ་མ་ཡིན་པའི་ཕྱིར་རོ། །འོ་ན་ཁྱོད་རང་གི་ལུགས་ཇི་ལྟར་ཡིན་ཞེ་ན། ཕུང་པོའི་རྒྱུན་གཅིག་ལ་ནི་བརྟེན་ནས་སུ་ལས་བྱེད་པ་པོ་དང་འབྲས་བུ་མྱོང་བ་པོ་ཞེས་བྱ་བར་ བསྟན་པ་སྟེ་གདགས་སོ། །རྒྱུན་ཞེས་པ་ནི་ཆ་ཤས་སུ་གྱུར་པའི་སྐད་ཅིག་སྔ་ཕྱི་བར་གསུམ་ཉེ་བར་བླང་བྱར་ཡོད་པའི་ཆ་ཅན་ཉེ་བར་ལེན་པ་པོ་སྟེ་མདོར་ན་གང་ཟག་འདིས་ལས་ཀྱང་བྱས་འབྲས་བུ་ཡང་མྱོང་ཞེས་པ་འཐད་ ཀྱི་རྒྱུ་འབྲས་དུས་གཅིག་པ་སུས་ཀྱང་བཞག་མི་ནུས་སོ། །འདས་པ་དང་མ་འོངས་པའི་སེམས་བདག་མིན་ཏེ་དེ་ནི་ཞིག་པ་དང་མ་སྐྱེས་པས་བདག་ཏུ་མེད་པའི་ཕྱིར། འོན་ཏེ་སྐྱེས་པའི་སེམས་ད་ལྟར་བ་བདག་ཡིན་ན་སྐད་ཅིག་ གཉིས་པར་དེ་ཞིག་ན་ཡང་ཁྱོད་འདོད་པའི་བདག་མེད་དེ་དཔེར་ན་ཆུ་ཤིང་གི་སྡོང་པོ་དག་ཆ་ཤས་སུ་ཕྱེ་ན་རང་བཞིན་གྱིས་གྲུབ་པ་འགའ་ཡང་མེད་པ་དེ་བཞིན་དུ་རང་བཞིན་གྱིས་གྲུབ་མ་གྲུབ་རིགས་པས་རྣམ་པར་དཔྱད་པ་ཡིས་བཙལ་ན་ བདག་ཀྱང་ཡང་དག་པར་གྲུབ་པ་མིན་ཏེ་འོག་ནས་འཆད་པའི་བདག་མེད་སྒྲུབ་པའི་རིགས་པས་གནོད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་སེམས་ཅན་རང་བཞིན་གྱིས་གྲུབ་པ་འགའ་ཡང་ཡོད་པ་མིན་ན་སུ་ལ་སྙིང་རྗེ་ བསྒོམ་པར་བྱ་སྟེ་སྙིང་རྗེའི་དམིགས་ཡུལ་མེད་པའི་ཕྱིར་རོ་ཞེ་ན། སེམས་ཅན་རང་བཞིན་གྱིས་གྲུབ་པ་མེད་ན་སྙིང་རྗེའི་དམིགས་ཡུལ་མི་འཐད་པའི་སྐྱོན་མེད་པར་ཐལ། འབྲས་བུ་ཐར་པ་ཐོབ་པའི་དོན་དུ་ཁས་བླངས་

Page: 297 ༄༅། །པའི་རྨོངས་པས་བཏགས་པ་གང་ཡིན་པའི་སེམས་ཅན་ཐ་སྙད་དུ་ཡོད་པ་དེ་སྙིང་རྗེའི་དམིགས་ཡུལ་དུ་འཐད་པའི་ཕྱིར། རྨོངས་པས་བཏགས་པ་གང་ཟག་དང་ཆོས་ཀྱི་བདག་འཛིན་ལ་བྱས་ན་དེས་སེམས་ ཅན་བདེན་པར་བཏགས་པ་ཡིན་པས་དེས་བཏགས་པ་ལྟར་ཏུ་གྲུབ་པ་བཀག་པས་སེམས་ཅན་མི་ཁེགས་ཏེ་དེ་བཀག་པས་སེམས་ཅན་བཏགས་ཡོད་མིང་རྐྱང་དུ་གྲུབ་པའི་ཕྱིར་རོ། །ཡང་ན་རྨོངས་པ་མ་རིག་པ་ཙམ་ལ་བྱས་ ནས་དེས་བཏགས་པར་གྱུར་པའི་སེམས་ཅན་སྙིང་རྗེའི་དམིགས་ཡུལ་དུ་ཡོད་ཅེས་པའོ། །སེམས་ཅན་མེད་ན་སྙིང་རྗེ་གོམས་པའི་འབྲས་བུ་སངས་རྒྱས་དེ་གང་ཟག་སུའི་ཐོབ་བྱ་ཡིན་ཏེ་སྙིང་རྗེ་བསྒོམ་པ་ལ་འབྲས་བུ་ མེད་པར་འགྱུར་རོ་ཞེ་ན། རྒྱུ་འབྲས་དེ་དག་བདེན་པར་མེད་པ་བདེན་ཏེ་འོན་ཀྱང་ཐ་སྙད་དུ་ཆོས་སུ་རྨོངས་པ་ལས་སྙིང་རྗེ་གོམས་པ་སོགས་མི་འགལ་བར་འདོད་དོ། །སེམས་ཅན་གྱི་སྡུག་བསྔལ་ཉེ་བར་ཞི་བའི་དོན་དུ་རང་ ཉིད་ཀྱིས་འབྲས་བུ་སངས་རྒྱས་ཐོབ་པའི་རྗེས་ཐོབ་ཀྱི་སྐབས་ཀྱི་ཉོན་མོངས་ཅན་མ་ཡིན་པའི་རྨོངས་པ་ལྡོག་མི་བྱ་སྟེ་རེ་ཤིག་ལ་ལྡོག་མི་ནུས། མ་ལྡོག་ཀྱང་ཐམས་ཅད་མཁྱེན་པ་ཐོབ་པའི་ཐབས་ཀྱི་ཡན་ལག་འདིས་ནི་དེ་ ཁོ་ནའི་དོན་ལ་རྨོངས་པ་ལ་སྦྱོར་ན་བདེན་པར་རྨོངས་པ་སྟེ་བདེན་མེད་ཀྱི་ཁྱད་པར་དུ་མ་བྱས་པར་སེམས་ཅན་ཙམ་ལ་དམིགས་ནས་སྙིང་རྗེ་སྒོམ་པའི་སེམས་ཅན་ལ་དམིགས་པ་དང་ཆོས་ལ་དམིགས་པའི་སྙིང་རྗེ་

Page: 298 སངས་རྒྱས་ཀྱི་རྒྱུར་འགྱུར་བར་བསྟན་པ་ལའང་སྦྱར་དུ་རུང་མོད། དེ་ལས་གཞན་དུ་དེ་ཉིད་རྟོགས་པ་མིན་པའི་སེམས་ཙམ་ལ་དམིགས་པ་ལ་སོགས་པའི་ཀུན་རྫོབ་པ་རྣམས་ལྡོག་བྱ་མིན་པའི་དོན་ནོ། །འོ་ན་སྔར་རྨོངས་ པ་ཡུལ་དང་བཅས་པ་བཀག་པ་ཅི་ཡིན་ཞེ་ན། སྔར་འདིར་ནི་སྡུག་བསྔལ་རྒྱུར་གྱུར་པའི་ཞེས་པའི་སྐབས་སུ་བསྟན་པ་ལྟར། འཁོར་བའི་སྡུག་བསྔལ་གྱི་རྒྱུའི་ང་རྒྱལ་ཏེ་ཉོན་མོངས་ཅན་གྱི་མ་རིག་པ་ནི་བདག་ཏུ་རྨོངས་པས་ འཁོར་བའི་སྡུག་བསྔལ་འཕེལ་བར་འགྱུར་བས་དེ་ལྡོག་དགོས་ཤིང་ལྡོག་ནུས་པས་འགལ་བ་མེད་དོ། །ཁོ་ན་རེ། དེ་འདྲ་བའི་རྨོངས་པ་ལྡོག་པ་དེ་ལས་ཀྱང་བདེན་འཛིན་ལྡོག་པ་མེད་པ་སྟེ། ལྡོག་མི་ནུས་ལ་ལན་ཅིག་ལྡོག་ ཀྱང་འཁོར་བའི་ཕུང་པོ་ལྟར་སླར་ཡང་འབྱུང་བས་གཏན་ཟད་དུ་འགྱུར་བ་མེད་དོ་ཞེ་ན། བདེན་འཛིན་ལྡོག་མི་ནུས་པ་མ་ཡིན་ཏེ། དེ་དངོས་པོའི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་ཞུགས་པ་ཡིན་པས་ཤིན་ཏུ་སྟོབས་ཆུང་ཞིང་ དམན་ལ་བདག་མེད་བསྒོམ་པ་དེ་ལ་ལྟོས་ནས་མཆོག་ཡིན་པའི་ཕྱིར་ཏེ། དངོས་པོའི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པ་ཡིན་པས་ཅིག་ཤོས་རྩ་བ་ནས་དྲུངས་འབྱིན་ནུས་པ་ཡིན་ནོ། །གཉིས་པ་ཆོས་ཀྱི་བདག་མེད ་རྒྱས་པར་བཤད་པ་ལ་གསུམ། དྲན་པ་ཉེར་གཞག་བཞིའི་སྒོ་ནས་ཆོས་ཀྱི་བདག་མེད་བཤད་པ་དང༌། བདེན་གཉིས་མི་འཐད་པའི་ཀླན་ཀ་སྤང་བ་དང༌། བདག་མེད་སྒྲུབ་བྱེད་ཀྱི་གཏན་ཚིགས་དགོད་པའོ། །དང་པོ་ལ་

Page: 299 ༄༅། །བཞི། ལུས་དྲན་པ་ཉེ་བར་བཞག་པ་བསྒོམ་པ་དང༌། ཚོར་བ་དྲན་པ་ཉེ་བར་བཞག་པ་དང༌། སེམས་དྲན་པ་ཉེ་བར་བཞག་པ་དང༌། ཆོས་དྲན་པ་ཉེ་བར་བཞག་པ་བསྒོམ་པའོ། །དང་པོ་ལ་བཞི། ཆ་ཅན་ལུས་ རང་བཞིན་མེད་པར་གཏན་ལ་དབབ་པ་དང༌། ཆ་ཤས་ཡན་ལག་རྣམས་རང་བཞིན་མེད་པར་གཏན་ལ་དབབ་པ་དང༌། དེས་ན་རང་བཞིན་མེད་པའི་ལུས་རྨི་ལམ་ལྟ་བུ་ལ་ཆགས་པར་མི་རིགས་པ་དང༌། དེས་གང་ཟག་ཀྱང་ རང་བཞིན་མེད་པར་གྲུབ་པའོ། །དང་པོ་ནི། ལུས་ནི་རང་བཞིན་གྱིས་གྲུབ་པ་མ་ཡིན་པར་ཐལ། དེ་རང་བཞིན་གྱིས་གྲུབ་ན་ལུས་ཀྱི་ཡན་ལག་སོ་སོ་བ་དང་དེ་རྣམས་བསྡོམས་པའི་ཚོགས་པ་དང་དེ་རྣམས་ལས་ངོ་བོ་ཐ་དད་པ་གང་རུང་ གཅིག་ལུས་ཀྱི་མཚན་གཞིར་རྙེད་དགོས་པ་ལ་དེ་མི་རྙེད་པའི་ཕྱིར། ཡན་ལག་ཐམས་ཅད་བསྡོམས་པའི་ཚོགས་པ་ལུས་ཡིན་མོད་དེ་ལ་དོགས་པ་ཅི་ཞིག་ཡོད་སྙམ་ན། ཚོགས་པ་ལ་བརྟེན་ནས་ལུས་སུ་བཏགས་པ་ཡིན་པས་ ལུས་ཀྱི་ཡན་ལག་ཚོགས་པ་ལུས་སུ་མི་རིགས་ཏེ་དེ་ལྟ་མ་ཡིན་ན་མཐར་རྡུལ་ཕྲན་ཆ་མེད་ཀྱི་མཐར་ཐུག་པར་ཁས་ལེན་དགོས་པར་འགྱུར་རོ། །དེས་ན་ལུས་ཞེས་པའི་ཐ་སྙད་འཇུག་པའི་གཞི་ལུས་དེ་ཁོ་རང་གི་ངོས་ནས་ཇི་ལྟར་ ཡོད་བཙལ་བའི་ཚེ་སྐྱེས་བུའི་རྐང་པ་དང་བྱིན་པ་སྐྱེས་བུའི་ལུས་མིན་ལ། བརླ་དང་རྐེད་པའང་ལུས་མ་ཡིན་ལྟོ་དང་རྒྱབ་ཀྱང་ལུས་མིན་ཏེ། དེ་དག་ལ་བརྟེན་ནས་སྐྱེས་བུའི་ལུས་སུ་བཏགས་པའི་ཕྱིར། བྲང་དང་དཔུང་པའང་ལུས་

Page: 300 མ་ཡིན་ལ། རྩིབ་ལོགས་དང་ལག་པའང་ལུས་མ་ཡིན་མཆན་ཁུང་དང་ཕྲག་པའང་ལུས་མ་ཡིན་ནང་ཁྲོལ་རྣམས་ཀྱང་སྐྱེས་བུའི་ལུས་དེ་མིན་ལ་མགོ་དང་མགྲིན་པའང་སྐྱེས་བུའི་ལུས་མིན་ན་ཡན་ལག་འདི་རྣམས་ལ་སྐྱེས་བུའི་ ལུས་ནི་གང་ཞིག་ཡིན་ཏེ་གང་ཡང་མིན་ལ། དེ་རྣམས་ཚོགས་པ་དང་དེ་རྣམས་ལས་ངོ་བོ་ཐ་དད་པ་ཡང་སྐྱེས་བུའི་ལུས་མ་ཡིན་པས་ལུས་རང་བཞིན་གྱིས་གྲུབ་པ་མེད་དོ། །རགས་པའི་ལུས་ཡན་ལག་རྣམས་ལས་དོན་ གཞན་པ་ཡོད་དོ་ཞེ་ན། གལ་ཏེ་ཡན་ལག་རྣམས་ལས་དོན་གཞན་པའི་རགས་པ་ཡན་ལག་ཅན་གྱི་ལུས་འདི་ཡན་ལག་ཐམས་ཅད་ལ་ཕྱོགས་རེ་ཡིས་ནི་སྟེ་ལག་པ་ལའང་ཆ་གཅིག་བྱིན་པ་ལའང་ཆ་གཅིག་སོགས་ཀྱིས་གནས་ པར་འགྱུར་རམ། འོན་ཏེ་ཆ་རེ་རེ་ལ་ཡང་ཆ་ཅན་ཏེ་མ་ཚང་བ་མེད་པར་ཐམས་ཅད་ཀྱིས་གནས། དང་པོ་ལྟར་ན་ཆ་ཅན་དེས་ལག་པ་སོགས་ལ་ཁྱབ་པའི་ཁོ་རང་གི་ཆ་རྣམས་ལག་པ་སོགས་ཀྱི་ཆ་ལ་གནས་པར་འགྱུར་མོད། ཆ་ ལག་པ་ལྟ་བུ་དེ་རང་ཉིད་ནི་ཆ་གང་ལ་གནས་པ་དེ་ཐུག་མེད་དུ་འགྱུར་ཏེ། ལག་པ་ལྟ་བུ་དེ་ཡང་རང་གི་ཆ་སོར་མོ་སོགས་ལ་གནས་ལ་སོར་མོ་སོགས་ཀྱང་རང་གི་ཆ་ལ་གནས་པའི་ཕྱིར། གལ་ཏེ་ཡན་ལག་ཅན་ཆ་མེད་ཡིན་པས་ཆ་སོ་སོ་ཡན་ལག་ སོ་སོ་ལ་གནས་པ་མ་ཡིན་གྱི། བརྟག་པ་ཕྱི་མ་ལྟར་བདག་ཉིད་ཀུན་གྱི་ལུས་ཡན་ལག་ཅན་རྫོགས་པ་ལག་སོགས་ཆ་རེ་རེ་བ་རྣམས་ལ་ཡང་གནས་ན་ནི་ལག་སོགས་དེ་དག་ཇི་སྙེད་ཡོད་པའི་གྲངས་དེ་སྲིད་ཀྱི་ནི་ལུས་སུ་འགྱུར་བས་ཆ་

Page: 301 ༄༅། །ཐུག་པ་མེད་པའི་ཕྱིར། རྫུན་པ་འབའ་ཞིག་ཏུ་འགྱུར་གྱི་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་དོ། །དོན་བསྡུ་བ་ནི། དེ་ལྟར་རིགས་པས་བརྟགས་པ་ན་སངས་རྒྱས་པ་འདོད་པའི་སྐྱེས་བུ་ཕྱི་དང་ མུ་སྟེགས་པ་འདོད་པའི་ནང་གི་བྱེད་པའི་སྐྱེས་བུ་གང་ན་ཡང་ལུས་རང་བཞིན་གྱིས་གྲུབ་པ་མེད་ལ། དེ་མེད་ན་ཇི་ལྟར་ལག་སོགས་ལ་ལུས་རང་བཞིན་གྱིས་གྲུབ་པ་ཡོད་དེ་མེད་དོ། །ལག་སོགས་རྣམས་ལས་ངོ་བོ་ གཞན་པའི་ལུས་མེད་ན་ལུས་དེ་ནི་ཅི་ལྟར་རང་བཞིན་གྱིས་གྲུབ་པ་ཡོད་པ་ཡིན་ཏེ་མེད་དོ། །ལུས་རང་བཞིན་གྱིས་མེད་ཀྱང་འཁྲུལ་བའི་རྒྱུ་ནི་དེས་ན་ལུས་རང་བཞིན་གྱིས་མེད་ཀྱང་དེ་ལྟར་འཁྲུལ་བའི་རྒྱུ་མཚན་ཡོད་དེ། ལུས་རང་བཞིན་གྱིས་མེད་ཀྱང་ལག་སོགས་ལ་བདེན་པར་རྨོངས་པ་ཡིས་ནི་ལུས་རང་བཞིན་གྱིས་གྲུབ་བོ་སྙམ་པའི་བློ་སྐྱེ་བར་འགྱུར་ཏེ། དཔེར་ན་མི་དང་འདྲ་བ་སོགས་ཀྱི་དབྱིབས་སུ་བཀོད་པའི་ཁྱད་པར་གྱིས་ཐོ་ ཡོར་ལ་ནི་མིའི་བློ་སྐྱེ་བ་བཞིན་ནོ། །ཇི་སྲིད་ཐོ་ཡོར་དང་སྣང་བ་མི་གསལ་བ་སོགས་འཁྲུལ་པའི་རྐྱེན་ཚོགས་པ་དེ་སྲིད་དུ་ལུས་ནི་སྐྱེས་པ་སྟེ་མི་ལྟར་སྣང་བ་དེ་བཞིན་དུ་ནི་ཇི་སྲིད་ལག་སོགས་ལ་རང་གི་རྒྱུ་རྐྱེན་ཚོགས་པ་ དེ་ཡོད་པ་དེ་སྲིད་དུ་ཡན་ལག་ཡོད་པ་དེར་ལུས་སུ་སྣང་བ་ལ། ལུས་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་སྐྱེ་བ་ཡིན་ནོ། །གཉིས་པ་ནི། སྐྱེས་བུའི་ལུས་ཡན་ལག་ཚོགས་པ་ལ་བརྟེན་ནས་བཏགས་པ་ཡིན་གྱི་བདེན་

Page: 302 པར་མེད་པ་དེ་བཞིན་དུ་ལྷུ་དང་སོར་མོའི་ཚོགས་ལ་བརྟེན་ནས་བཏགས་པ་ཡིན་པའི་ཕྱིར་ལག་པའང་རང་བཞིན་གྱིས་གྲུབ་པ་གང་ཞིག་ཡིན་པར་འགྱུར་ཏེ་མི་སྲིད་དོ། །སོར་མོ་དེ་ཡང་ཚིགས་ཀྱི་ཚོགས་ལ་བརྟེན་ནས་བཏགས་ པ་ཡིན་པའི་ཕྱིར་རང་བཞིན་གྱིས་གྲུབ་པ་མེད་དོ། །ཚིགས་ཀྱང་རང་གི་ཆ་དང་ཆར་ཕྱེ་བས་དཔྱད་ན་རང་བཞིན་གྱིས་གྲུབ་པ་མེད་ལ་ཚིགས་ཀྱི་ཆ་ཡང་རྡུལ་ཕྲན་དུ་ཕྱེ་བ་སྟེ་དབྱེ་ན་རང་བཞིན་གྱིས་གྲུབ་པ་མེད་དོ། །རྡུལ་ཕྲན་དེའང་ཤར་ ལ་སོགས་པའི་ཕྱོགས་ཆའི་དབྱེ་བ་ཡིས་ཕྱེ་ན་ཕྱོགས་ཀྱི་ཆ་དུ་མ་ལ་བརྟེན་ནས་བཏགས་པ་ཡིན་པས་རང་བཞིན་གྱིས་གྲུབ་པ་མེད་དོ། །ཕྱོགས་ཀྱི་ཆར་དབྱེ་བ་ཡང་རང་བཞིན་གྱིས་གྲུབ་པ་མེད་དེ་རང་བཞིན་གྱིས་གྲུབ་པའི་ཆ་ ཤས་དང་བྲལ་བའི་ཕྱིར་དཔེར་ན་ནམ་མཁའ་བཞིན་ནོ། །དེས་ན་རྡུལ་ཡང་རང་བཞིན་གྱིས་གྲུབ་པ་མེད་དེ་ཡོད་ན་རྡུལ་ཕྲན་ཆ་མེད་ཁས་ལེན་དགོས་པར་འགྱུར་ལ་དེ་ལ་ནི། དྲུག་གིས་ཅིག་ཆར་སྦྱར་བ་ན། །ཞེས་སོགས་ ཀྱི་རིགས་པས་གནོད་པའི་ཕྱིར་རོ། །གསུམ་པ་ནི། དེ་ལྟར་རྨི་ལམ་ལྟ་བུའི་གཟུགས་མ་དཔྱད་པའི་ཚེ་ན་ཚུགས་ཐུབ་པ་ལྟར་སྣང་ཞིང་དཔྱད་པའི་ཚེ་རང་བཞིན་གྱིས་གྲུབ་པ་མེད་པ་ལ་རྣམ་དཔྱོད་དང་ལྡན་པ་སུ་ཞིག་ཆགས་ ཏེ་ཆགས་པར་མི་རིགས་ཏེ། བདེན་འཛིན་གྱི་དམིགས་གཏད་ཕེར་བ་སུ་ཡང་མེད་པའི་ཕྱིར་རོ། །བཞི་པ་ནི། གང་གི་ཚེ་དེ་ལྟར་སྐྱེས་བུའི་ལུས་རང་བཞིན་གྱིས་གྲུབ་པ་མེད་པ་དེའི་ཚེ་རང་བཞིན་གྱིས་གྲུབ་པའི་སྐྱེས་པ་གང་བུད་

Page: 303 ༄༅། །མེད་གང་སྟེ་གང་ཟག་རང་བཞིན་གྱིས་གྲུབ་པ་མེད་དོ། །གཞུང་འདི་པའི་ལུགས་ཀྱིས་རང་རྐྱ་ཐུབ་པའི་གང་ཟག་ཁེགས་པ་ཙམ་གྱིས་གང་ཟག་གི་བདག་མེད་མཚན་ཉིད་རྫོགས་པར་རྟོགས་པ་མ་ཡིན་གྱི་དེ་ལ་ནི་ མིང་གི་ཐ་སྙད་ཀྱིས་བཞག་པ་ཙམ་མིན་པའི་གང་ཟག་མེད་པར་རྟོགས་དགོས་ལ། བདག་མེད་གཉིས་ལ་རྟོགས་དཀའ་སླ་ཡང་མེད་དེ་གཞི་གང་ཟག་དང་ཕུང་པོ་ལ་རྫས་ཡོད་དང་བཏགས་ཡོད་ཀྱི་ཕྲ་རགས་ཀྱང་མི་འབྱེད་ལ་དགག་ བྱའི་ཆོས་བདག་ལ་ཕྲ་རགས་ཀྱི་ཁྱད་པར་ཡང་མི་འབྱེད་པས་སོ། །གང་དག་ཉན་རང་འཕགས་པ་ལ་གང་ཟག་གི་བདག་མེད་རྟོགས་པ་ཡོད་པ་འོས་མེད་ཀྱི་ལུགས་སུ་བྱས་ནས་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་མེད་ལ་རྩོད་ པ་ནི་གཏིང་མ་དཔོགས་པ་ཡིན་པར་ཤེས་པར་བྱའོ། །གཉིས་པ་ཚོར་བ་དྲན་པ་ཉེར་གཞག་བསྒོམ་པ་ལ་བཞི། ཚོར་བ་རང་གི་ངོ་བོ་རང་བཞིན་གྱིས་གྲུབ་པ་དགག་པ་དང༌། རྒྱུ་རང་བཞིན་གྱིས་གྲུབ་པ་དགག་པ་དང༌། དམིགས་ ཡུལ་རང་བཞིན་གྱིས་གྲུབ་པ་དགག་པ་དང༌། ཚོར་བའི་ཡུལ་ཅན་རང་བཞིན་གྱིས་གྲུབ་པ་དགག་པའོ། །དང་པོ་ལ་གསུམ། ཚོར་བ་སྡུག་བསྔལ་རང་བཞིན་གྱིས་མ་གྲུབ་པ་དང༌། ཚོར་བ་བདེ་བ་རང་བཞིན་གྱིས་མ་གྲུབ་པ་དང༌། དེས་ན་ཚོར་བ་རང་བཞིན་མེད་པར་སྒོམ་པའི་རྣལ་འབྱོར་ལ་གནས་པར་གདམས་པའོ། །དང་པོ་ནི། ལུས་བཞིན་དུ་ཚོར་བ་ཡང་རང་བཞིན་མེད་པར་བསྟན་པ་ནི། མྱོང་བྱ་སྡུག་བསྔལ་དང་མྱོང་བྱེད་ཚོར་བ་དེ་ཁོ་ན་ཉིད་དུ་ཡོད་ན་ཅི་

Page: 304 སྟེ་ཡིད་ཀྱི་ཤེས་པ་གཅིག་གི་སྟེང་ན་ཡོད་པའི་ཚོར་བ་སྡུག་བསྔལ་རང་བཞིན་གྱིས་ཡོད་ན་དེ་གཞན་དུ་འགྱུར་བ་མི་རིགས་པས་ཚོར་བ་རབ་ཏུ་དགའ་བ་དང་བདེ་བ་ལ་རྒྱུ་མཚན་ཅིས་མི་གནོད་དེ་གནོད་པས་བདེ་བ་སྐྱེ་བའི་གོ་སྐབས་མེད་ པར་འགྱུར་དགོས་ན་སྐྱེ་བ་མཐོང་བའི་ཕྱིར་སྔ་མ་རང་བཞིན་གྱིས་མེད་དོ། །གཉིས་པ་ནི། བདེ་བ་ཡང་རང་བཞིན་གྱིས་ཡོད་ན་བུ་ཤི་བ་སོགས་ཀྱི་མྱ་ངན་གྱིས་གདུང་བ་སོགས་ལ་ཁ་ཟས་ཞིམ་པོ་སོགས་ཟོས་པས་དེའི་ཡིད་ཅི་སྟེ་དགའ་མི་ བྱེད་དེ་བདེ་བར་བྱེད་པར་ཐལ། བཟའ་བཏུང་ཞིམ་པོ་སོགས་ཀྱིས་བདེ་བ་རང་བཞིན་གྱིས་གྲུབ་པ་བསྐྱེད་པའི་ཕྱིར། ཁོ་ན་རེ་མྱ་ངན་གྱིས་གདུངས་པའི་དུས་བདེ་བ་དེ་སྐྱེས་ཡོད་ཀྱང་སྡུག་བསྔལ་སྟོབས་དང་ལྡན་པས་ཟིལ་ གྱིས་མནན་པའི་ཕྱིར་གལ་ཏེ་བདེ་བ་དེ་མྱོང་བ་མ་ཡིན་ནོ་ཞེ་ན། གང་ཞིག་ཉམས་སུ་མྱོང་བའི་བདག་ཉིད་མིན་པ་དེ་ནི་ཚོར་བ་བདེ་བ་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ། ཉམས་སུ་མྱོང་བའི་ཕྱིར། དེ་བཞིན་དུ་བདེ་བ་སྟོབས་ ལྡན་གྱིས་སྡུག་བསྔལ་རང་བཞིན་གྱིས་གྲུབ་པ་ཟིལ་གྱིས་མནན་པ་ལ་ཡང་ལན་དུ་སྦྱར་རོ། །གལ་ཏེ་བདེ་བ་སྟོབས་ལྡན་སྐྱེས་པའི་ཚེ་ཚོར་བ་སྡུག་བསྔལ་ཕྲ་མོ་ཉིད་དུ་ཡོད་པ་མྱོང་བས་ཅུང་ཟད་ཀྱང་མ་མྱོང་བ་མ་ཡིན་ནོ་ཞེ་ན། ཚོར་ བ་སྡུག་བསྔལ་ཕྲ་མོ་ཡོད་ན་བདེ་བ་སྟོབས་ལྡན་འདིས་སྡུག་བསྔལ་ལ་གནོད་པ་ཅི་ཞིག་བྱས་ནས་བདེ་བ་སྟོབས་ལྡན་མྱོང་བར་འཇོག །བདེ་བ་སྟོབས་ལྡན་དེས་སྡུག་བསྔལ་འདིའི་རགས་པ་བསལ་བ་མིན་ནམ་སྟེ་ཡིན་

Page: 305 ༄༅། །པར་འདོད་ལ། སྡུག་བསྔལ་ཕྲ་མོ་དེ་ནི་བདེ་བ་ཆེན་པོ་དེ་ལས་གཞན་དགའ་བ་ཕྲ་མོ་ཙམ་ཡིན་ནོ་ཞེ་ན། བདེ་བ་ཕྲ་བ་ཉིད་དེའང་བདེ་བ་དེའི་མཚན་ཉིད་ལས་མ་འདས་པས་བདེ་བ་ཕྲ་མོ་ཡིན་ན་བདེ་བ་ ཡིན་དགོས་པས་སོ། །བདེ་ན་མྱ་ངན་གདུང་སོགས་ལ། །ཞེས་པའི་སྐྱོན་སྤོང་བར་འདོད་ནས་གལ་ཏེ་བཟའ་བཏུང་ཞིམ་པ་སོགས་ལས་བདེ་བ་སྐྱེས་པའི་ཚེ་སྡུག་བསྔལ་དང་འགལ་བ་བདེ་བའི་རྐྱེན་སྐྱེས་པས་ན་དེའི་ཚེ་སྡུག་ བསྔལ་སྐྱེས་པ་མིན་ནོ་ཞེ་ན། བདེ་སྡུག་གི་ཚོར་བ་རྟོག་པས་མངོན་པར་ཞེན་ཅིང་བཏགས་པ་ཙམ་ཉིད་ཡིན་ཞེས་བྱ་བར་གྲུབ་པ་མིན་ནམ་སྟེ་གྲུབ་པར་ཐལ། བཟའ་བཏུང་གཅིག་ཉིད་རྟོག་པའི་དབང་གིས་བདེ་སྡུག་གཉིས་ཀའི་ རྒྱུར་བཏགས་པའི་ཕྱིར། གསུམ་པ་ནི། ཚོར་བ་རང་བཞིན་གྱིས་མ་གྲུབ་པ་དེ་ཉིད་ཀྱི་ཕྱིར་ན་ཚོར་བ་བདེན་འཛིན་འདི་ཡི་ནི་གཉེན་པོར་ཚོར་བ་རང་བཞིན་མེད་པར་རྟོགས་པའི་རྣམ་པར་དཔྱོད་པ་འདི་བསྒོམ་པར་བྱ་སྟེ། རྣམ་པར་ བརྟགས་ཤིང་དཔྱད་པའི་ཞིང་ལས་བྱུང་བའི་ཇི་ལྟ་བ་ལ་དམིགས་པའི་ལྷག་མཐོང་དང༌། ཞི་གནས་ལ་བརྟེན་ནས་ལྷག་མཐོང་སྒོམ་པའི་བསམ་གཏན་གོམས་པར་བྱས་ན་རྣལ་འབྱོར་པའི་རྟོགས་པའི་ལུས་གོང་ནས་གོང་དུ་ འཕེལ་ཞིང་རྒྱས་པར་བྱེད་པའི་ཕྱིར་ཟས་ཞེས་བྱ་སྟེ། ཐ་མལ་པའི་ཟས་ཀྱིས་ལུས་རྒྱས་པར་བྱེད་པ་བཞིན་ནོ། །ཏིང་ངེ་འཛིན་འདིས་ཐ་མལ་པའི་ལུས་ཀྱང་རྒྱས་པར་འགྱུར་བ་ཡིན་ནོ། །དེས་ན་སྟོང་ཉིད་རྟོགས་ནས་རྩེ་གཅིག་ཏུ་

Page: 306 མཉམ་པར་འཇོག་པ་ལ་འབད་པར་བྱའོ། །གཉིས་པ་ལ་གསུམ། དབང་དོན་ཕྲད་པ་རང་བཞིན་གྱིས་གྲུབ་པ་དགག །རྣམ་ཤེས་ལ་ཕྲད་པ་རང་བཞིན་གྱིས་གྲུབ་པ་དགག །དེས་ན་དེ་གསུམ་ཕྲད་པ་ལས་བྱུང་བའི་རེག་པ་རང་བཞིན་ གྱིས་མ་གྲུབ་པའོ། །དང་པོ་ནི། རྡུལ་ཕྲན་ལ་ཕྲད་པ་དགག་པར་བྱ་སྟེ་གལ་ཏེ་དབང་དོན་གཉིས་ཀྱི་རྡུལ་ཕྲ་རབ་ཕྲད་ན་རྡུལ་དེ་གཉིས་ལ་བར་ཡོད་དམ་མེད། བར་བཅས་ཡིན་ནོ་ཞེ་ན་རྡུལ་དེ་དག་གང་དུ་ཕྲད་པར་འགྱུར་ཏེ་མ་ཕྲད་པར་ཐལ་ བར་དང་བཅས་པའི་ཕྱིར། བར་དེར་ཡང་སྣང་མུན་གང་རུང་གི་རྡུལ་ཡོད་ལ་དེ་ལ་ཡང་བར་ཡོད་པས་ཐུག་པ་མེད་པར་འགྱུར་རོ། །བར་མེད་དོ་ཞེ་ན་ཡང་རྡུལ་ཆ་མེད་གཉིས་ཕྲད་པའི་ཚེ་ཕྲད་མ་ཕྲད་ཀྱི་ངོས་གཉིས་མེད་པས་བདག་ཉིད་ཐམས་ ཅད་ཀྱིས་ཐམས་ཅད་དུ་ཕྲད་དགོས་ལ། དེ་ལྟ་ན་གོ་ས་གཅིག་ཏུ་འདྲེས་པས་རྡུལ་གཅིག་ཉིད་དུ་འགྱུར་ལ་དེ་ལྟར་ན་ཕྲད་པ་པོ་གང་ཞིག་ཕྲད་པ་གང་དང་ཕྲད་པར་འགྱུར་ཏེ་མི་འགྱུར་བར་ཐལ། དེ་ན་གཉིས་མི་འདུག་པའི་ཕྱིར། དེ་དག་གི་རྒྱུ་ མཚན་ནི་རྡུལ་ཕྲན་རྡུལ་ཕྲན་གཞན་ལ་འཇུག་པ་སྟེ་ཐིམ་པ་མེད་དེ་རྡུལ་ཕྲན་དེ་དག་བར་སྐབས་སྟོང་པ་མེད་པའི་ཕྱིར་དང་བོང་ཚོད་མཉམ་པ་ཡིན་པའི་ཕྱིར། བདག་ཉིད་ཐམས་ཅད་ཀྱིས་ཐམས་ཅད་དུ་ཕྲད་པ་མེད་པའི་རྒྱུ་མཚན་ བཀོད་པའོ། །ཁྱབ་པ་ཡོད་དེ་རྡུལ་ཕྲན་ཕན་ཚུན་མ་ཞུགས་ཤིང་མ་ཐིམ་པ་ལ་འདྲེས་པ་མེད་ཅིང་མ་འདྲེས་པའི་ཆ་མེད་ལ་ཕྲད་པ་མེད་པའི་ཕྱིར། ཆ་མེད་པ་ལའང་ཕྲད་པ་ཞེས་བྱ་བ་ཇི་ལྟར་འཐད་པར་འགྱུར་ཏེ་མི་སྲིད་པས་གལ་

Page: 307 ༄༅། །ཏེ་ཕྲད་པ་དང་ཆ་མེད་པར་ཡོད་པ་མཐོང་ན་བསྟན་པར་གྱིས་ཏེ་བསྟན་པར་མི་ནུས་སོ། །གཉིས་པ་ནི། རྣམ་ཤེས་གཟུགས་ལུས་མེད་པ་ལ་ནི་རང་བཞིན་གྱིས་ཕྲད་པ་འཐད་པ་མ་ཡིན་པ་ཉིད་དེ་གཟུགས་ མེད་པའི་ཕྱིར། རགས་པ་ལ་ཕྲད་པ་དགག་པ་ནི་རྡུལ་དུ་མ་ཚོགས་པའི་རགས་པ་ལའང་ཕྲད་པ་རང་བཞིན་གྱིས་གྲུབ་པ་མེད་དེ་དེ་ལ་བདེན་པའི་དངོས་པོ་མེད་པའི་ཕྱིར་ཏེ། སྔར་ནི་ཅི་ལྟར་ཚིགས་ཀྱི་ཚོགས་རྣམ་པར་དཔྱད་པ་བྱས་ ནས་རང་བཞིན་གྱིས་གྲུབ་པ་བཀག་པ་བཞིན་ནོ། །གསུམ་པ་ནི། སྔར་བཤད་པ་ལྟར་ཡུལ་དབང་རྣམ་ཤེས་གསུམ་ཕྲད་པ་རང་བཞིན་གྱིས་མེད་པ་དེ་ལྟར་ན་རེག་པ་རང་བཞིན་གྱིས་གྲུབ་པ་ཡོད་པ་མིན་ན་ཚོར་བ་བདེན་པར་གྲུབ་ པ་རྒྱུ་གང་ལས་འབྱུང་བར་འགྱུར་ཏེ་རྒྱུ་རྫུན་པ་ལ་འབྲས་བུ་བདེན་གྲུབ་བསྐྱེད་པའི་ནུས་པ་མེད་པའི་ཕྱིར། ཚོར་བ་རང་བཞིན་གྱིས་གྲུབ་པ་མེད་ན་དེའི་དོན་དུ་ངལ་བའམ་འབད་པ་འདི་ཅིའི་དོན་དུ་ཡིན་ཏེ་དོན་མེད་པས་སོ། ། ཚོར་བ་སྡུག་བསྔལ་རང་བཞིན་གྱིས་གྲུབ་པ་སྤང་བའི་དོན་དུ་ངལ་བ་ཡིན་ནོ་ཞེ་ན། མི་འཐད་དེ་ཡུལ་གང་ལས་གང་ཟག་གང་ལ་གནོད་པ་འགྱུར་ཏེ་ཚོར་བ་སྡུག་བསྔལ་རང་བཞིན་གྱིས་གྲུབ་པ་མེད་པའི་ཕྱིར། འཇིག་རྟེན་ འདིར་ནི་སྡུག་བསྔལ་ཕྱིར་བཅོས་ཀྱི་བདེ་བ་ཙམ་ཞིག་ཡོད་ཀྱི་སྡུག་བསྔལ་རང་མཚན་པ་ཡོད་པ་ལྟར་བདེ་བ་རང་མཚན་པ་ནི་མེད་དོ། །དེའང་དཔེར་ན་གྲང་བས་ཉེན་པ་ཉི་མ་ལ་བསྡད་པའི་ཚེ་གྲང་བའི་སྡུག་བསྔལ་

Page: 308 ཅུང་ཟད་ཤུགས་ཆུང་ངུ་སོང་བའི་གནས་སྐབས་དེར་སིམ་པར་མྱོང་བའི་མྱོང་བྱེད་དེ་ཚོར་བ་བདེ་བ་ཡིན་གྱི། དེའི་ཚེ་ཡང་གྲང་བས་ཉེན་པའི་སྡུག་བསྔལ་ཡོད་དེ་སྡུག་བསྔལ་དེ་ཟད་མ་ཐག་བར་མ་ཆད་དུ་ཚ་བའི་སྡུག་ བསྔལ་གྱི་འགོ་བརྩམས་འོང་བའི་ཕྱིར། དེས་ན་བདེ་བར་འདོགས་པའི་གཞིར་སྡུག་བསྔལ་དགོས་ལ་སྡུག་བསྔལ་གྱི་བློ་སྐྱེ་བའི་གཞིར་བདེ་བ་མི་དགོས་པས་སོ། །དཔེར་ན་སྔོན་པོ་དང་རིང་ཐུང་བཞིན་ནོ། །ཚོར་བ་རང་ བཞིན་གྱིས་གྲུབ་པ་མེད་པར་རྟོགས་ན་སྲེད་པ་ལྡོག་པར་བསྟན་པ་ནི། གང་གི་ཚེ་ཚོར་བ་པོ་རང་བཞིན་གྱིས་གྲུབ་པ་འགའ་ཡང་མེད་ཅིང་ཉམས་སུ་མྱོང་བྱ་ཚོར་བའང་རང་བཞིན་གྱིས་གྲུབ་པ་ཡོད་པ་མ་ཡིན་པ་ཁོང་དུ་ཆུད་ པ་དེའི་ཚེ་ཚོར་བྱ་ཚོར་བྱེད་རང་བཞིན་མེད་པའི་གནས་སྐབས་འདི་མཐོང་ནས་སྲེད་པ་ཅིའི་ཕྱིར་ལྡོག་པར་མི་འགྱུར་ཏེ་བདེ་བ་ཐོབ་འདོད་ཀྱི་སྲེད་པ་དང་སྡུག་བསྔལ་འབྲལ་འདོད་ཀྱི་སྲེད་པ་རྣམས་བདེན་འཛིན་གྱི་ སྟོབས་ཀྱིས་འདྲེན་པར་བྱེད་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། མིག་ཤེས་ཀྱིས་མཐོང་བའམ་ནི་ལུས་ཤེས་ཀྱིས་རེག་པའང་རུང་སྟེ་ཚོར་བ་སྐྱེ་བའི་ཡུལ་རྣམས་རང་བཞིན་གྱིས་སྟོང་པ་རྨི་ལམ་དང་སྒྱུ་མ་དང་འདྲ་བའི་ བདག་ཉིད་ཀྱིས་ཚོར་བ་ཡང་རང་བཞིན་མེད་དོ། །བཞི་པ་ནི། ཚོར་བ་སེམས་དང་ལྷན་ཅིག་སྐྱེས་པའི་ཕྱིར། ཚོར་བ་སེམས་དེ་ཡིས་རང་བཞིན་གྱིས་མཐོང་བ་མ་ཡིན་ཏེ། རྫས་ཐ་དད་དུས་མཉམ་ལ་འབྲེལ་བ་མེད་པའི་ཕྱིར།

Page: 309 ༄༅། །ཚོར་བ་ལས་སྔ་བ་དང་ཕྱི་མར་སྐྱེས་པས་ཀྱང་ཚོར་བ་དྲན་པར་འགྱུར་གྱི་མྱོང་བ་མ་ཡིན་ཏེ། དེའི་དུས་ན་འགགས་པ་དང་མ་སྐྱེས་པའི་ཕྱིར་རོ། །དོན་བསྡུ་བ་ནི། ཚོར་བ་རང་གིས་རང་གི་བདག་ཉིད་མྱོང་བ་ མིན་ཏེ། རང་རིག་བཀག་པས་ཁེགས་པའི་ཕྱིར། རང་བཞིན་གྱིས་གྲུབ་པའི་གཞན་དག་གིས་ཀྱང་མྱོང་བ་མ་ཡིན་ཏེ། མྱོང་བྱ་མྱོང་བྱེད་འབྲེལ་པ་མེད་པའི་ཕྱིར། ཚོར་བྱེད་རང་བཞིན་གྱིས་མ་གྲུབ་པར་མ་ཟད་ཚོར་བ་ པོ་འགའ་ཡང་རང་བཞིན་གྱིས་གྲུབ་པ་ཡོད་པ་མིན་ཏེ། གང་ཟག་གི་བདག་འགོག་པའི་སྐབས་སུ་བཀག་ཟིན་པའི་ཕྱིར་རོ། །དེས་ན་ཚོར་བ་དེ་ཁོ་ན་ཉིད་དུ་གྲུབ་པ་མིན་པ་དེ་ལྟར་རང་བཞིན་གྱིས་གྲུབ་པའི་བདག་མེད་པའི་ ཕུང་པོའི་ཚོགས་འདི་ལ་ཚོར་བ་བདེ་བས་ཕན་པ་དང་སྡུག་བསྔལ་འདི་ཡིས་ཅི་སྟེ་གནོད་པར་བྱ་བ་སྡུག་བསྔལ་རང་བཞིན་གྱིས་གྲུབ་པ་ཡང་མེད་པས། ཚོར་བ་རང་བཞིན་གྱིས་གྲུབ་པ་ཡང་མེད་པའི་ཚོར་བ་དྲན་པ་ ཉེར་གཞག་བསྒོམ་པ་ལ་འབད་པར་རིགས་སོ། །གསུམ་པ་སེམས་དྲན་པ་ཉེར་གཞག་བསྒོམ་པ་ལ་གཉིས། ཡིད་ཀྱི་ཤེས་པ་རང་བཞིན་གྱིས་མེད་པར་བསྟན་པ་དང༌། རྣམ་ཤེས་ལྔ་རང་བཞིན་གྱིས་མེད་པར་བསྟན་པའོ། ། དང་པོ་ནི། ཡིད་ནི་རང་བཞིན་གྱིས་གྲུབ་པ་མེད་དེ་དབང་པོ་དྲུག་པོ་རྣམས་ལ་ཡང་རང་བཞིན་གྱིས་མི་གནས། གཟུགས་སོགས་ཡུལ་དྲུག་ལ་རང་བཞིན་གྱིས་གནས་པ་མིན་ལ་དེ་དག་གི་བར་ནའང་སྟེ་དེ་གཉིས་ཚོགས་པ་

Page: 310 ལའང་གནས་པ་མིན་ཏེ། དབུ་མ་ལ་འཇུག་པ་ལས་གསུངས་པ་ལྟར་གྱི་ཤིང་རྟའི་དཔྱད་པ་བདུན་དྲན་པར་བྱའོ། །མུ་སྟེགས་པས་ནང་གི་བྱེད་པའི་སྐྱེས་བུས་བཏགས་པའི་ནང་ནའང་སེམས་རང་བཞིན་གྱིས་གནས་པ་མིན་ལ། ཕྱི་ལག་པ་སོགས་ལའང་གནས་པ་མིན་ཞིང་ཕྱི་ནང་ལས་གཞན་དུའང་ནི་རང་བཞིན་གྱིས་རྙེད་པ་མ་ཡིན་ལ་གང་ཞིག་ལུས་མིན་ཞིང་དེ་ལས་གཞན་དུའང་བདེན་མིན་ལ། སེམས་དེ་ལུས་དང་འདྲེས་པ་མིན་ཞིང་ལུས་ལས་ ལོགས་སུའང་ཡན་དགར་བ་རང་བཞིན་གྱིས་གྲུབ་པ་མེད་པ་དེ་ནི་ཅུང་ཟད་ཀྱང་རང་བཞིན་གྱིས་གྲུབ་པ་ཡོད་པ་མིན་པ་དེའི་ཕྱིར་སེམས་རང་བཞིན་གྱིས་སྟོང་པ་དེ་ཉིད་རང་བཞིན་མྱ་ངན་ལས་འདས་པའོ། །གཉིས་པ་ནི། ཤེས་ བྱ་ཡུལ་ལས་སྔར་དབང་ཤེས་ཡོད་ན་དེ་ནི་ཅི་ལ་དམིགས་ནས་སྐྱེ་སྟེ་དམིགས་རྐྱེན་སྔོན་དུ་མ་སོང་བའི་ཕྱིར། ཤེས་དང་ཤེས་བྱ་དུས་ལྷན་ཅིག་ན་དབང་ཤེས་དེ་ནི་ཅི་ལ་དམིགས་ནས་སྐྱེ་སྟེ་དབང་ཤེས་མ་སྐྱེས་ན་དམིགས་ རྐྱེན་མ་སྐྱེས་པས་བསྐྱེད་མི་ནུས། དམིགས་རྐྱེན་སྐྱེས་ན་ཤེས་པའང་སྐྱེས་ཟིན་པས་སྐྱེད་བྱེད་དུ་དགོས་པ་མེད་པའི་ཕྱིར་རོ། །འོན་ཏེ་དབང་ཤེས་ཤེས་བྱའི་ཕྱིས་ཡོད་ན་དེའི་ཚེ་དབང་པོའི་ཤེས་པ་རྐྱེན་གང་ལས་རང་ བཞིན་གྱིས་སྐྱེ་སྟེ་མི་འཐད་པའི་ཕྱིར། སྐད་ཅིག་སྔ་མ་ཞིག་པ་ལས་སྐྱེ་ན་ས་བོན་ཚིག་པ་ལས་མྱུ་གུ་སྐྱེ་བར་འགྱུར་བ་དང་། སྔ་མ་མ་ཞིག་པ་ལས་སྐྱེ་ན་དུས་གཞན་གྱིས་བར་དུ་ཆོད་མ་ཆོད་གཉིས་ལས་དང་པོ་ལྟར་ན་

Page: 311 ༄༅། །དངོས་སུ་སྐྱེ་བ་མི་སྲིད་པར་འགྱུར། ཕྱི་མ་ལྟར་ན་བདག་ཉིད་ཐམས་ཅད་ཀྱིས་ཐམས་ཅད་དུ་མ་ཆོད་པ་ཡིན་ན་དུས་གཅིག་ཏུ་འདྲེས་པར་འགྱུར་ལ། ཆོད་མ་ཆོད་ཆ་གཉིས་ཡོད་ན་བདེན་པར་གྲུབ་པ་ ཉམས་པས་བདེན་མེད་དུ་གྲུབ་བོ། །བཞི་པ་ཆོས་དྲན་པ་ཉེར་གཞག་བསྒོམ་པ་ནི། སྔར་བཤད་པ་དེ་ལྟར་ཆོས་ཐམས་ཅད་ཀྱི་སྐྱེ་བ་རང་བཞིན་གྱིས་གྲུབ་པ་རྟོགས་པར་འགྱུར་བ་མ་ཡིན་ཏེ། འཕགས་པ་བློ་གྲོས་ མི་ཟད་པའི་མདོ་ལས་གསུངས་པ་ལྟར། འདུས་བྱས་དང་འདུས་མ་བྱས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་རྟོགས་པར་བྱའོ། །གཉིས་པ་བདེན་གཉིས་མི་འཐད་པའི་རྩོད་པ་སྤང་བ་ལ་ གསུམ། ཧ་ཅང་ཐལ་བ་སྤང་བ་དང༌། ཐུག་མེད་དུ་ཐལ་བ་སྤང་བ་དང༌། དོན་ཤེས་བདེན་པར་གྲུབ་པ་ལ་སྒྲུབ་བྱེད་མེད་པར་བསྟན་པའོ། །དང་པོ་ལ་རྩོད་པ་ནི། གལ་ཏེ་སྔར་ཡུལ་ཡུལ་ཅན་སྔ་ཕྱི་ལ་བཏགས་ནས་རང་ གི་མཚན་ཉིད་ཀྱིས་གྲུབ་པ་བཀག་པ་དེ་ལྟར་ན་ཀུན་རྫོབ་ཏུ་གྲུབ་པར་འདོད་པ་ལ་ཡང་སྐྱོན་དེ་མཚུངས་ཤིང་རང་གི་མཚན་ཉིད་ཀྱིས་གྲུབ་པ་མི་སྲིད་ན་ཆོས་གང་ཡང་བཞག་ས་མེད་པས་ཀུན་རྫོབ་མེད་པར་འགྱུར་ ཞིང་དེ་ལ་བདེན་གཉིས་ག་ལ་ཡོད་དེ་གཉིས་ཀ་མེད་ལ། གལ་ཏེ་གཟུགས་སྒྲ་སོགས་བློ་ཀུན་རྫོབ་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཞེན་པའི་ངོར་བདེན་པར་ཡོད་པ་ཡིན་གྱི་ཡུལ་རང་གི་ངོས་ནས་བདེན་པར་

Page: 312 མེད་པས་ཀུན་རྫོབ་ཏུ་ཡོད་པར་ཁྱེད་ཀྱིས་ཁས་བླངས་པ་ཡིན་ལ། དེ་ལྟ་ན་ཁྱོད་ཀྱི་ཀུན་རྫོབ་དེ་ཡང་ཐག་པའི་ངོས་ནས་སྦྲུལ་དུ་མེད་ཀྱང་སྦྲུལ་དུ་ཞེན་པའི་ངོར་སྦྲུལ་དུ་ཡོད་པ་ལྟར་ཀུན་རྫོབ་ཏུ་ཡོད་པར་བློ་གཞན་གྱིས་ ཡོད་པར་རློམས་པ་ཙམ་གྱིས་བཞག་པ་ཡིན་ལ། དེ་ལྟ་ན་སེམས་ཅན་རྣམས་ཀུན་རྫོབ་ཏུ་ཡང་མྱ་ངན་ལས་ག་ལ་འདའ་སྟེ་ཐར་པ་ཐོབ་མི་སྲིད་པར་ཐལ། ཡོད་པ་ཐམས་ཅད་ཕྱིན་ཅི་ལོག་གིས་རྨོངས་པ་ཙམ་དུ་ ཟད་པའི་ཕྱིར། འདོད་ན་ཐར་པ་ཐོབ་པའི་དོན་དུ་ལྟ་བ་གཏན་ལ་ཕབ་པ་དོན་མེད་པར་ཐལ་ལོ་ཞེ་ན། ལན་ནི། དབུ་མ་པས་ཁས་བླངས་པའི་ཀུན་རྫོབ་ཏུ་ཡོད་པ་ཞེས་པ་འདི་ནི་ཞེན་ཡུལ་ལ་འཁྲུལ་བའི་བློ་གཞན་བདེན་ འཛིན་གྱི་སེམས་ཀྱི་རྣམ་རྟོག་གིས་ཡོད་པར་རློམས་པ་ཙམ་དེ་ནི་དབུ་མ་པ་རང་གི་ལུགས་ཀྱི་ཀུན་རྫོབ་ཏུ་ཡོད་པའི་དོན་མིན་ཏེ་རང་གི་ལུགས་ནི་གནས་ལུགས་རྟོགས་པའི་ལྟ་བའི་ཡུལ་དུ་འདོད་པའི་ཆོས་ཐམས་ཅད་ རང་བཞིན་གྱིས་སྟོང་པ་རྟོགས་པའི་ཕྱིར། བསྐྱེད་བྱ་སྐྱེད་བྱེད་ལ་སོགས་པའི་བྱ་བྱེད་ཀུན་རྫོབ་པ་ཡོད་པ་དེ་མ་འཆོལ་བར་ཚད་མས་གྲུབ་པའི་ཚུལ་གྱིས་ངེས་པ་ཡོད་པར་འཇོག་ཐུབ་ན་དེ་ཀུན་རྫོབ་ཏུ་ཡོད་པའི་དོན་ ཡིན་གྱི། དེ་ལྟ་མིན་པར་རང་ལུགས་ལ་བྱ་བྱེད་ཚད་མས་གྲུབ་པར་འཇོག་མི་ཤེས་ན་ཀུན་རྫོབ་ཏུ་ཡང་གྲུབ་པ་ཡང་མེད་པ་ཉམས་སོ། །རང་ལུགས་ཀྱི་ཀུན་རྫོབ་འཇོག་ཚུལ་ནི་ཡུལ་ཅན་རྟོག་པ་དང་རྟོག་པར་བྱ་བ་ཡུལ་གཉིས་པོ་

Page: 313 ༄༅། །དག་རྩ་ཤེ་ལས། བྱེད་པོ་ལས་ལ་བརྟེན་བྱས་ཤིང་། །ཞེས་སོགས་གསུངས་པ་ལྟར་གཉིས་པོ་ཕན་ཚུན་བརྟེན་པ་སྟེ་ལྟོས་ནས་འཇོག་པ་ཡིན་གྱི་རང་གི་ངོ་བོས་གྲུབ་པ་ཅུང་ཟད་ཀྱང་མེད་དོ། །ཇི་ལྟར་ འཇིག་རྟེན་གྱི་ཐ་སྙད་པའི་ཚད་མ་ལ་གྲགས་པ་བཞིན་དུ་མིང་ཙམ་ལ་བརྟེན་ནས་རྣམ་པར་དཔྱོད་པ་སྟེ་རྣམ་གཞག་ཐམས་ཅད་བརྗོད་པ་ཡིན་ནོ། །གཉིས་པ་ནི། གང་གི་ཚེ་ཆོས་རྣམས་ལ་བདེན་པར་ཡོད་མེད་རྣམ་པར་ དཔྱད་པའི་རྣམ་དཔྱོད་ཀྱིས་ནི་རང་བཞིན་གྱིས་སྟོང་པ་དཔྱོད་པར་བྱེད་ན། དེའི་ཚེ་རྣམ་པར་དཔྱོད་མཁན་གྱི་བློ་དེ་དཔྱད་བྱ་དེའི་ཁོངས་སུ་མི་གཏོགས་པས་དེ་བདེན་མེད་དུ་དཔྱད་དགོས་སམ་མི་དགོས། མི་དགོས་ན་ གཞན་ལ་ཡང་མཚུངས་པས་ཐམས་ཅད་བདེན་མེད་ཡིན་པ་ཉམས། དགོས་ན་དཔྱོད་བྱེད་དེ་ཡང་ནི་རྣམ་དཔྱོད་གཞན་གྱིས་བདེན་མེད་དུ་དཔྱད་དགོས་པའི་ཕྱིར་ན་དཔྱོད་བྱེད་ཐུག་པ་མེད་པར་འགྱུར་རོ་ཞེ་ན། ཆོས་ ཐམས་ཅད་བདེན་མེད་དུ་རྟོགས་པའི་ཚད་མ་དེ་ལ་དེ་ཉིད་བདེན་མེད་དུ་དཔྱོད་བྱེད་ཀྱི་ཚད་མ་གཞན་མི་དགོས་པར་ཐལ། དཔྱད་བྱ་ཆོས་ཐམས་ཅད་བདེན་མེད་རྣམ་པར་དཔྱད་པ་བྱས་ནས་བདེན་མེད་དུ་རྣམ་པར་ དཔྱོད་པའི་ཚད་མ་དེ་ལ་ནི་དེའི་འཛིན་སྟངས་མ་ཡལ་བ་དེ་སྲིད་དུ་སླར་ཡང་བདེན་མེད་དུ་དཔྱོད་དགོས་པའི་རྟེན་ཆོས་ཅན་བདེན་གྲུབ་བློ་དེའི་ངོ་བོར་ཡོད་པ་མིན་པའི་ཕྱིར་དང༌། ཆོས་ཐམས་ཅད་བདེན་སྟོང་དུ་རྟོགས་

Page: 314 པའི་གང་ཟག་དེ་ལ་རྟོགས་ཟིན་བྱེད་པ་མ་ཉམས་པའི་བར་ལ་འདི་བདེན་པར་གྲུབ་བམ་མ་གྲུབ་སྙམ་དུ་དཔྱོད་པས་ཁྱད་པར་དུ་བྱས་པའི་གཞི་ཆོས་ཅན་མི་སྲིད་པའི་ཕྱིར་ཏེ། དེ་ལྟར་སེམས་པའི་བློ་སྐྱེས་མ་ཐག་བདེན་པར་ མེད་སྙམ་པའི་དྲན་པ་སྐྱེ་བར་འགྱུར་བའི་ཕྱིར། ཆོས་ཐམས་ཅད་བདེན་མེད་དུ་རྟོགས་ཀྱང་བློ་དེ་ཉིད་ཡང་ཚད་མ་གཞན་གྱིས་བདེན་མེད་དུ་དཔྱོད་དགོས་པ་ཐུག་པ་མེད་པའི་སྐྱོན་དུ་ཁྱོད་ལ་འགྱུར་ཞིང༌། དཔྱོད་བྱེད་གཞན་ དགོས་ན་བདེན་འཛིན་ཀུན་བཏགས་ལྷག་མ་ལས་པར་འགྱུར་ན་བདེན་འཛིན་ཀུན་བཏགས་མངོན་གྱུར་མཐའ་དག་ཚད་མ་སྔ་མ་དེ་ཉིད་ཀྱིས་ལྡོག་ཟིན་པའི་ཕྱིར། རྟེན་ཆོས་ཅན་བདེན་པ་མེད་པའི་ཕྱིར་ན་དགག་ བྱ་དང་བཀག་པ་གཉིས་ཀ་རང་བཞིན་ཉིད་ཀྱིས་མི་སྐྱེ་སྟེ། དེ་ཡང་རང་བཞིན་གྱིས་མྱ་ངན་འདས་པར་བརྗོད་ལ། དོན་དེ་རྟོགས་ནས་གོམས་པར་བྱས་པ་ལས་གློ་བུར་དྲི་བྲལ་གྱི་མྱང་འདས་ཐོབ་པར་ཡང་བརྗོད་དོ། །གསུམ་ པ་ནི། དངོས་པོར་སྨྲ་བ་གང་གི་ལྟར་ན་དོན་ཤེས་འདི་གཉིས་བདེན་པར་གྲུབ་པ་དེ་ཉིད་ཤིན་ཏུ་དཀའ་བར་གནས་ཏེ་སྒྲུབ་བྱེད་མེད་པའི་ཕྱིར། གལ་ཏེ་ཤེས་པ་དེ་ཚད་མ་བདེན་པར་གྲུབ་པའི་དཔེ་ལས་བདེན་གྲུབ་ཀྱི་དོན་གྲུབ་པར་ འཇོག་གོ་ཞེ་ན། བདེན་གྲུབ་ཀྱི་ཤེས་པ་ཡོད་པ་ཉིད་ལ་རྒྱབ་རྟེན་ཚད་མ་ཅི་ཡོད་མེད་དེ། རང་རིག་མེད་པའི་ཕྱིར་དང་ཤེས་པ་གཞན་གྱིས་རིག་ན་ཐུག་མེད་དུ་འགྱུར་པའི་ཕྱིར། འོན་ཏེ་ཤེས་བྱ་དང་གཞལ་བྱ་བདེན་པ་བ་མངོན་སུམ་དུ་གྲུབ་

Page: 315 ༄༅། །པ་འདི་ལས་ཤེས་པ་གྲུབ་བོ་ཞེ་ན། ཤེས་བྱ་ཡོད་པ་ལའང་རྒྱབ་རྟེན་ཅི་ཡོད་ཚད་མས་འཇོག་ན་ངེས་ཏེ་དོན་ཤེས་གཉིས་ཕན་ཚུན་ལྟོས་པའི་དབང་གིས་ཡོད་པའི་ཕྱིར། གཉིས་ཀ་ཡང་ནི་རང་བཞིན་གྱིས་གྲུབ་པ་ མེད་པར་གསལ་བར་གྲུབ་པར་འགྱུར་ཏེ། རིང་ཐུང་དང་ཕ་རོལ་ཚུ་རོལ་བཞིན་ནོ། །གལ་ཏེ་བུ་མེད་ན་ཕ་ཡོད་པ་མིན་ཏེ་ཕར་འཇོག་བྱེད་མེད་པས་སོ། །ཕ་མེད་ན་བུ་དེ་ཉིད་གང་ལས་བྱུང་བ་ཡིན་ཏེ་རྒྱུ་མེད་པའི་ཕྱིར། བུ་མེད་པར་ནི་ཕ་ མེད་པས་དེ་གཉིས་ཕན་ཚུན་ལྟོས་པས་བདེན་པར་མེད་པ་དེ་བཞིན་དུ་དོན་ཤེས་དེ་གཉིས་ཀྱང་བདེན་པར་མེད་པ་ཉིད་དོ། །གལ་ཏེ་མྱུ་གུ་ས་བོན་རང་བཞིན་གྱིས་གྲུབ་པ་ལས་སྐྱེས་ཤིང་ས་བོན་མྱུ་གུ་དེ་ཉིད་ཀྱི་རྟགས་ཡང་ དག་ལས་རྟོག་པ་སྟེ་དཔོག་ནུས་པ་དེ་བཞིན་དུ་ཤེས་བྱ་ལས་སྐྱེས་པའི་ཤེས་པ་བདེན་པར་གྲུབ་པ་ཡིས། ཤེས་བྱ་དོན་དམ་བདེན་གྲུབ་དེ་ཡོད་པ་ནི་ཅིས་མི་རྟོགས་ཏེ་རྟོགས་དགོས་སོ་ཞེ་ན། མི་འཐད་དེ་མྱུ་གུ་ལས་རྫས་ གཞན་པའི་ཚད་མའི་ཤེས་པ་ཡིས་མྱུ་གུ་མཐོང་ནས་ས་བོན་ཡོད་ཅེས་རྟོགས་པར་འགྱུར་ན་ཡང་གང་གི་ཕྱིར་ཤེས་བྱ་དེ་རྟོགས་པས་ཤེས་པ་ཡོད་པ་ཉིད་ཚད་མ་གང་ལས་རྟོགས་ཏེ་རང་རིག་བཀག་ཟིན་པའི་ཕྱིར་དང༌། རིག་བྱེད་གཞན་ཡང་ཁྱོད་ཀྱིས་ཁས་མ་བླངས་པའི་ཕྱིར་རོ། །གསུམ་པ་བདག་མེད་སྒྲུབ་བྱེད་ཀྱི་གཏན་ཚིགས་དགོད་པ་ལ་གསུམ། རྡོ་རྗེ་གཟེགས་མའི་གཏན་ཚིགས་དང༌། རྟེན་འབྲེལ་གྱི་གཏན་ཚིགས་དང༌། ཡོད་མེད་

Page: 316 སྐྱེ་འགོག་གི་གཏན་ཚིགས་སོ། །དང་པོ་ལ་ལྔ། རྒྱུ་མེད་དུ་སྐྱེ་བ་དགག་བ་དང༌། རྟག་པའི་རྒྱུ་གཞན་ལས་སྐྱེ་བ་དགག་པ་དང༌། གཙོ་བོ་རྟག་པ་ལས་སྐྱེ་བ་དགག་པ་དང༌། རྒྱུ་མེད་དགག་པའི་དོན་བསྡུ་བ་དང༌། བདག་གཞན་གཉིས་ཀ་ ལས་སྐྱེ་བ་དགག་པའོ། །དང་པོ་ནི། རྒྱང་པན་པ་སོགས་ན་རེ། རྨ་བྱའི་མདོངས་ཁྲ་ལ་སོགས་པ་འགའ་ཞིག་གིས་བྱེད་པར་མ་མཐོང་ལ། པདྨའི་འདབ་མའི་གཙུབ་པ་དང་འཇམ་ཤ་སོགས་དང་ཚེར་མའི་རྣོ་བ་སོགས་བྱེད་པ་པོ་ སུས་ཀྱང་མ་བྱས་པས་ངོ་བོ་ཉིད་ལས་བྱུང་བ་ཡིན་ནོ་ཞེ་ན། དེ་ནི་མི་འཐད་དེ་རེ་ཤིག་འཇིག་རྟེན་པའི་མངོན་སུམ་གྱིས་སྟོན་ཐོག་ལ་སོགས་པ་ཕྱི་ནང་གི་དངོས་པོ་ཕལ་ཆེ་བ་ལ་སྐྱེད་བྱེད་ཀྱི་རྒྱུ་རྣམས་ཐམས་ཅད་མཐོང་བ་ཡིན་པའི་ ཕྱིར་དང་། པདྨའི་སྡོང་བུའི་ཁ་དོག་དང་འདབ་མའི་གྲངས་སོགས་འབྲས་བུའི་དབྱེ་བ་ནི་རྒྱུའི་དབྱེ་བ་མི་འདྲ་བས་བསྐྱེད་པ་ཡིན་ལ་རྒྱུའི་དབྱེ་བ་མི་འདྲ་བ་གང་གིས་བྱས་ཤེ་ན། སྔར་གྱི་རྒྱུ་མི་འདྲ་བའི་དབྱེ་བ་ཉིད་ལས་སོ། །ཅིའི་ཕྱིར་རྒྱུ་མི་ འདྲ་བ་ཡིས་འབྲས་བུ་མི་འདྲ་བ་བསྐྱེད་ནུས་ཤེ་ན། དེ་ལྟར་མི་ནུས་པའི་སྐྱོན་མེད་དེ། སྔར་གྱི་རྒྱུའི་མཐུ་ཉིད་ལས་རྒྱུ་མི་འདྲ་བས་འབྲས་བུ་མི་འདྲ་བ་སོ་སོར་བསྐྱེད་ནུས་པའི་ཕྱིར། དེས་ན་དངོས་པོ་འདི་རྣམས་ཆོས་ ཅན། རྒྱུ་མེད་མ་ཡིན་ཏེ། ཡུལ་དུས་རེས་འགའ་སྐྱེ་བར་དམིགས་པའི་ཕྱིར་རོ། །གཉིས་པ་ལ་གསུམ། དབང་ཕྱུག་གི་དོན་དྲིས་ལ་དགག་པ་དང༌། རྟག་པ་ཡིན་ན་རྐྱེན་ལྡན་ཀུན་གྱི་རྒྱུར་མི་རུང་བ་དང༌། རྡུལ་ཕྲན་རྟག་པ་རྒྱུ་

Page: 317 ༄༅། །མེད་ཡིན་པ་དགག་བཤད་ཟིན་དྲན་པ་དང་སྦྱར་བའོ། །དང་པོ་ནི། རིགས་པ་ཅན་པ་དང་བྱེ་བྲག་པ་དང་གྲངས་ཅན་གྱི་ཕྱོགས་གཅིག་དབང་ཕྱུག་ལྷར་ཁས་ལེན་པ་དག་ན་རེ། དབང་ཕྱུག་རང་བྱུང་གི་ ཐམས་ཅད་མཁྱེན་པ་དེས་གནས་ལུས་ལོངས་སྤྱོད་ཐམས་ཅད་བློ་སྔོན་དུ་བཏང་ནས་བྱས་པ་ཡིན་པས་འགྲོ་བའི་རྒྱུ་ཡིན་ནོ་ཞེ་ན། རེ་ཤིག་དབང་ཕྱུག་གི་དོན་གང་ཞིག་ཡིན་སྨྲོས་ཤིག་ཅེས་དྲིས་པས། ས་ལ་སོགས་པའི་ འབྱུང་བ་རྣམས་འཕེལ་འགྲིབ་ལས་འབྲས་བུ་འཕེལ་འགྲིབ་བྱེད་པས་འབྱུང་བ་ལ་ཟེར་ཏོ་ཞེ་ན། དེ་ལྟ་མོད་འབྱུང་བ་འཕེལ་འགྲིབ་ལས་འབྲས་བུ་འཕེལ་འགྲིབ་ཏུ་འགྱུར་བ་ཁོ་བོ་ཅག་ཀྱང་འདོད་མོད་ཀྱི། དོན་ཁྱད་ པར་མེད་པའི་མིང་མི་འདྲ་བ་ཙམ་ལ་ཡང་དབང་ཕྱུག་སྒྲུབ་པའི་ཚེགས་ཆེན་པོས་ཅི་ཞིག་ངལ་ཏེ་ངལ་བ་བྱེད་མི་རིགས་པར་ཐལ། རྟག་མི་རྟག་སོགས་དོན་གྱི་ཁྱད་པར་ཆེན་པོ་ཡོད་ན་འདི་དབང་ཕྱུག་ཏུ་མི་རིགས་པ་ ནི་འོན་ཀྱང་ཞེས་པའོ། །ས་སོགས་འབྱུང་བ་རྣམས་རྫས་དུ་མའི་རང་བཞིན་དང༌། སྐྱེ་འཇིག་བྱེད་པའི་མི་རྟག་པ་དང་འབྲས་བུ་བྱེད་པ་ལ་བློ་སྔོན་དུ་གཏོང་བའི་གཡོ་བ་མེད་པ་དང་། འབྱུང་བ་ལྷ་མིན་ཞིང་རྐང་པ་སོགས་ ཀྱི་བགོམ་བྱ་ཉིད་དང༌། མི་གཙང་བ་ཡིན་པས་དེ་ནི་དབང་ཕྱུག་ཉིད་མ་ཡིན་ཏེ། དེ་རྟག་པ་དང་གཅིག་པུ་དང་འབྲས་བུ་བསྐྱེད་པ་ལ་བློ་སྔོན་དུ་གཏོང་བ་དང་ལྷར་ཁས་བླངས་ཤིང་མི་གཙང་བ་དང་བགོམ་བྱ་མིན་པར་ཁས་

Page: 318 བླངསཔའི་ཕྱིར། ནམ་མཁའ་དབང་ཕྱུག་གོ་ཞེ་ན། ནམ་མཁའ་ཆོས་ཅན། དབང་ཕྱུག་མིན་ཏེ། འབྲས་བུའི་དོན་དུ་གཡོ་བ་མེད་པའི་ཕྱིར། བདག་རྟག་པའང་དབང་ཕྱུག་མིན་ཏེ། དེ་བེམ་རིག་གཉིས་ཀ་སྔར་ནི་བཀག་ ཟིན་པའི་ཕྱིར། དབང་ཕྱུག་དེ་བསམ་བྱ་མིན་པའི་བྱེད་པ་པོ་ཡིན་པས་སྐྱོན་དེ་དག་མེད་དོ་ཞེ་ན། དེ་ཡང་བསམ་བྱ་མིན་པ་བྱེད་པ་པོར་བྱེད་པས་ཅི་ཞིག་བྱ་ཁྱོད་ཀྱིས་ཀྱང་དབང་ཕྱུག་སུ་ཡིན་མི་ཤེས་པ་བསམ་དུ་མེད་པ་ ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཚོར་བ་བདེ་སྡུག་སོགས་ནི་སྔོན་གྱི་ལས་ལ་སོགས་པ་ལས་སྐྱེས་པ་ཡིན་ན། ཁྱོད་འདོད་པའི་དབང་ཕྱུག་དེས་བསྐྱེད་པར་འདོད་པའི་འབྲས་བུ་གང་ཞིག་ཡིན་དྲིས་པས་བདག་གོ་ཞེ་ན། དེ་མི་ འཐད་པར་ཐལ། བདག་དེ་དང་ས་སོགས་དང་དབང་ཕྱུག་རང་གི་རིགས་འདྲ་ཕྱི་མའི་ངོ་བོའང་རུང་སྟེ་དབང་ཕྱུག་གིས་བྱས་པ་མ་ཡིན་པར་ཐལ། བདག་དང་འབྱུང་བཞིའི་རྡུལ་ཕྲན་དང་དབང་ཕྱུག་སོགས་རྟག་པ་མིན་ནམ་ སྟེ་རྟག་པར་ཁས་བླངས་པས་དེ་དག་ལ་བསྐྱེད་བྱ་སྐྱེད་བྱེད་མི་འཐད་པའི་ཕྱིར། དེས་ན་སྔོར་སྣང་དབང་པོའི་ཤེས་པ་སོགས་ཤེས་བྱ་སྔོན་པོ་སོགས་ལས་སྐྱེས་པའི་ཕྱིར་དང༌། ཐོག་མ་མེད་པའི་དུས་ནས་ཚོར་བ་བདེ་སྡུག་ དགེ་མི་དགེའི་ལས་ལས་སྐྱེས་པ་ཡིན་པའི་ཕྱིར། དབང་ཕྱུག་དེ་ཡིས་འབྲས་བུ་གང་ཞིག་བསྐྱེད་པ་སྨྲོས་ཤིག་སྟེ་དེས་བསྐྱེད་པའི་འབྲས་བུ་མི་སྲིད་པའི་ཕྱིར་རོ། །རྒྱུ་དབང་ཕྱུག་རྟག་དངོས་ཡིན་པས་དེ་ལ་ཐོག་མ་མེད་

Page: 319 ༄༅། །པ་ཡིན་ན་ད་ལྟར་གྱི་ཚོར་བ་སོགས་འབྲས་བུའི་ཐོག་མ་ག་ལ་ཡོད་དེ། དེ་རིང་གི་ཚོར་བ་ཡང་ཐོག་མ་མེད་པའི་དུས་ནས་བསྐྱེད་པའི་དངོས་རྒྱུ་ནུས་པ་ཐོག་མེད་ཡིན་པའི་ཕྱིར། དབང་ཕྱུག་དེས་འབྲས་ བུ་ཐམས་ཅད་དུས་རྟག་ཏུ་ཅིའི་ཕྱིར་བྱེད་པ་མིན་ཏེ། དེ་ནི་འབྲས་བུ་ཐམས་ཅད་བྱེད་པ་གང་ཞིག་རྐྱེན་གཞན་ལ་ལྟོས་པ་མིན་པའི་ཕྱིར། དེར་ཐལ། དབང་ཕྱུག་དེས་བྱས་པ་མིན་པའི་འབྲས་བུ་གཞན་ཡོད་པ་མིན་ན་ དབང་ཕྱུག་དེས་འབྲས་བུ་བསྐྱེད་པ་འདི་རྐྱེན་གང་ལ་ལྟོས་པར་འགྱུར་ཏེ། ལྷན་ཅིག་བྱེད་རྐྱེན་དུ་འདོད་པ་དེ་ཡང་དབང་ཕྱུག་གིས་བྱ་དགོས་ཤིང་དེས་བྱས་པས་ཆོག་པའི་ཕྱིར། དབང་ཕྱུག་གིས་འབྲས་བུ་བསྐྱེད་པ་གལ་ཏེ་ལྷན་ ཅིག་བྱེད་རྐྱེན་ལ་ལྟོས་ན་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་ཚོགས་པ་ཉིད་རྒྱུ་ཡིན་པར་འགྱུར་གྱི་དབང་ཕྱུག་རང་དབང་ཡོད་པའི་རྒྱུ་མིན་པར་ཐལ། རྒྱུ་རྐྱེན་ཚོགས་ན་དབང་ཕྱུག་ལ་འབྲས་བུ་མི་སྐྱེད་པའི་དབང་མེད་ཅིང་ ཚོགས་པ་དེ་མེད་པར་ནི་དབང་ཕྱུག་གིས་ཀྱང་བསྐྱེད་པའི་དབང་ཡོད་པ་མིན་པའི་ཕྱིར། གལ་ཏེ་དབང་ཕྱུག་མི་འདོད་བཞིན་དུ་འབྲས་བུ་དམྱལ་བའི་སྡུག་བསྔལ་སོགས་ལས་ཀྱིས་བྱེད་ན་དབང་ཕྱུག་དེ་གཞན་གྱི་ དབང་ཅན་དུ་ཐལ་བར་འགྱུར་བས་རང་དབང་དུ་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་པ་ཉམས་སོ། །དབང་ཕྱུག་དེ་འབྲས་བུ་བྱེད་འདོད་ནས་འབྲས་བུ་བྱེད་ནའང་འབྲས་བུ་འདོད་པ་ཙམ་ལ་རག་ལས་པར་འགྱུར་ལ་འདོད་

Page: 320 པས་འབྲས་བུ་བྱེད་ནའང་དེ་དབང་ཕྱུག་ག་ལ་ཡིན་ཏེ་འདོད་པ་མི་རྟག་པ་ཡིན་པས་སོ། །གསུམ་པ་ནི། བྱེ་བྲག་པ་གང་དག་རྡུལ་ཕྲན་རྟག་པ་འགྲོ་བ་སྣ་ཚོགས་ཀྱི་བྱེད་པ་པོར་སྨྲ་བ་དེ་དག་ཀྱང་ནི་སྔར་རྡུལ་ཕྲན་ཆ་མེད་འགོག་ པའི་རིགས་པས་ལྡོག་ཟིན་པས་ཤི་ཟིན་པ་ལ་མནན་མི་དགོས་སོ། །གསུམ་པ་ལ་གཉིས། འདོད་པ་དགོད་པ་དང༌། དེ་སུན་དབྱུང་བའོ། །དང་པོ་ནི། གྲངས་ཅན་པ་ན་རེ། རང་བཞིན་ལས་ཆེན་དེ་ལས་ང་རྒྱལ་ཏེ། །དེ་ལས་ ཚོགས་ནི་རྣམ་པ་བཅུ་དྲུག་འབྱུང༌། །བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་སྟེ། །སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཞེས་ཤེས་བྱ་ཉེར་ལྔ་ཡོད་པའི་ནང་ནས་གཙོ་བོ་རྟག་པ་ཡིན་པ་གཅིག་པུ་ཡིན་པ་སོགས་མཚན་ཉིད་ ལྔ་ལྡན་དེ་རྣམ་འགྱུར་སྣ་ཚོགས་པའི་འགྲོ་བའི་རྒྱུ་ཡིན་པར་ནི་གྲངས་ཅན་འདོད་དོ། །བདེ་སྡུག་བཏང་སྙོམས་གསུམ་གྱི་མིང་གི་རྣམ་གྲངས་སྙིང་སྟོབས་དང་རྡུལ་དང་མུན་པ་ཞེས་བྱ་བའི་ཡོན་ཏན་གསུམ་ཆ་མཉམ་ པའི་གནས་སྐབས་ན་གཙོ་བོ་ཞེས་བྱར་རབ་ཏུ་བརྗོད་དེ་གསུམ་ཆ་མི་མཉམ་པ་འདི་ནི་འགྲོ་བ་སྟེ་རྣམ་འགྱུར་ཡིན་པར་བརྗོད་དོ། །གཉིས་པ་ལ་གཉིས། དངོས་དང༌། དབུ་མ་པ་ལ་སྐྱོན་མི་མཚུངས་པའོ། །དང་པོ་ལ་ གསུམ། གཙོ་བོ་ཆ་མེད་ཀྱི་རྟག་པ་རྣམ་འགྱུར་རྣམས་ཀྱི་རང་བཞིན་ཡིན་པ་དགག་པ་དང༌། རྟག་པ་ཡིན་པ་དགག་པ་དང༌། འབྲས་བུ་སྔར་མེད་གསར་སྐྱེ་མི་སྲིད་པ་དགག་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། གཟུགས་

Page: 321 ༄༅། །ལ་སོགས་པ་དང་གཙོ་བོ་ཆ་མེད་གཅིག་ལ་བདེ་སོགས་རང་བཞིན་གསུམ་ཡོད་ན་དེ་རིགས་པ་མིན་པར་ཐལ། གཅིག་ཡིན་པ་མི་སྲིད་པར་འགྱུར་བའི་ཕྱིར། དེ་མི་སྲིད་ན་དུ་མའང་མི་སྲིད་པས་ གཏན་མེད་དུ་འགྱུར་རོ། །རྒྱུ་མཚན་དེས་ན་ཡོན་ཏན་གསུམ་གྱི་རང་བཞིན་གྱི་གཙོ་བོ་ཆ་མེད་ཡོད་པ་མིན་ནོ། །དེ་བཞིན་དུ་ཡོན་ཏན་ཉིད་ཀྱང་གཅིག་ཏུ་བདེན་པར་ཡོད་པ་མིན་ཏེ། དེ་ཡང་སོ་སོར་རེ་རེ་རྣམ་པ་གསུམ་ གསུམ་དུ་ཡོད་པའི་ཕྱིར། དེ་ལྟར་དཔྱད་པ་ན་ཡོན་ཏན་གསུམ་ཆ་མཉམ་པའི་གཙོ་བོ་དེ་མེད་ན་སྒྲ་སོགས་ཀྱང་ཡོད་པ་ཉིད་ཤིན་ཏུ་རྒྱང་རིང་དུ་འགྱུར་ཏེ། དེ་ཙམ་ལྔ་གཙོ་བོའི་རྣམ་འགྱུར་དུ་ཁས་བླངས་པའི་ཕྱིར་རོ། ། སེམས་མེད་བེམ་པོ་ཡིན་པའི་ཕྱིར་གོས་ལ་སོགས་པ་ལ་ཆོས་ཅན་བདེ་སོགས་གྲུབ་སྡེ་རྫས་གཅིག་གི་རང་བཞིན་དུ་ཡོད་པར་སྲིད་པའང་མིན་པར་ཐལ་ལོ། །གོས་ལ་སོགས་པ་རྣམ་འགྱུར་གྱི་དངོས་པོ་རྣམས་ བདེ་སོགས་དེའི་རྒྱུའི་རང་བཞིན་དུའོ་ཞེ་ན། དངོས་པོ་རྣམས་བདེན་པར་གྲུབ་པ་རྣམ་པར་དཔྱད་ཟིན་པ་མིན་ཏེ་བདེན་པ་བཀག་ཟིན་པའི་ཕྱིར། ཁྱོད་ཀྱི་ལྟར་ན་སྣམ་སོགས་ཀྱི་རྒྱུ་ཡང་བདེ་སོགས་ཆ་མཉམ་པའི་གཙོ་བོ་ ཉིད་ཡིན་ན་གཙོ་བོ་དེ་ལས་སྣམ་སོགས་འབྱུང་བའང་མེད་དེ་གཙོ་བོ་མི་སྲིད་པའི་ཕྱིར། སྣམ་སོགས་ལས་ནི་བདེ་སོགས་སྐྱེ་བ་ཡིན་ན་ཕྱིས་སྣམ་བུ་སོགས་དེ་མེད་པའི་ཕྱིར་ན་བདེ་སོགས་ཆ་མཉམ་པའི་གཙོ་བོ་ཡང་

Page: 322 མེད་པར་འགྱུར་ཏེ་རྒྱུ་མེད་པའི་འབྲས་བུ་མི་སྲིད་པའི་ཕྱིར། འདོད་མི་རིགས་ཏེ། གཙོ་བོ་རྟག་དངོས་སུ་ཁས་བླངས་པའི་ཕྱིར་རོ། །གཉིས་པ་ནི། བདེ་སོགས་ཀྱི་རང་བཞིན་རྟག་པ་ཉིད་དུ་ཡང་ནམ་ཡང་ཡོད་པ་མ་ཡིན་པར་ཐལ། དེ་ ལྟར་ཚད་མས་དམིགས་པ་ཡོད་པ་མ་ཡིན་པའི་ཕྱིར། གལ་ཏེ་བདེ་བའི་གསལ་བ་རྟག་པའི་དངོས་པོར་ཡོད་པ་ཉིད་ཡིན་ན་སྡུག་བསྔལ་སྐྱེས་པའི་དུས་ན་ཡང་བདེ་བ་མྱོང་བ་ཅི་ཕྱིར་འཛིན་མ་ཡིན་ཏེ། འཛིན་པར་ཐལ། དེའི་ཚེ་བདེ་བ་དེ་ཉིད་ཕྲ་མོར་གྱུར་ན་དེ་རགས་པ་དང་དེ་དོར་ནས་ཕྲ་བའང་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། བདེ་སོགས་ཕྲ་བ་དོར་ནས་རགས་པ་དང་རགས་པ་དོར་ནས་ཕྲ་བར་འགྱུར་བས་ཏེ་འགྱུར་ བའི་ཕྱིར། ཕྲ་རགས་དེ་དག་མི་རྟག་པ་ཉིད་དུ་འགྱུར་བར་ཐལ་ལོ། །དེ་བཞིན་དུ་དངོས་པོ་ཐམས་ཅད་ནི་ཆོས་ཅན། མི་རྟག་པ་ཉིད་དུ་ཅིས་མི་འདོད་དེ་འདོད་རིགས་པར་ཐལ། རང་བཞིན་གཞན་དང་གཞན་དུ་འགྱུར་བའི་ ཕྱིར། རགས་པ་བདེ་བ་ལས་གྲུབ་བདེ་རྫས་གཞན་ནམ་རྫས་གཞན་མིན། དང་པོ་ལྟར་ན་རགས་པ་ལོག་ཀྱང་བདེ་བ་མྱོང་བར་འགྱུར་བས་བདེ་བ་གསལ་བར་མྱོང་བ་རགས་པ་ཉིད་ཡིན་པ་ཉམས་སོ། །རྫས་གཞན་ མིན་ན་བདེ་བ་ཡང་གསལ་བར་མི་རྟག་པ་ཉིད་དུ་འགྱུར་ཏེ་རགས་པ་འགགས་ན་བདེ་བ་ཡང་འགག་པས་སོ། །འདོད་ན་བདེ་སོགས་ཀྱི་རང་བཞིན་རྟག་པ་ཉམས་སོ། །གསུམ་པ་ནི། གལ་ཏེ་སྐྱེ་ན་རྒྱུ་དུས་ན་ཡོད་དགོས་པས་

Page: 323 ༄༅། །རྒྱུ་དུས་ན་མེད་པ་དགའ་ཡང་ནི་སྐྱེ་བ་མིན་ཏེ། རྒྱུའི་རང་བཞིན་དུ་མེད་པའི་ཕྱིར་ཞེས་འདོད་ན་ཁྱོད་ཀྱི་སྐྱེ་བའི་དོན་གང་ཡིན། རང་བཞིན་སྔར་ཡོད་ཀྱང་གནས་སྐབས་བློ་ཡུལ་དུ་སྔར་མི་ གསལ་བ་མངོན་པར་གསལ་བ་ཡིན་ནོ་ཞེ་ན། མངོན་པར་གསལ་བ་རྒྱུ་དུས་ན་མེད་པར་སྐྱེ་བ་ནི་ཁས་བླངས་པས་སྔར་མེད་གསར་སྐྱེའི་འབྲས་བུ་ཁྱོད་མི་འདོད་ཀྱང་གནས་པ་ཉིད་དེ་དོན་ཁས་བླངས་ནས་ཐ་སྙད་མི་འདོད་ པ་ཙམ་དུ་ཟད་དོ། །ཡང་ན་གསལ་བ་སྟེ་རྣམ་འགྱུར་སྔར་མེད་གསར་སྐྱེ་ཁྱོད་མི་འདོད་ཀྱང་གནས་པ་ཁས་བླངས་དགོས་སོ་ཞེས་བཤད་དོ། །གལ་ཏེ་རྒྱུ་ལ་འབྲས་བུ་རང་བཞིན་ཐ་མི་དད་ཀྱི་ཚུལ་དུ་གནས་ན་ཟན་ཟ་ བ་མི་གཙང་བ་ཟ་བར་འགྱུར་བར་ཐལ། ཟན་གྱི་རང་བཞིན་དང་མི་གཙང་བའི་རང་བཞིན་ཆ་མེད་ཀྱི་གཅིག་ཡིན་པའི་ཕྱིར། གཙོ་བོ་དེ་ཉིད་ཆོས་རྣམས་ཀྱི་རང་བཞིན་དང་གནས་ལུགས་དང་དོན་དམ་པ་དང་ཆ་མེད་ཀྱི་ རྟག་པར་ཁས་བླངས་ལ། ཟན་གྱི་རང་བཞིན་དང་མི་གཙང་བའི་རང་བཞིན་གཅིག་ཏུ་ཁས་བླངས་པས་སོ། །གཞན་ཡང་རས་ཀྱི་རིན་གྱིས་རས་བལ་གྱི་ས་བོན་ཉོས་ལ་བགོ་བར་གྱིས་ཏེ་གོན་པས་ཆོག་པར་ཐལ། རས་ གོས་ཀྱི་རང་བཞིན་དང་རས་བལ་གྱི་ས་བོན་གྱི་རང་བཞིན་ཆ་མེད་གཅིག་ཡིན་པའི་ཕྱིར། གལ་ཏེ་དེ་གཉིས་རང་བཞིན་གཅིག་ཡིན་ཡང་འཇིག་རྟེན་རྨོངས་པས་རྒྱུ་དུས་ན་འབྲས་བུ་ཡོད་པ་མ་མཐོང་བས་ན་རས་བལ་

Page: 324 གྱི་ས་བོན་མི་གོན་པ་ཡིན་ནོ་ཞེ་ན། འོ་ན་གྲངས་ཅན་ཁྱོད་ཀྱི་སྟོན་པ་དྲང་སྲོང་གླིང་སྐྱེས་ལ་སོགས་པ་ཐམས་ཅད་མཁྱེན་པར་འདོད་པས་རྒྱུ་དུས་ན་འབྲས་བུ་ཡོད་པའི་དེ་ཉིད་ཤེས་པ་ཉིད་ཀྱིས་བཞག་པ་དེ་ཉིད་ཁྱོད་ཀྱིས་ཀྱང་ ཤེས་པས་ཁྱོད་ཟན་ཟ་མི་གཙང་ཟ་བ་སོགས་སུ་འགྱུར་རོ། །ཁྱོད་ཀྱི་ལུགས་ཀྱིས་འཇིག་རྟེན་པ་ལ་ཡང་ནི་དེ་ཉིད་ཤེས་པ་ཡོད་པས་རྒྱུའི་དུས་ན་འབྲས་བུ་ཡོད་པ་ཅི་སྟེ་མཐོང་མ་ཡིན་ཏེ་མཐོང་བར་ཐལ། རྒྱུ་དུས་ན་འབྲས་བུ་ ཡོད་པ་གྲངས་ཅན་གྱིས་བཞག་པ་དེ་ཤེས་པའི་ཕྱིར། ཡང་རྐང་པ་སྔ་མ་ལ་དེ་ཉིད་ཤེས་པར་འདོད་པའི་ཁྱོད་ཀྱི་སྟོན་པས་ཀྱང་རས་བལ་གྱི་ས་བོན་མི་གོན་པར་རས་གོས་ནན་གྱིས་གྱོན་པར་མཐོང་བས་རྒྱུ་དུས་ན་འབྲས་ བུ་མེད་པར་གསལ་ལོ། །གལ་ཏེ་འཇིག་རྟེན་པའི་མཐོང་བ་ཚད་མ་ཉིད་མིན་པས་ན་མི་རྟོགས་པ་ཡིན་ནོ་ཞེ་ན། འོ་ན་འཇིག་རྟེན་པས་གསལ་བ་རྣམ་འགྱུར་མངོན་དུ་གྱུར་པའི་རང་བཞིན་མཐོང་བའང་བདེན་པ་ མ་ཡིན་པར་ཐལ། འཇིག་རྟེན་པའི་མཐོང་བ་ཚད་མ་མ་ཡིན་པའི་ཕྱིར་རོ། །གཉིས་པ་དབུ་མ་པ་ལ་སྐྱོན་མི་མཚུངས་པ་ནི། གལ་ཏེ་ཁྱེད་ལྟར་ན་ཡང་ཚད་མ་དོན་དམ་པར་ཚད་མ་མིན་ན་རྫུན་པའི་ཚད་མ་དེས་གཞལ་ བྱ་གཞལ་བའང་གཞལ་བ་ལྟར་མ་གྲུབ་པའི་ཕྱིན་ཅི་ལོག་རྫུན་པར་མི་འགྱུར་ཏེ་འགྱུར་བར་ཐལ། འཇལ་བྱེད་ཚད་མ་རྫུན་པ་ཡིན་པའི་ཕྱིར། རྒྱུ་མཚན་དེ་ཉིད་དུ་ན་ཁྱོད་འདོད་པའི་སྟོང་པ་ཉིད་བསྒོམ་པ་ཕྱིན་ཅི་མ་ལོག་

Page: 325 ༄༅། །པ་མི་འཐད་པར་འགྱུར་ཏེ། དེ་འཇལ་བྱེད་ཀྱི་ཚད་མ་རྫུན་པ་ཡིན་པ་དེའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། ཁོ་བོ་ཅག་ལ་སྟོང་ཉིད་འཇལ་བའི་ཚད་མ་རྫུན་པ་དང་དེས་བཞག་པའི་སྟོང་ པ་ཉིད་ཀྱང་རྫུན་པ་ཡིན་པར་ཆེས་འཐད་དེ། རྟོག་པས་བདེན་པའི་དངོས་པོ་བཀག་པའི་དགག་པ་ངེས་པ་དེ་དགག་བྱའི་རྣམ་པར་ཤར་བ་ལ་རག་ལས་པའི་ཕྱིར། དེར་ཐལ། བརྟགས་པའི་དངོས་པོ་བདེན་གྲུབ་ལ་རྟོག་པས་ མ་རེག་པར་ཏེ་བདེན་གྲུབ་ཀྱི་རྣམ་པ་མ་ཤར་བར་བདེན་སྟོང་དེའི་དངོས་པོར་བདེན་མེད་དེ་རྟོག་པས་འཛིན་པ་མ་ཡིན་པའི་ཕྱིར། དེའི་ཕྱིར་དགག་བྱ་རྫུན་པའི་དངོས་པོ་གང་ཡིན་པ་དེ་མི་སྲིད་པས་དགག་བྱ་དེ་བཀག་པ་དེའི་ དངོས་མེད་གསལ་བར་རྫུན་ནོ། །སྔ་མའི་དཔེ་ནི་རྟོག་པ་ལ་མོ་གཤམ་བུའི་རྣམ་པ་མ་ཤར་བར་མོ་གཤམ་བུ་ཤི་བའི་རྣམ་པ་མི་འཆར་བ་བཞིན་ནོ། །དགག་བྱ་བཀག་པའི་བདེན་སྟོང་བདེན་པར་གྲུབ་ན་རིག་ཤེས་རྗེས་ དཔག་ལ་བདེན་སྟོང་སྣང་བ་བདེན་པར་གྲུབ་དགོས་ལ། དེ་ལྟ་ན་ཡ་གྱལ་བཀག་པའི་ཚོགས་པ་མི་སྲིད་ཅིང་དེ་ལ་དགག་བྱ་བདེན་པར་སྣང་བས་བདེན་སྣང་ཡང་བདེན་པར་གྲུབ་དགོས་ལ་དེ་ལྟ་ན་བདེན་གྲུབ་ཡོད་དགོས་ ན་དེ་མེད་པའི་ཕྱིར། དེ་བཀག་པའི་བདེན་སྟོང་ཡང་རྫུན་པ་ཡིན་གྱི་བདེན་པར་མ་གྲུབ་བོ། །དེ་ནི་རྩ་ཤེ་ལས། གལ་ཏེ་མི་སྟོང་ཅུང་ཟད་ཡོད། །ཅེས་སོགས་ཀྱི་དོན་སྟོན་པ་ཡིན་ནོ། །བདེན་གྲུབ་ཀྱི་སྤྱི་མ་ཤར་བར་བདེན་

Page: 326 སྟོང་ལེགས་པར་མི་ངེས་པས་སྟོང་ཉིད་ངེས་པ་དགག་བྱའི་ཚད་འཛིན་ལ་མཁས་དགོས་པ་ཡིན་ནོ། །རྒྱུ་མཚན་དེས་ན་དཔེར་ན་རྨི་ལམ་དུ་བུ་ཤི་བ་དམིགས་པ་ལ་བུ་དེ་མེད་སྙམ་པའི་རྣམ་རྟོག་ནི་བུ་དེ་ཡོད་སྙམ་པའི་རྣམ་ པར་རྟོག་པའི་གེགས་ཡིན་ཡང་། རྨི་ལམ་གྱི་སྤང་གཉེན་གཉིས་པོ་དེ་ཡང་རྫུན་པ་ཡིན་པ་དེ་བཞིན་དུ་གཉེན་པོ་རྫུན་པས་སྤང་བྱ་རྫུན་པ་འཇོམས་པ་དང༌། ཚད་མ་རྫུན་པས་གཞལ་བྱ་རྫུན་པ་འཇལ་བ་མི་འགལ་ལ་གྲངས་ ཅན་གྱིས་ཤེས་བྱ་ཐམས་ཅད་བདེན་གྲུབ་ཏུ་ཁས་བླངས་པས་ཚད་མ་རྫུན་པ་འཇོག་མི་ཤེས་པས་མཚུངས་སོ། །བཞི་པ་ནི། རྒྱུ་མཚན་དེ་བས་ན་སྔར་བཤད་པ་དེ་ལྟར་རིགས་པས་རྣམ་པར་དཔྱད་པས་དབང་ཕྱུག་དང་ གཙོ་བོ་སོགས་མི་མཐུན་པའི་རྒྱུ་ལས་སྐྱེ་བ་མི་སྲིད་པར་མ་ཟད། འབྲས་བུ་འགའ་ཡང་རྒྱུ་མེད་པས་སྐྱེ་བ་ཡང་ཡོད་པ་མ་ཡིན་ཞེས་རྒྱུ་མེད་ལས་སྐྱེ་བ་ཁེགས་པའི་མཇུག་བསྡུས་པ་ཡིན་ནོ། །ལྔ་པ་ནི། གཞུང་རྐང་པ་ བཞི་པོ་འདིས་མུ་གསུམ་ལས་སྐྱེ་བ་བཀག་པའི་མཇུག་སྡུད་ལ་སྦྱར་ཡང་རུང་ཞིང་རང་གཞན་གཉིས་ཀ་ལས་སྐྱེ་བ་འགོག་པའི་རིགས་པ་ལ་ཡང་སྦྱར་རོ། །མྱུ་གུ་ལ་སོགས་པའི་འབྲས་བུ་རྣམས་ཆུ་ལུད་དྲོད་གཤེར་ལ་ སོགས་པ་སོ་སོ་བ་རྣམས་ལ་གནས་པའམ་ཐམས་ཅད་འདུས་པའི་རྐྱེན་རྣམས་ལ་ཡང་རང་བཞིན་གྱིས་འཁར་གཞོང་ལ་རྒྱ་ཤུག་བརྟེན་པའི་ཚུལ་དུ་གནས་པ་མ་ཡིན་ཏེ། དེ་ཡོད་ན་དམིགས་སུ་རུང་བ་ལས་མ་དམིགས་

Page: 327 ༄༅། །པའི་ཕྱིར་དང༌། དེའི་དུས་ན་ཡང་ཡོད་པ་མ་ཡིན་ཏེ་རྐྱེན་རྣམ་པར་མ་འགྱུར་བར་མྱུ་གུ་མི་སྐྱེ་བའི་ཕྱིར་རོ། །རྐྱེན་དེ་རྣམས་ལས་གཞན་ལས་འོངས་པའང་མ་ཡིན་ལ་རང་བཞིན་གྱིས་གྲུབ་པའི་ ཚུལ་གྱིས་གྲུབ་ཟིན་གནས་པ་མ་ཡིན་ཞིང་། འགགས་ནས་གཞན་དུ་འགྲོ་བ་ཡང་མ་ཡིན་པས་རང་བཞིན་ཅུང་ཟད་ཀྱང་མེད་ལ། དེའི་ཕྱིར་བདག་ལས་སྐྱེ་བ་དང་གཞན་ལས་སྐྱེ་བ་དང་བདག་གཞན་གཉིས་ཀ་ལས་སྐྱེ་བ་ཡང་ མེད་དོ། །མདོར་ན་ཕུང་པོ་དང་གང་ཟག་ཆོས་ཅན། རང་བཞིན་གྱིས་སྐྱེ་བ་མེད་དེ། བདག་ལས་ཀྱང་མི་སྐྱེ་གཞན་ལས་ཀྱང་མི་སྐྱེ་གཉིས་ཀ་ལས་ཀྱང་མི་སྐྱེ་རྒྱུ་མེད་ལས་ཀྱང་མི་སྐྱེ་བའི་ཕྱིར། ཞེས་པའི་ཕྱོགས་ཆོས་སྒྲུབ་ པ་ཡིན་ནོ། །གཉིས་པ་རྟེན་འབྲེལ་གྱི་གཏན་ཚིགས་ནི། ཉོན་མོངས་ཅན་གྱི་རྨོངས་པ་མ་རིག་པས་བདེན་པར་གང་བྱས་ཤིང་བཏགས་པའི་དངོས་པོ་འདི་སྒྱུ་མ་དང་རྨི་ལམ་དང་གཟུགས་བརྙན་སོགས་ལས་ནི་ཁྱད་པར་ ཅི་ཡོད་དེ་རང་བཞིན་གྱིས་གྲུབ་པས་སྟོང་བཞིན་དུ་རང་བཞིན་གྱིས་གྲུབ་པར་སྣང་བའི་ཕྱིར། སྒྱུ་མ་མཁན་གྱིས་སྤྲུལ་པ་སྒྱུ་མའི་རྟ་གླང་སོགས་གང་ཡིན་པ་དང་རྒྱུ་རྐྱེན་རྣམས་ཀྱིས་ནི་གང་སྤྲུལ་པའི་དངོས་པོ་དེ་ནི་ རང་བཞིན་གྱིས་གྲུབ་ན་སྐྱེས་པའི་ཚེ་གཞན་ནས་འོང་དགོས་ཤིང༌། འགགས་པའི་ཚེ་གཞན་དུ་འགྲོ་དགོས་ན་གང་ནས་འོངས་པར་འགྱུར་ཞིང་གང་དུ་འགྲོ་བའང་རྟག་པར་གྱིས་ཏེ་འགྲོ་འོང་རང་བཞིན་མེད་པས་གང་ཟག་དང་

Page: 328 ཕུང་པོ་ཆོས་ཅན། རང་བཞིན་གྱིས་མེད་དེ་རྟེན་འབྲེལ་ཡིན་པའི་ཕྱིར་དཔེར་ན་གཟུགས་བརྙན་བཞིན་ཞེས་པའོ། །འདུ་བྱེད་དང་མྱུ་གུ་ལ་སོགས་པའི་འབྲས་བུ་གང་ཞིག་མ་རིག་པ་དང་ས་བོན་ལ་སོགས་པའི་རྒྱུ་གང་དང་ནི་ ཉེ་བ་ཡིས་སྐྱེ་བ་མཐོང་བར་འགྱུར་བ་རྒྱུ་དེ་དག་མེད་ན་སྐྱེ་བ་མིན་པ་བཅོས་བུ་ཡིན་པས་གཟུགས་བརྙན་དང་མཚུངས་པ་དེ་ལ་བདེན་པར་གྲུབ་པ་ཉིད་ཇི་ལྟར་ཡོད་དེ་མེད་དོ། །སྒྱུ་མ་ཞེས་པ་བཞིས་རྟེན་འབྲེལ་གྱི་རྟགས་ཀྱི་ ཁྱབ་པ་བསྒྲུབ་པ་དང༌། དེ་ནས་རྐང་པ་ཕྱེད་དང་གསུམ་གྱིས་གཏན་ཚིགས་དང༌། དེ་ནས་ཕྱེད་ཀྱིས་དཔེ་དང་ཐ་མས་དམ་བཅའ་བསྟན་ཏོ། །རྒྱས་པར་ཤེས་པར་འདོད་ན་འཇུག་པའི་རྣམ་བཤད་ཆེན་མོ་ལས་ཤེས་པར་བྱའོ། ། གསུམ་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་ལ་གསུམ། གཏན་ཚིགས་བསྒྲུབས་ནས་སྐྱེ་བ་རང་བཞིན་གྱིས་གྲུབ་པ་དགག་པ་དང༌། དེས་འགག་པ་རང་བཞིན་གྱིས་གྲུབ་པ་ཁེགས་པ། དེས་ན་སྲིད་ཞི་མཉམ་པ་ཉིད་དུ་གྲུབ་ པའོ། །དང་པོ་ནི། དངོས་པོ་རང་བཞིན་གྱིས་ཡོད་པར་གྱུར་པ་ལ་རྒྱུ་ཡིས་དགོས་པ་ཅི་ཞིག་ཡོད་དེ་རང་བཞིན་གྱིས་ཡོད་པ་བསྐྱེད་མི་དགོས་པའི་ཕྱིར་རོ། །འོན་ཏེ་འབྲས་བུ་དེ་ནི་མེད་ན་ཡང་རྒྱུ་ཡིས་དགོས་པ་ཅི་ཞིག་ཡོད་དེ་བསྐྱེད་ མི་ནུས་པའི་ཕྱིར་རོ། །འབྲས་བུ་ཐམས་ཅད་རྒྱུའི་དུས་ན་མེད་པ་སྐྱེ་བ་ཤ་སྟག་ཡིན་པས་དེ་འགོག་པ་མ་ཡིན་གྱི་གཏན་མེད་སྐྱེ་བ་འགོག་པ་ཡིན་ནོ། །འབྲས་བུ་ཡོད་པ་སྐྱེ་བ་འགོག་པ་ཡང་གྲངས་ཅན་རྒྱུ་དུས་སུ་ཡོད་པར་འདོད་པ་

Page: 329 ༄༅། །དང་ཕལ་ཆེར་རང་བཞིན་གྱིས་ཡོད་པར་འདོད་པ་འགོག་པ་ཡིན་གྱི་སྐྱེས་ཟིན་པའི་ཕྱིར་བསྐྱེད་མི་དགོས་པར་འགྱུར་རོ། །ཞེས་ཟེར་བ་ནི་རིགས་པའི་ལམ་ལས་འདས་པའོ། །དེས་ན་རང་ བཞིན་གྱིས་སྟོང་པའི་རྒྱུ་འབྲས་སྒྱུ་མ་ལྟ་བུ་དང་གཟུགས་བརྙན་ཁས་ལེན་པར་བྱེད་པ་ཡིན་ནོ། །དངོས་མེད་རྒྱུའི་བྱེད་པའི་ཡུལ་དུ་མི་རུང་བར་བསྒྲུབ་པ་ནི་ཡོད་པ་གྲུབ་ཟིན་པས་བསྐྱེད་མི་དགོས་ཀྱང་མེད་པ་ ཅིའི་ཕྱིར་མི་འབྱུང་ཞེ་ན། བྱེ་བ་བརྒྱ་ཕྲག་རྒྱུ་ཡིས་ཀྱང་དངོས་པོ་མེད་པ་དངོས་པོར་བསྒྱུར་དུ་མེད་དེ། དངོས་མེད་དངོས་པོར་སུ་གང་གིས་ཀྱང་བྱ་བར་མི་ནུས་པའི་ཕྱིར། འགྱུར་ན་དངོས་མེད་ཀྱི་གནས་སྐབས་མ་བཏང་ བའམ་བཏང་ནས་ཡིན། དང་པོ་ལྟར་ན་དངོས་མེད་ཀྱི་གནས་སྐབས་དེ་དངོས་པོ་ཇི་ལྟར་ཡིན་ཏེ་དོན་བྱེད་ནུས་པ་དང་མི་ནུས་པའི་གནས་སྐབས་འགལ་བའི་ཕྱིར་རོ། །གཉིས་པ་ལྟར་ན་དངོས་པོ་དང་དངོས་མེད་ལས་ དངོས་པོར་འགྱུར་རྒྱུ་གཉིས་ལས་གཞན་ཡང་གང་ཞིག་ཡིན་མི་སྲིད་པའི་ཕྱིར་རོ། །གཞན་ཡང་དངོས་མེད་ཀྱི་གནས་སྐབས་མ་བཏང་ན་དངོས་པོར་མེད་པའི་ཚེ་དངོས་པོར་ཡོད་པ་སྲིད་པ་མིན་ན་དངོས་པོ་ཡོད་པར་ནམ་ཞིག་ འགྱུར་ཏེ་མེད་པའི་དུས་ན་དངོས་པོ་མ་སྐྱེས་པའི་ཕྱིར། གཞན་ཡང་དངོས་མེད་ཀྱི་གནས་སྐབས་བཏང་ནས་འགྱུར་ན་དངོས་པོ་སྐྱེས་པར་མ་གྱུར་པར་དངོས་མེད་དང་ནི་བྲལ་བར་མི་འགྱུར་ལ་དངོས་མེད་དང་ནི་མ་བྲལ་

Page: 330 ན་དངོས་པོར་ཡོད་པའི་སྐབས་མི་སྲིད་དེ་གནས་སྐབས་གཉིས་འགལ་བའི་ཕྱིར། དངོས་མེད་དངོས་པོར་མི་འགྱུར་བ་དེ་བཞིན་དུ་དངོས་པོའང་དངོས་པོ་མེད་པར་འགྱུར་བ་མིན་ཏེ། ཕྱེད་དངོས་པོ་དང་ཕྱེད་དངོས་མེད་ ཡིན་ན་གཅིག་ཉིད་རང་བཞིན་གཉིས་སུ་གྲུབ་པར་ཐལ་བར་འགྱུར་བའི་ཕྱིར། རིགས་པ་འདི་དག་གིས་ཡེ་མེད་དང་དངོས་པོར་མེད་པ་མཐའ་དག་སྐྱེ་བ་བཀག་པ་ཡིན་ནོ། །མྱུ་གུ་ཆོས་ཅན། རང་བཞིན་གྱིས་སྐྱེ་བ་མེད་དེ། ཡོད་པ་རང་བཞིན་གྱིས་གྲུབ་པའང་མི་སྐྱེ་མེད་པ་རང་བཞིན་གྱིས་གྲུབ་པའང་མི་སྐྱེ་བའི་ཕྱིར། དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ། །རྒྱུའི་དུས་ན་མེད་པ་སྐྱེ་བ་འགོག་པ་ནའང་རྒྱུའི་དུས་ན་མེད་ཀྱང་སྐྱེས་པའི་ཚེ་རང་བཞིན་གྱིས་ གྲུབ་པར་སྐྱེ་བ་འགོག་པ་ཡིན་པས་དགག་བྱ་ལ་ཁྱད་པར་སྦྱར་བའོ། །གཉིས་པ་ནི། སྔར་གོང་དུ་ཇི་སྐད་བཤད་པའི་ཚུལ་གྱིས་སྐྱེ་བ་རང་བཞིན་གྱིས་མ་གྲུབ་པ་དེ་ལྟར་ན་འགག་པ་རང་བཞིན་གྱིས་གྲུབ་པ་ཡོད་པ་མིན་ཞིང་ དངོས་པོའང་རང་བཞིན་གྱིས་ཡོད་པ་མིན་པ་དེའི་ཕྱིར། འགྲོ་བ་འདི་དག་ཐམས་ཅད་ནི་རྟག་ཏུ་རང་བཞིན་གྱིས་མ་སྐྱེས་པ་དང་མ་འགགས་པ་ཉིད་དང་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཉིད་ དོ། །གསུམ་པ་ནི། སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ་རང་བཞིན་ཅུང་ཟད་ཀྱང་མེད་པ་ལ་བྱ་བྱེད་མ་འདྲེས་པ་སོ་སོར་གནས་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་རྣམ་པར་དཔྱད་ན་ཆུ་ཤིང་དང་འདྲ་སྟེ་

Page: 331 ༄༅། །ཚུགས་ཐུབ་པ་ལྟར་སྣང་ཡང་རང་བཞིན་གྱིས་གྲུབ་པའི་སྙིང་པོ་ཅུང་ཟད་ཀྱང་མེད་པའི་ཕྱིར། དེ་ཁོ་ན་ཉིད་ལ་དཔྱད་པར་འགྲོ་མི་འགྲོའི་ས་ཚིགས་ནི་མིང་གི་ཐ་སྙད་བཏགས་པ་ཙམ་གྱིས་མ་ ཚིམ་པར་ཐ་སྙད་འཇུག་པའི་གཞི་ཇི་ལྟར་ཡོད་ཚོལ་འདོད་ནས་དཔྱོད་པ་ནས་དེ་ཁོ་ན་ཉིད་ལ་དཔྱོད་པར་འགྲོ་ལ། དེ་ལྟར་མིན་པར་ཐ་སྙད་བཏགས་པ་ཙམ་གྱིས་ཚིམས་ནས་ལྷ་སྦྱིན་འོངས་མ་འོངས་སོགས་དཔྱོད་པ་ ན་ཐ་སྙད་ཀྱི་དཔྱོད་པ་ཡིན་ནོ། །འདོད་ཆགས་པ་ལ་སོགས་པའི་སྲིད་པའི་འཆིང་བ་ལས་གྲོལ་བའི་མྱ་ངན་ལས་འདས་པ་དང་འཁོར་བའི་བཙོན་རར་ཆུད་པའི་མྱ་ངན་ལས་མ་འདས་པའང་དེ་ཁོ་ན་ཉིད་དུ་ཁྱད་པར་མེད་དེ་ སྲིད་པ་དང་ཞི་བ་རང་བཞིན་གྱིས་སྟོང་པ་ཉིད་དུ་མཚུངས་པའི་ཕྱིར་རོ། །ཏིང་ངེ་འཛིན་རྒྱལ་པོ་ལས། སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། །འདི་ལ་མི་སྐྱེ་སུ་ཡང་འཆི་བ་མེད། །ཅེས་སོགས་དང༌། འཕགས་པ་ཉེ་བ་འཁོར་ གྱིས་ཞུས་པ་ལས། ཆོས་ཀྱི་རང་བཞིན་དག་ལ་གཞལ་བྱས་ན། །འབྲས་བུ་ཀུན་མེད་འབྲས་བུ་ཐོབ་པའང་མེད། །ཅེས་སོགས་གསུངས་པ་ལྟར་རོ། །གསུམ་པ་དེས་ན་སྟོང་ཉིད་རྟོགས་པ་ལ་འབད་རིགས་པར་ གདམས་པ་ལ་གསུམ། གདམས་པ་དངོས་དང༌། འཁོར་བའི་ཉེས་དམིགས་བསྟན་པའི་སྒོ་ནས་སྙིང་རྗེ་ཆེན་པོའི་དམིགས་པ་བསྟན་པ་དང༌། སྙིང་རྗེ་ཆེན་པོའི་རྣམ་པའི་འཛིན་སྟངས་བསྟན་པའོ། །དང་པོ་ལ་

Page: 332 གཉིས། གནས་ལུགས་ཀྱི་དོན་བསྟན་པ་དང༌། དེ་རྟོགས་པ་ལ་འབད་པར་རིགས་པའོ། །དང་པོ་ནི། སྔར་གོང་དུ་ཇི་སྐད་བཤད་པའི་ཚུལ་དེ་ལྟར་རང་བཞིན་གྱིས་སྟོང་པའི་དངོས་པོ་རྣམས་ལ་རང་བཞིན་གྱི་ངོས་ནས་གཞལ་ ན་རྙེད་པ་གང་གིས་ཆགས་པར་འགྱུར་བ་ཐོབ་པ་ཅི་ཡོད་རྙེད་པ་གང་ཞིག་ཤོར་བས་ཁོང་ཁྲོ་སྐྱེ་བར་འགྱུར་བ་ཤོར་བ་ཅི་ཡོད་དེ་ཅུང་ཟད་ཀྱང་མེད་ལ། གང་གིས་རིམ་གྲོ་བྱས་པའམ་ཡོངས་སུ་བརྙས་པའི་ཕན་པ་བྱས་པ་དང་གནོད་པ་ བྱས་པའང་ཅི་ཞིག་ཡོད། གང་ཞིག་ཐོབ་པ་དང་སླད་བའི་དོན་དུ་འབད་པ་བྱེད་པ་བདེ་བའི་སྡུག་བསྔལ་གྱི་རྒྱུ་བདེན་པ་བ་གང་ལས་ཡིན་འདོད་བྱ་མ་ཡིན་པ་དང༌། འདོད་བྱ་རང་བཞིན་གྱིས་གྲུབ་པའི་མི་དགར་ཅི་ཡོད་དགར་ཅི་ ཡོད་གནས་ལུགས་ཀྱི་དོན་ལ་དཔྱོད་པའི་རིགས་པས་དེ་ཉིད་དུ་ནི་བཙལ་བྱས་ན་སྲེད་པ་སྐྱེ་བའི་གཞི་གང་ལ་སྲེད་པ་པོ་གང་ཞིག་སྲེད་ཅིང་དམིགས་པ་གང་ལ་སྲེད་དེ་སྲེད་པའི་འཁོར་གསུམ་རང་བཞིན་གྱིས་མ་གྲུབ་པའི་ཕྱིར་ རོ། །དེ་ལྟར་ལས་དང་ལས་གསོག་པ་པོ་ལ་སོགས་པ་རྣམས་ལ་དཔྱད་ན་གསོན་པོའི་འཇིག་རྟེན་སེམས་ཅན་འདི། གང་ཞིག་སྲིད་པ་འདིར་ནི་འཆི་འགྱུར་ཏེ། འཆི་བ་རང་བཞིན་གྱིས་མ་གྲུབ་པའི་ཕྱིར། ཚེ་ཕྱི་མ་འབྱུང་འགྱུར་ གང་ཡིན་སྐྱེ་བ་སྔ་མར་འབྱུང་འགྱུར་གང༌། ཕན་འདོགས་པའི་གཉེན་གང་ཡིད་དུ་འོང་བའི་ཤེས་ཀྱང་གང་ཞིག་ཡིན་ཏེ་རང་བཞིན་གྱིས་གྲུབ་པ་ཅུང་ཟད་ཀྱང་མེད་དོ། །དེ་ལྟར་གནས་ལུགས་ཀྱི་དོན་ཁོང་དུ་ཆུད་པར་བྱས་ནས་འཇིག་

Page: 333 ༄༅། །རྟེན་གྱི་ཆོས་བརྒྱད་རོ་སྙོམས་པ་ལ་འབད་པར་བྱའོ། །གཉིས་པ་ནི། དེ་ལྟར་ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་ནི་གཞུང་རྩོམ་པ་པོ་བདག་འདྲ་བས་ཡོངས་སུ་བཟུང་བར་གྱིས་ཏེ་སྲིད་པའི་ རྩ་བ་གཅོད་པ་དང་ཐམས་ཅད་མཁྱེན་པར་བགྲོད་པའི་ལམ་གྱི་གཙོ་བོ་ཡིན་པའི་ཕྱིར་རོ། །བདག་འདྲ་བ་ནི་རྩོམ་པ་པོའི་ཁེངས་སྐྱུང་བ་དང་གཙོ་བོ་ནི་དེ་ཁོ་ན་ཉིད་མ་རྟོགས་པའི་སོ་སོ་སྐྱེ་བོ་རྣམས་ལ་གདམས་པ་ཡིན་ནོ། ། གཉིས་པ་ལ་ལྔ། ཚེ་འདིའི་ཉེས་དམིགས་དང༌། འཇིག་རྟེན་ཕྱི་མའི་ཉེས་དམིགས་དང༌། བདེ་འགྲོར་སྐྱེས་ཀྱང་དམ་པའི་ཆོས་སྒྲུབ་པའི་ལོང་མེད་བསམ་པ་དང༌། དལ་འབྱོར་ཤིན་ཏུ་རྙེད་དཀའ་བ་བསམ་པ་དང༌། དེས་ ན་རང་གཞན་འཁོར་བའི་སྡུག་བསྔལ་གྱིས་མནར་བ་ལ་མྱ་ངན་བྱ་བར་འོས་པའོ། །དང་པོ་ནི། ཚེ་འདིར་ཡང་བདག་ཉིད་བདེ་བར་འདོད་ཀྱང་སྡུག་བསྔལ་གྱི་དབང་ལས་མ་འདས་ཏེ་རང་གཞན་རྣམས་ནི་བདེ་བར་འདོད་པས་ དགྲ་ལ་འཐབ་པ་དང༌། གཉེན་ལ་སྤྲོ་བའི་རྒྱུ་དག་གིས་རབ་ཏུ་འཁྲུག་པ་དང་དགའ་བར་བྱེད་ཅིང༌། འདོད་པ་མ་གྲུབ་ན་མྱ་ངན་དང་འདོད་པའི་དོན་དུ་འབད་རྩོལ་བྱེད་པ་དང་གཞན་ལ་རྩོད་པ་དང་བདག་གཞན་ཕན་ཚུན་ལུས་ གཅོད་པ་དང་འབིགས་པ་དང་གཞན་ཡང་དག་ཡིད་ལ་སོགས་པའི་སྡིག་པ་མཐའ་ཡས་པ་བསགས་པ་དག་གིས་ནི་ཚེགས་ཆེན་པོ་འབྲས་བུ་མེད་པའི་དཀའ་བ་ཆེན་པོས་འཚོ་དགོས་པར་སྣང་བས་མཁས་པ་དག་གིས་ཚེ་

Page: 334 འདིའི་ཕུན་ཚོགས་ལ་སྲེད་པར་མི་བྱའོ། །གཉིས་པ་ནི། དགེ་བའི་བཤེས་གཉེན་དང་ལན་རེ་ཙམ་ཕྲད་པའི་སྟོབས་ཀྱིས་བདེ་འགྲོར་གློག་འགྱུ་བ་བཞིན་དུ་དུས་ཅུང་ཟད་རེ་ཡང་དང་ཡང་འོངས་ཏེ་བདེ་བ་མང་པོ་ལོངས་སྤྱད་ སྤྱད་ནས་ཡང་ཤི་ནས་ངན་སོང་གི་སྡུག་བསྔལ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བ་ནི་ཡུན་རིང་པོ་བསྐལ་པ་མཐའ་ཡས་པའི་བར་དུ་དམྱལ་བ་ཆེན་པོ་མི་བཟད་པ་རྣམས་སུ་ལྟུང་ཞིང༌། སྡུག་བསྔལ་མཐའ་ཡས་པ་ཉམས་ སུ་མྱོང་དགོས་པས་ངན་འགྲོའི་ཉེས་དམིགས་བསམ་པར་བྱའོ། །སྲིད་པ་སྤྱིའི་ཉེས་དམིགས་སེམས་པ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པ་ན་ནི་སྡུག་བསྔལ་གྱིས་གནོད་པའི་གཡང་ས་ཤིན་ཏུ་མང་ སྟེ་དེ་དག་ལས་མི་འདའ་བའི་རྒྱུ་ནི་སྲིད་པ་དེ་ནི་སྡུག་བསྔལ་ལས་གྲོལ་བའི་ཐབས་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་མིན་པར་སྲིད་པའི་ཞགས་པས་བཅིངས་པ་འདི་འདྲ་དང་ལྡན་པའི་སྐབས་དེར་ཡང་ཕན་ཚུན་འགལ་བས་ན་སྟེ་ དེ་ཁོ་ན་ཉིད་ཁོང་དུ་མ་ཆུད་ན་ཐར་པའི་རྒྱུ་དང་འགལ་བ་དངོས་པོ་བདེན་པར་སྒྲོ་བཏགས་ནས་འཁོར་བར་འཁོར་བ་འབའ་ཞིག་ཏུ་ཟད་དོ། །སྲིད་པ་འཁོར་བ་ན་དེ་ཉིད་ཁོང་དུ་ཆུད་པ་འདི་འདྲ་མེད་པས་སྲིད་པ་དེར་ཡང་དཔེ་མེད་ པའི་སྲིད་པ་དེར་ཡང་དཔེ་མེད་པའི་མི་བཟད་པའི་སྡུག་བསྔལ་གྱི་རྒྱ་མཚོ་མཐའ་ལས་འདས་པ་ཉམས་སུ་མྱོང་བར་འགྱུར་བས་སྟོང་པ་ཉིད་རྟོགས་པ་ལ་འབད་པར་རིགས་སོ། །གསུམ་པ་ནི། སྲིད་པ་དེར་ནི་བདེ་འགྲོར་སྐྱེས་

Page: 335 ༄༅། །ཀྱང་དེ་ལྟར་དགེ་བ་སྒྲུབ་པའི་སྟོབས་ཆུང་ཞིང་དེར་ནི་དགེ་བ་སྒྲུབ་པའི་རྟེན་དལ་འབྱོར་གྱི་ཚེ་ཡང་ཐུང་བ་ཉིད་དང༌། དེར་ཅུང་ཟད་གནས་པའི་སྐབས་སུ་ཡང་ཡུན་རིང་དུ་གསོན་དུ་རེ་བའི་ ཐད་ས་ཁྲུས་དང་སྐུ་མཉེ་སོགས་དང་ནད་མེད་ཀྱི་རྒྱུ་སྨན་བསྟེན་པ་སོགས་བྱེད་པ་དང་བཀྲེས་པ་དང་ལམ་གྱིས་ངལ་བ་དང་། གཉིད་དང་ཕྱི་ནང་གི་གནོད་པ་སྣ་ཚོགས་པའི་ཉེ་བར་འཚེ་བ་དང༌། དེ་བཞིན་དུ་སྡིག་གྲོགས་ཀྱི་ བྱིས་པ་དང་འགྲོགས་པ་སོགས་དོན་མེད་ཀྱིས་ཆོས་བྱེད་པའི་ལོང་མེད་པར་ཚེ་འདི་དོན་མེད་མྱུར་བོར་ཏེ་མགྱོགས་པར་འདའ་ཞིང་འཇིག་པར་འགྱུར་ལ། སྲིད་པ་ལས་འདའ་བའི་རྒྱུ་དེ་ཁོ་ན་ཉིད་ཀྱི་དོན་ལ་རྣམ་པར་དཔྱོད་ པའང་ཤིན་ཏུ་རྙེད་པར་དཀའ་བས་འཁོར་བ་ལྡོག་པའི་ཐབས་ལ་འབད་པར་བྱའོ། །བཞི་པ་ནི། བདེ་འགྲོར་སྐྱེས་པའི་དུས་སུ་སྟོང་པ་ཉིད་ཀྱི་དོན་བསྒོམས་ནས་འཁོར་བ་ལྡོག་པས་ཆོག་གོ་ཞེ་ན། འཁོར་བ་དེ་ཡང་ དངོས་པོ་ལ་བདེན་པར་མངོན་པར་ཞེན་པ་དང་འདུ་འཛི་ལ་སོགས་པའི་རྣམ་གཡེང་ཚེ་འཁོར་བ་ཐོག་མ་མེད་པ་ནས་གོམས་པ་ནི་ལྡོག་ཤིན་ཏུ་དཀའ་བས་དེ་ལྡོག་པའི་ཐབས་ནི་ག་ལ་ཡོད་དེ། དེ་ལྡོག་པའི་མཐུན་རྐྱེན་ ཤིན་ཏུ་ཉུང་ཞིང་འགལ་རྐྱེན་ཉེར་འཚེ་ཤིན་ཏུ་མང་བའི་ཕྱིར་ཏེ་དམ་པའི་ཆོས་ཅུང་ཟད་སྒྲུབ་པའི་དུས་དེར་ཡང་ངན་སོང་ཆེན་པོར་ནི་ལྟུང་བའི་ཕྱིར་ཏུ་ལྷའི་བུའི་བདུད་ལ་སོགས་པ་ནི་བརྩོན་པར་བྱེད་པས་སྲིད་པ་

Page: 336 ལས་གྲོལ་བའི་འགལ་རྐྱེན་མང་ཞིང་ལྡོག་དཀའ་བ་ཡིན་ནོ། །བདེར་འགྲོར་སྐྱེས་པའི་ཚེ་བདེན་པ་དང་དཀོན་མཆོག་སོགས་ལ་དད་པ་བསྒོམ་པ་ལ་སོགས་པ་བྱས་ནས་སྲིད་པ་ལས་གྲོལ་བར་བྱེད་པས་རྙེད་མི་དཀའོ་ཞེ་ ན། བདེ་འགྲོར་སྐྱེས་པའི་དུས་དེར་ཡང་ཡང་དག་པའི་ལྟ་བ་མི་མཐུན་ཕྱོགས་རྟག་ཆད་ཀྱི་མཐར་ལྟུང་བའི་ལོག་པའི་ལམ་ཤིན་ཏུ་མང་ཞིང་ལོག་པའི་བཤེས་གཉེན་གྱིས་དེ་དག་ཏུ་འཁྲིད་པར་བྱེད་པ་དང༌། ཡང་དག་པའི་ ལམ་ལ་ཐེ་ཚོམ་ཟ་བའི་ཐེ་ཚོམ་ལས་ཀྱང་བརྒལ་དཀའ་སྟེ་ཐེ་ཚོམ་གཅོད་པའི་ཕྱི་ནང་གི་རྐྱེན་རྙེད་དཀའ་བའི་ཕྱིར་རོ། །ཚེ་འདིར་མ་རྙེད་ཀྱང་ཕྱི་མར་དགེ་བའི་བཤེས་གཉེན་བཙལ་ནས་བསྒྲུབས་པས་ཆོག་གོ་ཞེ་ན། ཚེ་ འདིར་དགེ་བཤེས་རྙེད་དུས་ལེགས་པར་མ་འབད་ན་སླར་ཡང་ཕྱི་མ་ཕན་ཆད་དུ་དལ་བ་རྙེད་དཀའ་ཞིང་སངས་རྒྱས་འཇིག་རྟེན་དུ་འབྱུང་བ་རྙེད་ཤིན་ཏུ་དཀའ་བའི་ཕྱིར་དགེ་བཤེས་དང་ཕྲད་པའང་ཤིན་ཏུ་དཀའོ། །དགེ་བའི་ བཤེས་གཉེན་དང་མཇལ་ཞིང་དལ་འབྱོར་གྱི་རྟེན་བཟང་པོ་ཐོབ་ཏུ་ཟིན་ཀྱང་བག་ཡོད་པས་ལེགས་པར་མ་འབད་ན་ཉོན་མོངས་པའི་ཆུ་བོ་ཡང་བརྒལ་དཀའ་སྟེ་ཐར་པ་མ་ཐོབ་པར་དུ་ནར་མར་འབབ་པའི་ཕྱིར་རོ། །ཨེ་མ་ ཞེས་པ་ནི་ཞུམ་ཞིང་སྐྱོ་བའི་དོན་ཏེ་སྡུག་བསྔལ་གཅིག་ནས་གཅིག་ཏུ་བརྒྱུད་པར་འགྱུར་བས་ཤིན་ཏུ་སྡུག་བསྔལ་ཏེ་སྡུག་བསྔལ་གཅིག་ལས་ཐར་ཡང༌། ཡང་སྡུག་བསྔལ་གཞན་དུ་ལྟུང་བའི་ཕྱིར་དེས་ན་དལ་འབྱོར་

Page: 337 ༄༅། །ཐོབ་པའི་དུས་སུ་འཁོར་བའི་ཉེས་དམིགས་སེམས་པ་ལ་འབད་པར་བྱའོ། །ལྔ་པ་ནི། དེ་ལྟར་ཤིན་ཏུ་སྡུག་བསྔལ་ཡང་སྡུག་བསྔལ་ལ་བདེ་བར་བཟུང་ནས་རང་སྡུག་བསྔལ་གྱི་ནང་དུ་བྱིང་བ་ མི་མཐོང་པ་གང་ཡིན་པ་སྡུག་བསྔལ་གྱི་ཆུ་བོར་གནས་པའི་སེམས་ཅན་འདི་དག་རྗེས་སུ་བརྩེ་བས་ན་ཀྱི་ཧུད་འདི་དག་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པ་སོགས་ཀྱི་སྒོ་ནས་སེམས་ཅན་སྡུག་བསྔལ་གྱི་ འདམ་དུ་བྱིང་བ་ལ་མྱ་ངན་བྱ་བར་འོས་པས་སྙིང་རྗེ་ཆེན་པོ་བསྒོམ་པ་ལ་འབད་པར་བྱའོ། །དཔེར་ན་ལོག་པའི་སྟོན་པས་བསླུས་པའི་ཕྱི་རོལ་པ་འགའ་ཞིག་ཡང་ཡང་ཁྲུས་བྱས་ཏེ། ཡང་ཡང་མེར་འཇུག་པ་དེ་ ལྟར་ན་ལུས་དཀའ་ཐུབ་ཀྱིས་གདུངས་པས་ཤིན་ཏུ་སྡུག་བསྔལ་བར་གནས་ཀྱང༌། དེ་ཉིད་ཐར་པ་ཐོབ་པའི་ཐབས་སུ་བཟུང་ནས་བདག་ཉིད་བདེ་བར་རློམ་པ་བཞིན་ནོ། །དེ་ལྟར་སེམས་ཅན་རྒ་བ་དང་འཆི་བ་ མེད་པ་དགྲ་བཅོམ་པ་བཞིན་དུ་སྤྱོད་པས་གནས་པ་རྣམས་ལ་མཐར་གྱིས་བཅོས་སུ་མེད་ཅིང་སྤང་དུ་མེད་པ་འཆི་བདག་གིས་དང་པོ་ཉིད་དུ་བསད་བྱས་ནས་ངན་སོང་གསུམ་དུ་ལྟུང་བའི་སྡུག་བསྔལ་མི་བཟད་ པ་འོང་བར་འགྱུར་རོ། །གསུམ་པ་ནི། སྔར་གོང་དུ་ཇི་སྐད་བཤད་པའི་ཚུལ་དེ་ལྟར་སྡུག་བསྔལ་མི་བཟད་རྒྱུད་ལ་འོང་བ་དེ་དག་ལ་སྡུག་བསྔལ་གྱིས་མནར་བའི་མནར་ལུགས་ལེགས་པར་བསམས་ནས་དེ་ལྟར

Page: 338 ་སྡུག་བསྔལ་གྱི་མེས་གདུངས་པའི་སེམས་ཅན་ལ་དམིགས་ནས་སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་སྤྲིན་ལས་ལེགས་པར་བྱུང་བའི་སྨན་དང་ཁ་ཟས་སོགས་རང་གི་བདེ་བའི་འཚོག་ཆས་ཀྱིས་དེ་དག་གི་ངན་འགྲོའི་སྡུག་ བསྔལ་ཞི་བར་བྱེད་པར་བདག་ནམ་ཞིག་འགྱུར་སྙམ་དུ་སེམས་ཅན་ངན་འགྲོའི་སྡུག་བསྔལ་ལས་མ་ཐར་ན། ཐར་པར་གྱུར་ཅིག །ཐར་པ་དེ་བདག་གིས་བྱའོ་སྙམ་དུ་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། །འཁོར་བའི་སྡུག་ བསྔལ་ལས་གྲོལ་བའི་རྒྱུར་སྨོན་པ་ནི་བདག་ནམ་ཞིག་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་རྟོགས་པ་དམིགས་པ་མེད་པའི་ཤེས་རབ་དང་ལྡན་པའི་ཚུལ་དུ་གུས་པར་དེའི་ཐབས་སྦྱིན་པ་ལ་སོགས་པའི་བསོད་ནམས་ ཀྱི་ཚོགས་མཐའ་ཡས་པ་བསགས་ཏེ་བདེན་པར་ཞེན་པའི་དམིགས་པས་འཁོར་བར་ཕུང་བར་འགྱུར་བའི་སེམས་ཅན་རྣམས་ལ་འཁོར་བའི་སྡུག་བསྔལ་ཞི་བའི་ཆེད་དུ་སྟོང་པ་ཉིད་ནི་སྟོན་པར་འགྱུར་སྙམ་ནས་སེམས་ཅན་ རྣམས་འཁོར་བའི་སྡུག་བསྔལ་དང་མ་བྲལ་ན་བྲལ་བར་གྱུར་ཅིག །བྲལ་བ་དེ་བདག་གིས་བྱའོ་སྙམ་པའི་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། །ཐེག་པ་ཆེན་པོའི་ལམ་གྱིས་བསྡུས་པའི་བྱམས་པ་དང་སྙིང་རྗེ་ཆེན་པོ་མཚན་ཉིད་ཡོངས་སུ་རྫོགས་ པ་ནི་བདེ་བ་ཐམས་ཅད་དང་ལྡན་པ་དང་སྡུག་བསྔལ་ཐམས་ཅད་དང་བྲལ་བའི་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དགོད་འདོད་པ་དགོས་པ་ཡིན་ནོ། །མདོར་ན་ཞི་གནས་ལ་བརྟེན་ནས་གནས་ལུགས་ཀྱི་དོན་བསྒོམ་

Page: 339 ༄༅། །པར་བྱ་སྟེ་དེ་ཡང་ངའོ་སྙམ་པའི་ང་ནི་ཕུང་པོ་ལ་བཏགས་པ་ཙམ་དུ་བཞག་པར་ཟད་ཀྱིས་རང་བཞིན་གྱིས་གྲུབ་པ་དང་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང༌། རང་དབང་བའི་སྡོད་ལུགས་སུ་གྲུབ་པ་ ཅུང་ཟད་ཀྱང་མེད་པས་གང་ཟག་གི་ཡོད་པ་ནི་མིང་གི་ཐ་སྙད་ཀྱིས་བཞག་པ་ཙམ་དང༌། བཏགས་ནས་ཡོད་པ་དང་ལྟོས་པའི་ཚུལ་གྱིས་ཡོད་པ་ཁོ་ནར་ཟད་པས་རང་བཞིན་མེད་དོ་སྙམ་དུ་ཡིད་ལ་བྱའོ། །དེ་བཞིན་དུ་ཕུང་པོ་ལ་ སོགས་པའི་ཆོས་ཐམས་ཅད་ལ་སྦྱར་ནས་བསྒོམ་པར་བྱའོ། །འདིར་སྨྲས་པ། ཇི་སྲིད་རྗེ་བཙུན་དམ་པ་མ་རྙེད་པ། །དེ་སྲིད་སྲིད་པའི་རྩ་བ་གཅོད་བྱེད་ལམ། །རྟེན་འབྱུང་མཐའ་དང་བྲལ་བའི་དབུ་མ་ནི། །ཕྱོགས་ ཙམ་ཞིག་ཀྱང་རྟོགས་པར་མ་གྱུར་ཏོ། །བདག་ལ་ལེགས་པར་བཤད་པ་ཇི་སྙེད་ཅིག །ཡོད་པ་དེ་ཀུན་བླ་མའི་དྲིན་ཡིན་པས། །དགེ་བ་དེ་ཡིས་བདག་གི་མ་རྣམས་ཀུན། །ཐེག་མཆོག་བཤེས་དང་ཕྲད་པའི་རྒྱུར་གྱུར་ཅིག ། མཐའ་བྲལ་དབུ་མའི་དེ་ཉིད་མ་རྟོགས་པར། །འཕགས་མཆོག་གོ་འཕང་རེག་པར་མི་ནུས་པས། །སྟོང་པ་རྟེན་འབྲེལ་དོན་དུ་མཐའ་དཔྱད་ནས། །ཚུལ་བཞིན་འབད་པས་སྒྲུབ་ལ་བརྩོན་པར་བྱ། །བསྐལ་པ་བྱེ་བ་ བརྒྱར་ཡང་རྙེད་དཀའ་བ། །ཀླུ་སྒྲུབ་ལུགས་བཟང་བདེན་གཉིས་སྨྲ་བ་དག །ཞིང་འདིར་རིང་པོར་མི་ཐོགས་ནུབ་འགྱུར་བས། །རྣམ་དཔྱོད་ལྡན་རྣམས་མྱུར་དུ་བརྩོན་འགྲུས་བསྐྱེད། །བསྡུ་བའི་ཚིགས་སུ་བཅད་པའོ། །

Page: 340 གཉིས་པ་ལེའུའི་མཚན་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་རྒྱལ་སྲས་འཇུག་ངོགས་ཞེས་བྱ་བ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ཞེས་བྱ་བ་སྟེ། ལེའུ་དགུ་པའི་འགྲེལ་པའོ།། །།

ལེའུ་བཅུ་པ། ཡོངས་སུ་བསྔོ་བ།

[edit]

བཞི་ པ་ལུས་ལོངས་སྤྱོད་དགེ་རྩ་གཞན་དོན་དུ་གཏོང་བའི་སྦྱིན་པ་ལ་སློབ་ཚུལ་བསྔོས་པའི་ཡན་ལག་གི་སྒོ་ནས་བཤད་པ་ལ་གཉིས། ལེའུའི་གཞུང་བཤད་པ་དང༌། ལེའུའི་མཚན་ནོ། །དང་པོ་ལ་གསུམ། འགྲོ་བ་ཀུན་བྱང་ ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པར་བསྔོ་བས་མདོར་བསྟན་པ་དང༌། བསྔོ་བ་རྒྱས་པར་བཤད་པ་དང༌། བཀའ་དྲིན་རྗེས་སུ་དྲན་པས་ཕྱག་འཚལ་བའོ། །དང་པོ་ནི། བསྟན་བཅོས་རྩོམ་པ་པོ་བདག་གིས་གསུང་རབ་ མཐའ་དག་གི་བརྗོད་པར་བྱ་བའི་དོན་གང་ཟག་གཅིག་སངས་རྒྱས་ཐོབ་པའི་ལམ་འབྲས་བུ་དང་བཅས་པར་བསྡུས་ཏེ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྫོགས་པར་ཉམས་སུ་ལེན་པའི་ཚུལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ འཇུག་པ་ཞིབ་ཏུ་ཕྱེ་ནས་བརྩམས་པའི་དགེ་བ་གང་ཐོབ་པ་དེ་དང༌། བསྟན་བཅོས་འདི་འཆད་པ་དང་ཉན་པ་དང་དོན་སེམས་པའི་དགེ་བ་གང་ཡོད་པ་དེས་འགྲོ་བ་ཀུན་བྱང་ཆུབ་སེམས་དཔའི་སྤྱོད་པ་ཚུལ་བཞིན་ཉམས་སུ་ལེན་ པ་ལ་འཇུག་པར་ཤོག་ཅིག་པའོ། །བློ་གྲོས་རྒྱ་མཚོས་ཞུས་པ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང༌། །རྒྱ་མཚོ་མ་སྐམས་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང༌། །བྱང་ཆུབ་མ་ཐོབ་བར་

Page: 341 ༄༅། །དུ་དེ་མི་ཟད། །ཅེས་དང༌། གོང་དུ་བཤད་པ་ལྟར་དགེ་བ་འབྲས་བུ་ཅུང་ཟད་འབྱིན་པ་རྣམས་རྒྱ་ཆེན་པོ་འབྱིན་པ་དང༌། མ་བསྔོས་ན་བར་སྐབས་སུ་ཟད་པར་འགྱུར་བ་རྣམས་ཀྱང་ནམ་ཡང་མི་ ཟད་ཅིང་འཕེལ་བར་འགྱུར་བའི་ཕན་ཡོན་བསམས་ནས། དགེ་བ་ཅུང་ཟད་བྱས་པ་རྣམས་ཀྱང་སེམས་ཅན་ཀུན་གྱི་ཆེད་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་ལ་བརྩོན་པར་བྱའོ། །ཤེར་ཕྱིན་གྱི་མདོ་ལས་དགེ་བའི་རྩ་བ་ ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་རྟོགས་པ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོར་མི་འཇུག་པའོ། །ཞེས་གསུངས་པ་ལྟར་རོ། །དགེ་བ་དེ་ཡང་ལེའུ་དགུ་པ་ནས་བཤད་པ་ལྟར་གྱི་ འཁོར་གསུམ་བདེན་མེད་དུ་རྟོགས་པའི་ཤེས་རབ་ཀྱི་རྩིས་ཟིན་པའི་ངང་ནས་བྱ་ལ། བསྔོ་བ་དང་སྨོན་ལམ་ཁྱད་པར་ཆེར་མེད་མོད་ཀྱི་འདོད་བྱའི་འབྲས་བུ་དོན་གཉེར་གྱི་འདུན་པས་ཁྱད་པར་དུ་བྱས་པ་སྨོན་ལམ་དང༌། རྒྱུའི་དགེ་བ་རྣམས་འབྲས་བུ་དེའི་རྒྱུར་འགྱུར་བའི་འདུན་པས་ཁྱད་པར་དུ་བྱས་པ་བསྔོ་བའོ། །གཉིས་པ་ལ་གསུམ། གཞན་དོན་དུ་བསྔོ་བ་དང༌། རང་དོན་དུ་བསྔོ་བ་དང༌། བདེ་བའི་འབྱུང་གནས་བསྟན་པ་རྒྱས་པའི་དོན་དུ་ བསྔོ་བའོ། །དང་པོ་ལ་གཉིས། འཇིག་རྟེན་པའི་དོན་དུ་བསྔོ་བ་དང༌། འཇིག་རྟེན་ལས་འདས་པའི་དོན་དུ་བསྔོ་བའོ། །དང་པོ་ལ་བཞི། ནད་པ་སོགས་ཀྱི་སྡུག་བསྔལ་ཞི་བའི་དོན་དུ་བསྔོ་བ་དང༌། ངན་འགྲོའི་སྡུག་བསྔལ་ཞི་

Page: 342 བའི་དོན་དུ་བསྔོ་བ་དང༌། བདེ་འགྲོའི་དོན་དུ་བསྔོ་བ་དང༌། སེམས་ཅན་ཀུན་གྱི་དོན་དུ་བསྔོ་བ་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གཉིས། གནས་སྐབས་ཀྱི་བདེ་བའི་དོན་དུ་བསྔོ་བ་དང༌། མཐར་ཐུག་གི་བདེ་བའི་དོན་དུ་ བསྔོ་བའོ། །དང་པོ་ནི། ཕྱོགས་རྣམས་ཀུན་ན་ལུས་དང་སེམས་ཚོར་བ་སྡུག་བསྔལ་གྱིས་ཟིན་པའི་ནད་པ་ཇི་སྙེད་པ་དེ་དག་བདག་གི་བདེ་བ་ཇི་སྙེད་ཡོད་པའི་བསོད་ནམས་ཀྱིས་ནད་ལས་ཐར་ནས་ལུས་བདེ་བ་དང་ཡིད་ དགའ་བས་གང་བ་རྒྱ་མཚོ་ལྟ་བུ་ཐོབ་པར་ཤོག་ཅིག་པའོ། །གཉིས་པ་ནི། འགྲོ་བ་དེ་དག་འཁོར་བ་ཇི་སྲིད་དུ་དུས་ནམ་ཡང་བདེ་བ་ཉམས་པར་མ་གྱུར་ཅིང་མཐར་འགྲོ་བས་བླ་ན་མེད་པ་ཡི་བདེ་བ་རྒྱུན་མི་འཆད་པ་ཐོབ་ པར་ཤོག་ཅེས་པའོ། །རྐང་པ་བཞིའི་དང་པོ་ལ་འགྱུར་ཁ་ཅིག་ལས་སངས་རྒྱས་ཐོབ་ཀྱི་བར་ཞེས་འབྱུང་ཡང་དོན་འདྲའོ། །གཉིས་པ་ལ་གསུམ། དམྱལ་བའི་སྡུག་བསྔལ་ཞི་བ་དང༌། དུད་འགྲོ་དང༌། ཡི་དྭགས་ཀྱི་དོན་དུ་བསྔོ་བའོ། ། དང་པོ་ལ་གཉིས། སྡུག་བསྔལ་མྱུར་དུ་ཞི་བར་བསྔོ་བ་དང༌། གཞན་གྱི་མཐུས་ཞི་བར་བསྔོ་བའོ། །དང་པོ་ལ་གསུམ། སྡུག་བསྔལ་སྤྱིར་ཞི་བར་བསྔོ་བ་དང༌། གྲང་དམྱལ་གྱི་སྡུག་བསྔལ་ཞི་བ་དང༌། ཚ་དམྱལ་གྱི་སྡུག་བསྔལ་ ཞི་བར་བསྔོ་བའོ། །དང་པོ་ནི། ནམ་མཁའི་མཐས་གཏུགས་པའི་འཇིག་རྟེན་གྱི་ཁམས་ན་ཚ་གྲང་གི་དམྱལ་བ་དག་གང་དག་ཇི་སྙེད་ཡོད་པ་རྣམས་དེ་དག་ཏུ་ནི་ལུས་ཅན་རྣམས་དམྱལ་བའི་སྡུག་བསྔལ་ཞི་ནས་བདེ་བ་ཅན་གྱི་

Page: 343 ༄༅། །ཞིང་ཁམས་ཀྱི་བདེ་བས་ཡིད་དགའ་བར་ཤོག་ཅིག །གཉིས་པ་ནི། ཆུ་བུར་ཅན་ལ་སོགས་པའི་གྲང་དམྱལ་བརྒྱད་ན་གྲང་བས་ཉམ་ཐག་པ་རྣམས་བདེ་བ་བསྐྱེད་པའི་དྲོ་བ་ཐོབ་པར་ཤོག་ ཅིག། གསུམ་པ་ལ་བཞི། བྱང་ཆུབ་སེམས་དཔའི་ཚོགས་གཉིས་ཀྱི་སྤྲིན་ལས་བྱུང་བའི་ཆུས་སྡུག་བསྔལ་ཞི་བར་བསྔོ་བ་དང༌། ཉེ་འཁོར་བའི་སྡུག་བསྔལ་ཞི་བ་དང༌། དམྱལ་བའི་གནས་དངོས་གཞི་དང༌། ཉེ་འཁོར་ བའི་སྡུག་བསྔལ་གཞན་ཞི་བར་བསྔོ་བའོ། །དང་པོ་ནི། བྱང་ཆུབ་སེམས་དཔའི་ཚོགས་གཉིས་བསགས་པའི་ཐུགས་རྗེའི་སྤྲིན་ཆེན་པོ་ལས་བྱུང་བའི་ཆུ་བོ་མཐའ་ཡས་ཀྱིས་ཚ་བས་ཉམ་ཐག་པ་ རྣམས་བསིལ་བར་ཤོག་ཅིག །གཉིས་པ་ནི། ཚ་དམྱལ་གྱི་ཉེ་འཁོར་ན་ཡོད་པའི་རལ་གྲི་ལོ་མའི་ནགས་ཚལ་ཡང་དམྱལ་བ་པའི་སེམས་ཅན་དེ་ལ་བརྒྱ་བྱིན་གྱི་སྐྱེད་མོ་ཚལ་དགའ་བའི་ཚལ་སྡུག་གུར་གྱུར་པར་ ཤོག །ལྕགས་ཀྱི་ཤལ་མ་རིའི་སྡོང་པོ་དག་ཚེར་མ་སོར་བཅུ་དྲུག་པ་ཁ་ཐུར་དུ་བལྟ་བ་ཡང་དགོས་འདོད་ཀུན་འབྱུང་བའི་དཔག་བསམ་གྱི་ཤིན་ཏུ་འཁྲུངས་པར་ཤོག །སྡོང་པོ་དེ་ལ་བྱ་ཐིང་རིལ་དང་ངུར་པ་དག་དང་ ངང་པ་དང༌། བཞད་སོགས་སྐད་སྙན་པ་འབྱིན་པས་མཛེས་པར་གྱུར་ཅིག །པདྨའི་དྲི་བསུང་ཆེ་བ་དང་ལྡན་པའི་མཚོ་དག་གིས་དམྱལ་བའི་ས་ཕྱོགས་དག་ནི་ཉམས་དགའ་བར་ཤོག །གསུམ་པ་ནི། ཚ་དམྱལ་གྱི་

Page: 344 མེ་འབར་བའི་སོལ་ཕུང་དེ་ཡང་རིན་ཆེན་སྣ་ཚོགས་ཀྱི་ཕུང་པོར་གྱུར་ཅིག །ལྕགས་བསྲེགས་ཀྱི་ས་གཞི་དེ་ཡང་ཡིད་དུ་འོང་བའི་ཤེལ་གྱི་ས་གཞི་སྟར་བར་ཤོག །རི་རའི་གདོང་པ་འདྲ་བ་སོགས་ཕན་ཚུན་བསྡུས་ ནས་དེའི་བར་དུ་བཙིར་ཏེ་འཇོམས་པར་བྱེད་པའི་རི་བོ་རྣམས་ཀྱང་སངས་རྒྱས་མཆོད་པའི་གཞལ་མེད་ཁང་དུ་གྱུར་ནས་དེར་བདེ་གཤེགས་ཀྱིས་གང་བར་ཤོག །མེའི་འདག་མ་དང་རྡོ་བསྲེགས་པ་དང་མཚོན་གྱི་ ཆར་པ་དག་དེང་ནས་བཟུང་སྟེ་མེ་ཏོག་ཆར་པར་གྱུར་ཅིག །ཡང་བསོས་ལ་སོགས་པར་ཕན་ཚུན་མཚོན་གྱིས་འདེབས་པ་དེ་ཡང་ནི་དེང་ནས་བཟུང་སྟེ་རྩེད་མོ་རྩེ་བའི་ཕྱིར་ཏུ་མེ་ཏོག་འཕེན་པར་ཤོག །བཞི་པ་ནི། ཁྲོ་ཆུ་ ཁོལ་བའི་ཆུ་བོ་རབ་མེད་པ་མེ་དང་འདྲ་བའི་ནང་དུ་བྱིང་བ་དག་ཤ་ཀུན་ཞིག་པར་གྱུར་པའི་རུས་གོང་མེ་ཏོག་ཀུན་དའི་མདོག་ལྟར་གྱུར་པ་རྣམས་ཀྱང་བདག་གི་དགེ་བའི་སྟོབས་ཀྱིས་ལྷའི་ལུས་ཕུན་ཚོགས་ཐོབ་ནས་ལྷ་མོ་ རྣམས་དང་ལྷན་ཅིག་ཁྲུས་ཀྱི་རྫིང་བུར་དལ་གྱིས་འབབ་ཅིང་རྩེ་བའི་ཕྱིར་གནས་པར་ཤོག། གཉིས་པ་ལ་བཞི། ཕྱག་ན་རྡོ་རྗེའི་སྟོབས་ཀྱིས་སྡུག་བསྔལ་ཞི་བ་དང༌། སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང༌། འཇམ་པའི་ དབྱངས་ཀྱི་ཆོ་འཕྲུལ་དང༌། ཉེ་བའི་སྲས་གཞན་གྱི་ནུས་པས་ཞི་བར་སྨོན་པའོ། །དང་པོ་ནི། དམྱལ་བར་གནས་པའི་སེམས་ཅན་རྣམས་གློ་བུར་དུ་སྡུག་བསྔལ་དང་བྲལ་བ་ན་ཅིའི་ཕྱིར་དམྱལ་བའི་གནས་འདིར་ནི་

Page: 345 ༄༅། །བདག་ལ་གནོད་པ་བྱེད་པའི་གཤིན་རྗེའི་མི་དང༌། ཁྭ་དང་བྱ་རྒོད་མི་བཟད་པ་རྣམས་སྐྲག་པར་བྱེད་ཅིང་ཀུན་ནས་མུན་པ་ཐམས་ཅད་བསལ་ནས་ལུས་བདེ་བ་དང་ཡིད་དགའ་བ་བསྐྱེད་པའི་ མཐུ་བཟང་པོ་འདི་ཀོ་སུའི་ཡིན་སྙམ་སྟེ་ནམ་མཁའ་ལ་གྱེན་དུ་བལྟས་པས་ནམ་མཁའི་དཀྱིལ་ན་ཕྱག་ན་རྡོ་རྗེ་གཟི་བརྗིད་འབར་བར་བཞུགས་པ་མཐོང་ནས་མགོན་པོ་དེ་ལ་སྐྱབས་སུ་སོང་སྟེ། རབ་ཏུ་དགའ་བའི་ ཤུགས་ཀྱིས་སྔོན་བསགས་པའི་སྡིག་པ་དང་བྲལ་ནས་དེ་དང་ལྷན་ཅིག་འགྲོགས་པར་ཤོག །གཉིས་པ་ནི། གཞན་ཡང་མེ་ཏོག་གི་ཆར་པ་སྤོས་ཆུ་དང་འདྲེས་པ་འབབ་པ་ཡིས་དམྱལ་བའི་མེ་དག་ཆིལ་ཆིལ་ གསོད་པ་མཐོང་བར་གྱུར་ནས་བདག་ཅག་གློ་བུར་དུ་བདེ་བས་ཚིམ་པ་འདི་རྒྱུ་ཅི་ཡིན་སྙམ་དུ་བསམས་ནས་བལྟས་པ་དང་སེམས་ཅན་དམྱལ་བ་པ་རྣམས་ཀྱིས་ཕྱག་ན་པདྨ་བསྣམས་པའི་སྤྱན་རས་གཟིགས་མཐོང་ བར་ཤོག །གསུམ་པ་ནི། གྲོགས་སྦྲོན་པ་ནི་གྲོགས་དག་ཚུར་ཤོག་ཚུར་ཤོག་དམྱལ་བའི་འཇིགས་པ་བོར་ལ་རིངས་པར་ཚུར་ཤོག །འུ་བུའི་ཐད་དུ་གང་གི་མཐུ་ཡིས་ལུས་ཀྱི་སྡུག་བསྡལ་ཀུན་བྲལ་ཞིང་སེམས་ཀྱི་ འཇིགས་པ་མེད་པར་བྱེད་པས་དགའ་བའི་ཤུགས་ཕྱིན་ལ་འགྲོ་བ་ཀུན་སྐྱོབ་པའི་འོད་དང་བརྩེ་བའི་མ་ནི་སྐྱེས་པར་གྱུར་པ་གཞོན་ནུ་དབུ་ལ་ཟུར་ཕུད་ཅན་འོད་འབར་བ་བདག་ཅག་སེམས་ཀྱི་འཇིགས་པ་མེད་པར་བྱེད་པ་

Page: 346 སུ་ཞིག་ཕྱིན་པར་གྱུར་ཅེས་བོས་ནས་འོངས་པ་དང༌། གྲོགས་དག་ལ་ཁྱོད་ཀྱིས་ལྷ་བརྒྱའི་ཅོད་པན་དག་གིས་ཞབས་ཀྱི་པདྨོ་ལ་མཆོད་ཅིང་ཐུགས་རྗེས་བརླན་པའི་སྤྱན་དང་ལྡན་ཞིང་དབུ་ལ་མེ་ཏོག་དུ་མའི་ཚོགས་ཀྱི་ཆར་འབབ་ པ་བསྟོད་པ་སྒྲོགས་ཤིང་གླུ་ལེན་པའི་ལྷ་མོ་སྟོང་ཕྲག་དང་ལྡན་པ་ཡིད་དུ་འོང་བའི་ཁང་པ་བརྩེགས་པ་དང་བཅས་པ་འདི་ལྟོས་ཞེས་བྱས་པ་དང༌། དེ་ལྟར་འཇམ་དབྱངས་དབུགས་འབྱིན་པ་མཐོང་ནས་སེམས་ཅན་ དམྱལ་བ་པ་རྣམས་དགའ་བའི་ཀུ་ཅོ་འདོན་པར་ཤོག། གཉིས་པ་ནི། དེ་ལྟར་བདག་གི་དགེ་རྩས་ཀུན་ཏུ་བཟང་པོ་ལ་སོགས་པ་བྱམས་པ་དང་སའི་སྙིང་པོ་དང་ནམ་མཁའི་སྙིང་པོ་སོགས་བྱང་ཆུབ་སེམས་དཔའ་སྨོན་ལམ་ གྱི་སྟོབས་ཅན་སྒྲིབ་པ་མེད་པའི་སྤྲིན་ལས་བདེ་བ་དང་བསིལ་ཞིང་དྲི་ཞིམ་པ་དང་ལྡན་པའི་ཆར་པ་འབེབས་པ་མཐོང་ནས་སེམས་ཅན་དམྱལ་བ་པ་དེ་དག་མངོན་པར་དགའ་བར་གྱུར་ཅིག །གཉིས་པ་དུད་འགྲོའི་སྡུག་ བསྔལ་ཞི་བར་བསྔོ་བ་ནི། རང་གཞན་གྱི་དགེ་བ་ཅི་ཡོད་པའི་སྟོབས་ལ་བརྟེན་ནས་དུད་འགྲོ་རྣམས་ནི་གཅིག་ལ་གཅིག་ཟ་བའི་འཇིགས་པ་སོགས་དང་བྲལ་བར་ཤོག །གསུམ་པ་ནི། བྱང་གི་སྒྲ་མི་སྙན་པའི་མི་ ཟས་གོས་ལོངས་སྤྱོད་རྣམས་བསམས་པ་ཙམ་གྱིས་འབྱུང་བ་བཞིན་དུ་ཡི་དྭགས་རྣམས་ནི་བདེ་བར་གྱུར་ཅིག །འཕགས་པ་སྤྱན་རས་གཟིགས་དབང་གི་ཕྱག་ནས་འབབ་པའི་བདུད་རྩི་འོ་མའི་རྒྱུན་གྱིས་ཡི་

Page: 347 ༄༅། །དྭགས་རྣམས་ནི་ཟས་སྐོམ་གྱིས་ཚིམ་པར་བྱས་ཤིང་ཁྲུས་བྱས་ནས་རྟག་ཏུ་བསིལ་བར་ཤོག། གསུམ་པ་བདེ་འགྲོའི་དོན་དུ་བསྔོ་བ་ལ་གཉིས། སྡུག་བསྔལ་དང་བྲལ་བར་བསྔོ་ བ་དང༌། འདོད་པའི་དོན་གྲུབ་པར་བསྔོ་བའོ། །དང་པོ་ལ་བཞི། དབང་པོ་མ་ཚང་བ་མེད་ཅིང་མངལ་གྱི་ཟུག་རྔུ་མེད་པར་བསྔོ་བ་དང༌། དབུལ་བའི་སྡུག་བསྔལ་དང་ཡིད་མི་བདེ་མེད་པར་བསྔོ་བ་དང༌། ན་བའི་སྡུག་ བསྔལ་དང་སྡང་བ་དང་ཕྲད་པའི་སྡུག་བསྔལ་མེད་པར་བསྔོ་བ་དང༌། ཕྱོགས་སུ་འགྲོ་བའི་སྡུག་བསྔལ་དང་མི་མ་ཡིན་གྱི་གནོད་པ་ཞི་བར་བསྔོ་བའོ། །དང་པོ་ནི། ལོང་བ་རྣམས་ཀྱིས་མིག་གིས་གཟུགས་ མཐོང་ཞིང་འོན་པས་རྟག་ཏུ་སྒྲ་ཐོས་པར་ཤོག །ལྷ་མོ་སྒྱུ་འཕྲུལ་ཇི་བཞིན་དུ་སྦྲུམ་མའང་གནོད་པ་མེད་པར་བཙའ་བར་ཤོག །ཅེས་པའོ། །གཉིས་པ་ནི། གོས་མེད་པའི་གཅེར་བུ་རྣམས་ཀྱིས་གོས་དག་དང་བཀྲེས་ པ་རྣམས་ཀྱིས་ཁ་དོག་དང་དྲི་རོ་ཕུན་སུམ་ཚོགས་པའི་ཟས་དང་ནི་སྐོམ་པ་རྣམས་ཀྱིས་ཆུ་དག་དང་བཏུང་བ་ཞིམ་པོ་ཐོབ་པར་ཤོག །ཡོ་བྱད་ཀྱིས་ཕོངས་པའི་བཀྲེན་པ་རྣམས་ཀྱིས་ནོར་ཐོབ་པར་ཤོག །འདོད་པ་ དང་བྲལ་བའི་མྱ་ངན་གྱིས་ཉམ་ཐག་པ་རྣམས་ཡིད་དགའ་བ་ཐོབ་པར་ཤོག །ཕུན་ཚོགས་ཉམས་པ་སོགས་ཀྱིས་ཡིད་ཆད་པ་རྣམས་ཀྱང་ཡིད་གསོས་ཤིང་སྡུག་བསྔལ་དང་ཡིད་མི་བདེས་བརྫི་བར་མི་ནུས་པའི་

Page: 348 བརྟན་པ་ཕུན་སུམ་ཚོགས་པར་ཤོག། གསུམ་པ་ནི། བདག་གཞན་གྱི་དགེ་བ་ཇི་སྙེད་ཡོད་པའི་མཐུས་སེམས་ཅན་ནད་པ་ཇི་སྙེད་ཡོད་པ་མྱུར་དུ་ནད་ལས་ཐར་བར་ཤོག །འགྲོ་བའི་ལུས་སེམས་ཀྱི་ནད་ནི་མ་ལུས་པ་ རྟག་ཏུ་འབྱུང་བ་མེད་པར་ཤོག །ཕ་རོལ་གྱི་དགྲའི་འཇིགས་པས་སྐྲག་པ་རྣམས་ནི་འཇིགས་པ་མེད་པར་ཤོག །རང་དབང་མེད་པར་གཞན་གྱིས་བཅིངས་པ་རྣམས་ནི་འཆིང་བ་ལས་གྲོལ་བར་གྱུར་ཅིག །དབང་ཆུང་བས་ མཐུ་སྟོབས་མེད་པ་རྣམས་ནི་མཐུ་དང་ལྡན་ཞིང་ཕན་ཚུན་སེམས་ནི་གཉེན་པ་ཕན་པའི་སེམས་དང་ལྡན་པར་གྱུར་ཅིག །བཞི་པ་ནི། ཚོང་པ་ལ་སོགས་པ་ཕྱོགས་བཅུར་འགྲོ་བའི་འགྲོན་པོ་དག་ནི་ཐམས་ཅད་ལ་ ཕྱོགས་རྣམས་ཐམས་ཅད་དུ་བདེ་བར་ཤོག །དགོས་པ་གང་གི་དོན་དུ་འགྲོ་བར་བྱེད་པའི་དགོས་པ་དེ་འབད་མི་དགོས་པར་འགྲུབ་པར་གྱུར་ཅིག །རིན་པོ་ཆེ་ལ་སོགས་པའི་དོན་དུ་རྒྱ་མཚོར་འཇུག་པའི་གྲུ་དང་གྲུ་ཆེན་པོ་ གཟིངས་ཀྱི་ནང་དུ་ཞུགས་པ་རྣམས་ཡིད་ལ་བསམས་པ་བཞིན་དུ་གྲུབ་པར་གྱུར་ཏེ་ཆུའི་ངོགས་སུ་བདེ་བར་ཕྱིན་ནས་གཉེན་དང་ལྷན་ཅིག་དགའ་བར་ཤོག །མྱ་ངམ་གྱི་ཐང་ཆེན་པོ་ལ་སོགས་པའི་ལམ་གོལ་བར་འཁྱམས་ པ་རྣམས་དབུགས་འབྱིན་པར་བྱེད་པའི་འགྲོན་པ་དག་དང་ཕྲད་པར་གྱུར་ནས་ཆོམ་རྐུན་པ་དང་སྟག་སོགས་ཀྱི་འཇིགས་པ་མེད་པར་མི་ངལ་བར་བདེ་བླག་ཏུ་འགྲོ་བར་ཤོག །འབྲོག་དགོན་པ་སོགས་ལམ་མེད་ཅིང་

Page: 349 ༄༅། །ཉམ་ང་བར་བྱིས་པ་དང་རྒན་པོ་མགོན་མེད་པ་གཉིད་ལོག་སྟེ་མྱོས་ཤིང་རབ་ཏུ་མྱོས་པ་རྣམས་དཀར་པོ་ཕྱོགས་ཀྱི་ལྷ་དག་སྲུང་བ་བྱེད་པར་ཤོག། གཉིས་པ་ལ་གཉིས། སྤྱིར་མིའི་དོན་ དུ་བསྔོ་བ་དང༌། བྱེ་བྲག་ཏུ་རབ་ཏུ་བྱུང་བའི་དོན་དུ་བསྔོ་བའོ། །དང་པོ་ལ་གསུམ། ཕུན་ཚོགས་ཐོབ་པར་བསྔོ་བ་དང༌། ཡང་དག་པའི་ལམ་ལ་འཇུག་པར་བསྔོ་བ་དང༌། གནས་སྐབས་འབྱོར་བ་དང་བདེ་བར་ བསྔོ་བའོ། །དང་པོ་ལ་བཞི། རྟེན་དལ་འབྱོར་ཐོབ་ཅིང་ལོངས་སྤྱོད་ཕུན་སུམ་ཚོགས་པར་བསྔོ་བ་དང༌། འཚེ་བ་མེད་ཅིང་གཟི་བརྗིད་ཕུན་སུམ་ཚོགས་པར་བསྔོ་བ་དང་། གཟུགས་ཕུན་ཚོགས་དང་དམན་པ་ མཆོག་ཏུ་གྱུར་པ་བསྔོ་བ་དང༌། དགེ་བ་ཕུན་སུམ་ཚོགས་པར་བསྔོ་བའོ། །དང་པོ་ནི། ཆོས་སྒྲུབ་ཏུ་མི་དལ་བའི་གནས་བརྒྱད་པོ་ཀུན་ལས་ཐར་པ་དང༌། དད་པ་དང་ཤེས་རབ་དང་གཞན་དོན་གྱི་བསམ་པའི་ སྙིང་བརྩེར་ལྡན་ཞིང་ཟས་དང་སྤྱོད་པ་ཕུན་སུམ་ཚོགས་པར་གྱུར་ནས་རྟག་ཏུ་ཚེ་རབས་དྲན་པར་གྱུར་ཅིག །ལོངས་སྤྱོད་ཀྱིས་ཕོངས་པ་ཐམས་ཅད་ནམ་མཁའི་མཛོད་ཀྱི་ཏིང་ངེ་འཛིན་ཐོབ་པ་བཞིན་དུ་ལོངས་ སྤྱོད་རྒྱུན་ཆད་མེད་པར་ཤོག །གཉིས་པ་ནི། ཕན་ཚུན་རྩོད་པ་མེད་ཅིང་གཞན་གྱིས་འཚེ་བ་མེད་པར་རང་དབང་དུ་ནི་སྤྱོད་པར་ཤོག །གཞན་གྱིས་བརྙས་པའི་གནས་སུ་གྱུར་པའི་སེམས་ཅན་གཟི་བརྗིད་ཆུང་ངུ་

Page: 350 གང་ཡིན་པ་དེ་དག་གཟི་བརྗིད་ཆེན་པོར་ཤོག །གསུམ་པ་ནི། ཚ་གྲང་གིས་ལུས་གདུངས་པའི་དཀའ་ཐུབ་ཅན་གང་གཟུགས་ངན་པ་དེ་དག་གཟུགས་བཟང་པོ་ཕུན་སུམ་ཚོགས་པར་ཤོག །འཇིག་རྟེན་ན་བུད་མེད་ཇི་སྙེད་པ་ དེ་དག་སྐྱེས་པ་ཉིད་དུ་གྱུར་ཅིག་རིགས་ཉམས་པའི་མ་རབས་རྣམས་ནི་རིགས་མཐོ་བ་ཐོབ་ཅིང་ཐོབ་ནས་ང་རྒྱལ་དག་ཀྱང་བཅོམ་པར་ཤོག །བཞི་པ་ནི། བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་སོགས་པའི་བདག་གི་ བསོད་ནམས་འདི་ཡིས་ནི་ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་མ་ལུས་པ་སྲོག་གཅོད་སོགས་འགལ་རྐྱེན་སྡིག་པ་ཐམས་ཅད་སྤངས་ནས་ནི་རྟག་ཏུ་དགེ་བ་བྱེད་པར་ཤོག། གཉིས་པ་ལ་གཉིས། ཐར་ལམ་སྒྲུབ་ པའི་བསམ་སྦྱོར་ཕུན་ཚོགས་དང་ལྡན་པར་སྨོན་པ་དང༌། མཐུན་རྐྱེན་ཚང་ཞིང་འགལ་རྐྱེན་མེད་པར་སྨོན་པའོ། །དང་པོ་ནི། སེམས་ཅན་ཀུན་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་ཞིང་སྦྱིན་སོགས་བྱང་ཆུབ་ཀྱི་ སྤྱོད་པ་ལ་གཞོལ་བ་དང་ལྡན་པར་གྱུར་ཅིག །གཉིས་པ་ནི། བདག་རྐྱེན་དགེ་བའི་བཤེས་གཉེན་སངས་རྒྱས་རྣམས་ཀྱིས་ཡོངས་སུ་བཟུང་ཞིང་དགེ་བ་ལ་བར་ཆད་བྱེད་པའི་བདུད་ཀྱི་ལས་ཀྱང་སྤངས་པར་ཤོག ། གསུམ་པ་ལ་གསུམ། ཚེ་རིང་ཞིང་སྣོད་ཀྱི་འཇིག་རྟེན་དག་པར་བསྔོ་བ་དང༌། ཕན་འདོགས་པའི་སྐྱེ་བོས་གང་ཞིང་བདེ་བ་ལ་སྤྱོད་པར་བསྔོ་བ་དང༌། དགོས་པའི་ཡོ་བྱད་ཚང་ཞིང་གནོད་པ་ཞི་བར་བསྔོ་བའོ། །དང་པོ་ནི།

Page: 351 ༄༅། །སེམས་ཅན་དེ་དག་ཐམས་ཅད་ནི་བདེ་འགྲོར་སྐྱེས་ནས་ཚེ་ཡང་དཔག་མེད་རིང་པོ་ཐུབ་པར་ཤོག་ཚེ་རིང་པ་དེ་ཡང་རྟག་ཏུ་བདེ་བར་འཚོ་བར་འགྱུར་ཞིང་འཆི་བའི་སྒྲ་ཡང་གྲག་པར་མ་གྱུར་ ཅིག །དཔག་བསམ་ཤིང་གི་སྐྱེད་མོས་ཚལ་སངས་རྒྱས་དང་སངས་རྒྱས་ཀྱི་སྲས་ཆོས་ཉན་པ་དང་སྒྲོགས་པས་གང་བ་ཡིས་ཕྱོགས་རྣམས་ཐམས་ཅད་གང་བར་ཤོག །ས་ཕྱོགས་ཐམས་ཅད་དུ་ཡང་ས་གཞི་དག་ ས་ཚ་སྒོ་ཅན་དང་རྡོ་བ་དང་ཚེར་མ་དང་བསེག་མ་ལ་སོགས་མེད་པ་དང༌། ལག་མཐིལ་ལྟར་མཉམ་པ་བཻཌཱུརྱའི་རང་བཞིན་འཇམ་པོར་འབྱུང་གྱུར་ཅིག། གཉིས་པ་ནི། ཆོས་གསུང་བའི་འཁོར་གྱི་དཀྱིལ་འཁོར་ཡོད་ དགུར་ཡང་བྱང་ཆུབ་སེམས་དཔའ་མང་པོ་དག་རང་གི་ཡོན་ཏན་ཕུན་སུམ་ཚོགས་པ་ལེགས་པས་ས་སྟེང་དག་རྒྱན་པར་མཛད་པས་བཞུགས་གྱུར་ཅིག །དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་ལྟར་ལུས་ཅན་ ཀུན་གྱིས་བྱ་དང་ནི་ཤིང་དང་འོད་ཟེར་ཐམས་ཅད་དང༌། ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ་རྒྱུན་མི་འཆད་པར་ཐོས་པར་ཤོག །སེམས་ཅན་དེ་དག་རྟག་ཏུ་སངས་རྒྱས་དང་སངས་རྒྱས་ཀྱི་སྲས་དང་ཕྲད་པར་གྱུར་ཅིག ། མཆོད་པའི་སྤྲིན་ནི་རྒྱ་མཚོ་མཐའ་ཡས་པས་འགྲོ་བའི་བླ་མ་སངས་རྒྱས་མཆོད་པར་ཤོག །གསུམ་པ་ནི། ཆོས་སྒྲུབ་པའི་མཐུན་རྐྱེན་དུ་ལྷ་ཡང་དུས་སུ་ཆར་འབེབས་ཤིང་ལོ་ཐོག་ཕུན་སུམ་ཚོགས་པར་ཤོག །མིའི་

Page: 352 དབང་པོ་རྒྱལ་པོ་རྒྱལ་སྲིད་ཆོས་བཞིན་བྱེད་པར་གྱུར་ཅིག་འཇིག་རྟེན་དག་ཀྱང་བདེ་སྐྱིད་ཀྱིས་བརྒྱན་པའི་སྒོ་ནས་དར་བར་ཤོག །སྨན་རྣམས་ནད་ཞི་བའི་མཐུ་དང་ལྡན་པ་དང་ཞི་རྒྱས་སོགས་འགྲུབ་པར་བྱེད་པའི་གསང་ སྔགས་ཀྱི་བཟླས་བརྗོད་བྱས་པའི་དགོས་པ་ཇི་ལྟར་གསུངས་པ་རྣམས་གྲུབ་པར་ཤོག །མཁའ་འགྲོ་དང་སྲིན་པོ་དང་གཅན་གཟན་ལ་སོགས་པ་བྱམས་པའི་སེམས་དང་ལྡན་པར་གྱུར་ཅིག །མི་འདོད་པ་དང་བྲལ་ བར་བསྔོ་བ་ནི། སེམས་ཅན་འགའ་ཡང་ལུས་སྡུག་བསྔལ་བར་མ་གྱུར་ཅིག །སེམས་ཅན་འགའ་ཡང་འཇིགས་པ་དང་གཞན་གྱིས་བརྙས་པར་མི་འགྱུར་ཞིང་འགའ་ཡང་ཡིད་མི་བདེ་བར་མ་གྱུར་ཅིག། གཉིས་པ་ལ་ལྔ། དགེ་ འདུན་གྱི་དོན་དུ་སྤྱིར་བསྔོ་བ་དང༌། དགེ་སློང་གི་དོན་དུ་བསྔོ་བ་དང༌། དགེ་སློང་མའི་དོན་དུ་བསྔོ་བ་དང༌། ཚུལ་ཁྲིམས་ཕུན་སུམ་ཚོགས་པར་བསྔོ་བ་དང༌། འབྲས་བུ་བདེ་བ་ལ་ལོངས་སྤྱོད་པར་བསྔོ་བའོ། །དང་པོ་ ནི། གཙུག་ལག་ཁང་ན་གནས་པའི་དགེ་འདུན་རྣམས་གསུང་རབ་དགོངས་འགྲེལ་དང་བཅས་པ་ཀློག་པ་དང་ཁ་ཏོན་གྱིས་དར་ཞིང་རྒྱས་པས་ལེགས་པར་གནས་པར་ཤོག །དུས་རྟག་ཏུ་དགེ་འདུན་དགེ་བའི་བྱ་བ་ལ་ ཐུགས་མཐུན་པ་དང་དགེ་འདུན་གྱིས་སེམས་ཅན་ལ་ཕན་པ་ལ་སོགས་པའི་དོན་ཡང་ཇི་ལྟར་དགོངས་པ་བཞིན་འགྲུབ་པར་ཤོག །གཉིས་པ་ནི། བསླབ་པ་མ་ཉམས་པར་བསྲུང་བར་འདོད་པའི་དགེ་སློང་དག་

Page: 353 ༄༅། །ཚུལ་ཁྲིམས་ཀྱི་གེགས་སུ་གྱུར་པའི་ལུས་ཀྱི་འདུ་འཛིས་དབེན་པ་དག་ཀྱང་ཐོབ་པར་ཤོག །སེམས་ཀྱི་གཡེང་བ་ཐམས་ཅད་སྤངས་ནས་ནི་ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བས་ བརྒྱན་ནས་སེམས་ནི་ལས་རུང་གིས་དགེ་བ་བསྒོམ་པར་གྱུར་ཅིག །གསུམ་པ་ནི། དགེ་སློང་མ་རྣམས་ཆོས་ལྡན་གྱི་རྙེད་པ་དང་ལྡན་ཞིང་འཐབ་པ་དང་གཞན་གྱིས་རྩེ་བ་ལ་སོགས་པའི་གནོད་པ་སྤངས་ པར་ཤོག། བཞི་པ་ནི། དེ་བཞིན་དུ་རབ་ཏུ་བྱུང་བ་ཀུན་ཚུལ་ཁྲིམས་ཉམས་པ་མེད་པར་མཐར་ཕྱིན་པར་གྱུར་ཅིག །ཚུལ་ཁྲིམས་འཆལ་བ་འགའ་བྱུང་ན་དེས་ཡིད་བྱུང་ནས་ཏེ་འགྱོད་པ་སྐྱེས་ནས་རྟག་ཏུ་སྡིག་ པ་ཟད་བྱེད་ཤོག །དེ་ནས་ཕྱི་མར་བདེ་འགྲོ་དག་ཀྱང་ཐོབ་པར་གྱུར་ནས་དེར་ཡང་བརྟུལ་ཞུགས་མི་ཉམས་པར་ཤོག །འཇིག་རྟེན་གྱིས་མཁས་པ་རྣམས་ནི་བཀུར་བ་དང་བསོད་སྙོམས་དག་ཀྱང་རྙེད་པར་ཤོག ། རྒྱུད་ནི་ང་རྒྱལ་ལ་སོགས་པ་མེད་པར་ཡོངས་སུ་དག་པ་དང་ཕྱོགས་རྣམས་ཀུན་ཏུ་སྙན་པའི་གྲགས་པ་དང་ལྡན་པར་གྱུར་ཅིག །ལྔ་པ་ནི། ངན་སོང་གི་སྡུག་བསྔལ་མི་མྱོང་ཞིང་སྒོ་གསུམ་གྱི་ལས་དྲག་པོའི་ བཀའ་བ་སྤྱད་པ་མེད་པར་ཡང་ལྷ་བས་ལྷག་པའི་རྣམ་སྨིན་གྱི་ལུས་རྣམ་མཁྱེན་སྒྲུབ་པའི་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པའི་ལུས་ཀྱིས་ནི་མཁས་པ་དེ་དག་སངས་རྒྱས་མྱུར་དུ་འགྲུབ་པར་གྱུར་ཅིག །བཞི་

Page: 354 པ་སེམས་ཅན་གྱི་དོན་དུ་བསྔོ་བ་ནི། དགེ་བ་ཇི་སྙེད་ཡོད་པའི་མཐུས་སེམས་ཅན་ཀུན་གྱིས་ལན་མང་དུ་བསྟི་སྟང་དུ་བྱ་བ་ཐམས་ཅད་ཀྱིས། སངས་རྒྱས་ཐམས་ཅད་མཆོད་པར་བྱེད་ཅིང་དེ་ལ་བརྟེན་ནས་བྱང་ ཆུབ་སེམས་དཔའི་སྤྱོད་པ་ལ་བསླབས་པས་སངས་རྒྱས་ཀྱི་བདེ་བ་མཐའ་ཡས་ཀྱིས་རྟག་ཏུ་བདེ་བ་དང་ལྡན་པར་གྱུར་ཅིག། གཉིས་པ་ལ་གསུམ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཞེད་དོན་འགྲུབ་པར་བསྔོ་ བ་དང༌། སངས་རྒྱས་ཀྱི་མཛད་པ་མཐར་ཕྱིན་པར་བསྔོ་བ་དང༌། ཉན་རང་གི་བཞེད་དོན་འགྲུབ་པར་བསྔོ་བའོ། །དང་པོ་ནི། བསྟན་བཅོས་འདི་བརྩམས་པ་ལ་སོགས་པའི་དགེ་བའི་རྩ་བ་ལ་བརྟེན་ནས་བྱང་ཆུབ་སེམས་ དཔའ་རྣམས་ཀྱིས་ནི་འགྲོ་བ་མཐའ་དག་གི་གནས་སྐབས་དང་མཐར་ཐུག་གི་དོན་མཛད་པར་ཐུགས་ལ་དགོངས་པ་ཇི་ལྟ་བ་བཞིན་འགྲུབ་པར་ཤོག །གཉིས་པ་ནི། སེམས་ཅན་གྱི་མགོན་པོ་རྒྱལ་བ་ཡིས་ནི་སེམས་ ཅན་རྣམས་བདེ་བ་མཐའ་དག་དང་ལྡན་པར་གང་དགོངས་པ་སེམས་ཅན་རྣམས་ལ་བདེ་བ་དེ་འབྱོར་བར་ཤོག །གསུམ་པ་ནི། དེ་བཞིན་དུ་རང་སངས་རྒྱས་རྣམས་དང་ཉན་ཐོས་རྣམས་ཀྱང་ཞི་བའི་བདེ་བ་ཐོབ་ པར་གྱུར་ཅིག། གཉིས་པ་རང་དོན་དུ་བསྔོ་བ་ལ་བཞི། གནས་སྐབས་ཀྱི་འབྲས་བུ་ཐོབ་པར་སྨོན་པ་དང༌། འཇམ་པའི་དབྱངས་ཀྱི་དངོས་སུ་རྗེས་སུ་འཛིན་པར་སྨོན་པ་དང༌། བྱང་ཆུབ་སེམས་དཔའི་

Page: 355 ༄༅། །སྤྱོད་པ་ལ་གནས་པར་སྨོན་པ་དང༌། གཞན་དོན་མཐར་ཕྱིན་པར་སྨོན་པའོ། །དང་པོ་ནི། དགེ་བ་དེ་དག་གི་མཐུས་བདག་ཀྱང་འཇམ་པའི་དབྱངས་ཀྱི་བཀའ་དྲིན་གྱིས་ས་རབ་ཏུ་ དགའ་བ་ཐོབ་པའི་བར་དུ་རྟག་ཏུ་ཚེ་རབས་དྲན་པ་དང༌། ཡོན་ཏན་གྱི་སྣོད་རབ་ཏུ་འབྱུང་བ་ཐོབ་པར་ཤོག །བདག་ནི་ཁ་ཟས་ངན་ངོན་ཙམ་གྱི་ནས་ཀྱང་ལུས་ཉམས་དང་ལྡན་ཞིང་བདེ་བར་འཚོ་བར་ཤོག །ཚེ་ རབས་ཀུན་ཏུ་ལུས་སེམས་འདུ་འཛིས་དབེན་པར་གནས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་ཐོབ་པར་གྱུར་ཅིག །གཉིས་པ་ནི། གང་གི་ཚེ་ཐུབ་པའི་གསུང་རབ་སོགས་བལྟ་བར་འདོད་པའམ་དོན་ ལྡན་གྱི་ཡི་གེ་ཅུང་ཟད་འདྲི་བར་འདོད་ན་ཡང་མགོན་པོ་འཇམ་དབྱངས་དེ་ཉིད་ནི་དངོས་སུ་མཐོང་བ་ལ་སྒྲིབ་པར་བྱེད་པའི་གེགས་མེད་པར་ཡང་དེ་མ་ཐག་མཐོང་བར་ཤོག །གསུམ་པ་ནི། ཕྱོགས་བཅུ་ ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཀུན་གྱི་གནས་སྐབས་དང་མཐར་ཐུག་གི་དོན་སྒྲུབ་པའི་ཕྱིར་ཏུ། ཇི་ལྟར་འཇམ་དབྱངས་སྤྱོད་པ་མཛད་པ་དེ་བཞིན་དུ་བདག་གི་སྤྱོད་པའང་དེ་འདྲ་བར་ཤོག ། བཞི་པ་ནི། ཇི་སྲིད་འཁོར་བ་གནས་པ་དང་འཁོར་བར་འཁོར་བའི་འགྲོ་བ་ཇི་སྲིད་གནས་པར་གྱུར་པ་དེ་སྲིད་དུ་བདག་ནི་གནས་པར་གྱུར་ནས་འགྲོ་བའི་སྡུག་བསྔལ་མཐའ་དག་སེལ་བར་ཤོག །འགྲོ་

Page: 356 བའི་སྡུག་བསྔལ་གང་ཅི་ཡང་རུང་དེ་ཀུན་བདག་ལ་སྨིན་པར་གྱུར་ཅིག །བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་སྟོབས་ཀྱི་རང་བཞིན་གྱིས་འགྲོ་བ་ཐམས་ཅད་བདེ་བ་ལ་སྤྱོད་པར་ཤོག། གསུམ་པ་བདེ་བའི་ འབྱུང་གནས་བསྟན་པ་རྒྱས་པའི་དོན་དུ་བསྔོ་བ་ནི། དགེ་བ་ཇི་སྙེད་ཡོད་པའི་སྟོབས་ལ་བརྟེན་ནས་འགྲོ་བའི་སྡུག་བསྔལ་ཐམས་ཅད་སེལ་བ་ལ་ཟླ་མེད་པའི་སྨན་གཅིག་པུ་དང༌། འགྲོ་བའི་བདེ་བ་ཐམས་ ཅད་འབྱུང་བའི་གནས་དམ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་རྙེད་པ་དང་བཀུར་སྟི་དང་བཅས་ཏེ། ཡུན་རིང་པོ་འཁོར་བ་ཇི་སྲིད་ཀྱི་བར་དུ་གནས་པར་གྱུར་ཅིག །གསུམ་པ་བཀའ་དྲིན་རྗེས་ སུ་དྲན་པས་ཕྱག་འཚལ་བ་ནི། བདག་རྐྱེན་དགེ་བའི་བཤེས་གཉེན་ཁྱད་པར་ཅན་གང་གི་དྲིན་གྱིས་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང༌། སྤྱོད་པ་ལ་སློབ་པ་དང༌། དེ་དག་བརྗོད་བྱར་བྱས་ནས་བསྟན་བཅོས་ རྩོམ་པའི་དགེ་བའི་བློ་འབྱུང་བའི་བདག་རྐྱེན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་བདག་བསླབ་པ་ལ་བཀོད་པ་དང་ཐོས་བསམ་སྒོམ་གསུམ་ལ་སོགས་པའི་རྟོགས་པ་བསྐྱེད་པའི་ སྒོ་ནས་བདག་གི་རྒྱུད་ལ་དགེ་བའི་ཕྱོགས་དར་བར་མཛད་པའི་དགེ་བའི་བཤེས་གཉེན་ལ་ཡང་བདག་ཕྱག་འཚལ་ལོ། །ལེའུ་ཐ་མ་འདིས་གནས་སྐབས་དང་མཐར་ཐུག་གི་སྨོན་གནས་རྣམས་སུ་

Page: 357 ༄༅། །འདུན་པ་དྲག་པོས་བསྒྱུར་བར་བྱེད་པའི་བསྔོ་བས་ཁྱད་པར་དུ་བྱས་ནས། ལུས་ལོངས་སྤྱོད་དགེ་རྩ་གཞན་དོན་དུ་གཏོང་བའི་སྦྱིན་པ་ལ་སློབ་ཚུལ་རྒྱས་པར་བཤད་ཅིང༌། གོང་དུ་ཡང་བར་སྐབས་སུ་སྦྱིན་པ་ལ་སློབ་ཚུལ་བཤད་པས་སྦྱིན་པ་ལ་སློབ་པའི་ལེའུ་ལོགས་པ་མ་མཛད་པ་ཡིན་ནོ། །ཐོས་བསམ་སྒོམ་པའི་དགེ་བ་ཅི་ཡོད་དང༌། །ཕྱག་དང་མཆོད་པ་ཙམ་གྱི་དགེ་ བའང་རུང༌། །དགེ་བ་ནམ་ཡང་ཟད་པ་མེད་པ་དང༌། །གོང་དུ་སྤེལ་ཕྱིར་བསྔོ་བས་བརྒྱན་པ་གཅེས། །བསྡུ་བའི་ཚིགས་སུ་བཅད་པའོ། །གཉིས་པ་ལེའུའི་མཚན་ནི། བྱང་ཆུབ་སེམས་ དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་རྒྱལ་སྲས་འཇུག་ངོགས་ཞེས་བྱ་བ་ལས། ཡོངས་སུ་བསྔོ་བའི་ལེའུ་ཞེས་བྱ་བ་སྟེ་ལེའུ་བཅུ་པའི་འགྲེལ་པའོ།། །།བཞི་པ་མཇུག་གི་དོན་ལ་ གཉིས། བསྟན་བཅོས་གང་གིས་མཛད་པ་དང༌། གང་གིས་བསྒྱུར་བའི་ཚུལ་ལོ། །དང་པོ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སློབ་དཔོན་ཆེན་པོ་ཤཱན་ཏ་དེ་བ་ཞི་བའི་ ལྷ་ཞེས་བྱ་བ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་དངོས་སུ་རྗེས་སུ་བཟུང་ཞིང༌། རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་དོར་ནས་ངོ་མཚར་བའི་སྤྱོད་པ་དུ་མ་དང་ལྡན་པས་བྱང་ཆུབ་སེམས་དཔའི་

Page: 358 སྤྱོད་པ་རྫོགས་པར་མཛད་པ་ཁྱད་པར་དུ་རྣལ་འབྱོར་བླ་མེད་ཀྱི་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་སྤྱད་ནས་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་པར་མཛད་པ་དེས་མཛད་པ་དང༌། དེའི་ཚིག་དོན་ལེགས་པར་བཤད་པ་ རྫོགས་སོ། །གཉིས་པ་ནི། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་ཐམས་ཅད་མཁྱེན་པའི་ལྷ་དང༌། ཞུ་ཆེན་གྱི་ལོཙྪ་བ་བནྡེ་དཔལ་རྩེགས་ཀྱིས་ཁ་ཆེའི་དཔེ་ལ་ཞུས་ཏེ་གཏན་ལ་ཕབ་པ་ལས། སླད་ཀྱིས་རྒྱ་གར་ གྱི་མཁན་པོ་དྷརྨ་ཤྲཱི་བྷཱ་ཏྲ་ཆོས་དཔལ་བཟང་པོ་དང༌། ཞུ་ཆེན་གྱི་ལོཙྪ་བ་རིན་ཆེན་བཟང་པོས་ལེགས་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཡང་སླད་ཀྱིས་རྒྱ་གར་གྱི་མཁན་པོ་ཤཱཀྱ་བློ་གྲོས་དང༌། ལོཙྪ་བ་རིན་ཆེན་བཟང་པོས་ཡུལ་དབུས་ཀྱི་དཔེ་འགྲེལ་པ་དང་མཐུན་པ་ལྟར་བསྒྱུར་ཅིང་བཅོས་ཏེ་གཏན་ལ་ཕབ་པའོ། །ཡང་དུས་ཕྱིས་བལ་ཡུལ་གྱི་པཎྜི་ཏ་བལ་པོ་བྷ་ཏན་ཏ་བ་ཐམས་ཅད་མཁྱེན་པ་ཆུང་ངུར་ གྲགས་པ་སུ་མ་ཏི་ཀིརྟི་ལེགས་པའི་བློ་གྲོས་གྲགས་པ་དང༌། བོད་ཀྱི་ལོཙྪ་བ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ཁ་ཆེའི་དཔེ་དང་བསྟུན་ནས། ལེགས་པར་བཅོས་ཤིང་བསྒྱུར་ཏེ་འཆད་ཉན་གྱིས་ གཏན་ལ་ཕབ་པའོ། །རྔོག་འགྱུར་གྱི་རྩ་བ་རྐྱང་པ་དང་འགྲེལ་པའི་འགྱུར་གྱི་རྩ་ཚིག་ལ་ཡང་མི་མཐུན་པ་མང་དུ་སྣང་ཞིང༌། རྩ་བ་ལ་ཡང་མི་མཐུན་པ་དུ་མ་སྣང་བས་དོན་ལ་ཞིབ་ཏུ་དཔྱད་ནས་བཀོད་

Page: 359 ༄༅། །པའོ། །ཐུབ་པའི་བརྟུལ་ཞུགས་མཆོག་གི་གོ་བསྣམས་ཤིང༌། །ཤེས་རབ་མཚོན་གྱིས་གཞན་སྡེ་མ་ལུས་འཇོམས། །དཔའ་བོ་ཆེན་པོ་རྒྱལ་སྲས་ཞི་བ་ ལྷའི། །གཞུང་གི་ཚིག་དོན་ཙམ་ཞིག་ལེགས་པར་བཤད། །སྔོན་ཆད་ཕྱོགས་འདིར་རྣམ་བཤད་མང་ཡོད་ཀྱང༌། །སྐར་མའི་ཚོགས་ཀྱིས་གཟུགས་ལ་ཇི་བཞིན་དུ། །འཕགས་མཆོག་ཀུན་གྱིས་ བགྲོད་པར་བྱ་བའི་ལམ། །རྟེན་འབྱུང་མཐའ་བྲལ་ཇི་བཞིན་གསལ་མ་ནུས། །མཚུངས་མེད་ཆོས་ཀྱི་སྤྱན་ལྡན་བླ་མ་དང༌། །ཐུགས་རྗེའི་དབང་གྱུར་བློ་གྲོས་ཀྱིས་མཐོང་ཞིང༌། །གྲགས་པའི་ འོད་སྟོང་ཕྱོགས་བཅུར་འཕྲོ་བ་ཅན། །བཤེས་གཉེན་དམ་པའི་ལེགས་པར་བཤད་པ་ལས། །རྟེན་འབྱུང་མཐའ་དང་བྲལ་བའི་དབུ་མའི་དོན། །མགོན་པོ་ཀླུ་སྒྲུབ་བཞེད་པ་ཇི་བཞིན་དུ། ། སངས་རྒྱས་བསྐྱངས་དང་ཟླ་གྲགས་ཞི་བའི་ལྷ། །དགོངས་པ་གཅིག་པ་ཇི་བཞིན་གསལ་བར་བཤད། །རྒྱལ་སྲས་དམ་པའི་གསུང་ནི་རྟོགས་པར་དཀའ། །བློ་གྲོས་ཉམ་ཆུང་སྦྱངས་པའི་ སྟོབས་དམན་པས། །གལ་ཏེ་འདི་ལ་ནོངས་པའི་ཚོགས་མཆིས་རྣམས། །བླ་མ་ལྷར་བཅས་རྣམས་ཀྱིས་བཟོད་པར་མཛོད། །འདིར་འབད་དགེ་བ་རབ་དཀར་ཅི་ཡོད་དེས། །སྲིད་ཞིའི་

Page: 360 རྒུད་པས་བཅིངས་པའི་འགྲོ་བ་རྣམས། །བྱང་ཆུབ་སེམས་མཆོག་སྤྱོད་པ་འདིར་ཞུགས་ནས། །མི་གནས་མྱ་ངན་འདས་པ་ཐོབ་པར་ཤོག །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། ། ཐུབ་པའི་བརྟུལ་ཞུགས་ཡང་དག་མནོས་བྱས་ཏེ། །བྱང་ཆུབ་སེམས་དང་ནམ་ཡང་མ་བྲལ་བས། །དལ་འབྱོར་རྟེན་ལ་སྙིང་པོ་ལེན་པར་ཤོག། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་ བཤད་རྒྱལ་སྲས་འཇུག་ངོགས་ཞེས་བྱ་བ་འདི་ནི། འགྲོ་བ་དུ་མའི་འདྲེན་པ་དམ་པ་སྡོམ་པ་གསུམ་དང་ལྡན་ཞིང་མདོ་སྔགས་ཀྱི་གཞུང་མང་དུ་ཐོས་པའི་ཕ་རོལ་ཏུ་སོན་པ། བླ་མ་ཆོས་སྒོ་བ་བསོད་ནམས་དཔལ་བས་ཀྱང་ལན་དུ་མར་བསྐུལ་ བ་དང༌། བསྟན་པ་རིན་པོ་ཆེའི་ཁུར་འཛིན་པས་མི་ངལ་ཞིང་མདོ་སྔགས་ཀྱིས་བསྡུས་པའི་གཞུང་གི་གནད་དུ་མ་ཐུགས་སུ་ཆུད་ནས་བསླབ་པ་གསུམ་ལ་གཅེས་སྤྲས་སུ་མཛད་པ་བཤེས་གཉེན་ནམ་མཁའ་བཟང་པོ་དང༌། བླ་མ་ གྲགས་སེང་བ་གཉིས་ཀྱིས་མདོ་ཁམས་སྟོད་ནས་འབུལ་བ་མེ་ཏོག་དང་བཅས་ཏེ་ཡང་ཡང་བསྐུལ་ཞིང༌། ཁྱད་པར་དུ་བླ་མ་གྲགས་སེང་བས་མེ་ཏོག་རྒྱ་ཆེན་པོ་དང་བཅས་ཏེ་ནན་ཆེར་བསྐུལ་བ་ལ་བརྟེན་ནས། རྒྱལ་བའི་རིང་ལུགས་པ་ཆེན་པོ་ རྗེ་བཙུན་དམ་པ་ཀུ་མ་ར་མ་ཏིའི་ཞལ་སྔ་ནས་དང༌། སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་བཟང་པོའི་ཞལ་སྔ་ནས་གཉིས་ཀྱི་ཞབས་ཀྱི་རྡུལ་ཡུན་རིང་དུ་སྤྱི་བོས་གཏུགས་པའི་བཀའ་དྲིན་ལ་བརྟེན་ནས། རིགས་པར་སྨྲ་

Page: 361 བ་དགེ་སློང་དར་མ་རིན་ཆེན་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའོ། །ཡི་གེ་པ་ནི་སྡོམ་བརྩོན་སྡེ་སྣོད་འཛིན་པ་རིན་ཆེན་ཆོས་རྒྱལ་ལོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་སྒོ་ཐམས་ ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །།ཨོཾ་སྭསྟི། ཐུབ་བསྟན་འཛིན་མར་སྐལ་བཟང་ཞིང་བའི་ཚོགས། །ཕན་བདེའི་ལོ་ཏོག་ལོངས་སུ་སྤྱོད་ པའི་ཕྱིར། །བཀྲ་ཤིས་གཡས་སུ་འཁྱིལ་པའི་ཆོས་གྲྭ་ལས། །ཆོས་སྦྱིན་བདུད་རྩིའི་གྲུ་ཆར་འདི་ཕབ་པོ།། །།མངྒ་ལཾ།། །།