བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། སྨད་ཆ།
Page: 201 པ་རྣམ་པ་གཉིས་ཁོ་ན་སྐྱེད་པར་བྱེད་དེ། ལུས་ལས་བྱུང་བ་དང་ཡིད་ལས་བྱུང་བའོ། །དེ་ལ་གཉིས་པོ་འདི་ཡང་བྱང་ཆུབ་སེམས་དཔའ་ལ་སྲིད་པ་མ་ཡིན་ཏེ། ལུས་དང་ངག་དང་ཡིད་རྣམས་ཀྱིས་ཁ་ན་མ་ཐོ་བ་ཐམས་ཅད་སྤང་བའི་ཕྱིར་ལུས་ཀྱི་སྡུག་བསྔལ་འདི་ལ་སྐྱེ་བ་མ་ཡིན་ ནོ། །ལུང་དང་རིགས་པ་དག་གིས་བདག་མེད་པ་གཉི་ག་གཏན་ལ་ཕབ་པའི་ཕྱིར་ཡིད་ཀྱི་ཡང་ཇི་ལྟར་སྲིད་པ་ཡིན། འདི་ལྟར་ལོག་པར་རྟོག་པ་དང་ཞེས་པ་ནི་གང་བདེན་པ་མ་ཡིན་པའི་རྣམ་པར་རྟོག་པ་དེས་བདག་དང་བདག་གིར་འཛིན་པ་ལ་འཇུག་པ་དང་། དངོས་པོ་ལ་མངོན་པར་ཞེན་པར་ བྱས་པས་སེམས་ཅན་སྡུག་བསྔལ་བ་དང་སྡིག་པ་སྟེ་སྲོག་གཅོད་པ་ལ་སོགས་པའི་ལུས་སྡུག་བསྔལ་བ་ཡིན་ནོ། །དེ་ལྟར་རེ་ཞིག་སྡུག་བསྔལ་གྱི་རྒྱུ་སྤངས་པའི་ཕྱིར་འདི་ལ་སྡུག་བསྔལ་སྐྱེ་བ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ད་ནི་འདི་ལ་བདེ་བ་ཁོ་ན་ཡིན་ནོ་ཞེས་བསྟན་པའི་ཕྱིར་བསོད་ ནམས་ཞེས་པ་ལ་སོགས་པ་གསུངས་ཏེ། གང་ལ་བདེ་བ་སྐྱེས་པའི་ལུས་ནི་བདེ་བ་ཡིན་ལ། བདེ་བ་གང་ལ་ཡོད་པའི་ཡིད་ནི་བདེ་བ་ཡིན་ཏེ། དེ་ལྟར་གཉི་ག་ལ་ཡང་བདེ་བ་དང་ལྡན་པའི་ཕྱིར་རོ། །ཐུགས་རྗེ་དང་ལྡན་པ་གཞན་གྱི་དོན་དུ་འཁོར་བར་འཁོར་བ་ན་སྡུག་བསྔལ་གང་གིས་སྐྱོ་ བར་བྱེད་དེ་སྐྱོ་བར་སེམས། ཡང་ན་གང་གིས་སྐྱོ་བར་བྱེད་དེ་སྐྱོ་བའི་རྒྱུ་མེད་པའི་ཕྱིར་གང་གིས་ཀྱང་མ་ཡིན་ནོ་ཞེས་དགོངས་སོ། །དེ་ལྟར་ཅིའི་ཕྱིར་རྒྱུ་མེད་པར་འཇིགས་པས་ཕྱིར་ཕྱོགས་པར་བྱེད། དེ་ལྟར་གྱུར་ན་ཡང་ཡུན་རིང་པོར་བསྟེན་ཅིང་བསྒོམ་པ་མང་དུ་བྱས་པའི་བསོད་ནམས་ཀྱི་ ཚོགས་ཆེན་པོས་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་ལ་དེ་བས་རྨོངས་པ་རྣམས་བྱེད་པ་མྱུར་བས་ཉན་ཐོས་ཀྱི་ཐེག་པ་ཉིད་ལ་བརྟེན་པ་བླའོ་ཞེས་དོགས་ནས། འདི་ནི་བྱང་ཆུབ་སེམས་སྟོབས་ཞེས་པ་ལ་སོགས་པ་གསུངས་ཏེ། སྔར་བྱས་པའི་སྡིག་པ་གང་ཡིན་པ་དེ་རྣམས་ནི་ བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་ཉིད་ཀྱིས་ཟད་པར་བྱེད་དོ། །ཇི་ལྟར་སྔར་ཡང་། གང་གི་དུས་མཐའི་མེ་བཞིན་སྡིག་ཅན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །ཅེས་བརྗོད་པ་ལྟ་བུའོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་ཉིད་ཀྱིས་སྡུད་པར་བྱེད་པ་ནི་སྟེར་བར་
Page: 202 ༄༅། །བྱེད་པ་སྟེ། བསོད་ནམས་ཀྱི་རྒྱ་མཚོ་རྣམས་ཏེ། རྒྱུན་མི་འཆད་པར་བསོད་ནམས་ཤུགས། །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་གང་བརྗོད་པའོ། །རྣམ་པ་འདི་ལྟ་བུའི་དད་པའི་ཤུགས་ཀྱིས་ཐེག་པ་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ ཉན་ཐོས་ལ་སོགས་པ་རྣམ་པས་ཀྱང་མྱུར་ཞིང་མགྱོགས་པར་འགྲོའོ། །དེ་ལྟར་ཞེས་པ་ལ་སོགས་པས་བསྟན་པའི་དོན་ཉིད་བསྡུས་ནས་སྟོན་པར་བྱེད་དེ། དེ་ལྟར་ནི་བརྗོད་པའི་རིམ་པ་ཡིན་ལ། ཁ་ན་མ་ཐོ་བ་སྤངས་པ་དང་སྔར་བྱས་པའི་སྡིག་པ་ཟད་པའི་ཕྱིར་རྨི་ལམ་ན་ཡང་ངན་སོང་དུ་ འགྲོ་བ་དང་བྲལ་བའི་ཕྱིར་དང་བསམ་པ་ཤིན་ཏུ་དྲག་པའི་བདེ་བ་དུ་མས་ཉིན་མཚན་དུ་ནམ་མཁའ་ཁྱབ་པའི་བསོད་ནམས་ཀྱི་རྒྱ་མཚོ་མངོན་པར་འཕེལ་བར་བྱ་བའི་ཕྱིར་བདེ་འགྲོ་བརྒྱུད་པས་ལམ་བཟང་པོར་འཇུག་པའི་བྱང་ཆུབ་ཀྱི་སེམས་ཤིང་རྟ་དང་འདྲ་བ་བསྐྱེད་ཅིང་ཞོན་ནས་ཤེས་པའི་ དོན་ཏོ། །ཅི་ལྟ་བུར་གྱུར་པ་ཞེ་ན། སྐྱོ་བས་ནི་ཡོངས་སུ་ཉོན་མོངས་པ་སྟེ། ངལ་བ་ནི་དུབ་པའོ། །དེ་སེལ་བ་ནི་རིགས་པ་སྔར་བསྟན་པའི་ཚུལ་གྱིས་སྐྱོན་ཀུན་སེལ་བའོ། །དེ་བདེ་བ་གཅིག་ལས་གཞན་གོང་ནས་གོང་དུ་ལྷག་ཅིང་ལྷག་པར་ལྷ་དང་མིའི་བདེ་བ་ཕུན་སུམ་ཚོགས་པའི་མཚན་ཉིད་དུ་ འགྲོ་སྟེ་ཐོབ་པར་གྱུར་ནའོ། །རྟོག་པ་དང་ལྡན་པ་རྣམས་སྒྱིད་ལུག་པར་འགྱུར་བ་ཇི་ལྟར་སྲིད། དེའི་ཕྱིར་དེ་ལྟར་ན་རྣམ་པ་དུ་མས་སྒྱིད་ལུག་པའི་རྒྱུ་མཚན་བཀག་པས་སྒྱིད་ལུག་པ་མེད་པ་ཉིད་དུ་བསྟན་ནས། དཔུང་གི་ཚོགས་བསྟན་པའི་ཕྱིར། སེམས་ཅན་དོན་ནི་ཞེས་པ་ལ་སོགས་པ་ གསུངས་ཏེ། འདིར་ཡང་མདོར་བསྟན་པའི་བདག་ཉིད་ཡིན་ནོ། །འདུན་པ་ནི་འདིར་དགེ་བའི་འདོད་པ་ཡིན་ལ། བརྟན་པ་ནི་བརྩམས་པ་ལ་བརྟན་པ་ཡིན་ཞིང་དགའ་བ་ནི་དམ་པའི་ལས་ལ་ཞེན་པ་ཡིན་ཏེ། གཏོང་བ་ནི་མི་ནུས་པ་ན་དུས་ཅུང་ཟད་ཅིག་འཇིག་པའོ། །འདི་ནི་དཔུང་ གི་ཚོགས་བཞི་ཡིན་ཏེ། ཆ་ཤས་དུ་མས་བསྡུས་པའི་བདག་ཉིད་ཡིན་པའི་ཕྱིར་གླང་པོ་ཆེ་ལ་སོགས་པའི་དཔུང་བཞིན་ནོ། །སེམས་དོན་གྲུབ་ཕྱིར་ཞེས་པ་ལ། འདི་བརྩོན་འགྲུས་ཀྱི་རྒྱུ་ཡིན་པའི་ཕྱིར་ལ། བརྩོན་འགྲུས་ཀྱང་མངོན་པར་འདོད་པ་ཐམས་ཅད་གྲུབ་པར་བྱེད་པའི་ཕྱིར་རོ་
Page: 203 ཞེས་པའི་དོན་ཏོ། །དེ་ལ་སྟོབས་ཀྱི་ཚོགས་ནི་བྱེད་པ་མང་བའི་ཕྱིར་འདུན་པ་ཞེས་པ་ལ་སོགས་པས་སྐྱེད་པའི་རྒྱུ་གསུངས་ཏེ། སྡུག་བསྔལ་འཇིགས་པས་ཤེས་པ་ནི་མི་དགེ་བའི་ལས་ལས་སྡུག་བསྔལ་འབྱུང་བས་འཇིགས་པ་ལས་འདུན་པ་བསྐྱེད་དོ། །དེའི་ཕན་ཡོན་བསམ་པས་ ཞེས་ཏེ། ཕན་ཡོན་ནི་འབྲས་བུའི་སྒོ་ནས་ཡོན་ཏན་གྱི་ཁྱད་པར་ཡིན་ཏེ་དེ་ཡང་ཤུགས་ཀྱིས་ལས་དགེ་བ་ཉིད་དོ། །དེ་བསྒོམ་པ་ནི་དགེ་བའི་ལས་ལས་རྣམ་པ་དུ་མའི་སྒོ་ནས་འབྲས་བུ་བཟང་པོ་འབྱིན་པར་ཡང་ནས་ཡང་དུ་བསམ་པས་ཞེས་པའི་དོན་ཏོ། །ད་ནི་དཔུང་གི་ཚོགས་ཀྱི་བྱ་བ་ བསྟན་པའི་ཕྱིར། དེ་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལྟར་ནི་བརྗོད་པའི་རྒྱུན་གྱི་རིགས་པས་སོ། །མི་མཐུན་པའི་ཕྱོགས་ནི་ལེ་ལོ་ལ་སོགས་པའོ། །སྤངས་པ་ནི་གཉེན་པོ་བསྒོམ་པའི་ཆོ་གས་སེལ་བ་སྟེ་བརྩོན་འགྲུས་སྤེལ་བའི་ཕྱིར་སྟོབས་བསྐྱེད་པར་བྱའོ། །ཐབས་གང་ གིས་ཤེ་ན། འདུན་དང་ཞེས་པ་ལ་སོགས་པ་སྨོས་ཏེ། ང་རྒྱལ་ནི་སེམས་མཐོན་པོ་ཡིན་ལ་འདི་ནི་བརྟན་པའི་དཔུང་འཕེལ་བར་བྱེད་པའམ་བརྟན་པའི་སྟོབས་ཉིད་ཡིན་ཏེ། འདི་རྣམས་ཀྱི་སྟོབས་ཀྱིས་ནི་མཐུ་རྣམས་ཀྱིས་སོ། །འདིར་ནུས་པའི་རྣམ་གྲངས་ནི་སྟོབས་ཀྱི་སྒྲ་ཡིན་ནོ། །དེ་ ལ་རེ་ཞིག་འདུན་པ་བསྐྱེད་པ་དང་པོར་བདག་དང་གཞན་གྱི་ཞེས་པ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་བཏགས་པས་བདག་ཉིད་ཀྱི་ཡང་ཉོན་མོངས་པ་ཐམས་ཅད་སྤང་བའི་ཆེད་དང་། ཡོན་ཏན་མ་ལུས་པ་བསྐྱེད་པའི་དོན་དུ་བདག་གིས་བྱང་ཆུབ་ཀྱི་སེམས་བསྐྱེད་ལ་དེ་ ཡང་བྱ་བ་ཞན་པས་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་གོ་བར་བྱས་ནས་ཀྱང་གལ་ཏེ་བརྩོན་འགྲུས་མ་བརྩམས་པ་ཡིན་པས་རྩོམ་པར་ཞན་པར་གནས་པ་ཡིན་ལ། དེའི་ཚེ་ངན་སོང་དུ་ལྷུང་བ་ལས་གཞན་རྟེན་ཡོད་པ་མ་ཡིན་པར་བདག་གིས་བསམས་ནས་སྐྱོ་བ་མངོན་དུ་བྱ་སྟེ། འདུན་པ་བསྐྱེད་ པར་བྱའོ་ཞེས་པ་ནི་བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་བརྗོད་པར་བྱ་སྟེ། དཔག་ཏུ་མེད་པ་ནི་ཚད་དུ་བྱ་བར་མི་ནུས་པའོ། །ཉེས་པ་ནི་ལུས་དང་སེམས་ལ་བརྟེན་པའོ། །གཞོམ་པར་བྱ་བ་ནི་སྤང་བར་བྱ་བའོ། །བདག་དང་གཞན་ནི་རང་གི་བདག་ཉིད་དང་། གཞན་གྱི་བདག་ཉིད་
Page: 204 ༄༅། །དོ། །རེ་རེ་ལ་ཞེས་པ་ནི་རེ་ཞིག་མང་པོ་རྣམས་བཞག་སྟེ། མང་དུ་ནི་དེ་རྣམས་ལའོ། །བསྐལ་པ་རྒྱ་མཚོ་སྟེ། བསྐལ་པ་བརྒྱ་སྟོང་དུ་མས་སོ། །ཟད་པ་ནི་སྤོང་བར་བྱེད་པས་སོ། །དེ་ལ་ནི་དེ་རྣམས་ལའོ། །ཉེས་ཟད་རྩོམ་པ་ནི་ཉེས་པ་སྤོང་བ་ལ་སྤྲོ་བའོ། །ཅུང་ཟད་ ཙམ་ནི་ཆ་ཙམ་ཡང་ངོ་། །བདག་ལ་མ་མཐོང་བ་ནི་མི་སྣང་བའོ། །དེའི་ཕྱིར་སྡུག་བསྔལ་དཔག་ཏུ་མེད་པའི་རྟེན་ཏེ། སྡུག་བསྔལ་ཚད་མེད་པའི་སྣོད་ཡིན་ནོ། །བདག་གི་སྙིང་མི་འགས་པ་ནི་ཅིའི་ཕྱིར་རལ་བར་མ་གྱུར་པ་སྟེ། རྣམ་པ་གང་གིས་སོ། །བདག་དང་གཞན་གྱི་ཞེས་པ་ལ་སོགས་པ་ ནི་གོ་སླའོ། །དོན་མེད་པ་ནི་འབྲས་བུ་མེད་པ་ཉིད་དེ། བདག་གི་སྐྱེ་བ་ནི་མི་ཁོམ་པ་བརྒྱད་ལས་གྲོལ་བ་ཡིན་ལ་ཁྱེར་བ་ནི་བསྐྱལ་བས་ཏེ་རྒྱབ་ཏུ་བྱས་ཞེས་པའི་ཐ་ཚིག་གོ། །བརྒྱ་ལ་ན་ཐོབ་པ་ནི། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །ཡུན་རིང་ པོས་ཐོབ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ངོ་མཚར་བའི་གནས་ཡིན་པས་རྨད་དུ་བྱུང་བའོ། །འདིའི་ཕྱིར་ཡང་ཉམས་པ་ཡིན་ནོ་ཞེས། བདག་གིས་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱས་པས་དགའ་སྟོན་ཆེན་པོ་སྟེ་ཤིན་ཏུ་མངོན་པར་དགའ་བ་ དང་ལྡན་པ་ཡིན་ཞིང་། དེས་བདེ་བ་ནི་ཡིད་བདེ་བ་ཡིན་ལ། མ་ཐོབ་པ་ནི་བདག་གིས་མ་རྟོགས་པའོ། །བསྟེན་པ་ནི་སྐུ་གཟུགས་དང་མཆོད་རྟེན་དང་། དམ་པའི་ཆོས་ལ་སོགས་པ་ལ་བཀུར་སྟི་དང་། ལྷ་ཁང་དང་། ཀུན་དགའ་ར་བ་དང་། གཟིམས་ཆ་ལ་སོགས་པའི་དངོས་པོ་དབུལ་ བ་བྱ་བ་སྟེ་མཆོད་པ་ཡང་མ་བྱས་སོ། །དབུལ་བ་རྣམས་ནི་ནོར་ཞན་པ་རྣམས་ཡིན་ལ། བསམ་པ་འདི་འདོད་པ་ཡིན་ཏེ། ཉེ་བར་མཁོ་བའི་སྒོ་ནས་རྫོགས་པར་མ་བྱས་པའོ། །འཇིགས་པ་ལ་ནི་དགྲ་ལ་སོགས་པའི་འཇིགས་པས་འཁྲུགས་པ་རྣམས་ལ་མ་འཇིགས་ཤིག་ཅེས་མི་ འཇིགས་པ་མ་བྱིན་པའོ། །ཉམ་ཐག་ནི་ལུས་དང་ཡིད་ཀྱི་སྡུག་བསྔལ་གྱིས་གདུངས་པ་ཡིན་ལ། དེ་བསལ་ནས་བདེ་བར་བྱས་པ་ཡང་མ་ཡིན་ནོ། །སྐྱེས་བུ་དམ་པའི་ཆོས་འདི་དག་ཐམས་ཅད་དང་བྲལ་བའི་ཕྱིར་བདག་མའི་མངལ་གྱི་ཞེས་པ་ལ་སོགས་པ་གསུངས་ཏེ་
Page: 205 གོ་སླའོ། །ཁྱེད་རྣམས་ཀྱི་གནས་སྐབས་ངན་པ་འདི་ཡང་ཅིའི་ཕྱིར་ཐོབ་ཅེ་ན། ཆོས་ལ་འདུན་དང་ཞེས་པ་ལ་སོགས་པ་གསུངས་ཏེ། ཆོས་ལ་འདུན་པ་དང་བྲལ་བའི་སྔར་གྱི་སྐྱེ་བར་བསགས་པ་ཉིད་ཀྱིས་བདག་ལ་ད་ལྟའི་སྐྱེ་བ་འདི་ལ་ཡང་རྒུད་པ་འདི་འདྲ་བ་འབྱུང་བར་འགྱུར་ཏེ། ནུས་པ་ ཐམས་ཅད་དང་བྲལ་བའི་རང་བཞིན་སྔར་བརྗོད་པ་རྣམས་ཐོབ་པར་གྱུར་པར་འདི་ལྟར་ཤེས་པར་བྱས་ནས་སུ་ཞིག་ཆོས་ལ་འདུན་པ་གཏོང་བར་བྱེད་དེ་ཡོངས་སུ་གཏོང་བར་བྱེད་ཅིང་མཁས་པས་ཅིའི་ཕྱིར་ལེན་པར་མི་བྱེད་ཅེས་པའི་ཐ་ཚིག་གོ། །ཡང་ཅིའི་ཕྱིར་དགེ་བ་དོན་དུ་གཉེར་བ་རྣམས་ཀྱིས་ འདུན་པ་བསྐྱེད་པ་ལ་འབད་པར་བྱེད་ཅེས་དགོངས་ནས། གང་། འདུན་པ་སྡུག་བསྔལ་འཇིགས་པས་སྐྱེད། །ཅེས་པ་ལ་སོགས་པ་གསུངས་པ་དེ་བསལ་བར་བྱ་བར་འདོད་ནས། དགེ་བའི་ཕྱོགས་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། རྒུད་པ་བསལ་བ་འབའ་ཞིག་གི་དོན་དུ་ནི་མ་ཡིན་ ཏེ། དཀར་པོའི་ཆོས་བསགས་པའི་དོན་དུ་ཡང་འདུན་པ་བསྐྱེད་པ་ལ་འབད་པར་བྱའོ་ཞེས་པ་ནི་འང་གི་སྒྲའི་དོན་ཏོ། །ཐམས་ཅད་ཀྱི་ཞེས་པ་ནི་འགའ་ཞིག་མ་ཡིན་པའོ། །རྩ་བ་འདུན་པ་ནི་རྒྱུ་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། རང་གིས་བཏགས་ནས་བརྗོད་པ་ནི་མ་ ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་ཡང་ནི་འདུན་པའི་ཡང་ངོ་། །རྩ་བ་རྟག་ཏུ་ནི་དུས་ཐམས་ཅད་དུའོ། །རྣམ་སྨིན་འབྲས་བུ་བསྒོམས་པས་ནི་དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་འཇིག་རྟེན་ཕ་རོལ་ཏུ་འདོད་པ་དང་མི་འདོད་པ་འཐོབ་པའི་མཚན་ཉིད་ཡིན་ལ། དེ་ བསྒོམ་པ་ནི་ཡང་ནས་ཡང་དུ་མངོན་དུ་བྱེད་པའོ། །དེ་ལ་ལས་མི་དགེ་བའི་རྣམ་པར་སྨིན་པའི་འབྲས་བུ་བསྟན་པའི་ཕྱིར། སྡུག་བསྔལ་ཞེས་པ་ལ་སོགས་པ་གསུངས་ཏེ། ལུས་དང་ངག་དང་ཡིད་ཇི་སྲིད་པ་རྣམས་ཀྱིས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་པ་རྣམ་པ་དུ་མའི་ འཇིགས་པ་འདི་ལྟར་བཅིང་ཞིང་འཁྱིག་པ་དང་བརྡེག་པ་ལ་སོགས་པ་རྣམས་དང་། ཡིད་ཀྱིས་ཚོལ་བའི་རྙེད་པའི་བར་ཆད་འདོད་པའི་གེགས་བྱེད་པ་ཡང་སྡིག་པ་བྱེད་པ་རྣམས་ཉིད་ལས་སྐྱེད་ཅིང་འབྱུང་བར་འགྱུར་རོ། །ལེགས་སྤྱད་ཀྱི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་བསྟན་
Page: 206 ༄༅། །པའི་ཕྱིར་དང་། ཡིད་ལ་བསམ་པའི་ཞེས་པ་ལ་སོགས་པ་གསུངས་ཏེ། འདོད་པ་ལ་སྨོན་པའི་རྣམ་པར་རྟོག་པ་ནི་ཡིད་ལ་བསམས་པ་ཡིན་ལ། གང་འཇིག་རྟེན་ན་ཡིད་ཀྱི་རྒྱལ་སྲིད་ཅེས་རབ་ཏུ་གྲགས་པ་བཞིན་ནོ། །དགེ་བ་བྱས་པ་ནི་བསོད་ནམས་བྱས་པ་ཡིན་ལ། གང་དང་གང་དུ་ཞེས་པ་ནི་ཟློས་པ་ཡིན་ཏེ། འགའ་ཞིག་ཁོ་ནར་མ་ཡིན་ནོ། །འགྲོ་བ་ནི་བསྐྱོད་པའོ། །འབྲས་བུ་རིན་གྱིས་ཞེས་པ་ནི་མངོན་པར་འདོད་པའི་འབྲས་བུ་སྟོན་པར་བྱེད་པ་ཉིད་རིན་ཆེན་བཞིན་དུ་རིན་ཏེ། དེས་མཆོད་པ་ཡིན་ནོ། །ཡང་མི་དགེ་བའི་འབྲས་བུ་བསྟན་པའི་ཕྱིར། སྡིག་ པ་ཞེས་པ་ལ་སོགས་པ་གསུངས་ཏེ། བདེ་བ་འདོད་པ་ནི་བདེ་བ་དོན་དུ་གཉེར་བའོ། །སྡུག་བསྔལ་མཚོན་གྱིས་ཞེས་པ་ནི་བྱེད་པས་ཏེ། སྡུག་བསྔལ་ཉིད་མཚོན་བཞིན་དུ་དེའི་འདོད་པ་གཅོད་པར་བྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །སོ་སོའི་སྐྱེ་བོ་དང་ཐུན་མོང་མ་ཡིན་པའི་དགེ་བའི་ལས་ ཀྱི་རྣམ་པར་སྨིན་པའི་འབྲས་བུ་ཐུན་མོང་མ་ཡིན་པ། རྒྱ་ཆེ་བ་ཞེས་པ་ལ་སོགས་པ་གསུངས་ཏེ། རབ་ཏུ་དགའ་བའི་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་མི་འདོད་བཞིན་དུ་མའི་མངལ་དུ་སྐྱེ་བ་མ་ཡིན་ཏེ། འོན་ཀྱང་བདེ་བ་ཅན་དུ་སྣ་ཚོགས་པའི་འདབ་མ་ཅན་གྱི་པདྨའི་ནང་དུ་སྐྱེ་ བར་འགྱུར་རོ། །དེ་རྣམས་ཀྱི་བདེ་བའི་འབྱོར་པ་དུ་མ་སྟོན་པར་བྱེད་དེ་རྒྱ་ཆེ་བ་ནི་ཤིན་ཏུ་ཡངས་པ་ཡིན་ལ། དྲི་ཞིམ་པ་ནི་ཡིད་དུ་འོང་བའི་དྲི་ཡིན་ཏེ། བསིལ་བ་ནི་བདེ་བའི་རེག་བྱ་ཡིན་ཞིང་དེ་རྣམས་ཀྱང་པདྨས་ཏེ་འདམ་སྐྱེས་ཡིན་ནོ། །དེ་དག་གི་སྙིང་པོ་ནི་ཡང་པདྨའི་སྙིང་པོའི་བྱེ་བྲག་ཡིན་ནོ། ། དེ་རྣམས་ལ་གནས་པ་ནི་བཞུགས་པ་ཡིན་ལ། ཤེས་རབ་དང་ཐབས་དང་སྙིང་རྗེ་ཆེན་པོ་ལས་བྱུང་བའི་བསོད་ནམས་དང་། ཡེ་ཤེས་ཀྱི་ཡན་ལག་བསྡུས་པས་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་བདེ་གཤེགས་ཀྱི་སྲས་སུ་དགེ་བས་འགྱུར་རོ་ཞེས་འབྲེལ་ཏོ། །པདྨའི་སྙིང་པོ་རྣམས་སུ་ཡང་ཅི་ ལྟར་རྒྱས་པར་འགྱུར་ཞེ་ན། རྒྱལ་བའི་གསུང་སྙན་ཞེས་པ་ལ་སོགས་པ་གསུངས་ཏེ། སྙན་པ་ནི་དབྱངས་ཀྱི་ཡན་ལག་ཐམས་ཅད་དང་ལྡན་པས་མཆོག་ཏུ་ཡིད་བདེ་བར་བྱེད་པ་རྣམས་ཀྱིས་སོ། །རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་དབྱིངས་ཀྱི་ཟས་ཏེ། ཞལ་ཟས་ཀྱིས་མདངས་
Page: 207 འཕེལ་བར་བྱས་པའི་ལུས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཇི་ལྟར་སྐྱེས་ཤེ་ན། ཐུབ་འོད་ཅེས་པ་ལ་སོགས་པ་གསུངས་ཏེ། ཡོངས་སུ་སྨིན་པའི་དུས་སུ་མཁྱེན་ནས་ཐུབ་འོད་དེ་དེ་བཞིན་གཤེགས་པའི་འོད་ཟེར་རྣམས་ཀྱིས་རྒྱས་ཤིང་ཁ་ཕྱེ་བར་བྱས་པ་ཡང་ཡིན་ལ་དེ་ནི་ པདྨ་འང་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ལས་བྱུང་བ་ནི་སྐྱེས་པ་ཡིན་ལ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་ལུས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བུར་གྱུར་པའི་བདེ་གཤེགས་ཀྱི་སྲས་བྱང་ཆུབ་སེམས་དཔའི་རྒྱུད་དུ་སྟེ། བདེ་གཤེགས་སྤྱན་སྔར་བདེ་བ་ཅན་དུ་བཅོམ་ ལྡན་འདས་འོད་དཔག་མེད་ཀྱི་སྤྱན་སྔར་གཅིག་ཏུ་དཀར་བའི་དགེ་བའི་ལས་རྣམས་ཀྱིས་འབྱུང་ཞིང་སྐྱེ་བར་འགྱུར་རོ། །དེ་ལྟར་འདི་ནི་མའི་མངལ་དུ་སྐྱེ་བར་འགྱུར་བ་རྣམས་ལ་ཁྱད་པར་འདི་ལས་བཟློག་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་བསྟན་པར་འགྱུར་ཏེ། འདི་ལྟར་ ཡང་དེ་ན་དོག་པ་དང་། དྲི་ང་བ་དང་། ཕོ་བའི་མེ་དྲོད་ཀྱིས་ཚ་བ་དང་། ཕ་དང་མའི་མི་གཙང་བ་ནུར་ནུར་པོ་ལས་ཡང་དག་པར་བྱུང་ཞིང་སྐྱེས་པ་དང་། མས་ཟོས་པ་དང་འཐུངས་པ་སྐྱུགས་པ་དང་འདྲ་བས་བསྐྱེད་པ་དང་། མངལ་གྱི་དྲི་མས་གོས་པ་དང་། ཡོངས་སུ་སྨིན་པའི་དུས་ན་ བརྒྱ་ལ་སྲོག་མགྲིན་པར་ཕྱིན་པ་དང་། བཅར་ལ་མནན་པ་བཞིན་དུ་བཙའ་བའི་དུས་ན་ཡང་ཡིན་ཏེ་ཕལ་ཆེར་མིར་སྐྱེས་པའི་འདྲེན་པའི་ལས་ཀྱི་རྣམ་པར་སྨིན་པ་བཤད་པ་ཡིན་ནོ། །གཅིག་ཏུ་གནག་པའི་ལས་ཀྱི་རྣམ་པར་སྨིན་པ་གཤིན་རྗེའི་སྐྱེས་བུ་ཞེས་པ་ལ་སོགས་པ་གསུངས་ཏེ། གཤིན་ རྗེའི་སྐྱེས་བུ་ཞེས་པ་ནི་དུས་ཀྱི་ཕོ་ཉ་བས་ཏེ་བཤུས་པ་ནི་འབར་བའི་ཐོ་བ་ལ་སོགས་པའི་མཚོན་རྣམས་ཀྱིས་རྣམ་པར་ཕྲལ་བའོ། །མ་ལུས་པ་ནི་མཐའ་དག་ཡིན་ལ་པགས་པ་ནི་ཤུན་ལྤགས་སམ་ནུས་པ་སྟེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རབ་ཏུ་ཉམ་ཐག་པར་གྱུར་པ་ནི་ཤིན་ཏུ་ འབར་བའི་ལྕགས་ཀྱི་ས་གཞིར་ལྟུང་ངོ་། །སླར་ཡང་ཅི་ལྟ་བུར་གྱུར་པ་ཞེ་ན། རབ་ཏུ་ཚ་བའི་མེས་ཞུ་བར་གྱུར་པའི་ཟངས་གང་ཡིན་པ་དེས་ལུས་རྣམས་ལ་བླུགས་པ་སྟེ་བཀྲུས་པའོ། །དེ་ནས་ཡང་པགས་པ་མ་ལུས་པར་བཤུས་པ་ལ་འབར་བའི་རལ་གྲི་རྣམས་དང་། མདུང་ཐུང་སྟེ་
Page: 208 ༄༅། །མཚོན་ཆའི་ཁྱད་པར་རྣམས་ཀྱིས་དེ་རྣམས་ལ་བསྣུན་པ་ཡིན་ཏེ་རྣམ་པ་དུ་མའི་མཚོན་གྱིས་སོ། །ལྷགས་ཤིང་ནི་རྣམ་པར་བཅད་པ་དག་ཡིན་ཏེ་ཤའི་དུམ་བུ་ནི་མཐའ་དག་ཡིན་ལ་གང་གི་ཚེ་དེ་ལྟར་གྱུར་པ་ན་ཤིན་ཏུ་འབར་བའི་རང་བཞིན་གྱི་ས་གཞི་རྣམས་སུ་ ལྷུང་བར་འགྱུར་བའོ། །མི་དགེ་བ་ནི་དགེ་བ་མ་ཡིན་པའི་ལས་རྣམས་ཀྱིས་སོ། །མང་པོས་ཞེས་པ་ནི་ལན་མང་པོར་ཡིན་ཏེ། དུས་རིང་པོར་དེའི་འབྲས་བུ་ཟད་པའི་ཕྱིར་རོ། །དེ་ལྟར་དགེ་བ་དང་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པའི་འབྲས་བུ་བསྟན་ནས། འདུན་པའི་སྟོབས་ཉེ་བར་བསྡུ་ བའི་ཕྱིར་དེ་བས་ཞེས་པ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དེ་ལྟར་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་འཇམ་པ་དང་རྩུབ་པ་ཡིན་པ་དེའི་ཕྱིར་འདི་ལྟར་ཡོངས་སུ་བསམས་ནས་མི་དགེ་བའི་ལས་སྤངས་ནས་དགེ་བ་ལ་འདུན་པ་ཉིད་ལ་གུས་པར་བྱའོ། །ད་ནི་ བརྟན་པའི་སྟོབས་བསྟན་པར་བཞེད་ནས་རྡོ་རྗེ་རྒྱལ་མཚན་ཞེས་གསུངས་ཏེ། རྡོ་རྗེ་རྒྱལ་མཚན་གྱི་མདོ་ལས་གསུངས་པའི་ཆོ་ག་ཡང་ང་རྒྱལ་ཏེ་བསྒྲུབ་པར་བྱ་བའི་དོན་བརྩམས་ནས་བསྒོམ་པར་བྱའོ། །ཡང་ན། བརྩམས་ནས་བསྒོམ་པར་བྱ། ཞེས་པ་ནི་བརྟན་པར་ཡང་དག་པར་ བརྩམས་ནས་བསྒོམ་པར་བྱ་སྟེ། སེམས་ལ་བརྟན་པར་བྱ་བ་ཡིན་ལ་སྦྱོར་བ་དམན་པས་ནི་མ་ཡིན་ནོ། །རྩོམ་པའི་རིམ་པ་ཉིད་བསླབ་པར་བཞེད་ནས། དང་པོར་ཞེས་པ་ལ་སོགས་པ་གསུངས་ཏེ། དང་པོར་སྟེ་སྔ་མ་ཉིད་དུ་མངོན་པར་འདོད་པའི་དོན་བསྒྲུབ་པའི་ཆེད་དུ་འབྱོར་པ་སྟེ་ རྒྱུ་མཐའ་དག་གོ། །བརྟགས་ལ་དེའི་སྟོབས་དང་ལྡན་པ་དང་སྟོབས་དང་མི་ལྡན་པ་རྣམ་པར་དཔྱད་ནས་སྟོབས་དང་ལྡན་ན་བརྩམས་པའམ། སྟོབས་དང་མི་ལྡན་ན་བརྩམ་པར་མི་བྱའོ། །འདི་ལྟར་བརྟགས་པ་ལ་དགོས་པ་ཅི་ཡོད་ཅེ་ན། མ་བརྩམས་པ་ནི་མཆོག་ཡིན་གྱི། །ཞེས་ གསུངས་ཏེ། མི་ནུས་ན་དང་པོ་ཉིད་དུ་བརྩམས་ནས་བཟློག་པར་མི་བྱའོ། །ཅི་སྟེ་འདི་ལྟར་གང་གིས་ཅི་ཞིག་མི་འདོད་ནས་སྟོན་ཅེ་ན། སྐྱེ་བ་གཞན་དུ་ཡང་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལྟར་བྱེད་པ་ནི་སྐྱེ་བ་གཞན་ལ་དེ་གོམས་པ་སྟེ། བརྩམས་ཤིང་ལྡོག་པ་ཞེས་
Page: 209 བྱ་བ་ཡིན་ལ། དམ་བཅས་ཤིང་ཡང་མི་བྱེད་པའི་སྡིག་དེ་ལས་སྡུག་བསྔལ་འཕེལ་བར་འགྱུར་རོ། །གཞན་ནི་གང་ཞིག་སྤངས་ནས་དེ་བརྩམས་པ་ཡིན་ལ་དམན་པ་ནི་དེ་ཆུད་ཟོས་པའོ། །འབྲས་བུའི་དུས་ཀྱང་དམན་པ་ནི་བརྩམས་པ་ཡོངས་སུ་སྤངས་པའི་འབྲས་བུའི་དུས་ཏེ། འདིའི་འབྲས་ བུ་དེའི་དུས་ན་གང་འབྲས་བུ་གཞན་བྱ་བ་དེ་ཆུད་ཟོས་པ་ཞེས་པའི་དོན་ཏོ། །དེ་ཡང་ནི་གང་བརྩམས་ནས་ཡོངས་སུ་དོར་བ་དེ་ཡང་མ་བསྒྲུབས་ཏེ་འགྲུབ་པར་མ་བྱས་པའོ། །དེ་ལྟར་ཉེས་པ་རྣམ་པ་ལྔ་ཡིན་ལ་དེས་ན་འདོད་པ་མ་ཡིན་ནོ་ཞེས་དགོངས་པ་ཡིན་ནོ། །འོ་ན་ང་རྒྱལ་འདི་ཐམས་ ཅད་དུ་བྱ་བ་མ་ཡིན་ནམ་ཞེ་ན། གསུམ་པོ་ཞེས་པ་ལ་སོགས་པ་གསུངས་ཏེ། གསུམ་པོ་གང་དག་ལ་ཞེ་ན། དེ་ནི་ལས་དང་ཉེ་བའི་ཉོན་མོངས་ནུས་ཞེས་གསུངས་ཏེ། དེ་ལ་ཉེ་བའི་ཉོན་མོངས་པ་ནི་དངོས་པོ་ཕྲན་ཚེགས་ཀྱི་མིང་ཅན་ཏེ། ཁྲོ་བ་དང་། འཁོན་དུ་འཛིན་པ་དང་། འཆང་བ་དང་། འཚིག་པ་ལ་སོགས་པ་ལྔ་བཅུ་རྩ་བདུན་ནམ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཉིད་ཉེ་བའི་ཉོན་མོངས་པ་རྣམས་སུ་བརྗོད་དོ། །དེ་ལ་ལས་ཀྱི་ང་རྒྱལ་བཤད་པར་འདོད་ནས། བདག་ཉིད་གཅིག་པུས་ཞེས་པ་ལ་སོགས་པ་གསུངས་ཏེ། གང་ ཅུང་ཟད་སེམས་ཅན་རྣམས་ཀྱི་ཁ་ན་མ་ཐོ་བ་མེད་པའི་ལས་བྱ་བར་གྱུར་པ་དེ་ཐམས་ཅད་བདག་ཉིད་གཅིག་པུས་བྱ་སྟེ། གཞན་ལ་སྐབས་དབྱེ་བར་མི་བྱའོ་ཞེས་པའི་དོན་ཏོ། །འདི་ཉིད་བསྟན་པའི་ཕྱིར་ཉོན་མོངས་ཞེས་པ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པས་དབང་དུ་ བྱས་པ་ནི་སྐྱེ་བོའི་ཚོགས་འདི་ཐམས་ཅད་ཡིན་ཏེ། གང་དུ་ཡང་རང་གི་དོན་བསྒྲུབ་པ་ལ་ནུས་པ་དང་ལྡན་པར་མི་འགྱུར་རོ། །གང་རྣམ་པ་བདེ་བ་ཐམས་ཅད་བསྐྱེད་པར་བྱ་བའི་ཕྱིར་བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་སྐྱེ་ བོ་འདི་དག་འདི་ལྟ་བུའི་ཁུར་བསྐུར་བ་ལ་བདག་ལ་ནུས་པ་མེད་པ་མ་ཡིན་ནོ། དེའི་ཕྱིར་བདག་ཉིད་ཀྱིས་འདི་ཐམས་ཅད་བྱའོ། །དམན་པའི་ལས་ལ་ཡང་ལྡོག་པར་མི་བྱའོ་ཞེས་པ། གཞན་དག་དམན་པའི་ལས་ཞེས་པ་ལ་སོགས་པ་གསུངས་ཏེ། དམན་པ་ནི་ཤིན་ཏུ་
Page: 210 ༄༅། །སྨད་པ་ཡིན་ཏེ། འཇིག་རྟེན་ན་ཁུར་ཁུར་བ་ལ་སོགས་པའོ། །བདག་ཀྱང་སེམས་ཅན་ཐམས་ཅད་ཀྱི་བྲན་དུ་གྱུར་ནས་ཡང་འདུག་སྟེ་ཡོད་ཀྱང་ངོ་། །བདག་གི་བྱ་བ་ཅི་ལྟར་གཞན་གྱིས་བྱེད་དེ་བདག་ཉིད་ཀྱིས་བྱ་བར་འོས་སོ་ཞེས་པའི་དོན་ཏོ། །འོ་ན་ལས་དེ་དག་གིས་ རྗེས་སུ་མཐུན་པ་ཉིད་དོ་ཞེས་པའི་སེམས་ཁེངས་པ་བཟློག་པར་འདོད་ནས། འདི་ལ་ང་རྒྱལ་གྱིས་ཞེས་པ་ལ་སོགས་པ་གསུངས་ཏེ། བདག་ནི་དེའི་བུ་ཡིན་ལ་ལས་འདི་ནི་ཤིན་ཏུ་དམན་པ་ཡིན་སྟེ་དེ་བདག་གིས་བྱ་བར་རིགས་པ་མ་ཡིན་ནོ་ཞེས་ནས་གལ་ཏེ་ང་རྒྱལ་གྱིས་མི་བྱེད་ན་དེའི་ ཚེ་བདག་གི་ང་རྒྱལ་བརླག་ན་བླ་སྟེ། ང་རྒྱལ་དོན་ཆེན་པོ་ཉམས་པར་བྱེད་པ་འདིས་བདག་ལ་ཅི་ཞིག་བྱ། དམན་པའི་ལས་ལ་འཇུག་པར་མི་བྱའོ་ཞེས་པའི་དོན་ཏོ། དེ་ལྟར་ལས་རྣམས་ལ་ང་རྒྱལ་བཤད་ནས། ཉེ་བའི་ཉོན་མོངས་པ་རྣམས་ལ་ང་རྒྱལ་བསྟན་པར་འདོད་ནས། སྦྲུལ་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཉེ་བའི་ཉོན་མོངས་པ་རྣམས་ལ་ང་རྒྱལ་བཅོམ་པས་བདག་གི་སེམས་ཞན་པར་འགྱུར་ཏེ། དེའི་ཚེ་ཕོངས་པ་སྟེ་ལྟུང་བས་གནོད་པར་བྱེད་དེ། གནོད་པར་བྱེད་ཅིང་ལྟུང་བ་དང་བཅས་པར་བྱེད་དོ་ཞེས་པའི་དོན་ཏོ། །ཆུང་ངུ་ཡང་ ནི་ཉེ་བའི་ཉོན་མོངས་པས་བསྐྱོད་པའི་སྤྱོད་པས་ཞེན་པའོ། །ཅི་ལྟ་བུས་ཤེ་ན། ཤི་བ་སྟེ་སྲོག་དོར་བ་ཡིན་ལ། དེ་ལྟ་བུའི་སྦྲུལ་རྙེད་པར་གྱུར་པ་ན་དཔེར་ན་ནམ་མཁའ་ལྡིང་ལྟ་བུར་སྤྱོད་དོ། །ཡང་ཅིའི་ཕྱིར་དེ་ལྟར་ཡིན་ཞེ་ན། ཞུམ་བྱས་ཞེས་པ་ལ་སོགས་པ་གསུངས་ཏེ། སེམས་ཀྱི་དཔངས་མཐོ་བ་བོར་ཏེ་ཞུམ་པར་བྱས་པས་ལུས་དང་སེམས་ཀྱིས་འཇུག་པ་དམན་པ་ན་ལེ་ལོས་བཅོམ་པ་དང་། བརྗེད་ངས་པ་ན་ལྟུང་བ་བླ་སྟེ། རྙེད་སླ་ཞིང་འབྱུང་བར་འགྱུར་བ་ཉིད་དེ་ལྟུང་བ་ཆུང་ངུས་ཀྱང་གཞོམ་པར་བྱ་བ་ཡིན་པའི་ཕྱིར་རོ། །མ་ཞུམ་པ་ནི་ སེམས་དེ་སྐྱེས་པས་སླར་ཡང་སྤྲོ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་སྟེ། དཔྱོད་པ་དང་ལྡན་པ་ནི་དྲན་པ་དང་ཤེས་བཞིན་དག་གིས་ཉེ་བའི་ཉོན་མོངས་པ་ལ་སྐབས་སྟེར་བར་མི་བྱེད་དོ། །ཆེན་པོ་ཡིས་ཀྱང་ཐུབ་པར་དཀའ་སྟེ་རྒྱལ་བར་མི་འགྱུར་རོ། །དེ་བས་ཞེས་པ་ལ་
Page: 211 སོགས་པས་བརྟེན་པའི་སྟོབས་ལ་བརྟེན་པའི་མཇུག་བསྡུ་བ་སྟོན་ཏེ། གང་གི་ཕྱིར་དེ་ལྟར་ཡིན་པ་དེ་བས་ན་སེམས་ནི་བརྟན་པ་ཡིན་ཏེ། ང་རྒྱལ་གྱི་གོ་ཆ་བགོས་པས་སོ། །ལྟུང་བ་ཉིད་ཉམས་པར་བྱེད་པ་སྟེ། གཞོམ་པར་བྱའོ། །རྣམ་པ་ཐམས་ཅད་དུ་དེའི་རྗེས་སུ་འཇུག་པ་བཀག་ པས་དེའི་རྒྱུད་དྲུངས་དབྱུང་བར་བྱ་སྟེ། གཞན་དུ་ལྟུང་བའི་དབང་དུ་གྱུར་པར་ཕོངས་པས་འཇོམས་པར་འགྱུར་རོ། །ཁམས་གསུམ་ལས་རྒྱལ་བར་རྩོམ་པ་ལ་བཞད་གད་དེ། ཁྲེལ་གད་ཀྱི་གནས་སུ་འགྱུར་རོ། །དེ་ཇི་ལྟ་བུར་གྱུར་པ་ཡིན་ཞེ་ན། བདག་གིས་ཞེས་པ་ལ་སོགས་པ་གསུངས་ ཏེ། ཅིའི་ཕྱིར་ཞེ་ན། གང་ལས་རྒྱལ་བ་ཉིད་ནི་བཅོམ་ལྡན་འདས་ཏེ། སེང་གེ་ནི་བདུད་ཀྱི་རི་དགས་ཐམས་ཅད་དག་གིས་གཞོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་རྣམས་ཀྱི་སྲས་བདག་ཀྱང་ཅི་ལྟར་གཞན་གྱིས་ཕམ་པ་ཞེས་བྱ་བ་འཐོབ་པར་བྱེད། དེ་ལྟར་ཡིད་ལ་བྱས་ནས་ བདག་གིས་ང་རྒྱལ་འདི་ལ་གནས་པར་བྱ་སྟེ། དཔེར་ན་སེང་གེའི་ཕྲུ་གུ་མི་འཇིགས་པ་ཐོབ་ནས་རི་དགས་གཞན་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པ་ཉིད་ཀྱིས་ནགས་སུ་སྤྱོད་པར་བྱེད་པ་དེ་བཞིན་དུ་བདག་ཀྱང་བརྟན་པར་གནས་པར་བྱའོ་ཞེས་པའི་དོན་ཏོ། །གལ་ཏེ་དེ་ལྟར་ན་དེའི་ཚེ་ གང་ཡང་དགྲ་ལ་སོགས་པ་ལས་རྒྱལ་བའི་ང་རྒྱལ་ཅན་ང་རྒྱལ་ཡོད་པ་དེ་རྣམས་ཀྱང་བསྔགས་པར་བྱ་བར་ཅིའི་ཕྱིར་མི་འགྱུར་ཞེ་ན། གྲོང་ངམ་ཞེས་པ་ལ་སོགས་པ་གསུངས་ཏེ། ང་རྒྱལ་གྱིས་བཅོམ་པ་ནི་ང་རྒྱལ་གྱིས་ཟིལ་གྱིས་མནན་པ་སྟེ། ཉོན་མོངས་པའི་སྡུག་བསྔལ་ ཅན་དེ་རྣམས་ཀྱང་ང་རྒྱལ་ཅན་དུ་འགྱུར་བ་མ་ཡིན་པ་ཉིད་དོ། །ང་རྒྱལ་ཅན་དགྲའི་དབང་མི་འགྲོ །ཞེས་པ་ནི་འདི་འགྲོ་བ་མ་ཡིན་ཏེ། དགྲའི་སྐྱེ་བོའི་རྗེས་སུ་འཇུག་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །གང་དག་རྣམས་འདོད་པའི་ང་རྒྱལ་ཅན་དེ་རྣམས་ང་རྒྱལ་དགྲའི་དབང་དུ་གྱུར་པ་ ཡིན་ཏེ་དེའི་དབང་དུ་བྱས་ནས་འཇུག་པ་ཡིན་ནོ། །འདི་ཉིད་ཚིགས་སུ་བཅད་པ་གཉིས་ཀྱིས་བསྒྲུབ་པར་འདོད་ནས། ང་རྒྱལ་གྱིས་ནི་ཞེས་པ་ལ་སོགས་པ་གསུངས་པ། ང་རྒྱལ་བདུན་པོ་རྣམས་ལས་གང་ཡང་རུང་བའི་ང་རྒྱལ་གྱིས་ངན་སོང་དུ་ཁྲིད་པ་ནི་དམྱལ་བ་ལ་སོགས་པ་རྣམས་
Page: 212 ༄༅། །སུ་ཁྲིད་པའོ། །དེ་རྣམས་བརྒྱ་ལ་མིའི་དངོས་པོ་ཐོབ་པར་གྱུར་པ་དེའི་ཚེ་དེར་ཡང་རྒྱུ་མཐུན་པའི་འབྲས་བུ་དགའ་སྟོན་བཅོམ་པ་ནི་དགའ་བ་མེད་པ་འགྱུར་བ་ཡིན་ཏེ། དམན་ཞིང་ཞན་པའི་ཡིད་དུ་འགྱུར་རོ་ཞེས་པའི་དོན་ཏོ། །གཞན་གྱི་ཁམ་ཟ་བ་ནི་ཟས་མེད་ པའི་ཕྱིར་ཏེ། གཞན་གྱིས་བྱིན་པའི་སློང་མོའི་ཟས་ཟ་བའོ། །བྲན་ནི་གཞན་དབང་དུ་གྱུར་པའི་ཁོལ་པོའོ། །གླེན་པ་ནི་སྤྱོད་པ་ཐམས་ཅད་ཀྱིས་སྟོང་པའོ། །མི་སྡུག་པ་ནི་ལུས་མི་མཛེས་པ་དང་མི་དགའ་བ་སྐྱེད་པའོ། །ཉམ་ཆུང་བ་ནི་ལུས་རྗུད་པ་དང་སྟོབས་མེད་པའོ། །ཐམས་ ཅད་དུ་ཐམས་ཅད་ལ་གནོད་པ་མ་བྱས་ཀྱང་ལུས་དང་ངག་གིས་བརྙས་པ་ཐོབ་པར་འགྱུར་རོ། །གང་གིས་འདི་ལྟར་ཡིན་ཞེ་ན། ང་རྒྱལ་གྱིས་ཁེངས་དཀའ་ཐུབ་ཅན། །ཞེས་ཏེ་ང་རྒྱལ་གྱིས་ཁེངས་པ་ནི་ཞུམ་པ་མ་ཡིན་པའོ། །དཀའ་ཐུབ་ཅན་ནི་ཉོན་མོངས་པ་སྟེ། དེ་ཡང་ནི་དེ་ལྟར་གྱུར་ པ་ཡང་གལ་ཏེ་ང་རྒྱལ་ཅན་གྱི་ནང་དུ་གཏོགས་ན་ཇི་ལྟར་དམན་པ་སྟེ་བཀྲེན་པ་ཡིན་ལ་སྙིང་རྗེའི་གནས་ཡིན་ནོ་ཞེས་པའི་དོན་ཏོ། །སླར་ཡང་གཞན་ཅི་ལྟ་བུ་ཞིག་ཏུ་འགྱུར་སྨྲོས་ཞེས་པ་ནི་བརྗོད་ཅིག་ཅེས་རྒོལ་བ་པོ་ལ་བོད་པའོ། །གལ་ཏེ་རྣམ་པ་དེ་ལྟ་བུ་ང་རྒྱལ་ཅན་དུ་མི་བརྗོད་ན་འོ་ ན་དེ་དག་ཇི་ལྟ་བུར་གྱུར་པ་ཡིན་ཞེ་ན། གང་ཞིག་ང་རྒྱལ་ཞེས་པ་ལ་སོགས་པ་གསུངས་སྟེ། གང་ཞིག་ང་རྒྱལ་གྱི་དགྲ་ལས་རྒྱལ་བར་ཏེ་རྒྱལ་བར་འགྱུར་བ་དེ་ཉིད་ང་རྒྱལ་ཅན་དུ་བརྗོད་དོ། །གང་ཞིག་ནི་བྱང་ཆུབ་སེམས་དཔའ་སྟེ། བདེ་བ་ཡང་ཡིན་ལ་སྟོབས་དང་ལྡན་ པའང་ཡིན་ཞིང་ང་རྒྱལ་གྱི་དགྲ་བཅོམ་སྟེ་བསལ་ནས་འདོད་བཞིན་ཏེ་ཅི་བདེར་འདོད་པར་སྐྱེའོ། །འཇིག་རྟེན་པ་ལས་ནི་ལྷ་དང་བཅས་པ་ལས་སོ། །རྒྱལ་བའི་འབྲས་བུ་སངས་རྒྱས་ཀྱི་གནས་སྐབས་གསལ་བར་བྱེད་དོ། །འདི་ལྟ་བུའི་ང་རྒྱལ་དེ་དགྲ་ལས་རྒྱལ་བ་དེ་འདི་ལྟ་བུ་བདག་ ཅག་རྣམས་ལ་མཐོང་ངོ་ཞེས་པའི་དོན་ཏོ། །དེ་ཉིད་ནི་རྣམ་པར་རྒྱལ་བ་ཡིན་ཏེ་རྒྱལ་བ་ཐོབ་པ་དང་། དེ་ཉིད་དཔའ་བོ་ཡིན་ཏེ་གཟི་བརྗིད་དང་ལྡན་པ་ཡིན་ནོ། །ཚིག་གཉིས་པོ་འདི་ནི་ཇི་ལྟར་རིགས་པར་བྱའོ། །དེ་ལྟར་ཉེ་བའི་ཉོན་མོངས་པ་རྣམས་ལ་ང་རྒྱལ་བཤད་ནས།
Page: 213 ནུས་པའི་ང་རྒྱལ་ཉོན་མོངས་ཞེས་པ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པའི་ཕྱོགས་ནི་སྡེ་ཚན་ཡིན་ལ་དེའི་ཁྲོད་ན་གནས་པ་ནི་རྣམ་པ་སྟོང་འགྱུར་དུ་བསྲན་བཙུགས་ཏེ་ཤིན་ཏུ་ཡང་བརྟན་པའི་སྟོབས་ལ་བརྟེན་ནས་སོ། །ཅི་ལྟ་བུར་གྱུར་པ་ཞེ་ན། ཉོན་མོངས་ཚོགས་ཀྱིས་ཞེས་ཏེ། ཉོན་མོངས་པའི་ཚོགས་ཀྱིས་ཚུགས་པར་དཀའ་བ་ནི་མི་ཚུགས་པ་སྟེ། ཅི་ལྟར་ཡང་ང་རྒྱལ་བར་མི་འགྱུར་བར་རོ་ཞེས་པའི་དོན་ཏོ། །ཅི་ལྟ་བུར་གྱུར་པ་ཞེ་ན། རི་དགས་ཚོགས་ཀྱིས་སེང་གེ་བཞིན། །ཞེས་ཏེ་ཇི་ལྟར་རི་དགས་ཀྱི་རྒྱལ་པོ་སེང་གེ་རི་དགས་འཁྲུགས་པའི་དབུས་ན་གཟི་བརྗིད་ཆེན་ པོ་ཅན་སྟོབས་དང་ལྡན་པར་གྱུར་པས་ནགས་སུ་གནས་པ་ན་རི་དགས་ཐམས་ཅད་རྣམ་པར་གནོན་ལ། དེ་དག་གིས་ནི་དེ་ལ་གནོད་པ་མ་ཡིན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་ཚུགས་པར་དཀའ་བར་འགྱུར་བར་རོ། །འདི་དང་རྒྱུ་མཚན་གཞན་ཡང་གཟུང་བར་བྱའོ་ཞེ་ ན། ཉམ་ང་ཆེ་དང་ཞེས་པ་ལ་སོགས་པ་གསུངས་ཏེ། ཆེ་དང་སྟེ་ཤིན་ཏུ་ཕུལ་དུ་བྱུང་བ་ཡང་ངོ་། །ཉམ་ང་བ་སྟེ་སྡུག་བསྔལ་ཡོད་ཀྱང་ངོ་། །རོ་ནི་མངར་བ་ལ་སོགས་པ་ལྕེའི་དབང་པོའི་ཡུལ་ཡིན་ཡང་མིག་གིས་མི་མཐོང་སྟེ་མི་རྟོགས་ལ་ཡུལ་དུ་མི་བྱེད་དོ་ཞེས་པའི་དོན་ཏོ། ། དེའི་ཡུལ་གཟུགས་ཡིན་པའི་ཕྱིར་ཡུལ་རོ་ལ་འཇུག་པ་མ་ཡིན་ནོ་ཞེས་དགོངས་པ་ཡིན་ནོ། །དེ་ལྟར་བརྗོད་པའི་རོ་དང་མིག་གི་ཚུལ་གྱིས་ཉམ་ང་བྱུང་གྱུར་ཀྱང་། ཉོན་མོངས་དབང་དུ་མི་འགྱུར་བར་རོ། །དེ་ལྟར་བརྗོད་པའི་རིམ་པས་བསྟན་པའི་སྟོབས་བཤད་ནས། དགའ་ བའི་སྟོབས་བསྟན་པའི་ཕྱིར་རྩེད་མོའི་ཞེས་པ་ལ་སོགས་པ་གསུངས་ཏེ། ལས་ནི་ཚོགས་ཀྱི་རྒྱུ་མཚན་བསམ་གཏན་དང་ཀློག་པ་ལ་སོགས་པའི་མཚན་ཉིད་ཡིན་ལ། གང་གྱུར་པ་ནི་རིམ་གྱིས་བྱེད་པ་ལ་སྦྱོར་བས་ཐོབ་པར་གྱུར་པའོ། །ལས་དེ་ཉིད་ལ་ཞེན་པར་བྱ་སྟེ། བྱ་བ་དེའི་རོ་ལ་ཞུགས་པའི་སེམས་ཀྱིས་སོ། །ལས་དེ་དགའ་བར་བྱ་བ་ནི་དེ་ལ་ཤིན་ཏུ་འཇུག་པར་འདོད་པའོ། །མི་ངོམས་པ་ནི་ཡང་ནས་ཡང་དུ་འདོད་པ་དང་ལྡན་པའོ། །ཅི་དང་འདྲ་བར་ཞེ་ན། རྩེད་མོའི་འབྲས་བུ་བདེ་བ་འདོད་པ་ལྟར་ཏེ། རྒྱན་པོ་ལ་སོགས་པ་
Page: 214 ༄༅། །རྩེད་མོའི་འབྲས་བུ་གང་ཡིན་པའི་བདེ་བ་དེ་ལ་འདོད་པ་བཞིན་དུའོ། །རྣམ་པར་དཔྱད་པ་འདིས་ཀྱང་ལས་ལ་དགའ་བ་བསྐྱེད་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། བདེ་བའི་དོན་དུ་ཞེས་པ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ཀྱིས་ཀྱང་ལས་ཀྱི་འབྲས་ བུའི་བདེ་བ་ཐོབ་པར་འདོད་པས་བྱེད་དེ། གཞན་དུ་ན་དེ་ལ་འཇུག་པར་མི་འགྱུར་ཏེ། དེ་ལྟར་ན་ཡང་འདི་ལྟར་སེམས་རབ་ཏུ་ཞུགས་པ་ཡང་ལས་འགའ་ཞིག་གིས་མངོན་པར་འདོད་པའི་འབྲས་བུར་འགྱུར་ཞིང་། འགའ་ཞིག་གི་ཡང་འབྲས་བུ་མེད་པར་འགྱུར་ཏེ། འབྲས་བུ་མེད་པར་རྩོམ་ པ་ཡང་སྲིད་པའི་ཕྱིར་ལ། དེ་ལྟར་ན་ཡང་སྐྱེ་བོས་ལས་བརྩམས་པ་ལས་ཡང་འབྲས་བུ་སྲིད་པའི་ཕྱིར་ལྡོག་པར་འགྱུར་བ་མ་ཡིན་པ་ཉིད་དོ། །གང་གིས་ཏེ་ཡང་ལས་ཉིད་བདེ་བར་གྱུར་པ་དེའི་ཕྱིས་ཀྱི་བདེ་བ་གཞན་འདོད་པ་དེས་ལས་མི་བྱེད་དེ་ལས་དང་བྲལ་ན་ནམ་ཞིག་བདེ་བར་ འགྱུར་ཏེ། བརྒྱ་ལམ་ན་ཡང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་ཡང་བསམས་ནས་ལས་ལ་མངོན་པར་ཞེན་པར་བྱའོ་ཞེས་སྤུ་གྲི་ཞེས་པ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱིས་འཁོར་བར་ཏེ། འཁོར་བ་ན་ཡང་དང་ཡང་དུ་མྱོང་བས་མི་ ངོམས་ཏེ་ཚིམ་པ་མ་ཡིན་ནོ། །ཇི་ལྟ་བུར་གྱུར་པས་ཤེ་ན། སྤུ་གྲིའི་སོར་ཆགས་སྦྲང་རྩི་ལྟའི། །ཞེས་ཏེ། སྤུ་གྲིའི་སོ་ལ་སྦྲང་རྩི་སྟེ་གང་སྦྲང་རྩིའི་རོ་གང་གི་ཚེ་མྱང་བ་ན་སེར་སྣའི་དབང་དུ་གྱུར་པས་ཕྱིས་ལྕེ་ཆོད་པའི་སྡུག་བསྔལ་སྐྱེ་བར་འགྱུར་བ་དེས་མཚོན་པ་དེ་ལྟ་བུ་ནི་དཔེ་སྟེ། གང་དག་ གིས་འདྲ་བ་དེས་སོ། །རེ་ཞིག་ཙམ་གྱི་བདེ་བ་ཡང་ཡོངས་སུ་གྱུར་པའི་སྡུག་བསྔལ་གྱིས་ན་སེམས་ཅན་དེ་རྣམས་ལ་སྡུག་བསྔལ་དྲག་པོར་འགྱུར་རོ་ཞེས་དགོངས་པའོ། །བདུད་རྩི་དང་འདྲ་བའི་བསོད་ནམས་དེ་རྣམས་ཉིད་ཀྱིས་ཇི་ལྟར་ངོམས་པར་འགྱུར། ཁྱད་པར་ཇི་ལྟ་བུས་ཤེ་ན། རྣམ་པར་སྨིན་པ་བདེ་བ་སྟེ་མངོན་པར་མཐོ་བའི་བདེ་བའི་འབྲས་བུའི་རྒྱུ་ཉིད་ཀྱིས་ཡོངས་སུ་གྱུར་པས་བདེ་བའི་རོ་ཡིན་པའི་ཕྱིར་མཆོག་ཏུ་བདེ་བ་སྐྱེད་པར་བྱེད་པ་རྣམས་ཀྱིས་སོ། །ཞི་བ་ནི་དགེ་བར་བྱེད་པ་དག་ཡིན་ཏེ། ངེས་པར་ལེགས་པ་སྐྱེད་པར་བྱེད་པས་སྐྱེ་ཤི་མེད་པའི་
Page: 215 འབྲས་བུ་འབྱིན་པར་བྱེད་པའི་ཕྱིར་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པས་སོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་བསོད་ནམས་བདུད་རྩིས་ཞེས་པ་ནི་འདིར་འདི་གཏན་ཚིགས་ཀྱི་ཚིག་ཡིན་ནོ། །དེ་ལྟས་ཞེས་པས་མཇུག་སྡུད་པས་ལས་ལ་མངོན་པར་དགའ་བ་བསྟན་པར་བྱ་བའི་ཆེད་ དུ་གསུངས་པ་ཡིན་ཏེ། ལས་བརྩམས་པ་དེ་མཐར་ཕྱིན་ན་ཡང་སྟེ་ཟིན་པའི་དུས་ན་ཡང་འཇུག་པར་བྱེད་དེ། དེ་ལ་མངོན་པར་ཞེན་པའི་རོ་ལ་ཞུགས་པ་ཉིད་ན་གཏོང་བར་བྱེད་དོ། ཅི་ལྟ་བུར་ཞེ་ན། ཇི་ལྟར་སོས་ཀའི་དུས་ན་ཉི་མ་ཕྱེད་དུ་གྱུར་པའི་ཚེ་ཀུན་ཏུ་ཆུ་མ་རྙེད་ཅིང་ཉི་མ་ཤིན་ཏུ་ཚ་བས་ གདུངས་པའི་གླང་པོ་ཆེ་མཆོག་ཏུ་མངོན་པར་ཞེན་པའི་རོ་དང་ལྡན་པས་ཤིན་ཏུ་ཡང་སིམ་པར་བྱེད་པའི་ཆུ་བསིལ་བས་ཡོངས་སུ་གང་བའི་མཚོ་བྲན་དང་ཕྲད་པ་ན་དང་པོ་ཉིད་དུ་ནུབ་པར་བྱེད་པ་དེ་བཞིན་དུའོ་ཞེས་པ་ནི་སྤྱིའི་དོན་ཏོ། །གང་གིས་མཚོ་དང་ཕྲད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་ཕྱི་ནས་ ལས་འཛིན་པ་ཡིན་ནོ། །དང་པོར་ཞེས་པ་དང་མཇུག་ཅེས་པ་ནི་འབྲེལ་ཏོ། །དགའ་བའི་སྟོབས་བཤད་ནས། ད་ནི་དོར་བའི་སྟོབས་སྟོན་པར་འདོད་ནས། སྟོབས་ཟད་ཅེས་པ་ལ་སོགས་པ་གསུངས་ཏེ། བསམས་པའི་ལས་རྫོགས་པར་བྱ་བ་ལ་བདག་ཉིད་ནུས་པ་ཟད་པར་རིག་ བྱས་ནས། ནུས་པ་མེད་པར་གྱུར་པ་ན་སླར་ཡང་བྱའོ་ཞེས་པའི་བསམ་པས་དུས་རེ་ཞིག་ཏུ་སྤང་ཞིང་དོར་བར་བྱ་སྟེ། དེ་སྲིད་དུ་འདིར་རྣམ་པར་གཡེང་བར་འགྱུར་བ་ནི་མ་ཡིན་ལ། གཞན་དུ་ན་དེ་ལྟར་གྱུར་ཀྱང་དེ་མ་དོར་ན་མི་འདོད་པ་དང་ཕྲད་པ་ཉིད་དུ་འགྱུར་རོ། །གང་གི་ཚེ་བརྩམས་པའི་ ལས་དེ་ལེགས་པར་རྫོགས་པར་གྱུར་པ་དེའི་ཚེའང་དོར་བར་བྱ་སྟེ། གཞན་དུ་ན་ཞེན་པས་དེ་ལ་ཞུགས་ནས་སླར་ཡང་བྱ་བ་ལ་རྣམ་པར་གཡེང་བར་འགྱུར་རོ། །དེ་ལྟ་བས་ན་ཕྱི་ཕྱིར་ཁྱད་པར་འདོད་པས་སྤང་སྟེ་དོར་བར་བྱའོ། །འདི་ནི་གང་སྔར། དང་པོར་འབྱོར་པ་བརྟག་བྱ་སྟེ། །ཞེས་ པ་ལ་སོགས་པ་གསུངས་པ་སྤྱིར་བསྟན་པ་དེའི་དམིགས་ཀྱིས་བསལ་བ་བསྟན་པ་ཡིན་ནོ། །དེ་ལྟར་ནང་གི་ཁྱད་པར་བསྟན་པས་སྟོབས་ཀྱི་ཚོགས་དེ་རྣམ་པ་ཐམས་ཅད་དུ་བརྗོད་ནས། དང་པོ་མདོར་བསྟན་པས་རྟོགས་པར་བྱས་ཀྱང་ཡང་འདུན་པ་ལ་སོགས་པའི་ཚོགས་ཀྱི་
Page: 216 ༄༅། །ནང་དུ་བརྗོད་པའི་འབད་པ་བསྟན་པའི་ཕྱིར། ཉོན་མོངས་མཚོན་ཞེས་པ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པ་རྣམས་ཀྱི་མཚོན་ནི་གནོད་པ་བྱེད་པ་ཡིན་ལ། གཟུང་བ་ནི་བཟློག་པ་སྟེ། ཇི་ལྟར་དེ་དག་གི་མཚོན་གྱིས་ཕོག་པར་མི་འགྱུར་བར་རོ་ཞེས་པའི་དོན་ཏོ། ། སླར་ཉོན་མོངས་པ་རྣམས་ནི་མཚོན་གྱིས་གདབ་པར་བྱ་སྟེ། འཇེབས་པར་ནི་ཤིན་ཏུ་བསྣུན་པས་ཏེ་ཇི་ལྟར་སླར་སྐབས་རྙེད་པར་མི་འགྱུར་བར་རོ། །འདིར་དཔེ་བསྟན་པ་ནི་གཡུལ་ངོར་རལ་ཁ་ཞེས་པ་སྟེ་དཔེར་ན་བསླབས་པ་སྟེ་མཚོན་ཆའི་རིགས་པ་ལ་མཁས་པ་དང་ལྡན་པའི་དགྲ་དང་ལྷན་ ཅིག་ཏུ་ཤིན་ཏུ་བརྩོན་པས་རལ་གྲིའི་གཡུལ་ངོར་དེ་ལ་རྡེག་པར་བྱེད་དེ། དེ་ནི་ཇི་ལྟར་མི་ཕོག་པར་གྱུར་པ་དེ་ལྟར་རོ། །དེ་ལ་ཞེས་པ་ལ་སོགས་པས་འབད་པ་ལ་བསླབ་པར་བྱ་བ་གསུངས་ཏེ། དེ་ལ་ནི་རལ་གྲིའི་གཅོད་པ་ལའོ། །དཔེར་ན་རལ་གྲི་ལག་པ་ནས་བརྒྱ་ལ་ལྷུང་བར་གྱུར་ན་དགྲས་ བདག་ལ་གླགས་འདི་རྙེད་པར་མ་གྱུར་ཅིག་ཅེས་པས་མྱུར་དུ་སྟེ་རིངས་པ་ཉིད་དུ་ལེན་ཅིང་འཛིན་ཏེ་དུས་ལ་སྡོད་པ་ནི་མ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །དེ་བཞིན་དུ་ནི་དེ་དང་འདྲ་བར་ཏེ། ཉོན་མོངས་པའི་དགྲ་ལས་རྣམ་པར་རྒྱལ་བའི་དབང་དུ་བྱས་ཏེ་རལ་གྲི་བཞིན་དུ་བརྗེད་ངས་པ་མེད་པར་དྲན་པ་མ་ ཉམས་པར་བཟུང་བར་བྱས་ཤིང་མངོན་དུ་བྱའོ། །དམྱལ་བ་དག་ནི་ངུ་འབོད་ལ་སོགས་པ་ཡིན་ལ་དྲན་པ་བརྗེད་པར་གྱུར་པས་ན་དེའི་སྡུག་བསྔལ་ལ་བརྟན་པ་ཉིད་དུ་ཡིད་ལ་བྱའོ། །ཅི་སྟེ་གང་གིས་ན་དེ་ལ་བཏང་སྙོམས་སུ་མི་བྱེད་དེ་ཉོན་མོངས་པ་ཕྲ་བ་ཀུན་ཏུ་སྤྱོད་པས་ཀྱང་ཉམས་པ་ཅུང་ཟད་ ཀྱང་མེད་དོ་ཞེ་ན། ཇི་ལྟར་ཁྲག་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། ཉེས་པ་རྡུལ་ཙམ་ལ་ཡང་སྐབས་དབྱེ་བར་མི་བྱ་ལ། གཞན་དུ་ན་དེ་ཙམ་ལ་ཡང་སེམས་ལ་རྗེས་སུ་ཞུགས་ན་དེ་འཕེལ་བ་དགག་པར་མི་ནུས་པའི་ཕྱིར་རོ། །དཔེར་ན་ལུས་ཀྱི་རྨ་ཆུང་ངུ་ལ་ཡང་ཁྲག་དང་ ལྷན་ཅིག་པའི་དུག་བཞིན་དུ་རྡུལ་གྱི་ཚད་ཙམ་གྱིས་ཉོན་མོངས་པ་ཆུང་ངུས་འཇོམས་པ་བཟློག་པ་ལ་འབད་པར་བྱའོ། །ཡང་ཇི་ལྟར་འབད་པ་ལ་བརྟེན་པར་བྱ་བར་ཉུངས་མར་ཞེས་པ་ལ་སོགས་པ་གསུངས་ཏེ། དཔེར་ན་སྐྱེས་བུ་འགའ་ཞིག་ལ་རྒྱལ་པོ་གཏུམ་པོའི་བཀས་མར་ནག་
Page: 217 གིས་ཡོངས་སུ་བཀང་བའི་སྣོད་བསྐུར་ནས་འབྲེད་པའི་སར་འགྲོར་བཅུག་པ་ན་ལག་ན་རལ་གྲི་ཐོགས་པའི་རྒྱལ་པོའི་མིས་མར་ནག་ཐིགས་པ་ཙམ་གྱི་ས་བོན་ཡང་ད་ལྟ་ཉིད་དུ་ཁྱོད་ཀྱི་སྲོག་གཅོད་པར་བྱའོ་ཞེས་སྨྲ་བས་ལྟ་ཞིང་འགྲོ་བ་ན་འདིར་གལ་ཏེ་བདག་ཉམས་པར་གྱུར་ན་དེའི་ཚེ་ངེས་པར་འདིས་ གསོད་པར་འགྱུར་ཞེས་ནས་འཆི་བས་འཇིགས་ཏེ་འབད་པར་འགྱུར་བ་དེ་བཞིན་དུ་བརྟུལ་ཞུགས་ཅན་སྡོམ་པ་འཛིན་པས་རང་བཞིན་ལས་ཉམས་པས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་གྱིས་འཇིགས་ནས་དེ་སྐབས་མི་དབྱེ་བའི་ཆེད་དུ་འབད་པར་བྱ་སྟེ་ལྷུར་བྱེད་པ་དང་ལྡན་པར་བྱའོ། ། བརྗོད་ཟིན་པ་མཇུག་སྡུད་པ། དེ་བས་ཞེས་པ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དེ་ལྟར་ཡིན་པ་དེ་བས་ན་པང་དུ་སྟེ་ཕང་པར་འོང་བ་ཡིན་ལ། སྦྲུལ་ནི་སྦྲུལ་དུག་ཅན་ཡིན་ཏེ། རིངས་པ་ཉིད་དུ་བདག་ལ་དུག་གིས་གཟུང་བར་མ་གྱུར་ཅིག་ཅེས་ནས། ལྡང་བ་དེ་བཞིན་གཉིད་དང་ སྙོམ་འོངས་ན་སྟེ་གཉིད་དང་རྨུགས་པ་འོངས་ནས་བཟློག་པར་བྱ་བ་ནི་དེའི་གཉེན་པོ་མི་རྟག་པ་ལ་སོགས་པ་བསྒོམས་པས་ཕྱིར་བཅོས་པར་བྱའོ། །ཡང་དེ་ལྟར་འབད་པ་དང་ལྡན་ཡང་བརྒྱ་ལ་ཉམས་པར་གྱུར་ན་དབང་པོ་ཉམས་པའི་ཚུལ་གྱིས་ཉམས་པར་གྱུར་ན་དེའི་ཚེ་ཕྱིར་བཅོས་པ་བྱས་ ནས་འབད་པར་བྱའོ་ཞེས་བསྟན་པའི་ཕྱིར། ཉེས་པ་བྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲན་པ་ཉམས་པ་ན་རེ་རེ་སྟེ་སོ་སོར་བརྒྱ་ལ་ཉོན་མོངས་པའི་རྗེས་སུ་འཇུག་པའི་གླགས་རྙེད་ན། ཕྱིར་བཅོས་པའི་བསམ་པས་ཡིད་ལ་གདུང་བར་བྱས་ནས་བསམ་པར་བྱ་ཞིང་ཀྱེ་མ་ཤིན་ཏུ་ དཀའ་སྟེ་ཤེས་བཞིན་དུ་གླགས་རྙེད་པས་རྣམ་པ་གང་གིས་འདིར་དེ་ཕྱིར་བཅོས་པར་བྱ་སྟེ་ཡང་འདི་ཕྱིས་མི་འབྱུང་བར་དེ་ལྟར་བསྟན་པར་རྩོམ་པ་བླངས་ནས་གནས་པར་བྱ་སྟེ། སླར་ལྷོད་པར་འགྱུར་བར་མི་བྱའོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་དབེན་པ་འདོད་པ་རྣམས་ཀྱིས་ དགག་པ་ལ་ཡང་སྣང་བ་ཕྲད་པ་ཞེས་པ་ལ་སོགས་པ་གསུངས་ཏེ། མཁན་པོ་དང་སློབ་དཔོན་ནམ་དེ་ལས་གཞན་པ་ཚངས་པར་སྤྱོད་པ་རྣམས་དང་མང་དུ་ཐོས་པ་དང་། སྡེ་སྣོད་གསུམ་རིག་པ་འགྱོད་པ་སེལ་བ་ལ་མཁས་པ་རྣམས་དང་ལྷན་ཅིག་ཏུ་ཕྲད་ནས་བསྒྲུབ་པར་བྱ་ཞེས་འདོད་ཅིང་སྨོན་པར་
Page: 218 ༄༅། །བྱ་སྟེ། དེ་ལ་བརྟེན་པ་ཉིད་ཀྱིས་གནས་པར་བྱའོ་ཞེས་དགོངས་སོ། །ལས་ཐོབ་པ་ལ་ཞེས་པ་ནི་དེ་ལ་གདམས་པ་དང་རྗེས་སུ་བསྟན་པའི་མཚན་ཉིད་དང་། ལྟུང་བ་ལས་ལྡང་བའི་ཆེད་དུ་དེས་ཆད་པའི་ལས་བྱིན་པ་བསྒྲུབ་པར་འདོད་པར་བྱའོ། །རྒྱུ་འདིས་དེ་དག་ འཇུག་པ་བསྲུང་བའི་བསམ་པས་སོ། །འདི་ཉིད་བསྟན་པའི་ཕྱིར། ཇི་ལྟར་ཞེས་གསུངས་ཏེ། ཐབས་གང་གིས་ཞེས་པའོ། །གནས་སྐབས་འདི་དག་ལ་ནི་ཉོན་མོངས་པ་འཇུག་པའི་གནས་སྐབས་ལའོ། །དྲན་པ་གོམས་པར་འགྱུར་བ་ནི་འབད་པ་མེད་པ་ཉིད་ལ་བརྟེན་ནས་བདག་ ལ་བརྗེད་པ་མེད་པར་འགྱུར་བའོ་ཞེས་པ་ནི་བསམས་པ་འདིས་སོ། །འདིར་འདི་ནི་བསྡུས་པའི་དོན་ཏེ། དགེ་བའི་བཤེས་གཉེན་དང་ཉེ་བ་ན་དེའི་གདམས་ངག་དང་རྗེས་སུ་བསྟན་པ་དང་། དེའི་སྤྱོད་པ་མཐོང་བས་ཀྱང་རྟག་ཏུ་དྲན་པ་དང་ཤེས་བཞིན་གྱིས་གནས་པས་ཉོན་མོངས་པ་འཇུག་ པའི་སྐབས་མི་རྙེད་དོ། །དེའི་ཕྱིར་འདི་ལ་འགལ་བ་མེད་པ་ཉིད་ཀྱིས་སྤྲོ་བ་འཕེལ་བར་བྱའོ་ཞེས་སོ། །གང་དགེ་བའི་བཤེས་གཉེན་རྟག་པར་ཡང་སྲོག་གི་ཕྱིར་མི་གཏོང་ངོ་ཞེས་གསུངས་པ་དང་། དེ་བཞིན་དུ་མཁན་པོས་རྗེས་སུ་བསྟན་པ་དང་། བླ་མ་དང་ནི་འགྲོགས་པ་ལས། །འཇིགས་ པས་སྐལ་ལྡན་གུས་བྱེད་ལ། །དྲན་པ་ཤིན་ཏུ་སྐྱེ་བར་འགྱུར། །ཞེས་སོ། །འབད་པ་བསྟན་ནས། ད་ནི་བདག་ཉིད་དབང་དུ་བྱ་བ་བསྟན་པར་འདོད་ནས། བག་ཡོད་ཅེས་པ་ལ་སོགས་པ་གསུངས་ཏེ། བདག་ཉིད་ཀྱི་ལུས་དང་ངག་དང་ཡིད་ཀྱི་མཚན་ཉིད་ལས་ཐམས་ཅད་རྒྱས་པར་དེ་ བཞིན་བྱ་སྟེ། སྤྲོ་བ་གོམས་པར་བྱས་པས་དབང་དུ་བྱའོ་ཞེས་པའི་དོན་ཏོ། །ཇི་ལྟར་ལས་བྱུང་སྔོན་རོལ་ནས། །ཞེས་པ་ནི་རྩོམ་པ་ལས་སྔོན་རོལ་ཏེ་སྔ་མ་བཞིན་ཉིད་དུ་རྟོགས་ཤིང་དབང་དུ་གྱུར་པས་དེའི་ལམ་རྟོགས་བཞིན་དུ་ལས་ལ་འཇུག་པར་བྱའོ། །བརྗོད་པའི་དོན་དཔེའི་སྒོ་ནས་ གསལ་བར་བྱ་བའི་ཕྱིར། ཇི་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། ཤིང་བལ་ནི་རས་བལ་ལ་སོགས་པ་ལས་བྱུང་བའོ། །ཇི་ལྟར་རླུང་འགྲོ་བ་དང་འོང་བས་དབང་དུ་བྱས་ཏེ་དེ་ལ་རག་ལས་པ་དེ་བཞིན་དུ་དེ་ཉིད་སྤྲོ་བའི་དབང་དུ་གྱུར་པས་ཏེ་བརྩོན་འགྲུས་ཀྱི་དབང་དུ་གྱུར་པས་སོ། །འདི་
Page: 219 ལྟར་གོམས་པའི་དབང་དུ་གྱུར་པས་རྫུ་འཕྲུལ་ཡང་སྟེ། ནམ་མཁའ་ལ་འགྲོ་བ་ལ་སོགས་པ་ཐོབ་པར་འགྱུར་རོ། །བདག་དང་གཞན་དུ་མཉམ་པ་དང་བདག་དང་གཞན་དུ་བརྗེ་བ་གཉིས་ཀར་ཡང་མཁོ་བ་བསམ་གཏན་གྱི་ལེའུར་འཆད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་ པའི་དཀའ་འགྲེལ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་བྱས་པ་ལས་བརྩོན་འགྲུས་ཀྱི་ལེའུ་སྟེ་བདུན་པའོ།། །།
ལེའུ་བརྒྱད་པ། བསམ་གཏན་བསྟན་པ།
[edit]དེ་ལྟར་བཟོད་པའི་རྗེས་ལ་བརྩོན་འགྲུས་བརྗོད་ནས། དེ་ནས་ནགས་སུ་གནས་པར་བྱ། །མཉམ་པར་གཞག་ལ་བརྩོན་བྱ་ཞིང་། །མི་སྡུག་ལ་སོགས་ བསྒོམ་པར་བྱ། །ཞེས་གསུངས་པ། དེ་ལྟར་བརྩོན་འགྲུས་བསྐྱེད་ནས་ནི། །ཞེས་པ་ལ་སོགས་པས་རྟོགས་པར་བྱ་བར་འདོད་ནས་འཇུག་པར་བྱེད་དེ། དེ་ལྟར་བརྗོད་པའི་གཉེན་པོ་བསྟན་པ་ལ་སོགས་པས་མི་མཐུན་པའི་ཕྱོགས་རྩད་ནས་བཏོན་པས་བརྩོན་འགྲུས་སྤེལ་བར་བྱས་ནས་ལྷུན་ གྱིས་གྲུབ་པར་འཇུག་པས་བསྟན་པར་བྱ་ཞིང་ཏིང་ངེ་འཛིན་ཏེ། མཉམ་པར་གཞག་པ་ལ་ཡིད་དེ་སེམས་རྩེ་གཅིག་ཏུ་གཞག་པར་བྱ་སྟེ། དེ་ལ་གཞག་པར་བྱ་ཞིང་བསྡད་པར་བྱའོ་ཞེས་པའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། རྣམ་པར་གཡེང་བའི་ཞེས་སྨོས་སོ། །ནི་ཞེས་པ་ནི་གཏན་ཚིགས་ཡིན་ལ་ གང་གི་ཕྱིར་མི་སྟེ་སྐྱེས་བུས་ཏིང་ངེ་འཛིན་མེད་པར་རྣམ་པར་གཡེང་བའི་སེམས་ཏེ་མཉམ་པར་མ་བཞག་པ་ཉེ་བར་སྤྱོད་པས་བརྩོན་འགྲུས་དང་ལྡན་ཡང་སྲིན་པོ་ལྟ་བུའི་ཉོན་མོངས་པ་རྣམས་ཀྱི་མཆེ་བའི་ཕྲག་ན་སྟེ། དབུས་ན་གནས་ལ་དེས་ཁམ་དུ་བྱས་ནས་ཡོད་པའོ། །དེ་ལྟ་བས་ན་དེ་ལ་རེ་ཞིག་ ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་རྣམ་པར་གཡེང་བ་སྤང་བར་འདོད་ནས་གཞི་འཆའ་བ། ལུས་དང་སེམས་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། ལུས་དབེན་པ་ནི་སྐྱེ་བོ་དང་འགྲོགས་པ་སྤངས་པ་ཡིན་ལ། སེམས་དབེན་པ་ནི་འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་སྤངས་པ་ཉིད་དེ། དེ་ལྟར་ལུས་དང་སེམས་དག་གི་རྣམ་པར་མི་དབེན་པ་ལ་ཞེན་པ་མེད་པ་ཉིད་ཀྱིས་རྣམ་པར་གཡེང་བ་སྟེ། དེ་དག་གི་གཟེངས་བསྟོད་པ་ཉིད་ལ་དམིགས་པ་ཉིད་ཀྱིས་རབ་ཏུ་གནས་པ་ཞེས་བྱ་བའི་དོན་ཏོ། །མི་འབྱུང་བ་སྟེ་མི་སྐྱེ་བའོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་དང་པོར་འཇིག་རྟེན་ཏེ།
Page: 220 ༄༅། །རང་གི་གཉེན་དང་བཤེས་ལ་སོགས་པའི་མཚན་ཉིད་སྤང་བར་བྱ་སྟེ་དོར་བར་བྱའོ། །རྣམ་པར་རྟོག་པ་ནི་སེམས་རྣམ་པར་གཡེང་བའི་རྒྱུ་ཡིན་ཏེ། ཡོངས་སུ་དོར་ཞིང་ཡོངས་སུ་སྤང་བར་བྱའོ། །དེ་ལ་འཇིག་རྟེན་མི་སྤང་བའི་རྒྱུ་རེ་ཞིག་དགག་པར་འདོད་ནས། རྙེད་དང་ཞེས་པ་ལ་སོགས་པ་གསུངས་ཏེ། བདག་དང་བདག་གི་བའི་འཛིན་པས་ཡོངས་སུ་འཇུག་པའི་མངོན་པར་ཞེན་པ་ནི་ཆགས་པ་སྟེ། དེའི་ཕྱིར་འཇིག་རྟེན་མི་སྤོང་ལ། རྙེད་པ་ལ་སོགས་པ་ལ་སྲེད་པས་ཀྱང་ངོ་། །སོགས་པའི་སྒྲས་ནི་བཀུར་སྟི་དང་། སྙན་པ་དང་། ཚིགས་སུ་བཅད་ པ་ལ་སོགས་པ་ཡོངས་སུ་བཟུང་སྟེ། དེ་རྣམས་ལ་སྲེད་པས་ཏེ་རབ་ཏུ་འདོད་པས་སོ། །དང་གི་སྒྲས་ནི་འཇིག་རྟེན་མི་སྤོང་ཞེས་པས་རྙེད་པ་ལ་སོགས་པ་ལའང་སྡུད་དོ། །གང་གི་ཕྱིར་འདིའི་རྒྱུ་མི་སྤོང་བ་དེ་བས་ནའོ། །འདི་དག་སྟེ་ཆགས་པ་དང་རྙེད་པ་ལ་སོགས་པ་ལའམ། འཇིག་རྟེན་ནའང་ སྤོང་བ་ན་རྒྱུ་མཚན་དུ་གྱུར་པའོ། །འཆད་པར་འགྱུར་བ་འདི་ལྟར་བརྟག་པར་བྱ་ཞིང་བསམ་པར་བྱའོ། །དེ་ཉིད་ཞི་གནས་ཞེས་པ་ལ་སོགས་པ་གསུངས་པ་ལ། ཞི་གནས་ནི་སེམས་རྩེ་གཅིག་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ཡིན་ལ། དེ་དང་རབ་ཏུ་ལྡན་པ་ཞེས་པ་སྟོན་ཏོ། །འདིར་ཡང་ རབ་ཏུ་སྦྱར་རོ། །ཡང་ན་གཏན་ཚིགས་ཀྱི་དོན་ལ་གསུམ་པ་ཡིན་ཏེ། ཞི་གནས་ཀྱི་རྒྱུས་ལྷག་མཐོང་དང་ལྡན་པའམ་ལྷན་ཅིག་པའི་དོན་ཡིན་ཏེ། ཞི་གནས་དང་ལྷན་ཅིག་ཏུ་ལྷག་མཐོང་དང་ལྡན་པའོ་ཞེས་སོ། །ལྷག་མཐོང་ནི་ཇི་ལྟ་བུར་གྱུར་པའི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པའི་རང་ བཞིན་གྱི་ཤེས་རབ་ཡིན་ལ། དེ་དང་ལྡན་པ་ནི་ཟུང་དུ་འཇུག་པས་ཞུགས་པའི་ལམ་གྱི་སྦྱོར་བས་ཉོན་མོངས་པ་འཇོམས་ཤིང་སྤོང་བར་བྱེད་དེ་ཞེས་ཤེས་པར་བྱ་སྟེ་གོ་བར་བྱས་ནས་སོ། །ཉོན་མོངས་པ་ལས་གྲོལ་བར་འདོད་པས་ཞི་གནས་ཐོག་མར་ཏེ་དང་པོར་བཙལ་བྱ་སྟེ་ཉེ་བར་ བྱ་ཞིང་བསྐྱེད་པར་བྱའོ་ཞེས་པའི་ཐ་ཚིག་གོ། །དེའི་རྗེས་ལ་ནི་ལྷག་མཐོང་སྟེ་མཉམ་པར་གཞག་པས་ཇི་ལྟ་བུར་གྱུར་པ་ཤེས་པ་ཉིད་དུ་སྟེ། གང་བརྗོད་པ། མཉམ་གཞག་ཡང་དག་ཅི་བཞིན་དུ། །ཤེས་པར་འགྱུར་ཞེས་ཐུབ་པས་གསུངས། །ཕྱི་རོལ་གཡོ་བ་བཟློག་པ་ཡིས། །
Page: 221 སེམས་ནི་ཞི་ལས་གཡོ་མི་འགྱུར། །དེ་ཡང་ནི་ཞི་གནས་སོ། །འཇིག་རྟེན་ནི་འཇིག་རྟེན་ཡུལ་དུ་བྱས་པ་ལའོ། །ལྟོས་པ་མེད་པ་ནི་མངོན་པར་དགའ་བ་སྤངས་པ་སྟེ། དེ་ཉིད་ཀྱིས་འགྲུབ་སྟེ་གཞན་གྱིས་མ་ཡིན་ནོ་ཞེས་པའི་དོན་ཏོ། །མངོན་པར་དགའ་ཞིང་ལྟོས་པ་མེད་པ་ཉིད་ འཆད་པར་འགྱུར་བའི་གཞུང་རྒྱས་པར་བསྟེན་པར་འདོད་ནས། མི་རྟག་ཅེས་པ་ལ་སོགས་པ་གསུངས་ཏེ། སེམས་དང་ལྡན་པ་སུ་ཞིག་རང་ཉིད་མི་རྟག་པ་སྟེ་བུ་ལ་སོགས་པ་མི་རྟག་པ་རྣམས་ལ་ཆགས་པར་འགྱུར་བར་ཇི་ལྟར་རྒྱུ་གང་གིས་ཏེ་རྒྱུ་མཚན་གང་གིས་རིགས་ཤིང་རུང་བར་འགྱུར་ སྟོང་ཕྲག་ནི་སྐྱེ་བ་དུ་མ་ཡིན་ཏེ། མཐར་ཐུག་པ་མེད་པའི་འཁོར་བར་འཁོར་བ་ན་བརྒྱ་ལ་ཞིག་ན་ཡང་སྡུག་པ་མཐོང་བ་མ་ཡིན་ནོ། །གཞན་ཡང་དགའ་བར་བྱེད་པས་ན་སྡུག་པར་བརྗོད་ལ། དེ་ཡང་འདི་ན་མེད་དོ་ཞེས་སོ། །མ་མཐོང་ན་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་དེ་ རེ་ཞིག་དེ་མཐོང་བ་དེའི་ཚེ་དགའ་བར་འདིར་མི་འགྱུར་ཏེ། ཡིད་མི་བདེ་བ་དེ་ཉིད་ཀྱིས་ཏིང་ངེ་འཛིན་ལ་འཇོག་པར་མི་འགྱུར་ཏེ་མི་གནས་པ་ཉིད་དུ་འགྱུར་ལ། དེ་ལ་དམིགས་པ་ལ་ནུས་པ་མེད་པ་ཡིན་ཏེ། སེམས་རྣམ་པར་འཁྲུག་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །འོན་ཏེ་གལ་ཏེ་ཡང་སྡུག་པ་མཐོང་ བ་འདིར་འགྱུར་བ་དེ་ལྟར་ན་མཐོང་ཡང་ངོམས་པར་མི་འགྱུར་ཏེ་སླར་ཡང་ལྷག་པར་སྲེད་པས་གདུངས་པར་འགྱུར་ལ། དེ་མཐོང་བར་འདོད་པས་སྔར་བཞིན་དུ་སྟེ། མ་མཐོང་བ་དང་འདྲ་བར་གདུང་བར་འགྱུར་རོ། །གཞན་ཡང་དོན་ཉམས་པ་ཐམས་ཅད་ཀྱི་རྒྱུ་སྡུག་པ་དང་ཕྲད་པ་ཡིན་ནོ་ཞེས་བསྟན་པའི་ ཕྱིར། ཡང་དག་གྱུར་པ་ཞེས་པ་ལ་སོགས་པ་གསུངས་ཏེ་སྡུག་པ་དང་ཕྲད་པར་འདོད་པས་ཡང་དག་པར་གྱུར་པ་སྟེ་མ་ནོར་བའི་ཡོན་ཏན་དང་སྐྱོན་མི་མཐོང་སྟེ་མི་ཤེས་སོ། །ཞེན་པ་དེ་ཉིད་ཀྱིས་སྐྱོ་ལ་འཇིག་རྟེན་ཉམས་པར་འགྱུར་རོ། །དེ་ཉིད་དང་ཕྲད་པར་འདོད་པས་སྲེག་པར་འགྱུར་ཏེ་མྱ་ངན་ དེ་ཡིས་ཏེ། ཡུད་ཙམ་ཡང་རྒྱུན་མ་ཆད་པར་གྱུར་པས་སོ། །མྱ་ངན་དེས་ནི་ཞེས་པ་ནི་ཡིད་གདུང་བར་གྱུར་པ་དེ་ཉིད་ཀྱིས་སྲེག་པར་བྱེད་དོ། །ཡོངས་སུ་གདུང་བར་བྱེད་དོ། །སྡུག་དང་ཕྲད་པར་འདོད་པ་ནི་སྡུག་པ་དང་ཕྲད་ཅིང་སྦྱོར་བའོ། །དེ་ལ་འདོད་པས་ཏེ་སྲེད་པ་རྒྱུར་གྱུར་པས་སླར་ཡང་།
Page: 222 ༄༅། །ཡང་ནས་ཡང་དུ་ལྷག་ཅིང་ལྷག་པར་ཚོར་བར་བྱེད་པས་སོ། །དེ་དང་ཕྲད་པས་ནི་དོན་མེད་པའི་རྒྱུ་ཉིད་དེ་ཞེས་དེ་ལ་སེམས་པ་ཞེས་པ་ལ་སོགས་པ་འདིས་ཀྱང་སྟོན་པར་བྱེད་དེ། དེ་ལ་ནི་སྡུག་པ་ཡིན་ལ། ཡང་ན་ཕྲད་པ་དེ་ལའོ། །སེམས་ཀྱིས་དེའི་ཡོན་ཏན་ལ་ རྟག་ཏུ་སེམས་པས་སོ། །ཅི་ལྟར་ཡང་བདག་སྡུག་པ་འདི་དང་ཕྲད་པ་རྒྱུན་ཆད་པར་མ་གྱུར་ཞེས་པའམ། དེ་ལ་སེམས་ཞུགས་པས་སོ། །དོན་མེད་པ་ཉིད་ནི་ཚེའི་འདུ་བྱེད་སྐད་ཅིག་རེ་རེ་ལ་ཟད་པར་འགྱུར་བ་སྟེ། དགེ་བའི་ལས་ཅུང་ཟད་ཙམ་ལ་ཡང་ཡང་དག་པར་སྦྱར་བ་མ་ཡིན་ནོ་ཞེས་ དགོངས་ལ། གང་གི་དོན་དུ་ཚེ་ཟད་པར་བྱས་པ་མ་ཡིན་ནོ་ཞེས་སོ། །དེ་ལྟར་ན་ཡང་མཛའ་བཤེས་བརྟན་པ་ཡིན་ནོ་ཞེ་ན། རྟག་པ་མེད་པའི་ཞེས་པ་ལ་སོགས་པ་གསུངས་ཏེ། ངེས་པར་འཇིག་པར་འགྱུར་བས་མི་གནས་པའི་ཕྱིར་མི་རྟག་པའི་མཛའ་བཤེས་ཀྱི་རྒྱུས་ཆོས་འཇིག་པས་ཏེ་ ཡོངས་སུ་ཉམས་པར་འགྱུར་བ་ཡིན་ལ། རྟག་པ་ནི་དུས་རིང་པོའི་གནས་སྐབས་སུ་ཚོགས་སུ་གྱུར་པའི་ཕྱིར་དང་། འབྲས་བུ་ཆེན་པོ་ཉམས་པ་མེད་པའི་ཕྱིར་རོ། །དེ་ལྟར་གྱུར་ན་ཡང་འགའ་ཞིག་དང་འགྲོགས་པ་ལས་ངེས་པར་ཕན་པ་དང་བདེ་བའི་རྒྱུ་མཚན་ཐོབ་པར་གྱུར་ན་དེ་ཅིའི་ཕྱིར་ རྣམ་པ་ཐམས་ཅད་དུ་འགོག་པར་བྱེད་ཅེ་ན། འདིར་བྱིས་པ་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་དང་འགྲོགས་པ་ལས་དོན་མེད་པ་མ་གཏོགས་པར་འདོད་པ་མཆོག་ཅུང་ཟད་ཀྱང་ཐོབ་པར་མི་འགྱུར་ཏེ། དེ་ལྟར་ཡང་བྱིས་པ་སོ་སོའི་སྐྱེ་བོ་དང་ལྷན་ཅིག་སྐལ་བ་མཉམ་པར་སྤྱོད་པ་སྟེ། སྤྱོད་ པ་མཚུངས་པས་ངན་འགྲོར་ངེས་པ་ཉིད་དུ་འགྲོ་བར་འགྱུར་ཏེ། དེ་དང་འདྲ་བའི་ལས་སྤྱད་པའི་ཕྱིར་དང་། འཕགས་པའི་ཆོས་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་ལ། འོན་ཏེ་འཕགས་པའི་ཆོས་ཀྱི་རྗེས་སུ་ཞུགས་པ་ནི་དེ་དང་མི་འདྲ་བའི་ལས་བྱེད་པར་འགྱུར་བ་དེའི་ཚེ་སྐལ་བ་མི་མཉམ་པ་ སྟེ་མཉམ་པོར་སྤྱོད་པའི་བྱིས་པ་མི་འདོད་དེ་སྡང་བས་ན་བྱིས་པ་ཞེས་པ་དང་འབྲེལ་ཏོ། །འདིར་བྱེད་པ་པོ་ལ་གསུམ་པ་ཡིན་ཏེ། དེ་ལྟར་ན་འཇིག་རྟེན་གཉི་ག་ལ་གནོད་པའི་ཕྱིར་རོ། བྱིས་པ་དང་འགྲོགས་པས་ཅི་ཞིག་འཐོབ་སྟེ། ཕན་པ་དང་བདེ་བའི་རྒྱུ་དེ། ལྷག་པ་ཅུང་ཟད་ཀྱང་མེད་
Page: 223 དོ་ཞེས་པའི་དོན་ཏོ། །རྗེས་སུ་མཐུན་པ་སྤྱད་ཀྱང་བདག་གིས་བྱ་བར་མི་ནུས་སོ་ཞེས་སྐད་ཅིག་ཅེས་པ་ལ་སོགས་པ་གསུངས་ཏེ། གང་གི་དགོས་པ་ཅུང་ཟད་ལ་བརྟེན་ནས་སྐད་ཅིག་ཙམ་གྱིས་མཛའ་བར་འགྱུར་ཏེ་གྲོགས་སུ་འགྱུར་རོ། །རྒྱུ་མཚན་ཅུང་ཟད་ཙམ་ལ་དམིགས་ནས་སྐད་ཅིག་ ཙམ་ཉིད་ཀྱིས་དེ་ཉིད་དགྲ་སྟེ་མི་མཐུན་པར་འགྱུར་ཏེ། ལོག་པར་སེམས་པའི་ཕྱིར་རོ། །དེ་རྣམས་ལ་ངེས་པར་རྒྱུ་མཚན་ཡོད་པ་ཡང་མ་ཡིན་ནོ། །གང་ཞིག་བརྒྱ་ལ་སེམས་དགའ་བའི་གནས་ཏེ་དགའ་བའི་ཁྱད་པར་ལ་བཟློག་པའི་དབང་གིས་ཁྲོ་བར་བྱེད་དོ། །སོ་སོའི་སྐྱེ་བོ་འཕགས་པ་ མ་ཡིན་པ་མགུ་བར་དཀའ་བ་ཡིན་ཏེ། སྡུག་བསྔལ་དང་བཅས་པས་མགུ་བར་ནུས་པས་སོ། །བྱིས་པའི་ཆོས་གཞན་ཡང་སྤང་བའི་དོན་དུ་ཕན་པ་ཞེས་པ་ལ་སོགས་པ་སྟོན་པར་མཛད་དོ། འདི་ནི་བྱ་བ་ཡིན་ལ་འདི་ནི་བྱ་བ་མ་ཡིན་ནོ་ཞེས་བརྗོད་ཅིང་སྨྲས་པ་ན་ཁྲོ་བར་འགྱུར་ཏེ་ཞེ་སྡང་བར་འགྱུར་རོ། ། ཡང་ཕན་པ་དང་མི་ཕན་པ་བརྗོད་པ་འཛིན་པར་མི་འགྱུར་ཏེ། སླར་ཡང་བདག་ཕན་པ་ལས་ཟློག་པར་བྱེད་ལ། ཁྱོད་གཅིག་པུ་ངལ་བའི་འབྲས་བུ་འདི་ཉམས་སུ་བླངས་ནས་ཅི་བྱ་ཞེས་བདག་དེ་ལ་ཞུགས་པ་དེ་ལ་དེས་ཟློག་པར་བྱེད་དོ། །གལ་ཏེ་བྱིས་པ་དེ་རྣམས་ཀྱི་ཚིག་མ་མཉན་ན་ཞེས་ པ་ནི་ལྷག་མའོ། །གལ་ཏེ་དེའི་ཚིག་ལ་བརྙས་ནས་རང་གི་ཕན་པ་ལ་འཇུག་པར་བྱས་པ་དེའི་ཚེ་ཁྲོ་བར་བྱེད་དེ། བདག་གིས་ཚིག་ལས་འདི་མ་ལོག་གོ་ཞེས་པས་སོ། །དེ་ལ་ཕན་པ་མ་ཡིན་པ་བྱེད་པ་ཡིན་ནོ་ཞེས་ལས་དེས་བསྐུལ་བས་ངན་འགྲོར་འགྲོ་བར་འགྱུར་རོ། །བྱིས་པའི་ཆོས་ གཞན་འདི་ལ་ཡང་སྐྱོ་བར་བྱའོ་ཞེས་བསྟན་པའི་ཕྱིར་ཕྲག་དོག་ཅེས་པ་ལ་སོགས་པ་གསུངས་ཏེ། བདག་ལས་ཁྱད་པར་མཆོག་ཏུ་གྱུར་པའི་རིགས་དང་རིག་པ་དང་ནོར་ལ་སོགས་པ་དང་ལྡན་པ་ལ་ཕྲག་དོག་སྟེ། གཞན་གྱི་ཕུན་སུམ་ཚོགས་པ་ལ་མི་བཟོད་པ་སྐྱེ་བར་འགྱུར་བའོ། །དོན་ གྱིས་ན་དེ་རྣམས་དང་བདག་མཉམ་ཞིང་མཚུངས་པ་ལ་འགྲན་པས་རྩོད་དོ། །བདག་པས་དམན་པ་སྟེ་ཞན་པ་ལ་མངོན་པའི་ང་རྒྱལ་ཏེ་ངན་མཆོག་ཡིན་ནོ་ཞེས་མངོན་པའི་ང་རྒྱལ་བའི་ཕྱིར་རོ། །བསྟོད་པས་དྲེགས་པ་ནི་བདེན་པ་དང་བདེན་པ་མ་ཡིན་པའི་ཡོན་ཏན་བརྗོད་པ་ན་བདག་ཆེན་པོ་
Page: 224 ༄༅། །ཡིན་ནོ་ཞེས་སྒྲོ་འདོགས་པས་དགོད་པར་བྱེད་དོ། །མི་སྙན་བརྗོད་པ་སྟེ་བདག་གི་ཉེས་པ་བསྒྲགས་པ་ཐོས་པ་ལས་ཏེ་དོན་གྱིས་ན་མི་སྙན་པ་བརྗོད་པ་ལས་ཁོང་ཁྲོ་བ་སྟེ་ཞེ་སྡང་སྐྱེའོ། །དེ་ལྟར་ན་ནམ་ཞིག་སྟེ་དུས་འགའ་ཞིག་ན་བྱིས་པ་ལས་ཕན་པར་འགྱུར་བ་ནམ་ཡང་མ་ ཡིན་ནོ་ཞེས་པའི་དོན་ཏོ། །འདིས་ཀྱང་བྱིས་པ་རྣམས་ཡོངས་སུ་སྤངས་ནས་གནས་པར་བྱའོ་ཞེས་བསྟན་པའི་ཕྱིར། བྱིས་ལས་བྱིས་པ་ལན་ཞེས་པ་ལ་སོགས་པ་གསུངས་ཏེ། བྱིས་པ་གཅིག་ལ་བྱིས་པ་གཞན་ལས་འདི་ལྟ་བུ་ལ་སོགས་པའི་མི་དགེ་བ་སྟེ་དགེ་བ་མ་ཡིན་པ་ངེས་པར་སྐྱེ་ བར་འགྱུར་རོ། །ཅི་ལྟ་བུར་ཞེ་ན། བདག་ལ་བསྟོད་པས་དེ་ཐོས་པ་དང་ཤེས་པ་ལ་སོགས་པས་མཆོག་ཏུ་བསྔགས་པའོ། །ཐོས་པ་ལ་སོགས་པ་སྦ་བའི་དོན་དུ་གཞན་ལ་སྨོད་པ་སྟེ་ཉེས་པ་སྒྲོགས་པའོ། །འཁོར་བར་དགའ་བ་ནི་མངོན་པར་དགའ་བ་ཡིན་ཏེ། དེའི་གཏམ་ ནི་དེ་ལ་བསྔགས་པ་སྟེ། འདོད་པའི་ཡོན་ཏན་རྣམས་ལ་ཡང་དག་པར་བསྟོད་པའི་ཕྱིར་ཏེ། འདི་ལྟ་བུ་ལ་སོགས་པའི་རྣམ་པ་དེ་ལྟར་རོ། །དེ་ལྟར་དེ་དང་ཞེས་པ་ནི་གཞན་དང་ཡིན་པ་སྟེ། དེ་དང་འབྲེལ་པ་དེ་བཞིན་གཉིས་པ་དང་འགྲོགས་པས་སོ། །མི་དགེ་བ་ཅུང་ཟད་དུ་ངེས་པར་ གྱུར་ཏོ། །གང་གིས་དེ་ལྟར་ཡིན་པའི་རྒྱུ་དེས་ན་ཕུང་བར་འགྱུར་བ་སྟེ་མི་དགེ་བ་འབྱུང་བར་འགྱུར་ཏེ། བྱིས་པ་འདི་དང་འགྲོགས་པ་ལ་ཐོབ་པར་འགྱུར་རོ། །དེའི་ཕྱིར་འཕགས་པའི་ཆོས་ལ་རྗེས་སུ་བསླབ་པའི་དོན་དུ་གཅིག་པུ་སྟེ་བྱིས་པ་དང་འགྲོགས་པ་དང་བྲལ་བས་གཉིས་པ་མེད་པར་ རྒྱུ་བར་བྱའོ། །དེ་དང་བྲལ་བས་བདེ་བ་སྟེ་བྱ་བ་འདི་ནི་བྱ་བའི་ཁྱད་པར་ཡིན་ནོ། །ཅི་ལྟར་ཞེ་ན། དེས་ན་ཡིད་ནི་སྦྱོར་བས་ཞེས་ཏེ། དེ་དང་འགྲོགས་པ་སྤངས་པའི་ཕྱིར་ཏེ་དེས་བྱས་པའི་ཉོན་མོངས་པ་དང་བྲལ་བའི་ཕྱིར་རོ། །སྔ་མ་ལ་འདི་ནི་གཏན་ཚིགས་ཀྱི་ཚིག་ཡིན་ནོ། ། ཡང་ན་བདེ་བ་ནི་ལུས་ཀྱི་ཡིན་ལ། ཉོན་མོངས་མེད་ཡིད་ཀྱིས་ཞེས་པ་ནི་ཡིད་ལས་བྱུང་བ་ཡིན་ནོ། །དེའི་ཕྱིར་བྱིས་པའི་སྐྱེ་བོ་དང་འགྲོགས་པས་སྡུག་བསྔལ་བ་སྤོང་བར་འདོད་པས་དེ་དང་འགྲོགས་པར་མི་བྱའོ་ཞེས་བསྟན་པའི་ཕྱིར་བྱིས་ལས་ཞེས་པ་ལ་སོགས་པ་གསུངས་ཏེ།
Page: 225 བྱིས་ལས་ཏེ་ཐམས་ཅད་དུ་ཤིན་ཏུ་ཐག་རིང་སར་བྱོལ་བར་བྱ་སྟེ་འབྲོས་པར་བྱ་ཞིང་ཇི་ལྟར་དེ་དང་བརྒྱ་ལ་ཡང་ཕྲད་པར་མི་འགྱུར་བར་བྱའོ་ཞེས་པའི་དོན་ཏོ། །འོན་ཏེ་བརྒྱ་ལ་སྟེ་དབང་ཐང་གིས་ཕྲད་པ་དེའི་ཚེ་ཕྲད་ཅིང་ཚོགས་པ་ན་བསྟེན་པར་བྱ་སྟེ་དགའ་བས་ཏེ། དགའ་བའི་རྣམ་པའི་ཉེ་བར་སྤྱོད་ པས་བསྟེན་པར་བྱའོ། །སྟེན་པ་ན་ཡང་འདྲིས་ཆེན་ཉིད་དུ་མི་འགྱུར་བར་ཏེ། བསྙེན་བཀུར་རེ་བའི་བསམ་པས་མ་ཡིན་པའོ། །ཡང་ན་འདྲིས་ཆེན་ནི་རྗེས་སུ་ཆགས་པ་མ་ཡིན་གྱི་འོན་ཀྱང་ཆགས་སྡང་དང་བྲལ་བས་ཐ་མལ་པ་བཞིན་དུ་སྟེ། དམ་པའི་སྤྱོད་པ་གཟུ་བོ་ལྟ་བུར་རོ། །སྐྱེ་ བོ་བཟང་པོ་དང་ལྷན་ཅིག་སྤྱོད་པ་འདིས་ཀྱང་བསླབ་པར་བཞེད་ནས། ཆོས་ཀྱི་དོན་ཙམ་ཞེས་པ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་ཆེད་འདི་ནི་ཆོས་དོན་ཏེ། དེ་ཉིད་འབའ་ཞིག་ཙམ་ནི་དེ་ཙམ་མོ། །དེ་བླངས་ནས་ནི་བཟུང་ནས་ཏེ་སྙིང་པོ་བླང་བར་བྱས་ནས་ཞེས་པའི་དོན་ཏོ། །བུང་བ་ བཞིན་དུ་ནི་སྦྲང་རྩི་བྱེད་བཞིན་དུ་སྟེ། མེ་ཏོག་ལས་སྦྲང་རྩི་ལེན་པ་བཞིན་དུའོ། །ཡང་ན་ཆོས་ཉིད་ཀྱི་དོན་ནི་དགོས་པ་སྟེ། འདི་ཆོས་གོས་དང་བསོད་སྙོམས་ལ་སོགས་པ་ཡིན་ནོ་ཞེས་ཚིག་བསྡུའོ། །བྱིས་པ་དང་འགྲོགས་པ་ལ་རྒྱབ་ཀྱིས་ཕྱོགས་ཏེ། སྔོན་མེད་བཞིན་དུ་ སྟེ་ཟླ་བ་གསར་པ་དང་འདྲ་བར་གནས་སྐབས་ཀུན་ཏུའམ་ཡུལ་ཀུན་ཏུ་གནས་པར་བྱའོ། །འདྲིས་པ་མེད་པ་ནི་ངོ་ཤེས་པ་མེད་པ་སྟེ། གནས་པར་བྱ་ནི་དེར་རེ་དང་བྲལ་བར་ཞེས་པའི་དོན་ཏོ། །དེ་ལྟར་ན་སྡུག་པ་དང་འགྲོགས་པའི་རྒྱུ་ཆགས་པ་བསལ་ནས། ད་ནི་རྙེད་པ་ལ་སོགས་ པ་ལ་སྲེད་པ་འཇིག་རྟེན་མི་གཏོང་བའི་རྒྱུ་སྤོང་བར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། བདག་ནི་རྙེད་པ་མང་ཞེས་པ་ལ་སོགས་པ་གསུངས་ཏེ། འདིའི་རྙེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཆོས་གོས་དང་བསོད་སྙོམས་ལ་སོགས་པའི་རྙེད་པ་དང་ལྡན་པས་བདག་རྙེད་པ་ཅན་ དང་བཀུར་སྟི་བྱས་པའང་ཡིན་ཏེ་སྐྱེ་བོས་མཆོད་པ་ཡིན་ནོ། །བདག་ལ་དགའ་བ་ནི་འདོད་པ་ཡིན་ལ་མང་པོ་ཡང་དུ་མ་ཡིན་ཏེ། སྐྱེ་བོ་མང་པོས་འདོད་པ་ཞེས་པའི་དོན་ཏོ་ཞེས་པ་ནི་དེ་ལྟར་སེམས་པ་ན་འདི་ལྟར་ས་སྟེང་སྟེ་མི་ཡིན་ལ། ཤི་བའི་འོག་ཏུ་འཇིགས་པ་སྐྱེའོ། །ཅི་ལྟ་བུར་
Page: 226 ༄༅། །གྱུར་པ་ལ་ཞེ་ན། མ་བསམས་པར་ཐོབ་པ་ལ་གློ་བུར་དུའོ། །དེ་ལྟར་ན་ཐམས་ཅད་དུ་ངེས་པར་འཆི་བ་ཡིད་ལ་བྱས་པས་འཇིག་རྟེན་པའི་སྐྱེ་བོ་ལ་སེམས་པའི་སྤྱོད་པ་ཡོངས་སུ་བསམ་པས་ཅི་ཞིག་བྱ་སྟེ་དགོས་པ་ཅུང་ཟད་ཀྱང་མེད་དེ་བླང་བར་བྱ་བ་མ་ཡིན་ནོ་ཞེས་ པའི་ཐ་ཚིག་གོ། །བྱིས་པ་དང་འགྲོགས་པ་སྡུག་བསྔལ་གྱི་རྒྱུ་ཉིད་དོ་ཞེས་སེམས་ཅན་རྙེད་པ་མེད་ལ་ཞེས་པ་འདིས་ཀྱང་སྟོན་ཏེ། སེམས་ཅན་རྙེད་པ་མེད་པ་སྟེ་རྙེད་པ་དང་བྲལ་བ་ཡིན་ལ། བསོད་ནམས་མ་བྱས་པའི་ཉོན་མོངས་པ་འདིས་བསོད་སྙོམས་ལ་སོགས་པ་ཤིན་ཏུ་ཉོན་མོངས་ པས་མི་རྙེད་དོ་ཞེས་འཕྱ་བར་བྱེད་དོ། །རྙེད་པ་ཅན་ལ་ཡང་མི་སྙན་པར་བརྗོད་དེ། ཡོན་བདག་གམ་སྦྱིན་པ་པོ་རྣམས་ཀྱིས་དད་པས་མཆོད་ནས་སྦྱིན་པ་པོ་དང་ཡོན་བདག་རྣམས་ཚུལ་འཆོས་ལ་སོགས་པས་དད་པར་བྱས་ནས་ཆོས་གོས་ལ་སོགས་པའི་རྙེད་པ་ཐོབ་པ་ཡིན་ཏེ། གཞན་ དུ་ན་གཞན་ལ་ཡང་དེ་ལྟ་བུའི་ཡོན་ཏན་ཡོད་ན་ཅིས་ན་འདི་ཉིད་ཀྱིས་ཐོབ་ལ་གཞན་གྱིས་མ་ཡིན་ཞེས་དེ་ལ་མ་དད་པར་བྱེད་ཅིང་ཚིག་དེ་ལྟར་སྨྲའོ། །དེ་ལྟར་གཉི་ག་ལ་ཡང་དེ་རྣམས་ལས་སེམས་ཞི་བ་ཡོད་པ་མ་ཡིན་ཏེ། དེ་འདི་ལྟར་རང་བཞིན་གྱིས་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ ཕྱིར་རོ། །ཡང་ན་གང་བྱིས་པའི་སྐྱེ་བོ་དེ་རྣམས་སྡུག་བསྔལ་བས་གནས་པ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་དག་གིས་ནི་དེ་ལྟ་བུར་གྱུར་པས་ཏེ། ལྷན་ཅིག་ཏུ་འགྲོགས་པར་གྱུར་པས་དགའ་བ་ཇི་ལྟར་སྐྱེ་བར་འགྱུར་ཏེ་མ་ཡིན་ནོ་ཞེས་པའི་དོན་ཏོ། །བྱིས་པ་སྙིང་གྲོགས་ཀྱང་ བརྟེན་པ་མ་ཡིན་པར་གང་གི་ཕྱིར་བྱིས་པ་ཞེས་པ་ལ་སོགས་པ་གསུངས་ཏེ། གྲོགས་པོ་ནི་སྙིང་དུ་སྡུག་པ་ཡིན་ལ། དེ་བཞིན་གཤེགས་པས་གསུངས་པས་ནི་ལུང་རྣམས་སུ་གསུངས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་རང་ལ་དགོས་པ་མེད་པར་བྱིས་པ་གང་ལ་ཡང་དགའ་བ་སྐྱེ་ བར་མི་འགྱུར་ཏེ། དེའི་ཕྱིར་དེ་མེད་པ་ལས་བཟློག་པར་འགྱུར་རོ། །དེས་ཀྱང་བྱིས་པ་དང་འགྲོགས་པ་ཡིན་ན་ཡང་བརྟན་པ་མ་ཡིན་ནོ། །དེ་ལ་བྱམས་པར་བྱས་པས་ཀྱང་སོ་སོའི་སྐྱེ་བོ་མགུ་བར་མི་ནུས་སོ། །དེ་ལྟ་བས་ན་དེ་དང་འགྲོགས་པ་ལས་བྱུང་བའི་ཉེས་པ་སྤང་བའི་
Page: 227 ཆེད་དུ་བདེ་བ་དང་ཡིད་བདེ་བས་དབེན་པ་འདོད་པས་གནས་པར་བྱ་སྟེ། བདག་གིས་དགོན་པ་ལ་སོགས་པ་བསྟེན་པ་ལ་གནས་པར་བྱའོ་ཞེས་ནས་དེའི་ཕན་ཡོན་བསྟན་པའི་ཕྱིར། ཤིང་རྣམས་ཞེས་པ་ལ་སོགས་པ་གསུངས་ཏེ། ཤིང་རྣམས་སྨོད་པར་མི་བྱེད་པ་ནི་ལྗོན་ཤིང་རྣམས་སོ། །རབ་ཏུ་ བསྒྲིམས་ནས་ཞེས་པ་ནི་ནགས་ལ་སོགས་པ་རྣམས་སུ་དེ་དང་རྗེས་སུ་མཐུན་པའི་ཡང་དག་པར་སྤྱོད་པས་བསྟེན་མི་དགོས་པ་ནི་བསྟན་པར་བྱ་བ་མ་ཡིན་ཏེ། ནགས་ན་འགྲོགས་པ་ན་བསམས་པ་ངན་པ་དང་བྲལ་བའི་ཕྱིར་རོ། །དེའི་ཕྱིར་བདག་ནམ་ཞིག་ཤིང་རྣམས་དང་ལྷན་ཅིག་ཏུ་འགྲོགས་པར་ འགྱུར། ཅི་ལྟ་བུར་གྱུར་པ་ཞེ་ན། བདེ་བར་འགྲོགས་པས་ཏེ་འདི་ལྟར་སྨོན་པ་ཡིན་ལ་བདེ་བའི་རྒྱུ་ཡིན་པས་བདེ་བ་ཡིན་ནོ་ཞེས་སྔར་བཞིན་དུའང་ཡང་གཅིག་པུ་རྒྱུ་བར་བྱ་བ་ལ་དགའ་བར་བྱ་བར་ཕུག་གམ་ཞེས་པ་ལ་སོགས་པ་གསུངས་པ་ལ། ལྷ་གང་ནི་སྐྱེ་བོའི་ཚོགས་དང་བྲལ་བ་ཡིན་ཏེ། གནས་བཅས་ནི་ཅི་ལྟར་འདོད་པར་ནུབ་གཅིག་གམ་གཉིས་ངལ་བསོ་ཞིང་གནས་པའོ། །ལྗོན་ཤིང་གི་དྲུང་ནི་ཤིང་གི་འོག་ཡིན་ལ། ཕུག་ནི་རི་ལ་སོགས་པ་རྣམས་སུ་གསང་བའི་ཡུལ་ཡིན་ཏེ་དེར་ཡང་ངོ་། །ལྟོས་པ་མེད་པ་ནི་ཞེན་པ་མེད་པ་ཡིན་ཏེ། འགྱུར་ཞིག་གུ་ནི་སྨོན་པའི་གནས་འགའ་ ཡང་མེད་པས་སོ། །དེ་ཉིད་ཀྱི་ཕྱིར་རྒྱབ་ཏུ་མི་ལྟ་བ་ནི་ཕྱིས་ལྡོག་པ་མེད་པའི་ཕྱིར་རོ། །ཡང་གཞན་གསུངས་པ། ས་ཕྱོགས་ཞེས་པ་ལ་སོགས་པ་ལ། འགེགས་པར་བྱེད་པ་གང་གིས་ཀྱང་སྔར་བདག་གིར་མ་བྱས་པ་ཡངས་ཤིང་རྒྱ་ཆེ་བ་ཡིད་བདེ་བར་བྱེད་པ་རྣམས་སུ་སྟེ། རང་བཞིན་གྱིས་ ནི་རང་ཉིད་ཀྱིས་སོ། །དེ་ལྟ་བུ་རྣམས་སུ་བཅོས་མ་མ་ཡིན་པས་གནས་པར་བྱའོ། །ནམ་ཞིག་བདག་ཅེས་པ་ནི་སྨོན་པ་སྟེ། འདིར་གནས་པའི་བདེ་བ་གང་ཡིན་པ་དེ་བསྟན་པའི་ཕྱིར། རང་དབང་ཞེས་པ་ལ་སོགས་པ་གསུངས་ཏེ། རང་དབང་དུ་སྤྱོད་པ་ནི་གཞན་དབང་གིས་འཇུག་ པ་མ་ཡིན་ལ་གནས་མེད་པ་ནི་གནས་དང་བྲལ་བ་ཡིན་ཏེ་གང་ལ་གནས་པ་ལ་ཞེན་པ་དང་བྲལ་བས་གང་ལ་གནས་མེད་པ་སྟེ། གང་ལ་ཡང་བདག་གིར་བྱས་པ་མེད་པའི་ཕྱིར་རོ། །དེ་ལྟ་བུར་གྱུར་པ་གང་དང་ཡང་འབྲེལ་པ་མེད་པ་ཡིན་ཏེ་ལྷག་མ་ནི་གོ་སླའོ། །ཡང་འདི་ལྟར་འདོད་པ་
Page: 228 ༄༅། །ཆུང་བས་སྨོན་པར་བྱ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སའི་ལྷུང་བཟེད་ཙམ་ཞེས་པ་ལ་སོགས་པ་གསུངས་ལ། སའི་ལྷུང་བཟེད་ནི་སའི་རང་བཞིན་གྱི་སློང་སྣོད་དོ། །དེ་ཉིད་འབའ་ཞིག་ནི་དེ་ཙམ་ཡིན་ལ། དེ་ལྟ་བུའི་བདོག་པ་གང་གི་ཡིན་པ་དེ་ལ་དེ་སྐད་ ཅེས་བྱའོ། །ཀུན་ལ་མི་མཁོ་བ་ནི་ཕྱག་དར་ཁྲོད་ལས་གོས་བྱས་པའི་ཕྱིར་ཏེ་ཡོངས་སུ་ལོངས་སྤྱད་པར་བྱ་བ་མ་ཡིན་པ་དང་། མཁོ་བ་མ་ཡིན་པ་ཞེས་པའི་ཐ་ཚིག་གོ། །དེ་ལྟ་བུའི་ཆོས་གོས་གང་གི་གོས་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གཉིས་པོ་འདི་གཞན་གྱིས་འཕྲོག་པ་མ་ཡིན་ ཏེ། དེ་ཉིད་ཀྱི་ཕྱིར་འཇིགས་པ་མེད་པ་དང་། ལུས་གསོན་པ་ལ་ལྟོས་པ་མེད་པ་ཡིན་ལ། དེ་ཉིད་ལུས་འདི་སྦ་བ་མ་བྱས་ཀྱང་ཞེས་པས་སྟོན་ཏེ། ཕྱི་དང་ནང་གི་བདག་ཉིད་ཀྱི་ཡོངས་སུ་བཟུང་བ་མེད་པའི་ཕྱིར་བསྲུང་བ་དང་བྲལ་བ་ཡིན་ནོ། །མི་རྟག་པ་འདི་ཡང་ཞེན་པ་འདོར་བའི་རྒྱུ་ཡིན་ པས་ཐམས་ཅད་དུ་བསྟེན་པར་བྱའོ་ཞེས་ཚིགས་སུ་བཅད་པ་གསུམ་གྱིས་གསུངས་པ་ནི། ལུས་ཀྱི་གཉུག་མའི་སར་སོང་ནས། །ཞེས་པ་ལ་སོགས་པ་ཡིན་ཏེ། ལུས་ཀྱི་གཉུག་མའི་ས་ནི་དུར་གྱི་ས་སྟེ། ལུས་ཀྱིས་ཡུན་རིང་པོར་གནས་ནས་ཀྱང་དེ་བཞིན་དུ་མཐར་གཏུགས་པའི་ཕྱིར་ རོ། །གཞན་རུས་ཞེས་པ་ནི་སྔར་ཤི་བ་རྣམས་ཀྱི་རུས་པ་ཡིན་ལ་རུས་པ་ནི་རྣག་དང་ལྡན་པའོ། །དེའི་ཆོས་ཅན་ནི་དེའི་རང་བཞིན་ལ། བདག་གི་ལུས་ནི་འདི་ཉིད་ཀྱང་། །ཞེས་པ་ལ་སོགས་པས་དེ་ཉིད་མགོ་སྙོམས་པར་སྟོན་པར་བྱེད་དེ། འདི་ལྟར་ཞེས་པ་ནི་རུས་པ་གཞན་ཞུ་ བ་དང་རང་གི་ལུས་པོ་འདྲ་བ་ལ་བརྗོད་དོ། །རུས་པ་སྟེ་སྨད་པར་འགྱུར་བའོ། །ཇི་ལྟ་བུར་གྱུར་པ་ཞེ་ན། རང་གི་དྲིའི་ཞེས་པ་ལ་སོགས་པ་གསུངས་ཏེ། ཤིན་ཏུ་དྲི་ང་བས་ལྕེ་སྤྱང་ཟས་དེ་དོན་དུ་གཉེར་བས་ཀྱང་བཟོད་པར་དཀའ་བ་ཡིན་ནོ། །སྡུག་པ་དང་འགྲོགས་པ་ནི་དེས་ཀྱང་ དགག་པར་སྟོན་པ་ནི་ལུས་འདི་གཅིག་པུ་ཞེས་པ་ལ་སོགས་པ་གསུངས་པ་ལ། ལུས་འདི་གཅིག་པུ་བྱུང་བ་ནི་གཅིག་པ་ཉིད་དུ་བརྟགས་པའི་ལུས་ཡིན་ལ། ལྷན་ཅིག་སྐྱེས་པ་ནི་ལུས་དང་ལྷན་ཅིག་སྐྱེས་པའི་རུས་དུམ་ཡིན་ལ། སོ་སོར་འགྱེས་པར་གྱུར་པ་ནི་བྲལ་བར་འགྱུར་ན་
Page: 229 ཞེས་པའི་དོན་ཏོ། མཛའ་བ་དང་གཞན་ལྟ་ཅི་ཞིག་སྨོས་པ་ནི་སོ་སོར་ཅིའི་ཕྱིར་མི་འགྱུར་ཞེས་པའི་དོན་ཏེ། གང་ཐམས་ཅད་དུ་བྲལ་བ་ཉིད་དུ་འགྱུར་རོ་ཞེས་པའོ། །དེ་ལྟར་གྱུར་ན་ཡང་བུ་དང་ཆུང་མ་ལ་སོགས་པ་རྟག་ཏུ་བདག་གི་བདེ་བ་དང་སྡུག་བསྔལ་གྱི་གྲོགས་སུ་གྱུར་པས་དེ་ རྣམས་ལ་རྗེས་སུ་ཆགས་པར་བྱ་བར་འོས་པ་ཉིད་དོ་ཞེ་ན། སྐྱེ་བོ་གཅིག་པུ་ཞེས་པ་ལ་སོགས་པ་གསུངས་ཏེ། སྐྱེ་བ་དང་འཆི་བ་དག་གི་སྡུག་བསྔལ་གང་གིས་ཀྱང་ཐུན་མོང་དུ་བྱེད་པར་མི་འགྱུར་ཏེ། ཐམས་ཅད་ཀྱི་བར་སྐབས་སུ་རང་གི་ལས་ཀྱིས་བསྐྱེད་པའི་བདེ་བ་དང་སྡུག་ བསྔལ་ཉིད་མྱོང་བར་འགྱུར་ཏེ། དེའི་ཕྱིར་འདི་མངོན་པར་ཞེན་པ་ཙམ་ཉིད་དོ། །སྡུག་བསྔལ་གྱི་སྐལ་བ་དེ་གང་གི་ཕྱིར་གཞན་བདག་ལས་ཐ་དད་པ་རྗེས་སུ་ཆགས་པ་བྱས་པ་དེ་ལ་སྡུག་བསྔལ་བ་དེའི་ཆ་སྟེ་ཤས་ལེན་པར་འགྱུར། དེའི་དེ་ཡང་དེ་ཉིད་ཀྱིས་མྱོང་བར་བྱ་བའི་ ཕྱིར། དེའི་ཕྱིར་དགེ་བའི་ཕྱོགས་ཀྱི་གེགས་བྱེད་པའི་མཛའ་བས་དགོས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་ཁོ་ན་ཉིད་དུ་གང་ལ་ལའི་མཛའ་བ་ཅུང་ཟད་ཀྱང་གང་གིས་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ལམ་དག་ཏུ་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། ལམ་དུ་ ཞུགས་པ་ནི་ཕྱོགས་འགའ་ཞིག་ཏུ་འགྲོ་བར་རྩོལ་བ་ཡིན་ལ། ཇི་ལྟར་གཞན་དུ་འགྲོ་བ་དང་ལྷན་ཅིག་ཏུ་གནས་གཅིག་སྟེ་འདུ་ཁང་ལ་སོགས་པའི་གནས་འཛིན་པར་འགྱུར་བ་དེ་བཞིན་དུ་འཁོར་བར་ཡང་ལས་ཀྱི་དབང་དུ་གྱུར་པས་འཁོར་བ་ན་སྐྱེ་བ་ནི་རིགས་གཅིག་པ་དང་སྣག་གི་གཉེན་ མཚམས་ལ་སོགས་པ་རྣམས་དང་གནས་གཅིག་པ་སྟེ། སྐྱེ་བའི་གནས་ཡོངས་སུ་ལེན་ཏོ། །སླར་ཡང་དེ་སྤངས་ནས་འགའ་ཞིག་ཏུ་གཅིག་པུ་འགྲོ་བར་འགྱུར་ཏེ། དེར་སུ་ཞིག་ཀྱང་དེ་དང་ལྷན་ཅིག་ཏུ་འགྲོ་བ་མ་ཡིན་ནོ། །དེའི་ཕྱིར་གང་ལ་ལའི་དངོས་པོར་གྱུར་པའི་གྲོགས་ལ་ལ་ ཡང་ཡོད་པ་མ་ཡིན་ནོ། །དེས་ན་དོན་མེད་སྟོང་ཕྲག་བསྐྱེད་པའི་རྒྱུ་རང་ཉིད་ཀྱིས་བརྟགས་ནས་སུ་ཞིག་གིས་གྲོགས་སུ་བྱེད་པར་འགྱུར་རོ་ཞེས་པའོ། །མཛའ་བའི་སྐྱོན་དེ་ལྟར་བརྗོད་ནས། ཡང་གཅིག་པུ་ཉིད་ཀྱི་ཡོན་ཏན་འདི་དག་ཡིན་ནོ་ཞེས་ཚིགས་སུ་བཅད་པ་གསུམ་གྱིས་
Page: 230 ༄༅། །བསྟན་པའི་ཕྱིར། འཇིག་རྟེན་ཞེས་པ་ལ་སོགས་པ་གསུངས་ཏེ། ད་ནི་གསོན་པའི་མཐའ་མི་འདོད་ཀྱང་ངེས་པར་འཆི་བར་འགྱུར་བས་ཁྱིམ་ན་གནས་པའི་སྟོབས་ཀྱིས་དོར་བར་བྱ་བ་ཡིན་པ་དེ་བས་ན་དེ་ལྟར་རང་ཉིད་ཀྱིས་གསོན་པ་ཉིད་ན་དོར་བར་རིགས་སོ། །དེ་ནས་ཞེས་པ་ ནི་ཁྱིམ་ནས་སོ། །མྱ་ངན་མེད་པར་ཞེས་པ་ནི་ཀྱི་ཧུད་ཅེས་པ་ལ་སོགས་པ་བརྗོད་པའི་ཚིག་གིས་ཡོངས་སུ་གདུངས་པ་འཇིག་རྟེན་གྱི་གཉེན་ལ་སོགས་པས་མ་བྱས་པ་དེ་སྲིད་ཉིད་དུའོ། །དེ་ལས་དང་པོ་ཉིད་དུ་ནགས་སུ་འགྲོ་བར་བྱའོ། །ཡང་འདིར་ཡོན་ཏན་གྱི་ཁྱད་པར་ཅི་ལྟ་བུ་ཡོད་ཅེ་ན། བཤེས་མེད་ཅེས་པ་ལ་སོགས་པ་གསུངས་ཏེ། རྗེས་སུ་ཆགས་པ་དང་འཁོན་པ་དང་བྲལ་བའི་ཕྱིར་རོ། །ཤི་ན་ཡང་མྱ་ངན་བྱེད་པ་མེད་པ་ནི་མྱ་ངན་གྱིས་བསྐྱེད་པའི་སྡུག་བསྔལ་བརྟེན་པར་མི་འགྱུར་བའོ། །ཅིའི་ཕྱིར་ཞེ་ན། འཇིག་རྟེན་ན་ནི་སྔར་ཉིད་ཤི། །གང་གི་ཚེ་ཁྱིམ་ནས་ བྱུང་བ་དེ་ཉིད་ཀྱི་ཚེ་རང་གི་བཤེས་དང་གཉེན་ལ་སོགས་པའི་འཇིག་རྟེན་གྱི་ཡུལ་ནའོ། །ཡོན་ཏན་གཞན་འདི་ཡང་ཡོད་པར་དྲུང་ན་འཁོད་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲུང་ན་འཁོད་པ་ནི་ཉེ་བར་གནས་པའི་གཉེན་དང་རིགས་གཅིག་པ་ལ་སོགས་པ་རྣམས་ཡིན་ཏེ། ནད་པ་ དེ་དང་བྲལ་བས་མྱ་ངན་ཏེ། མྱ་ངན་སྐྱེད་པ་དང་གནོད་པ་བྱེད་པ་ཡང་ཡོད་པ་མ་ཡིན་ཏེ། བདག་ཉིད་ཀྱི་ལུས་དང་ངག་དང་ཡིད་ལ་གདུང་བར་བྱེད་པ་མ་ཡིན་ནོ། །ཡང་ན་དེ་རྣམས་ཀྱི་མྱ་ངན་མཐོང་བས་འཆི་བ་པོའི་ཡིད་གདུང་བར་བྱེད་པ་མ་ཡིན་ནོ། །འདིའི་ཞེས་པ་ནི་སྐྱེ་བོ་དང་ འགྲོགས་པ་དང་བྲལ་བའི་སྟེ། འཆི་བའི་དུས་ན་ཡོན་ཏན་འདི་འབའ་ཞིག་ནི་མ་ཡིན་ནོ། །འོན་ཀྱང་སངས་རྒྱས་རྗེས་དྲན་ལ་སོགས་པའང་ཡིན་ལ། སོགས་པའི་སྒྲས་ནི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པའམ་ཆོས་རྗེས་སུ་དྲན་པ་ཡང་ངོ་། །དེ་བས་ཞེས་པ་ལ་སོགས་པས་ནི་མཇུག་ སྡུད་པར་བྱེད་དེ། གཅིག་པུ་ནི་ཆགས་པ་མེད་པར་རྒྱུ་བས་སོ། །ཉམས་དགའ་བ་ནི་བདེ་བ་སྐྱེད་པའི་རྒྱུ་ཡིན་པའི་ཕྱིར་ལ། ཚེགས་ཆུང་བ་ནི་སྡུག་བསྔལ་གྱི་གཉེན་པོ་ཡིན་པའི་ཕྱིར་ཏེ། བདེ་བ་སྐྱེད་པ་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་ལ།
Page: 231 གཡེང་བ་ཐམས་ཅད་ཞི་བར་བྱེད་པ་ནི་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པའི་རྣམ་པར་གཡེང་བ་ཐམས་ཅད་ཞི་བར་བྱེད་པ་ཡིན་ཏེ། ཟློག་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །བདག་གིས་རྟག་ཏུ་བསྟེན་པར་བྱ། །ཞེས་པ་ནི་འདི་ཉིད་ལ་མངོན་པར་ཞེན་པས་ཞེན་པ་མེད་ པར་བྱ་ཞེས་པའི་དོན་ཏོ། །དེ་ལྟར་སྐྱེ་བོ་དང་འགྲོགས་པ་སྤངས་པས་ལུས་རྣམ་པར་དབེན་པ་བཤད་ནས། སེམས་རྣམ་པར་དབེན་པ་བཤད་པའི་ཕྱིར། བསམ་པ་གཞན་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། བསམ་པ་གཞན་ཀུན་ནི་མི་བདེན་པའི་རྣམ་པར་རྟོག་པའི་རང་བཞིན་ ཏེ་དེ་རྣམས་བཏང་བ་ནི་དེ་དང་བྲལ་བའོ། །བདག་གི་སེམས་ནི་རྩེ་གཅིག་གིས་ཞེས་པ་ནི་རྩེ་གཅིག་པ་ནི་གཙོ་བོ་ཡིན་ཏེ། སེམས་དེ་ཡིད་ལ་བྱེད་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལྟ་བུའི་སེམས་གང་ལ་ཡོད་པ་དེ་ནི་དེ་སྐད་ཅེས་བརྗོད་པའམ། སེམས་རྩེ་གཅིག་པས་གཅིག་ཏུ་ དབང་དུ་གྱུར་པར་དེའི་རྒྱུ་བ་ལ་ལྟ་བར་བརྩོན་པའམ། དམིགས་པ་ངེས་པ་ལ་འབྲེལ་བའི་ཡིད་གང་གི་ཡིན་པ་ཞེས་ཚིག་སྡུད་པ་ཡིན་ལ། དེ་ལྟ་བུར་གྱུར་པའི་ཡང་དག་པར་མཉམ་པར་གཞག་པ་ལ་སེམས་ཞི་བར་གནས་པས་གཞག་པར་བྱ་སྟེ། དེ་ལ་བརྩོན་པར་འགྱུར་བར་ འགྲོ་བར་བྱ་ཞིང་དེ་ལ་རྩེ་གཅིག་པས་སྦྱར་བར་བྱའོ་ཞེས་པ་ནི་གདུལ་བར་བྱ་སྟེ་ཡང་དང་ཡང་དུ་དམིགས་པ་དེ་ཉིད་ལ་སྦྱོར་བའམ་ཕྱིའི་རྣམ་པར་གཡེང་བ་དགག་པའི་ཕྱིར་དེ་ལ་སེམས་མཉམ་པར་གཞག་པ་ནི་གཉེན་པོ་ཡིན་པའི་ཕྱིར་རོ། །འདོད་པའི་རྣམ་པར་རྟོག་པ་དགག་པར་ འདོད་ནས། འཇིག་རྟེན་ཞེས་པ་ལ་སོགས་པ་གསུངས་ཏེ། སྲིད་པ་ལ་སྦྱོར་བ་མ་སྤངས་པས་འདོད་པར་བྱ་བ་ཉིད་ཀྱིས་ཞེན་པའི་ཕྱིར་འདོད་པ་ནི་གཟུགས་ལ་སོགས་པའི་ཡུལ་ལ་བརྗོད་དེ། ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཡིན་ལ། དེ་བས་འདོད་ལ་དགའ་མི་བྱ། །ཞེས་ པ་དང་འབྲེལ་ཏོ། །དེ་ཡང་བརྟེན་པ་ན་ཕུང་ཁྲོལ་སྐྱེད་པ་ཡིན་ཏེ། མི་འདོད་པའི་འབྲས་བུ་སྟོབ་པའི་ཕྱིར་རོ། །འཇིག་རྟེན་འདི་ནི་སྐྱེ་བ་འདི་ཉིད་ཡིན་ལ། ཕ་རོལ་ནི་འཇིག་རྟེན་ཕ་རོལ་ཏེ་སྐྱེ་བ་ཕྱི་མ་ཞེས་པའི་དོན་ཏོ། །དེ་ཉིད་འདིར་བསད་དང་ཞེས་པ་ལ་སོགས་པས་
Page: 232 ༄༅། །སྟོན་ཏེ། གཞན་གྱི་ཆུང་མ་འཕྲོག་པ་ལ་སོགས་པས་འཇིག་རྟེན་འདིར་འཆི་བ་ལ་སོགས་པའི་ཁྱད་པར་མངོན་སུམ་ཉིད་དུ་རྟོགས་ལ་འཇིག་རྟེན་ཕ་རོལ་དུ་ནི་ལུང་ལས་སོ། །དེ་ལ་གཞན་འདོད་པའི་འདོད་ཆགས་རྣམས་ལ་འདོད་པའི་ཆགས་པ་ནི་ཤིན་ཏུ་ཡང་ དཀའ་བ་ཡིན་ཏེ། འདི་ལྟར་བུད་མེད་ལ་སྟེ་རེག་པའི་ཆགས་པའོ། །དེའི་ཕྱིར་དང་པོར་དེ་ཉིད་ལ་ཆགས་པ་བཟློག་པའི་ཕྱིར་སྨད་པར་བཞེད་ནས། གང་ཕྱིར་ཞེས་པ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ནི་གང་གཞན་གྱི་ཆུང་མ་ལ་སོགས་པའི་ཆེད་དུ་ཡིན་ལ། ཕོ་ཉ་དང་ཕོ་ ཉ་མོ་ལ་དེའི་དོན་བསམ་པས་སྐྱེས་པ་དང་ཕྲིན་སྐུར་བར་བྱེད་པ་རྣམས་ཐལ་མོ་སྦྱར་ནས་ཁྱེད་ཀྱི་དྲིན་གྱིས་བདག་དང་དེ་ཇི་ལྟར་ཕྲད་པར་བྱེད་པ་དེ་བཞིན་དུ་མཛོད་ཅིག །དེ་ལྟར་ན་བདག་ཁྱེད་ཀྱིས་གསོན་པར་བྱས་པ་ཡིན་ནོ་ཞེས་གསོལ་བ་འདེབས་པ་སྔོན་དུ་སོང་བས་ལག་པ་ཐལ་མོ་སྦྱར་ཏེ་ལན་ དུ་མར་གསོལ་བ་འདེབས་སོ། །དེའི་ལས་ཀྱི་རྣམ་པར་སྨིན་པ་ལས་འཇིག་རྟེན་ཕ་རོལ་དུ་གནོད་པའི་མི་དགེ་བའི་ལས་དེ་ལ་ཡང་མ་བལྟས་པ་དང་། གྲགས་པ་མ་ཡིན་པ་འཇིག་རྟེན་འདི་ལ་གནོད་པར་བྱེད་པ་ཡིན་ལ་སྔོན་ཏེ་སྔ་མ་ཉིད་དུ་དེ་ལ་གསོལ་བ་འདེབས་པའི་དུས་ན་སྟེ། དེའི་ གསོན་པའི་གནས་སྐབས་ན་ཞེས་པའི་དོན་ཏོ། །འཇིགས་པ་ལ་ཡང་བདག་ཞུགས་ཤིང་། །ཞེས་ཏེ་དེ་ལ་ཞུགས་པ་ན་འཆི་བ་ལ་སོགས་པའི་ཉེས་དམིགས་ཀྱིས་འཇིགས་པ་ཡང་དེ་ལྟར་བྱུང་བ་ལ་མ་འཛེམས་པས་བདག་ཉིད་ནི་རང་གི་ལུས་བཅུག་པ་སྟེ་སྦྱར་བའོ། །རྫས་ཀྱང་ ཟད་པར་བྱས་པས་ཏེ་གོས་དང་རྒྱན་དང་བྱུག་པ་དང་ག་བུར་ལ་སོགས་པའི་བྱུག་པ་སྤྱད་པས་རྫས་ཀྱང་ཟད་པར་བྱེད་དོ། །གཉི་གར་ཡང་གང་གི་དོན་དུ་ཞེས་པ་དང་། སྔོན་ཞེས་པ་དང་ཡང་འབྲེལ་ཏོ། །གང་ལ་ཞེས་པ་ནི་རུས་པ་ཞེས་པ་དང་སྦྱར་བར་བྱ་སྟེ། ཡོངས་སུ་འཁྱུད་པ་ནི་ བརྟན་པར་འཁྱུད་པ་ཡིན་ལ། མཆོག་ཏུ་དགའ་བའི་རོ་ཉམས་སུ་མྱོང་བར་གྱུར་པ་ཡིན་ཏེ། དེ་ཉིད་ཀྱི་རུས་པ་ནི་ཤི་བ་དེའི་རུས་པ་ཡིན་ཏེ། དུར་ཁྲོད་ཀྱི་སར་ལྷུང་བ་རྣམས་ཡིན་ལ། གཞན་གྱི་དབང་དུ་གྱུར་པ་ནི་མ་ཡིན་ཏེ། བདག་གི་དབང་དུ་གྱུར་པ་ཡིན་ཞིང་བདག་མ་ཡིན་
Page: 233 པ་ནི་ཡོངས་སུ་མ་བཟུང་བ་དག་ཡིན་ཏེ། གཞན་གང་གིས་ཀྱང་བདག་གིར་མ་བྱས་པ་ཞེས་པའི་དོན་ཏོ། །དེའི་ཕྱིར་རབ་ཏུ་འདོད་ཅིང་ཡོངས་སུ་ཞེན་ནས་ཏེ། ཅིའི་ཕྱིར་ཇི་ལྟར་འདོད་པར་འཁྱུད་པའི་དོན་དུ་བརྟན་པར་འགྲོ་བར་མི་བྱེད་ཅེས་པའོ། །དགའ་བར་ཞེས་པ་ནི་སྔར་ བཞིན་ནོ། །རང་གི་ཆུང་མ་ལ་ཞེན་པའི་དབང་དུ་བྱས་ནས། གང་ཞིག་དང་པོ་ཞེས་པ་ལ་སོགས་པ་གསུངས་ཏེ། ངོ་ཚའི་དབང་དུ་གྱུར་པས་ཆུང་མའི་བཞིན་འོག་ཏུ་ལྟ་བ་ན་ཇི་ལྟར་ཡང་འདིའི་བྱད་བཞིན་གསལ་བར་བལྟ་བར་བྱ་བར་འདོད་པས་འབད་པས་ཏེ་འདོད་པ་ཅན་གྱིས་ཞེས་ པས་བསྐྱེད་པའི་སེམས་ཀྱིས་འདེགས་པ་ན་ཆུང་མ་ངོ་ཚའི་དབང་དུ་གྱུར་པ་དེ་ཡང་འོག་ཏུ་ལྟ་བར་བྱེད་དེ། ངོ་ཚས་ངེས་པར་འོག་ཏུ་ལྟའོ། །སྔོན་ནི་སྔར་དུར་ཁྲོད་དུ་འགྲོ་བ་ལས་སྔ་མར་ཡིན་ལ་དེ་ལྟ་ན་ཡང་བྱ་སླ་བས་མ་མཐོང་ངོ་ཞེས་མཐོང་ངམ་མ་མཐོང་ཡང་ཞེས་གསུངས་པ་ལ། བརྒྱ་ལ་ཅུང་ཟད་མཐོང་བ་ན་རྣམ་པ་ཐམས་ཅད་དུ་ལྟ་བར་འདོད་པ་ཅིའི་ཕྱིར་ལྡོག །སེང་བའི་རས་ཀྱིས་གདོང་གཡོགས་པ་སྟེ་ཡུལ་དབུས་ན་ཕལ་ཆེར་བཅོམ་བརླག་པའི་རིགས་རྣམས་ཀྱི་རིགས་ཀྱི་ཆུང་མ་བཞིན་དགབ་པའི་དོན་དུ་སེང་རས་ཀྱིས་གཡོགས་ཏེ། གང་གི་བྱད་ དེས་གཡོགས་ཤིང་བསྒྲིབས་པའི་བྱད་དེས་ད་ནི་དུར་ཁྲོད་ཀྱི་ས་ན་བྱ་རྒོད་ཀྱིས་བསལ་བར་བྱས་པས་སོ། །གཡོགས་མ་ཐམས་ཅད་དང་བྲལ་བས་རྣམ་པར་བསལ་བར་བྱས་པ་ཇི་ལྟར་འདོད་པར་ཅིའི་ཕྱིར་ལྟ་ཞིང་རྟོག་པར་མི་བྱེད། ཅི་ལྟར་གྱུར་པས་ཤེ་ན། ཁྱོད་ཉོན་མོངས་ པའི་གདོང་ལ་མི་བཟོད་གྱུར་པ་བཞིན་དུ་དེའི་གདོང་བལྟ་བའི་དོན་དུ་ཁྱོད་ཀྱིས་སྔོན་ཡོངས་སུ་ངལ་བར་བྱས་པ་དེ་ལ་ཁྱེད་རྣམས་ཀྱིས་བཟོད་པར་མི་ནུས་པ་བཞིན་དུ་དེ་ལ་ད་ལྟར་འཇིགས་པ་མཐོང་ནས་འཇིགས་པར་གྱུར་པ་ན་ཅིའི་ཕྱིར་འབྱེར་བར་བྱེད་ཅིང་འབྲོས་པར་བྱེད། འདོད་པ་ཅན་ལ་བརྒལ་ཞིང་བརྟགས་པས་བསྐྱོད་པ་གཞན་འདི་ཡང་བསྟན་པའི་ཕྱིར། གཞན་རྣམས་མིག་གིས་ཞེས་པ་ལ་སོགས་པ་གསུངས་ཏེ། སུ་ཡང་དེ་ལ་ལྟ་བར་མ་བྱེད་ཅིག་ཅེས་སྔར་གསུངས་ནས་ཡོད་པ་དེ། ཇི་སྲིད་དུ་ད་ནི་བྱ་རྒོད་ལ་སོགས་པས་ཟ་བ་ལ་
Page: 234 ༄༅། །ཐུག་པ་སྟེ། ཀྱེ་ཕྲག་དོག་ཅན་ཅིའི་ཕྱིར་སྲུང་བར་མི་བྱེད་དེ་སྦེད་པར་མི་བྱེད། གཞན་ཡང་ད་ནི་ཤིན་ཏུ་ཡང་བསྲུང་བར་འོས་སོ་ཞེས། ཤའི་ཕུང་པོ་ཞེས་པ་ལ་སོགས་པ་གསུངས་ཏེ། བྱ་རྒོད་ལ་སོགས་པ་གང་རྣམས་ཀྱི་ཟས་ཏེ། ཁ་ཟས་ཤའི་ ཕུང་པོའི་གཟུགས་ལ་ཁྱོད་ཀྱིས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱེད། བྱ་རྒོད་དང་གཞན་ཅེ་སྤྱང་ལ་སོགས་པ་རྣམས་ཀྱིས་ཤའི་ཕུང་པོ་སྟེ་ཤའི་ཚོགས་ཟ་བ་འཇིགས་སུ་རུང་བ་མཐོང་བ་ན་ཅིའི་ཕྱིར་ཕྲག་དོག་ཅན་སྲུང་བར་མི་བྱེད་ཅེས་སྦྱར་བར་བྱ་བ་དང་། ད་ལྟ་ཅིའི་ཕྱིར་ འབྱེར་བར་མི་བྱེད་ཅེས་པ་བར་དུ་ཆོད་པ་དང་ཡང་འབྲེལ་ཏོ། །འདི་ཡང་ཁྱེད་རྣམས་ཀྱིས་ཅིའི་ཕྱིར་ལྟ་བར་མི་བྱེད་ཅེས་རུས་གོང་ཞེས་པ་ལ་སོགས་པ་གསུངས་ཏེ། མི་འགུལ་ཡང་སྟེ་ཤིང་དང་བོང་བ་ལ་སོགས་པ་དང་འདྲ་བའི་ཕྱིར་རོ། །ཁྱོད་སྐྲག་ན་ཞེས་ཟུར་གྱིས་འདྲི་བར་བྱེད་དེ། རུས་གོང་ལས་ཏེ་རུས་པའི་སྒལ་ཚིགས་ལས་སོ། །དེ་ལྟར་ཞེས་པ་ནི་འདི་ལྟར་འཇིགས་པའི་གཟུགས་མཐོང་བ་ལས་ཏེ་བལྟས་པ་ལས་སོ། །ཡང་ན་དེ་ལྟར་ཞེས་པ་ནི་སྐྲག་པ་སྟེ་གང་རིང་བ་ལས་ཀྱང་ཤིན་ཏུ་རིང་བར་བྲོས་པར་བྱེད་ཅེས་པ་དང་སྦྱར་རོ། །གང་གི་ཕྱིར་དེ་ལྟར་ གཡོ་བ་ལས་ཅིའི་ཕྱིར་འཇིགས་ཤེ་ན། རོ་ལངས་བཞིན་དུ་ཞེས་གསུངས་ཏེ། གསོན་པར་གྱུར་པ་འབྱུང་པོའི་གདོན་གྱིས་བསྐྱོད་པར་བྱས་པ་ན་བསྐྱོད་པ་ལས་ཅིས་ན་འཇིགས་པར་མི་འགྱུར་ཏེ། དེའི་ཕྱིར་ཤིན་ཏུ་འཇིགས་པར་རིགས་སོ་ཞེས་པའི་དོན་ཏོ། །རེ་ཞིག་དེ་ལྟར་སྨད་ པར་བྱ་བ་ཉིད་དུ་བསྟན་ནས། ཡང་གཞན་དུ་བསྟན་པའི་ཕྱིར། ཟས་ནི་གཅིག་པུ་ཞེས་པ་ལ་སོགས་པ་གསུངས་ཏེ། ཤེས་པ་གཏི་མུག་གིས་བསྒྲིབས་པ་འབའ་ཞིག་དུག་གིས་མྱོས་པར་འགྱུར་བའི་སེམས་འདོད་པ་ཅན་གྱི་དེ་འདོད་པར་བྱ་བ་ཉིད་ཡིན་པས་དེ་བཞིན་སྦྲང་ རྩིའི་བཏུང་བ་བཞིན་དུ་རིགས་ནས་དེའི་གདོང་འབའ་ཞིག་གི་མཆིལ་མའི་བཏུང་བ་འདོད་པ་ལ་བརྒལ་ཞིང་རྟག་པ་མཚུངས་པ་ཡིན་ཏེ། གཉི་གའི་ཡང་རྒྱུ་གཅིག་པུ་བཟའ་བ་དང་བཏུང་བའི་རང་བཞིན་ལས་བྱུང་བ་དེ་ལ་དེ་དག་གི་ནང་ནས་ཁྱེད་མི་གཙང་བ་བཤང་བ་ལ་མི་
Page: 235 དགའ་ཞིང་། ཁ་ཆུ་བད་ཀན་གྱི་བཏུང་བ་ལ་ཅིའི་ཕྱིར་དགའ་སྟེ་རྣམ་པ་གང་གིས་གཞན་དུ་མ་ཡིན་པར་དེར་དགའ་བར་འགྱུར་ཏེ། གཉི་ག་ལ་ཡང་རིགས་སོ་ཞེས་དགོངས་སོ། །འོན་ཏེ་དེ་ལྟར་ན་གལ་ཏེ་ཡང་གཉི་ག་ལ་ཡང་རྒྱུ་ཐ་དད་པ་མ་ཡིན་པ་དེ་ལྟར་ན་ཡང་དེ་ལ་ཤིན་ཏུ་དྲི་མི་ཞིམ་པས་ ཕྱིར་ཕྱོགས་ཤིང་གཞན་ལ་ནི་དེ་མེད་པས་དགའ་བ་ཡིན་ནོ་ཞེ་ན། འདི་དེ་ལྟར་ན་ཡང་ལེགས་པར་བརྗོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཤིང་བལ་ཞེས་པ་ལ་སོགས་པ་གསུངས་ཏེ། རས་ལ་སོགས་པའི་བལ་གྱིས་ཡོངས་སུ་བཀང་བའི་ནང་ཚངས་ཅན་ལ་སོགས་པའི་སྔས་རེག་ ན་འཇམ་པ་ལ་འདོད་ཅིང་དགའ་བར་མི་བྱེད་དེ་སྡུག་པར་མི་བྱེད་པར་མི་གཙང་བ་ལས་བྱུང་བའི་དྲི་ང་བ་འཛག་པ་མ་ཡིན་ནོ་ཞེས་བྱས་ནས་མི་གཙང་བས་ཡོངས་སུ་གང་བའི་བུད་མེད་ཀྱི་ལུས་པོ་ཉིད་ལ་ཅིའི་ཕྱིར་དགའ་བར་བྱེད། དེ་ལྟར་ནའང་ཅིའི་ཕྱིར་འདོད་ལྡན་ཏེ་འདོད་པའི་བདེ་བ་ འདོད་པས་གང་ལས་མི་གཙང་བ་ལ་རྨོངས་ཏེ། འདི་ནི་གཏན་ཚིགས་ཀྱི་ཚིག་ཡིན་ལ། མི་གཙང་བ་སྟེ་ཡུལ་མི་གཙང་བའམ་མི་གཙང་བས་རྨོངས་པའོ། །མི་གཙང་བ་ལ་སྟེ། གཙང་བ་ལས་བཟློག་པ་དེ་ཉིད་ལས་ཤིན་ཏུ་ཡང་མངོན་པར་དགའ་བར་ཉམས་སུ་མྱོང་བར་འགྱུར། དེ་ལྟ་བས་ན་གལ་ཏེ་རང་མི་གཙང་བ་ཉིད་བུད་མེད་ཀྱི་ལུས་མི་གཙང་བ་ཉིད་དང་ཐུན་མོང་བ་དེ་ལྟར་ན་ཡང་དེ་གཅིག་ནི་བསྒྲིབས་པ་ཡིན་ལ། གཞན་ནི་མ་གཡོགས་པ་ཡིན་ཏེ། དེའི་ཕྱིར་གཅིག་ཡོངས་སུ་སྤངས་པས་འདི་ལ་ཆགས་པར་བྱེད་དོ་ཞེ་ན། གང་ལ་གཡོགས་ན་ཞེས་པ་ལ་ སོགས་པ་གསུངས་ཏེ། མི་གཙང་བའི་རང་བཞིན་གཡོགས་པ་གང་ལ་ཅི་མཐོང་ན་ཡང་འདི་ལྟ་བུ་མངོན་པར་ཞེན་པ་སྟེ་མ་གཡོགས་པར་མཐོང་བར་གྱུར་ན་ཤིན་ཏུ་འདོད་པ་སྐྱེ་བར་རིགས་ཏེ། དེ་ལྟ་བུར་གྱུར་པ་ལ་ཅིའི་ཕྱིར་འདོད་པར་མི་བྱེད། འོན་ཏེ་དེ་ལྟ་བུར་གྱུར་པ་ལ་རྣམ་ པ་ཐམས་ཅད་དུ་ཅུང་ཟད་ཀྱང་དགོས་པ་མེད་པས་ཕྱིར་ཕྱོགས་པ་ཉིད་ཡིན་ནོ་ཞེ་ན། གང་དེ་ལྟར་ན་ཅིའི་ཕྱིར་ན་རྒྱུ་ཅི་གཡོགས་པ་བྱེ་བྲག་ཏུ་ཚོལ་ཏེ། དེ་གཞན་སྤངས་ནས་དེ་ཉིད་དང་ཕྲད་པ་ལ་འབད་པར་བྱེད། གཞན་ཡང་ཁྱོད་ལ་འདི་འདྲི་བར་བྱ་སྟེ། ཅི་ཁྱོད་མི་གཙང་བ་ལ་
Page: 236 ༄༅། །ཆགས་པ་དང་བྲལ་བའམ་མ་ཡིན་ཞེས་སོ། །འདི་རྣམ་པར་རྟོག་པ་དང་པོའི་དབང་དུ་བྱས་ཏེ། གལ་ཏེ་མི་གཙང་ཞེས་པ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཁྱོད་མི་གཙང་བ་ལ་མ་ཆགས་ཤིང་རྣམ་པ་ཐམས་ཅད་དུ་ཞེན་པ་མེད་ན་འོ་ན་ཅིའི་ཕྱིར་གཞན་ཐ་དད་ པ་པང་དུ་འཁྱུད། འདི་ཅི་ལྟ་བུ་ཞེ་ན། ཤའི་འདམ་ཞེས་གསུངས་ཏེ། ཤ་ཉིད་འདམ་དང་འདྲ་སྟེ་ཞལ་ཞལ་དུ་ཆོས་མཐུན་པའི་ཕྱིར་ལ། དེས་ཞལ་ཞལ་བྱས་པ་ནི་ཉེ་བར་བསྐུས་པའོ། །ཅིའི་ཕྱིར་དེ་ལྟར་གྱུར་པ་ཡིན་ཞེ་ན། རུས་གཟེབ་རྒྱུས་པས་སྦྲེལ་བ་ལ། །ཞེས་གསུངས་ཏེ། རྒྱུས་ པས་སྦྲེལ་བ་ནི་བཅིངས་ཤིང་དབང་དུ་བྱས་པ་ཡིན་ལ། རུས་གཟེབ་ནི་རུས་པ་མཐའ་དག་ཡིན་ཏེ། གཞན་དུ་ན་དུམ་བུར་འཐོར་བར་འགྱུར་རོ། །དེ་ལྟར་འདོད་ཆགས་དང་བྲལ་བའི་ཡུལ་དུ་སྟོན་པར་བྱེད་དོ། །འོན་ཏེ་མི་གཙང་བ་ལ་ཆགས་པ་ཡིན་ནོ་ཞེས་རྣམ་པར་རྟོག་པ་གཉིས་ པ་ཁས་ལེན་ན། དེ་ལ་ཁྱོད་ཉིད་ཅེས་པ་ལ་སོགས་པ་གསུངས་སོ། །ཡང་ན་གཞན་དུ་སྦྱར་བར་བྱ་སྟེ། གང་བརྗོད་པ་པགས་པ་ལ་སོགས་པ་གཞན་གྱིས་གཡོགས་པ་ལ་ཆགས་པར་གྱུར་ན་མ་གཡོགས་པ་དེ་ལ་ཡང་གལ་ཏེ་ཞེས་པ་ལ་སོགས་པ་གསུངས་ཏེ། གལ་ཏེ་པགས་པ་ལ་ སོགས་པས་གཡོགས་པའི་ཕྱིར་རྒྱུ་དེས་ཁྱོད་མི་གཙང་བ་ལ་ཆགས་པར་གྱུར་ན་དེའི་ཚེ་ཅིའི་ཕྱིར་གཞན་ཏེ་གཞན་གྱི་རུས་པ་ལ་འཁྱུད་པར་བྱེད། གཞན་ནི་སྔར་བཞིན་དུའོ། །འདི་ལ་ཡང་ཅིའི་ཕྱིར་མི་རིགས་ཞེས། ཁྱོད་ཉིད་ཅེས་པ་ལ་སོགས་པ་གསུངས་ཏེ། རང་ཉིད་དེ་བདག་ཉིད་ མི་གཙང་བ་ཤིན་ཏུ་མང་བ་ནི་མཆིལ་མ་དང་སྣབས་དང་ཀླད་རྒྱས་དང་གཅི་བ་དང་བཤང་བ་རྣམས་ཁྱེད་ལ་ཡོད་པ་ཡིན་ལ། མི་གཙང་བ་དེ་ཉིད་ཀྱིས་དགའ་བར་གྱིས་ཤིག །དེའི་ཕྱིར་མི་གཙང་བའི་རྐྱལ་པ་སྟེ་བཤང་བ་འབྱུང་བ་ཡིན་ལ། གཞན་ནི་ཐ་དད་པ་བུད་མེད་ཀྱི་ལུས་ཀྱི་ རང་བཞིན་མི་གཙང་ཞིང་བཙོག་པའི་བཤང་བ་ཟ་བའི་ངང་ཚུལ་ཅན་ཡིན་ལ། རྣམ་དྲན་བྱེད་ནི་ཡིད་ལ་བསམ་པར་བྱེད་པའོ། །བདག་གི་ཤ་འདི་ལ་ཞེས་པ་ལ་སོགས་པས་ཡང་སྤང་བའི་ཆེད་དུ་གཞན་གསུངས་པ་ཡིན་ལ། གང་གི་ཤ་ལ་དགའ་བ་འདི་ནི་ཤ་ལ་དགའ་བ་སྟེ།
Page: 237 བདག་ཡིན་ལ་འདི་ནི་རུས་གོང་གིའོ། །ཡང་ན་ཤ་ལ་དགའ་བ་ནི་ཤ་ལ་དགའ་བ་ཡིན་ལ་སྔར་བཞིན་དུ་བདག་ནི་འདི་ལའོ་ཞེས་ཏེ་བདག་འདིའི་ཤ་ལ་དགའ་བ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །དེ་ལྟར་ན་དེ་ལ་ཞེན་པའི་ཕྱིར་རམ་སླར་ཕན་འདོགས་པའི་བློས་རེག་དང་ལྟ་བར་འདོད་པ་སྟེ། མཐོང་བ་དང་རེག་པ་ལ་དགའ་བའོ། །འདིར་གསུངས་པ་སེམས་མེད་པ་ནི་སེམས་ཀྱིས་སྟོང་པ་ཡིན་ཏེ་འཇིམ་གོང་བཞིན་དུ་རང་བཞིན་གྱིས་ཐ་མལ་པའོ། །ཡང་སེམས་དང་ལྡན་པས་སེམས་སོ་ཞེས་ཇི་ལྟར་གཞན་གྱིས་བརྗོད་པ་དེ་ལྟར་ཤ་ལ་ཁྱོད་ནི་ཞེས་པ་ལྟར་རང་བཞིན་མ་ཡིན་པ་ནི་མ་ཡིན་ ནོ། །འདོད་པ་ཅན་ཁྱོད་དེ་ཅིས་མི་འདོད། དེ་འདོད་པ་ན་འཇིམ་པའི་དུམ་བུ་ལ་ཡང་འགྱུར་ལ་དེ་བཞིན་དུ་ཡང་ཁྱོད་ཀྱང་སེམས་དང་བྲལ་བར་འགྱུར་རོ། །དེ་ལ་སེམས་ཀྱི་རང་བཞིན་གྱི་སེམས་ཡོད་པ་དེ་ལ་དེས་འདོད་པ་ཡིན་ནོ་ཞེས་པ་ནི། གལ་ཏེ་སེམས་ནི་ཞེས་པ་ལ་སོགས་པ་གསུངས་ ཏེ། གལ་ཏེ་སེམས་དེ་སེམས་ཀྱི་རང་བཞིན་འདོད་ན་དེ་གཟུགས་མེད་པའི་ཕྱིར་བལྟ་བར་མི་ནུས་ལ། ལུས་མེད་པའི་ཕྱིར་རེག་པར་མི་ནུས་ཏེ། གང་ཤ་དང་རུས་པའི་རང་བཞིན་གྱི་ལུས་རེག་པ་དང་བལྟ་བར་ནུས་ཤིང་གྲུབ་པ་ལ་དེ་དང་ལྡན་པའི་ཤེས་པ་མེད་པ་ཡིན་ཏེ། སེམས་དང་བྲལ་བའི་ ཕྱིར་རོ། །དེའི་ཕྱིར་ཅི་ཞིག་ཅེས་ཏེ། སེམས་མེད་པ་དེ་ལ་འཁྱུད་པར་བྱེད་ཅིང་སྦྱོར་བར་བྱེད། རྨོངས་པ་ཞེས་པ་ནི་འབྲས་བུ་མེད་པ་ཉིད་དུ་འཁྱུད་པར་རིགས་པ་མ་ཡིན་ནོ་ཞེས་པའི་ཐ་ཚིག་སྟེ། གཞན་དུ་ན་བོང་བ་ལ་སོགས་པ་ལ་ཡང་འཁྱུད་པར་ཐལ་ལོ། །གཞན་ཡང་འདི་ཡང་ཤིན་ཏུ་ སྨད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་མི་གཙང་ཞེས་པ་ལ་སོགས་པ་གསུངས་ཏེ། གཞན་གྱི་ལུས་ལ་མི་གཙང་བའི་རང་བཞིན་དུ་གང་མི་རྟོགས་པ་དེ་ལ་ངོ་མཚར་ཅུང་ཟད་ཀྱང་མེད་པར་རིགས་པ་ཉིད་དེ། གཞན་གྱི་རྒྱུད་ཀྱི་རིགས་པ་དེ་བདག་ཉིད་ལ་བསྐལ་པ་ཡིན་པའི་ཕྱིར་རོ། །འདི་ནི་ ཤིན་ཏུ་ཡང་ངོ་མཚར་བའི་གནས་ཡིན་ཏེ། རང་སྟེ་བདག་ཉིད་ལ་མི་གཙང་བའི་རང་བཞིན་གང་ཡིན་པའི་ལུས་ཁྱོད་ཀྱིས་རྟོགས་པར་མ་གྱུར་ཏེ་མ་གོ་བའོ། །ད་ནི་བསྟན་བཅོས་མཛད་པ་དེ་ལ་སྐྱོ་བར་མཛད་པ། སྤྲིན་བྲལ་ཞེས་པ་ལ་སོགས་པ་གསུངས་ཏེ། སྤྲིན་བྲལ་ཉི་ཟེར་གྱིས་བྱེ་བ་
Page: 238 ༄༅། །ནི་གསལ་བར་བྱས་པ་སྟེ་དེ་ལྟ་བུའི་པདྨ་གཞོན་ནུ་སྟེ་མངོན་པར་གསར་བའི་མཚོ་སྐྱེས་བོར་ནས་མི་གཙང་ཞེན་པའི་སེམས་ཀྱིས་མི་གཙང་བའི་གཟེབ་ལ་སུ་ཞིག་དགའ་སྟེ་རིགས་པ་མ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །གཞན་ཡང་ཞེས་པ་ལ་སོགས་པ་གསུངས་པ་ལ། སོགས་པའི་སྒྲས་ནི་གོས་པ་ལ་སོགས་པ་ཡིན་ལ། མི་གཙང་གིས་གོས་པའི་ཕྱིར་གལ་ཏེ་རེག་པར་མི་འདོད་ན། གང་ལས་ཏེ་ལུས་ལས་ཡིན་ལ་དེ་བྱུང་བ་ནི་མི་གཙང་བ་འཐོན་པ་སྟེ་ལུས་དེ་ལ་ཅི་ལྟར་ཁྱོད་རེག་པར་འདོད། དེ་ལྟར་གྱུར་ན་ཡང་བདག་ལ་བརྒལ་ཞིང་བརྟག་པ་འདི་རིགས་ པའི་ངོ་བོ་མ་ཡིན་ཏེ། གང་གི་ཕྱིར་མི་གཙང་བ་གཅིག་ལ་ཡང་མངོན་པར་ཞེན་པ་མེད་དོ་ཞེས་གལ་ཏེ་ཞེས་པ་ལ་སོགས་པ་གསུངས་པ་ལ། མི་གཙང་བའི་ཞིང་ནི་མའི་མངལ་ཡིན་ཏེ་མི་གཙང་བ་དུ་མའི་གནས་ཡིན་པའི་ཕྱིར་རོ། །དེར་བྱུང་བ་སྟེ་དེར་སྐྱེས་པའོ། །དེའི་ས་བོན་ནི་མི་ གཙང་བ་དེ་ཉིད་དེ་ཕ་དང་མའི་ཁུ་བ་དང་ཁྲག་གི་རང་བཞིན་གང་གི་ས་བོན་ཡིན་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །དེས་བསྐྱེད་པ་ཞེས་པ་ནི་མས་འཐུངས་པ་དང་ཟོས་པ་སྐྱུགས་པ་དང་འདྲ་བའི་མི་གཙང་བའི་རོ་དེས་འཕེལ་བར་བྱས་པ་སྟེ། མངལ་ན་གནས་པ་བསྐྱེད་པའོ། །ཕྱིར་བྱུང་ བ་ན་ཡང་རང་གིས་ཟས་ཟོས་པ་དང་འཐུངས་པའི་ཡོངས་སུ་སྨིན་པའི་མི་གཙང་བའི་རོས་ཀྱང་བསྐྱེད། གཞན་ཁྱོད་ཅིའི་ཕྱིར་པང་དུ་འཁྱུད་ཅེས་པ་དང་འབྲེལ་ཏེ་གཞན་གྱི་བུད་མེད་ཀྱི་ལུས་སོ། །དེ་ལྟར་ན་ཁྱེད་ལ་བརྒལ་ཞིང་བརྟག་པ་ཡོད་དོ། །འོན་ཏེ་བདག་མི་གཙང་བ་ལ་ ཆགས་པ་མེད་དོ་ཞེས་པའི་ཕྱོགས་ཁས་ལེན་ན་དེའི་ཚེ་ཡང་བརྒལ་ཞིང་བརྟག་པ་མཚུངས་པ་ཉིད་དོ་ཞེས་མི་གཙང་ལས་བྱུང་ཞེས་པ་ལ་སོགས་པ་གསུངས་ཏེ། བཤང་བ་ལ་སོགས་པ་མི་གཙང་བའི་རྫས་ལས་བྱུང་བའི་སྲོག་ཆགས་ཀྱི་རིགས་སྲིན་བུ་ཡང་མི་འདོད་དེ་ ཞེན་པར་མི་བྱེད་པར་ཡང་མའི་ལུས་ཀྱི་ཚོགས་མི་གཙང་བ་ཤིན་ཏུ་མང་བའི་རང་བཞིན་མི་གཙང་བ་ལས་བྱུང་བ་ལ་ཡང་སྔར་གྱི་རིམ་པ་བཞིན་དུ་འདོད་པར་བྱེད། འོན་ཏེ་འདི་ལྟར་ཡང་འགྱུར་ཏེ་འདིར་ལན་ཅི་ཞིག་འདེབས་པར་བྱེད། གང་གི་ཕྱིར་བདག་ཀྱང་དེའི་ལུས་དེ་ལྟ་བུ་ཡིན་ལ།
Page: 239 དེས་ན་མི་གཙང་བ་མི་གཙང་བ་དང་ཕྲད་པ་ལ་ཉེས་པ་ཅི་ཡོད་དེ་གནོད་སྦྱིན་ཇི་ལྟ་བར་གཏོར་མ་ལ་དེ་བཞིན་ནོ་ཞེ་ན། འདིར་ཁྱོད་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། འདིར་ནི་རྨོངས་པ་ཆེན་པོའི་མཐུས་བདག་ཉིད་ལ་ཡོད་པའི་མི་གཙང་བའི་རང་བཞིན་གང་ལ་རེ་ཞིག་སྨད་པར་མི་བྱེད་ཅིང་། སླར་ཡང་གཞན་གྱི་མི་གཙང་བའི་རྐྱལ་པ་ལ་འདོད་པར་བྱེད་དེ། འདི་ནི་དོན་དང་བྲལ་བ་ཤིན་ཏུ་སྨད་པའི་གནས་ཡིན་ནོ། །མི་གཙང་རྐྱལ་པ་ཞེས་སྦྱོར་བའི་ཚིག་གིས་དེ་ཉིད་ལ་འབོད་པ་ཡིན་ནོ། །ད་ནི་མི་གཙང་བའི་རང་བཞིན་མངོན་སུམ་དུ་བྱས་པར་བསྟན་པའི་ཕྱིར། ག་བུར་ཞེས་པ་ལ་ སོགས་པ་གསུངས་ཏེ། གཙང་ཞིང་གཙང་སྦྲའི་དངོས་པོ་འདི་ལྟ་བུ་གང་ཕྱོགས་གཅིག་དང་ཕྲད་པ་ལས་བྱུང་བའི་མི་གཙང་བའི་རང་བཞིན་དུ་གྱུར་པའི་དངོས་པོ་དེ་རེ་ཞིག་གཞག་སྟེ་དེ་དང་ཕྲད་པ་ལས་གཞི་གཙང་བའི་རང་བཞིན་ཡང་མི་གཙང་བ་ཉིད་དུ་འགྱུར་རོ། །དེ་ལྟར་རེ་ཞིག་ཐ་སྙད་ འདི་མངོན་སུམ་གྱིས་གྲུབ་པ་དེ་ལྟ་ན་ཡང་གལ་ཏེ་མི་རྟོག་ཅིང་ཡིད་མི་ཆེས་ན་སྟེ་མཐོང་ཡང་དད་པར་མ་གྱུར་ན་ཞེས་པའི་དོན་ཏོ། །དེའི་ཚེ་དུར་ཁྲོད་དུ་སོ་སོར་གནས་པ་ན་བལྟ་བར་གྱིས་ཤིག །ཇི་ལྟ་བུར་གྱུར་པ་ལ་ཞེ་ན། འཇིགས་པ་སྟེ། རྣམ་པར་ཟོས་པ་དང་། རྣམ་པར་མྱགས་ པ་དང་། རྣམ་པར་རྣགས་པ་ལ་སོགས་པའི་རང་བཞིན་གྱིས་འཇིགས་སུ་རུང་བའམ་འཇིགས་པར་བྱེད་པའོ། །གཞན་ཡང་ཞེས་པ་ནི་འདི་བས་ལྷག་པའོ། །གཞན་ཡང་རང་བཞིན་གྱིས་མི་སྡུག་པ་ཐམས་ཅད་དུ་སྦྱར་ཏེ་ལུས་པོ་འདི་ཉིད་མི་དགའ་བའི་གནས་སུ་སྦྱར་རོ་ཞེས་བསྟན་ པར་འདོད་ནས། གང་ཞིག་པགས་པའི་ཁ་ཕྱེ་ཞེས་པ་ལ་སོགས་པ་གསུངས་ཏེ། ཁ་ཕྱེ་བ་ནི་རྣམ་པར་བྲལ་བ་སྟེ། གང་ལས་ཞེས་པ་ནི་ལུས་ལས་སོ། །དེའི་ཚེ་འཇིགས་པ་ཆེན་པོ་སྐྱེ་བར་འགྱུར་རོ། །ཇི་ལྟ་བུར་གྱུར་པ་ཞེ་ན། འདི་ལྟ་བུར་གྱུར་པའི་རང་བཞིན་ཤེས་ཀྱང་ ཇི་ལྟར་དེ་ཉིད་ཀྱི་གནས་ལ་འཇིགས་པའི་གནས་སུ་ནམ་ཞིག་ན་ཡང་མ་རྟོགས་པར་ཕྱིར་ཞིང་དགའ་ཞིང་མངོན་པར་ཞེན་པ་སྐྱེ་བར་འགྱུར་ཏེ། དེ་ལྟར་གྱུར་ན་ཡང་མི་གཙང་བའི་རང་བཞིན་གྱི་ལུས་སུ་གལ་ཏེ་མངོན་སུམ་དུ་གྱུར་པ་དེ་ལྟ་ན་ཡང་། ཙནྡན་ལ་སོགས་པ་དང་ཤུག་པས་ལུས་པོ་
Page: 240 ༄༅། །ལ་བསྐུས་པས་འདི་འདོད་པར་བྱ་བ་ཉིད་དུ་འགྱུར་རོ་ཞེ་ན། ལུས་ལ་བསྐུས་པ་ཞེས་པ་ལ་སོགས་པ་གསུངས་ཏེ། ལུས་ལ་བསྐུས་པ་ཡང་ཙནྡན་ལ་སོགས་པ་ལས་བྱུང་བའི་དྲི་འདིས་གང་ལ་བསྒོས་པའི་ལུས་ལ་འདོད་པར་བྱ་བའི་བློ་སྐྱེ་བར་འགྱུར་ཏེ། ཙནྡན་ འབའ་ཞིག་ལས་ཡིན་ལ། གཞན་མིན་ན་ཞེས་པ་ནི་ལུས་ཀྱི་མ་ཡིན་པའོ། །དེའི་ཕྱིར་གཞན་གྱི་དྲི་ཙནྡན་ལ་སོགས་པ་ལས་བྱུང་བས་འདིར་དྲི་ཞིམ་པར་མི་འགྱུར་བ་གཞན་དག་ལ་ཅིའི་ཕྱིར་མངོན་པར་དགའ་བར་བྱེད། གཞན་ཡང་ཙནྡན་ལ་སོགས་པའི་ལེགས་པར་སྦྱར་བས་ཀྱང་ བདག་ཉིད་ལ་གནོད་པ་འབའ་ཞིག་ཏུ་འགྱུར་ཏེ། ཕན་པའི་ཆེད་དུ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གལ་ཏེ་རང་བཞིན་ཞེས་པ་ལ་སོགས་པ་གསུངས་ཏེ། རང་བཞིན་གྱིས་དྲི་ང་བ་ནི་ལྷན་ཅིག་སྐྱེས་པའི་རུལ་བའི་རང་བཞིན་གྱི་ཕྱིར་རོ། །འདིར་ཞེས་པ་ནི་ལུས་ལའོ། །གལ་ཏེ་ འདོད་ཆགས་མ་སྐྱེས་ན་དེའི་ཚེ་ལེགས་མིན་ནམ་སྟེ་ལེགས་པ་ཉིད་དུ་འགྱུར་རོ། །འདི་ལྟ་བུའི་ཡོན་ཏན་ཡོད་བཞིན་དུ་དོན་མེད་པ་ལ་སྲེད་པའི་འཇིག་རྟེན་རྒྱུ་ཅིས་ལུས་དེ་ལ་དྲིས་སྐུད་པར་བྱེད་དེ་རྣམ་པ་ཐམས་ཅད་དུ་དེ་རིགས་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །སྟོང་ཕྲག་དུ་མས་མངོན་པར་ འདུ་བྱས་ཀྱང་རང་བཞིན་གཞན་དུ་འགྱུར་བ་མ་ཡིན་ནོ་ཞེས་འོན་ཏེ་དྲི་ཞིམ་ཞེས་པ་ལ་སོགས་པ་གསུངས་ཏེ། ལུས་པོ་རང་བཞིན་གྱིས་དྲི་ང་བ་ལས་ཅི་ཞིག་བྱུང་སྟེ་ཅི་ལྟ་བུར་གྱུར་པ་ཅུང་ཟད་ཀྱང་བྱུང་བ་མ་ཡིན་ནོ། །དྲི་ཞིམ་ཙནྡན་ན་ཞེས་པ་ནི་གང་ལ་མཛེས་པའི་དྲི་ཡོད་པ་ཞེས་འབྲུ་མང་པོ་པ་སྟེ་དེ་ལྟ་ན་ཡང་ དེའི་རང་བཞིན་ལ་ཉམས་པ་མེད་དོ་ཞེས་པའི་ཐ་ཚིག་གོ། །འོན་ཏེ་དེའི་དབང་གིས་དེ་ལ་འདོད་པར་བྱ་བ་ཉིད་དུ་བཟུང་ནས་མངོན་པར་འདོད་པ་སྐྱེ་བའོ་ཞེ་ན། གཞན་གྱི་དྲི་ཡིས་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཡང་མཁས་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །སྐྲ་ལ་སོགས་ པ་མངོན་པར་འདུ་བྱས་པའི་སྒོ་ནས་ཀྱང་ལུས་འདི་དོན་མེད་པའི་རྒྱུ་ཡིན་ནོ་ཞེས་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་པའི་ཕྱིར། གལ་ཏེ་འདི་སྐྲ་སེན་ཞེས་པ་ལ་སོགས་པ་གསུངས་ཏེ། རིང་བ་ན་ལྷན་ཅིག་སྐྱེས་པ་མ་བཅད་པ་ཞེས་པའི་དོན་ཏོ། །སོ་སྐྱེ་བ་ནི་དྲི་ང་བ་དང་བཅས་
Page: 241 པས་ཏེ་སོ་ཤིང་དང་སོག་ལེ་ལ་སོགས་པས་འདུས་མ་བྱས་པས་སོ། །འདམ་གྱི་དྲིས་བསྒོས་ནི་དྲི་མ་ཉིད་འདམ་སྟེ་རྫབ་ཡིན་ལ་དེས་བསྒོས་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཁྲུས་དང་བྱུག་པ་ལ་སོགས་པ་དང་བྲལ་བས་སོ། །གཅེར་བུ་ཞེས་བྱ་བ་ནི་གོས་དང་བྲལ་བའི་ཕྱིར་རོ། །ཇི་ལྟར་ སྐྱེས་བུ་བཞིན་དུ་སྟེ་ཇི་ལྟར་གྱུར་པས་གནས་པའོ། །གལ་ཏེ་ལུས་རང་བཞིན་གྱིས་འཇིགས་པ་ཡིན་ན་ཡི་དགས་བཞིན་དུ་རང་བཞིན་གྱིས་འཇིགས་པར་བྱེད་པ་ལ་འབད་པས་ཏེ་སྐྲ་དང་སེན་མོ་ལ་སོགས་པ་བཅོམ་པའི་ཁྱད་པར་དང་། སོ་ཤིང་དང་སོ་རྩི་དང་ཁྲུས་དང་བྱུག་པ་ལ་སོགས་པ་ རྣམས་ཀྱིས་འདི་ལྟ་བུར་གྱུར་པ་དེ་ཅིའི་ཕྱིར་བྱི་དོར་བྱེད། ཇི་ལྟ་བུར་ཞེ་ན། རང་ལ་གནོད་པས་མཚོན་བཞིན་ཏེ་བདག་ཉིད་ལ་གནོད་པའི་དོན་དུ་རལ་གྲི་ལ་སོགས་པས་ཇི་ལྟར་འདུས་བྱས་པ་དེ་ལྟར་རོ། །འདི་ལྟ་བུ་རྣམས་རྨོངས་པའི་དབང་དུ་གྱུར་པའི་སྤྱོད་པ་ལ་མྱ་ངན་མཛད་པ། བདག་ལ་ རྨོངས་ཞེས་པ་ལ་སོགས་པ་གསུངས་ཏེ། འབད་པ་དང་ལྡན་པའི་སྨྱོན་པ་སེམས་རང་བཞིན་དུ་མི་གནས་པས་བདག་ཉིད་ཀྱིས་བསམས་ནས་བདག་ཉིད་ལ་རྨོངས་པ་བསྐྱེད་ཅིང་ཡང་འདི་ལྟར་ཕྱིན་ཅི་ལོག་གི་ལམ་ཉམས་སུ་བླངས་པས་ཉོན་མོངས་པ་འདི་རྣམས་སེམས་རང་བཞིན་དུ་མི་ གནས་སོ་ཞེས་བསྟན་བཅོས་མཛད་པས་མྱ་ངན་མཛད་པའོ། །འདི་ན་བདག་ཉིད་ཤེས་པ་འགའ་ཡང་ཡོད་པ་མ་ཡིན་ཏེ། སྨྱོན་པས་འཁྲུགས་པ་སྟེ་ས་ཡོངས་སུ་གང་བ་ཡིན་ནོ། །དྲིས་པ་ལ་ཞར་ལ་བྱུང་བས་ལན་བཏབ་ནས་སྐབས་སུ་བབ་པ། རུས་གོང་ཞེས་པ་ལ་སོགས་པ་ གསུངས་པ་ལ། རོ་རྣམས་ཀྱི་རུས་གོང་འགའ་ཞིག་སྟེ་སོ་སོ་ན་གནས་པའོ། །འདི་སྐད་བརྗོད་པར་འགྱུར་ཏེ། གང་ལས་པགས་པ་ཕྲལ་བྱས་ནི། །ཞེས་པ་ལ་སོགས་པ་གསུངས་ནས། གང་ཤེས་ཀྱང་ཇི་ལྟར་ཞེས་པ་ལ་སོགས་པ་གསུངས་པ་དེར་གཞན་གྱི་ལེན་ཡིན་ནོ། །གང་ གིས་དེ་བཞིན་དུ་འདི་ལ་ཡང་ཆགས་པར་མི་འགྱུར་བ་དུར་ཁྲོད་ཀྱི་ལུས་དང་འདྲ་བ་ཡོད་པ་མ་ཡིན་ཏེ། དུར་ཁྲོད་དུ་དེ་མི་གཙང་བའི་གནས་ཡིན་ལ་འདིར་ནི་མ་ཡིན་ནོ་ཞེས་སོ། །འདིར་བརྗོད་པར་བྱ་བ་ནི་རུས་གོང་ཞེས་པ་ལ་སོགས་པ་ཡིན་ནོ། །གྲོང་གི་དུར་ཁྲོད་ཅེས་པ་ལ་འདིར་
Page: 242 ༄༅། །ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། དུར་ཁྲོད་དུ་བཙོག་པའི་གནས་ནི་ལུས་པོ་དེ་ཉིད་ཡིན་ལ། གྲོང་དུ་ཡང་ཡིན་ཏེ་མངོན་པར་དགའ་བའི་གནས་གང་ཡིན་ཞེས་ཟུར་གྱིས་འདྲི་བའོ། །འདི་ལ་མཁས་པའི་བློ་ཅན་གྱིས་མཉམ་པར་རིགས་སོ་ཞེས་བསམས་ པའོ། །གཡོ་བའི་རུས་གོང་གིས་ཁྱབ་པ་ཞེས་པ་འདིས་དེ་ཉིད་སྟོན་པ་ཡིན་ནོ། །འདི་ཙམ་ཁྱད་པར་ཡིན་གྱི་ཁྱད་པར་འདིས་མི་གཙང་བའི་རང་བཞིན་གྱིས་མི་གཙང་བའི་རྒྱུ་ལས་བཟློག་པ་ནི་མ་ཡིན་ཏེ། གང་གིས་ནི་འཇུག་པའི་ཡན་ལག་གི་རང་བཞིན་དུ་འགྱུར། ཁྱབ་པ་ནི་ཡོངས་སུ་ འཁྲུགས་པའོ། །འདི་ལྟ་བུའི་མི་གཙང་བའི་རང་བཞིན་ཡང་ཕག་ལ་སོགས་པ་རྣམས་ལ་བཞིན་དུ་མངོན་པར་དགའ་བའི་གནས་སུ་གྱུར་ན་ཡང་དེ་ལྟ་ན་ཡང་རྣམ་པ་དེ་ལྟ་བུ་དེ་ནོར་དང་བྲལ་བས་རྙེད་པར་སླ་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། རིན་མེད་ པར་དེ་ནོར་དང་བྲལ་བས་རྙེད་ཅིང་ཐོབ་པར་མི་འགྱུར་ལ། དེའི་ཕྱིར་དེ་དོན་དུ་གཉེར་བས་དང་པོ་ཁོ་ནར་ནོར་ཉིད་བསགས་པར་བྱ་སྟེ། དེ་སོགས་པ་ལ་ངལ་བའི་སྒོ་ནས་སོ་ནམ་དང་ཚོང་དང་བསྙེན་པ་ལ་སོགས་པ་ལ་ཡང་དག་པར་བརྟེན་པས་ཡོངས་སུ་ངལ་བ་ལས་འདི་ཉིད་དུ་ཆོས་མ་ཡིན་པས་ཀྱང་ཚོལ་བའི་ ཕྱིར་དམྱལ་བ་ལ་སོགས་པ་རྣམས་སུ་སྡུག་བསྔལ་སྐྱེད་པར་བྱེད་དོ། །དེ་ལྟར་དེ་ཚོལ་བ་ནི་འཇིག་རྟེན་གཉི་གར་དོན་མེད་པའི་རྒྱུ་ཉིད་ཡིན་ནོ། །བསགས་པ་དེས་བདེ་བ་འཐོབ་པ་ཡང་མ་ཡིན་ཏེ། སྡུག་བསྔལ་ཉིད་འབའ་ཞིག་ཡིན་ནོ་ཞེས་བསྟན་པའི་ཕྱིར། བྱིས་པ་ཞེས་པ་ལ་སོགས་པ་ གསུངས་ཏེ། བྱིས་པའི་གནས་སྐབས་ན་གནས་པ་ལ་ནོར་སྤེལ་བའི་ནུས་པ་མེད་དེ། བྱིས་པ་ཉིད་ཀྱིས་ནོར་གང་གིས་སམ་རྣམ་པ་གང་གིས་བྱིས་པ་འདི་དར་ལ་བབ་པ་སྟེ་ལང་ཚོ་ལ་བབ་པའི་གནས་སྐབས་ནའོ། །བདེ་བར་འགྱུར་ཏེ་ནོར་དང་བྲལ་བས་ཅུང་ཟད་ཀྱང་མ་ཡིན་ནོ་ཞེས་པའི་དོན་ཏོ། །གང་ ཡང་ཕ་དང་མེས་པོ་ལ་སོགས་པས་བསགས་པའི་ནོར་གྱིས་ལང་ཚོ་ལ་བབ་པ་ན་བདེ་བ་ཉིད་ཐོབ་པ་དེ་ལྟ་ན་ཡང་ཐམས་ཅད་ལ་སོ་སོར་ངེས་པ་ཉིད་ནི་མ་ཡིན་ནོ། །འདིར་སྔར་བརྗོད་པའི་སྡུག་བསྔལ་གཉིས་ལས་གྲོལ་བར་ཡང་མ་ཡིན་ནོ། །དང་པོར་ནོར་སོག་པ་ཉེ་བར་མཁོ་བ་ཉིད་ཡིན་ཏེ།
Page: 243 བདེ་བ་སྒྲུབ་པའི་ཐབས་ཡིན་པའི་ཕྱིར་དེ་བསགས་པ་ཉིད་ན་ཡང་ལང་ཚོ་ལས་ཉམས་པ་ལས་འགའ་ཞིག་ལ་ཡང་མཁོ་བའི་ཡུལ་མ་ཡིན་ནོ། །འོན་ཏེ་དེ་ལྟར་གྱུར་ན་ཡང་དེ་སོགས་པ་ན་འདོད་པའི་བདེ་བ་མྱོང་བར་བྱེད་དོ་ཞེ་ན། འདོད་ལྡན་ཞེས་པ་ལ་སོགས་པ་སྨོས་ཏེ། འགའ་ཞིག་དམན་པའི་འདོད་ པ་ལ་གཡེངས་པའི་སེམས་ཀྱིས་ཤིང་དང་རྩྭ་དང་ལོ་མ་ལ་སོགས་པ་ལེན་པ་བྲན་གྱི་ལས་བྱེད་པའི་ཉི་མའི་མཐས་གཏུགས་པར་ལས་ཁུར་གྱིས་ལུས་སེམས་དུབ་སྟེ་སྤྲོ་བ་མེད་ལ། ཉི་མ་ནུབ་པ་ན་རང་གི་ཁྱིམ་དུ་འོངས་ནས་རོ་དང་འདྲ་བར་གཉིད་ལོག་པས་ཉལ་བར་གྱུར་པའོ། །ཡང་ཐོ་རངས་ལངས་ ནས་དམན་པའི་ལས་དེ་ཉིད་ལ་སྦྱོར་རོ། །གྱུར་ཞེས་པའི་སྒྲ་ནི་ཚིག་གི་རྒྱན་ཡིན་ཏེ། འདས་པའི་དོན་ཡུལ་ཡིན་པའི་ཕྱིར་རོ། །འདོད་པ་ཅན་འགའ་ཞིག་དེ་ལྟར་ཚེ་འདུས་བྱས་པས་སྐྱེལ་བར་བྱེད་ཀྱི་འདོད་པའི་བདེ་བའི་རོ་ནི་མྱང་བ་མ་ཡིན་ནོ། །གཞན་བསྟན་པའི་དབང་དུ་བྱས་ཏེ། ཚར་གཅོད་ཅེས་ པ་ལ་སོགས་པ་གསུངས་ཏེ། ཁ་ཅིག་ནི་སྔར་གྱི་རྣམས་ལས་གཞན་ངན་པ་ལ་ཆགས་པ་ཅན་ཡིན་ཏེ་བསྟེན་པ་པོ་ཞེས་པའི་དོན་ཏོ། །ཚར་གཅོད་བགྲོད་པ་ལ་སོགས་པ་རྣམས་ཀྱིས་གཞན་གྱི་དཔུང་ལས་རྒྱལ་བའི་དོན་དུ་བགྲོད་པ་སྟེ་འགྲོ་བའམ། གཞན་གྱི་ཡུལ་གྱི་ནོར་བླངས་པའི་དོན་དུ་འགྲོ་ བའོ། །དེ་ལ་སོགས་པས་གང་དག་མགྲོན་དུ་བཏང་བ་ལ་སོགས་པ་རྣམས་མཐར་གྱིས་ཡུལ་གཞན་དུ་བགྲོད་པས་ཉོན་མོངས་པས་ཡོངས་སུ་ངལ་བ་ཡིན་ལ། དེས་སྡུག་བསྔལ་གྱིས་ཡོངས་སུ་གདུང་བ་ཅན་ཡིན་ནོ། །རྣམ་པ་ཐམས་ཅད་དུ་དེ་ལྟར་གྱུར་པས་ཁྱུད་ཀོར་ལས་ཀྱང་སྟེ་དུ་མར་ཟད་ པར་གྱུར་ཀྱང་བུ་དང་ཆུང་མ་མི་མཐོང་སྟེ་སྤྱོད་ཡུལ་དུ་མ་གྱུར་ཏོ། །འདོད་བཞིན་དུ་ཞེས་པ་ནི་དེས་བུ་དང་ཆུང་མ་ལ་སོགས་པ་རྣམས་དོན་དུ་གཉེར་བས། དེ་ལ་འདོད་པ་རྣམས་ཡིན་ལ་སྟེ་དེའི་དོན་ཉིད་དུ་གཞན་བསྟེན་པ་ལ་སོགས་པ་ཁས་བླངས་པའོ་ཞེས་པའི་དོན་ཏོ། །ཀྱེ་མ་འདི་རྣམས་འབྲས་བུ་ མེད་པར་ཉམས་སུ་ལེན་པ་ཡིན་ནོ་ཞེས་ཤིན་ཏུ་མྱ་ངན་མཛད་པར་བདག་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། བདག་ཉིད་འདོད་པས་བསླུས་པས་གང་གི་དོན་ཏེ་བདེ་བ་ཐོབ་པའི་རྒྱུ་མཚན་དུ་བཙོངས་ཤིང་གཞན་གྱི་བྲན་བྱས་ནས། དེ་མ་ཐོབ་པ་ནི་བདེ་བ་དེ་མ་ཐོབ་པ་ཡིན་ལ། ཚེའི་འདུ་བྱེད་པ་ཉིད་ཁོ་ན་
Page: 244 ༄༅། །དོན་མེད་པར་གཞན་གྱི་ལས་ཉམས་སུ་ལེན་པར་ཟད་པར་བྱས་པ་སྟེ། ལེགས་པའི་ལས་འགའ་ཞིག་ལ་ནི་སྦྱར་བ་མ་ཡིན་ནོ་ཞེས་པའི་དོན་ཏོ། བདེ་བ་ཐོབ་པར་འདོད་པས་ཞུགས་པ་རྣམས་སླར་སྡུག་བསྔལ་དེ་ཉིད་ལ་འདི་རྣམས་ལྷུང་ངོ་ཞེས་བསྟན་པའི་ཕྱིར། ལ་ལ་ཞེས་པ་ལ་ སོགས་པ་གསུངས་ཏེ། གང་གི་བདེ་བར་སྤྱད་པར་འདོད་པས་གཞན་རྣམས་ལ་བཙོངས་ཏེ་གཞན་གྱི་དབང་དུ་བྱས་པ་ཡིན་ཏེ། རང་གི་ལུས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལྟར་གཞན་དེ་རྣམས་ཀྱིས་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་རྟག་ཏུ་སྐུལ་བར་བྱེད་པའི་ངང་ཚུལ་ཅན་དག་བདག་པོ་ གཞན་ཕ་རོལ་པོའི་དགོས་པ་ལ་འགྲོ་བ་ན་བུད་མེད་རྣམས་ལམ་ཉིད་དུ་བུ་བྱུང་བར་འགྱུར་རོ། །ཤིང་དྲུང་དགོན་སོགས་བབ་བབ་ཅེས་པ་ལ། སོགས་པའི་སྒྲས་ནི་རིའི་ཕྲག་གམ་ཆུ་ཀླུང་གི་འགྲམ་ལ་སོགས་པ་དཀའ་བའི་གནས་རྣམས་སུའོ། །དེ་རྣམས་ལ་གཞན་ཕྱིན་ཅི་ལོག་འདི་ཡང་ཡོད་པ་མ་ཡིན་ ནོ་ཞེས་བསྟན་པར་འདོད་ནས། འདོད་པས་ཞེས་པ་ལ་སོགས་པ་གསུངས་ཏེ། རང་གི་དངོས་པོ་བཙོངས་ནས་མཆེ་བ་བཞི་འཁྲིགས་པའི་ཡུལ་དུ་འཇུག་གོ། །ཇི་ལྟ་བུར་གྱུར་པ་ཅིག་ཅེ་ན། སྲོག་སྟོར་དོགས་བཞིན་པས་ཏེ། དེར་ཞུགས་པས་ན་གསོན་པར་འགྱུར་རམ་མི་འགྱུར་ཞེས། སྟོར་ དོགས་པས་འདི་ལྟར་བྱས་ནས་སོ། །འདིར་རྙེད་པ་ཐོབ་པས་འཚོ་བའི་རྒྱུར་བརྟགས་ཤིང་འཚོ་བར་བྱའོ་ཞེས་པའི་ཐ་ཚིག་གོ། །ཁེངས་ཕྱིར་བྲན་དུ་འགྲོ་བར་བྱེད། །ཅེས་པ་ནི་སྟོབས་དང་ལྡན་པ་འགའ་ཞིག་གིས་གནོད་པ་བྱས་པའི་དུས་སུ་རང་གི་ང་རྒྱལ་དབྱུང་བའི་ཕྱིར་སོར་མོ་བཅད་པ་ དང་། དུས་ཀྱི་ཚོད་འཛིན་པས་བསྙེན་པ་ཁས་ལེན་པའི་ཕྱིར་རོ། །རྨོངས་པ་ནི་ཤེས་རབ་ཀྱི་མིག་གཏི་མུག་གིས་མུན་པར་བྱས་པའོ། །དེ་གང་ཡིན་ཞེ་ན། འདོད་པས་བསླུས་པ་རྣམས་ཏེ་འདོད་པའི་ཆེད་དུའམ་འདོད་པས་བསླུས་པ་སྟེ་སྤྱོས་པའོ། །འདོད་པ་ལ་ཞེན་པའི་སེམས་དང་ ལྡན་པ་རྣམས་ལ་སྐྱེ་བ་འདི་ཉིད་ལའང་སྡུག་བསྔལ་མཐོང་བ་དེ་བསྟན་པའི་ཕྱིར། འདོད་ལྡན་ཞེས་པ་ལ་སོགས་པ་གསུངས་ཏེ། གཞན་གྱི་ཆུང་མ་དང་ནོར་འཕྲོག་པ་ལ་སོགས་པའོ། །ལྷག་མ་ནི་གོ་སླའོ། །གཞན་ཡང་འདི་བདེ་བ་སྒྲུབ་པ་ཉིད་ཀྱིས་ནོར་ལེན་པར་བྱེད་པ་ན་ཡང་
Page: 245 དོན་མེད་པ་རྒུད་པ་སྐྱེ་བར་འགྱུར་བའི་རྒྱུ་ཉིད་དོ་ཞེས་བསྟན་པར་འདོད་ནས། བསགས་པ་དང་ཞེས་པ་ལ་སོགས་པ་གསུངས་ཏེ། སོགས་པ་ནི་མེད་པ་ལ་སོགས་པར་བྱེད་པའོ། །བསྲུང་བ་ནི་དཀའ་བས་བསགས་པ་དེ་ཡང་ཆུ་དང་མེ་ལ་སོགས་པ་ཆུད་ཟ་བར་བྱེད་པ་ལྔ་ལས་ཡོངས་སུ་སྐྱོང་བར་ བྱེད་པའོ། །ཤིན་ཏུ་དཀའ་བ་དེ་ལྟར་སྲུང་བ་ཡང་བརྒྱ་ལ་རྐུན་མ་ལ་སོགས་པ་རྣམས་ཀྱིས་བརླག་པར་བྱེད་པས་གདུང་ཞིང་ཡིད་མི་བདེ་བ་སྡུག་བསྔལ་བའི་རྒྱུ་ནི་ཕུང་ཁྲོལ་ཡིན་ལ་དེ་ཉིད་དོན་མེད་པ་རྒུད་པའི་རྒྱུ་ཡིན་པའི་ཕྱིར་རྒྱུ་ལ་བརྟགས་ནས་ནོར་ཉིད་ཕུང་ཁྲོལ་དུ་བརྗོད་དོ། །བསགས་པ་ལ་ སོགས་པས་རྟག་ཏུ་རྣམ་པར་གཡེངས་པའི་ཕྱིར་དང་། ནོར་ལ་ཞེན་པའི་སེམས་ཀྱིས་སྐད་ཅིག་ཙམ་ཡང་ཏིང་ངེ་འཛིན་ལ་བརྟད་པའི་སྐབས་མེད་པའི་ཕྱིར་འཁོར་བ་ལ་བརྟེན་པའི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ལས་གྲོལ་བའི་སྐབས་མེད་དེ། རྟག་ཏུ་དེ་ལ་ཡིད་ཞུགས་པ་ཉིད་ཀྱིས་ཚེའི་འདུ་བྱེད་ཟད་ པའི་ཕྱིར་རོ། །འདི་ཐམས་ཅད་མཇུག་བསྡུས་ནས་འདོད་པ་ལ་ཞེན་པ་ཡོངས་སུ་སྤང་བའི་ཆེད་དུ་སྐྱོ་བའི་གཏམ་གྱིས་སྤྲོ་བར་བྱེད་པ། འདོད་ལྡན་རྣམས་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལྟ་བུ་ནི་བརྗོད་པའི་རྣམ་པ་ལ་བལྟའོ། །ཉེས་དམིགས་ནི་ཕུང་ཁྲོལ་ཡིན་ཏེ་མང་བ་ནི་རྣམ་པ་དུ་ མ་ཡིན་ལ། འདིར་བདེ་བ་སྐྱེད་པར་བྱེད་པ་ནི་གཏམ་ཙམ་ཡང་མེད་དེ། དེ་ལྟར་ན་ཡང་ཕྱིན་ཅི་ལོག་ལས་བརྒྱ་ཞིག་ལ་འདི་ནི་བདེ་བའོ་ཞེས་སྣང་སྟེ། དེ་ལྟར་ན་གྱི་ནའོ། །ཤིན་ཏུ་ལྕི་བའི་ཁུར་གྱིས་མནན་པ་བས་ངལ་བའི་ལུས་དང་ལྡན་པའི་ཕྱུགས་རྩྭ་ཅུང་ཟད་ཙམ་འཛིན་པ་བཞིན་དུ་ཤིན་ཏུ་ གསོག་གྱུར་ཅིང་མནོག་ཆུང་བའི་བདེ་བའི་ཆ་འདི་ལྟ་བུར་གྱུར་པ་དེ་ཕྱུགས་དང་ཡང་ཐུན་མོང་བ་གང་ཡིན་པ་དེའི་དོན་དུ་སྟེ། དེའི་རྒྱུ་མཚན་དལ་འབྱོར་ཕུན་སུམ་ཚོགས་པ་སྟེ་མི་ཁོམ་པ་བརྒྱད་ལས་གྲོལ་བ་འདི་བཅོམ་ཞིང་ཉམས་པར་བྱས་ཏེ། དོན་མེད་པར་བྱས་སོ་ཞེས་པའི་དོན་ཏོ། །ཁྱད་ པར་ཇི་ལྟ་བུ་ཞེ་ན། རྙེད་དཀའ་བ་ཡིན་ཏེ་བཤད་ཟིན་ཏོ། །གང་གིས་ཤེ་ན། ལས་ཀྱིས་མནར་བ་སྟེ་ལས་ནི་སྔོན་གྱི་ལས་ཡིན་ལ། དེས་མནར་བའི་ནི་ཕན་པ་དང་མི་ཕན་པ་ཤེས་པ་ལ་ཕྱིན་ཅི་ལོག་པའི་བློ་ཡིན་ཏེ་རྨོངས་པས་བྱས་ཞེས་པའི་དོན་ཏོ། །འདི་དངོས་པོ་ལ་ནི་སྤྱོད་པའི་ཚིག་
Page: 246 ༄༅། །ཡིན་ཏེ་བསྐལ་པ་མནར་བ་ཉིད་དུ་བརྗོད་དོ། །ངེས་པར་འཇིག་ཅིང་ཆུང་གྱུར་པ། །ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་ཕྱིན་ཅི་ལོག་གི་ངོ་བོ་ཉིད་དུ་སྟོན་པར་བྱེད་དེ། ངེས་པར་འཇིག་ཅིང་ཞེས་པ་ནི་མི་བརྟེན་པའི་རང་བཞིན་ཡིན་ལ། ཆུང་བ་ནི་འཇིག་ རྟེན་ལས་འདས་པ་ལ་ལྟོས་ནས་ཡིན་ཏེ། ཤིན་ཏུ་ཁྱད་ཞུགས་པས་ཆུང་བ་ཡིན་ནོ། །དམྱལ་ལ་སོགས་པར་ལྷུང་བྱེད་ཅིང་། །ཞེས་པ་ནི་དཔག་ཏུ་མེད་པའི་སྡུག་བསྔལ་བསྟེན་པས་རང་གི་བདེ་བ་སྐྱེད་པ་ལ་ཡང་ནུས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །ལུས་ནི་རང་གི་ལུས་ཏེ་འདིའི་དོན་ནི་བདེ་བ་སྐྱེད་ པའི་ཆེད་དུའོ། །གང་འདི་ནི་དམྱལ་བ་ལ་སོགས་པའི་སྡུག་བསྔལ་མ་བརྩིས་པར་བྱས་པ་སྟེ་དུས་ཐམས་ཅད་དུ་འཁོར་བར་སྔར་བྱས་པའི་བྱེ་བར་ཡོངས་སུ་ངལ་ཞིང་ཉོན་མོངས་པ་ཡིན་ལ། དེ་ལས་ཏེ་བྱེ་བའི་བརྒྱའི་ཆ་ཡོངས་སུ་ངལ་བས་སངས་རྒྱས་ཉིད་དུ་འགྱུར་ལ། དེ་ལ་ལྟོས་ནས་ ཤིན་ཏུ་ཆུང་བའི་ཆ་ཡིས་སངས་རྒྱས་ཉིད་འཐོབ་སྟེ། དེ་ལྟར་ན་དེའི་དོན་དུ་བློ་གྲོས་དམན་པ་རྣམས་སྤྲོ་བར་མི་བྱེད་དོ་ཞེས་པའི་དོན་ཏོ། །འོན་ཏེ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ཡང་དཀའ་བ་བརྒྱས་རྩོམ་པའི་ཕྱིར་ཤིན་ཏུ་སྡུག་བསྔལ་སྟོང་ཕྲག་དུ་མ་སྐྱེད་པའི་ཕྱིར་རོ་ཞེ་ན། འདོད་ལྡན་ཞེས་པ་ལ་ སོགས་པ་གསུངས་ཏེ། གང་ཞིག་འདོད་པའི་དོན་དུ་འཁོར་བར་སྤྱོད་པ་ནི་བྱང་ཆུབ་སྤྱོད་པའི་སྡུག་བསྔལ་ལ་ལྟོས་ནས་འདི་ཉིད་སྡུག་བསྔལ་ཤིན་ཏུ་ཆེན་པོ་ཡིན་ཏེ། དེ་རྣམས་མནར་མེད་པར་ལྷུང་བར་བྱེད་པའི་ཕྱིར་དང་། གཞན་གྱི་དབང་གིས་ཡུན་རིང་པོར་ཉམས་སུ་མྱོང་བའི་ཕྱིར་ལ། བྱང་ཆུབ་སེམས་དཔའ་ རྣམས་ལ་ནི་དུས་སོ་སོར་ངེས་པར་རང་ཉིད་འདོད་པས་ཉམས་སུ་མྱོང་བ་ཉིད་ཡིན་པས་ན་དེ་ལྟ་མ་ཡིན་ནོ། །དེ་ལྟར་ན་གང་བྱང་ཆུབ་སེམས་དཔའ་རྣམས་གཞན་གྱི་དོན་དུ་སྡུག་བསྔལ་ཉམས་སུ་མྱོང་བ་དེ་ནི་བྱང་ཆུབ་ཏུ་འགྱུར་བ་ཡིན་ལ། འདོད་པ་དང་ལྡན་པ་རྣམས་ཀྱིས་འདོད་པའི་དོན་དུ་སྡུག་ བསྔལ་མྱོང་བ་ནི་བྱང་ཆུབ་ཏུ་འགྱུར་བ་མ་ཡིན་ནོ་ཞེས་པའི་དོན་ཏོ། ཡང་ཁྱད་པར་དུ་འདོད་པའི་རྒྱུས་སྡུག་བསྔལ་བ་ཉིད་དུ་རབ་ཏུ་བསྟན་པའི་ཕྱིར། དམྱལ་སོགས་ཞེས་པ་ལ་སོགས་པ་གསུངས་ཏེ། མཚོན་ལ་སོགས་པ་འདི་རྣམས་སྡུག་བསྔལ་སྐྱེད་པར་བྱེད་པའི་རྒྱུ་ཉིད་དུ་རབ་ཏུ་གྲགས་
Page: 247 པ་དང་། འདོད་པ་རྣམས་མཚུངས་པར་འགྱུར་བ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དམྱལ་བ་ལ་སོགས་པ་ངན་འགྲོའི་སྡུག་བསྔལ་ལུང་ལས་བཤད་པ་དྲན་པ་ལས་ཏེ། དྲན་པས་ཡུལ་དུ་བྱས་པ་ལས་སོ། །མཚོན་ཆ་ལ་སོགས་པ་ཡང་དུས་ངེས་པར་འཆི་བ་ལ་སོགས་པ་འདི་རྣམས་སྡུག་བསྔལ་སྐྱེད་ པར་བྱེད་པ་པོ་ཡིན་ལ། འདོད་པ་ནི་དུས་ཡུན་རིང་པོར་དམྱལ་བ་ལ་སོགས་པའི་སྡུག་བསྔལ་མི་བཟད་པའི་རྒྱུ་རྣམས་ཡིན་ཏེ། ཇི་ལྟ་བུར་དེ་རྣམས་ཀྱི་དཔེར་འགྱུར། དེ་ལྟར་ལུས་རྣམ་པར་དབེན་པའི་རྗེས་ལ་སེམས་རྣམ་པར་དབེན་པ་བརྗོད་ནས། སྐབས་སུ་བབ་པ་ལ་སྦྱར་བའི་ཆེད་དུ། དེ་ལྟར་ འདོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པ་སྟེ་འཇིག་པའི་རྒྱུ་རྣམས་སོ། །དེ་ལྟར་བརྗོད་པའི་རིམ་པས་སྐྱོ་ཞིང་སྐྲག་པར་བྱས་ནས་སྔར་བརྗོད་པའི་དབེན་པའི་དགའ་བ་ལ་མངོན་པར་དགའ་བ་བསྐྱེད་པར་བྱའོ། །གང་དུ་གནས་ནས་བྱ་ཞེ་ན། དེ་ལ་གསུངས་པ། རྩོད་པ་དང་ཞེས་པ་ལ་ སོགས་པ་གསུངས་ཏེ། འགྲན་ཟླ་མེད་པས་དེ་རྩོད་པས་སྟོང་པ་དག་ཡིན་ལ། སྟག་དང་རི་དགས་དང་སྦྲུལ་དང་རྐུན་པོ་ལ་སོགས་པ་དང་བྲལ་བས་དགའ་བ་ཡིན་ནོ། །དེའི་ཕན་ཡོན་སྐལ་ལྡན་ཞེས་པ་ལ་སོགས་པ་གསུངས་པ་ལ། སྐལ་ལྡན་ནི་ལེགས་པར་སྤྱོད་པ་རྣམས་ཡིན་ལ། ཟླ་བ་ནི་ཟླ་བ་ཉིད་ཡིན་ལ། འོད་ནི་འོད་ཟེར་ཡིན་ཏེ། དེ་ཉིད་དཀར་ཞིང་བསིལ་བར་ཆོས་མཐུན་པས་ཙནྡན་ཡིན་ལ། གང་རླུང་བསིལ་བ་རྣམས་དང་ལྡན་པའི་རྡོ་ལེབ་དེ་རྣམས་ལ་འཆག་པར་བྱེད་ཅེས་པ་དང་འབྲེལ་ཏོ། །ཁྱད་པར་ཅི་ལྟ་བུ་དང་ལྡན་པ་ཞེ་ན། ཉམས་དགའ་བར་ཏེ། རང་བཞིན་ གྱིས་གཙང་ཞིང་དག་པ་རྩུབ་པ་ལ་སོགས་པའི་ཉེས་པ་དང་བྲལ་བ་རྣམས་སོ། །ཡངས་པའི་རྡོ་ལེབ་ཁང་བཟངས་ནི་ཁང་བཟངས་དང་འདྲ་བ་སྟེ་ཡངས་པ་རྣམས་སོ། །ཇི་ལྟ་བུར་གྱུར་པའི་དམ་པས་འཆག་པར་བྱེད་ཅེ་ན། སྒྲ་མེད་པ་སྟེ། མི་མཐུན་པའི་སྒྲ་དང་བྲལ་བས་སོ། །ཞི་བ་ནི་ རྩུབ་པ་མ་ཡིན་པ་བདེ་བའི་རེག་པ་དང་ལྡན་པས་ཞེས་པའི་དོན་ཏོ། །ནགས་ཀྱི་རླུང་ནི་གཡོབ་པར་བྱེད་པའི་རླུང་ངོ་། །འཆག་པར་བྱེད་པ་ནི་ཡང་དང་ཡང་དུ་དལ་བས་འཆག་པའོ། །འཆག་པ་ཙམ་འབའ་ཞིག་ནི་མ་ཡིན་ཏེ། འོན་ཀྱང་གཞན་ལ་ཕན་པའི་ཆེད་དུ་སེམས་ཅན་རྣམས་
Page: 248 ༄༅། །ལ་བདེ་བ་སྐྱེད་པའི་སེམས་པའང་ཡིན་ནོ། །རྣལ་འབྱོར་པ་རྣམས་ཀྱིས་ནི་འདི་ཐམས་ཅད་འབད་པ་མེད་པར་འགྲུབ་པ་ཡིན་ལ། འདོད་པ་ཅན་རྣམས་ཀྱིས་ནི་འབད་པས་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ལྟར་ན་འདིས་ནི་རྣམ་པར་དབེན་པའི་བདེ་བ་དབང་ཕྱུག་གི་བདེ་བ་ ལས་ཀྱང་ཁྱད་པར་དུ་འཕགས་པར་བསྟན་ཏོ། །དབེན་པར་གནས་པ་རྣམས་ལ་བདེ་བ་ཐུན་མོང་མ་ཡིན་པ་གཞན་འདི་ཡང་ཡོད་པར་བསྟན་པའི་ཕྱིར། ཁང་སྟོང་ཞེས་པ་ལ་སོགས་པ་སྨོས་ཏེ་གོ་སླའོ། །རང་དབང་སྤྱོད་ཅིང་ཞེས་པ་ལ་སོགས་པ་ནི་བཤད་པ་ཉིད་ཀྱི་དོན་གསལ་བར་བྱེད་དེ། བདག་ནི་རང་ཉིད་ཡིན་ལ་རང་དབང་དུ་སྤྱོད་པ་ནི་འདོད་པ་ཡིན་ཏེ། དེས་རང་དབང་དུ་སྤྱོད་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་རང་དབང་དུ་སྤྱོད་པ་ཞེས་པའི་དོན་ཏོ། །དེ་ལྟར་རྣམ་པར་དབེན་པའི་ཡོན་ཏན་བཤད་དེ། སྐབས་སུ་བབ་པ་བཤད་པར་འདོད་ནས། དེ་ལས་ཞེས་པ་ལ་སོགས་པ་གསུངས་ ཏེ། དེ་ལས་ཞེས་བྱ་བ་ནི་སྔར་བརྗོད་པའི་རིམ་པ་སྟེ། སོགས་པའི་སྒྲས་ནི་གཞན་ཡང་དེ་ལྟར་ཡིན་ལ། རྣམ་པ་ཡིས་ཞེས་པ་ནི་ལུས་དང་སེམས་ཀྱིས་རྣམ་པར་དབེན་པ་ཡིན་ལ། ཡོན་ཏན་བསྒོམ་པ་ནི་འདི་ལྟར་ཡང་བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུ་ནི་བདེ་བ་ཡིན་ནོ་ཞེས་སེམས་ལ་ ཡང་ནས་ཡང་དུ་མངོན་དུ་བྱས་པའི་རྒྱུས་སོ། །རྣམ་པར་རྟོག་པའི་རྒྱུ་ཉེ་བར་ཞི་བ་ནི་གང་གི་དམ་པ་མ་ཡིན་པའི་ཡིད་ལ་བྱེད་པ་དེ་ལྟར་གྱུར་པ་ན་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱ་སྟེ། འདི་ལྟར་སེམས་ཡོངས་སུ་བྱང་བ་བསྒོམ་པ་ན་བྱང་ཆུབ་ཀྱི་སེམས་ཕུལ་དུ་ཕྱིན་པའི་གོ་འཕང་སྐྱེ་བར་ འགྱུར་རོ་ཞེས་ནིའི་སྒྲས་ཁྱད་པར་སྟོན་ཏོ། །དེ་ལ་རེ་ཞིག་གཅིག་ཏུ་གཞན་དུ་བདག་ཉིད་མ་བྱས་པ་དེ་སྲིད་དུ་གཞན་ལ་ཕན་པ་དང་བདེ་བའི་སེམས་ཕུན་སུམ་ཚོགས་པར་མི་འགྱུར་ཏེ། བདག་ཏུ་འཛིན་པ་ནི་བདག་ཉིད་ལ་ཁྱད་པར་དུ་འཇུག་པའི་ཕྱིར་རོ། །དེའི་ཕྱིར་འདི་བཟློག་པར་བྱ་ བའི་ཆེད་དུ་དང་པོར་ཏེ་ཐོག་མར་བདག་དང་གཞན་དུ་མཉམ་པོ་བསྒོམ་པར་བྱ་སྟེ། ཕྱི་ནས་ནི་བདག་དང་གཞན་དུ་བརྗེ་བའོ་ཞེས་པའི་དོན་ཏོ། །འདི་ལྟར་ཞེས་པ་ནི་འཆད་པར་འགྱུར་བའི་ཚུལ་གྱིས་སོ། །འབད་པས་ཞེས་པ་ནི་མངོན་པར་ཞེན་པ་ཆེན་པོས་སོ། །བདེ་དང་སྡུག་བསྔལ་མཉམ་
Page: 249 པས་ཞེས་པ་ནི་དེ་ཉིད་ཀྱི་རྣམ་པ་སྟོན་པ་ཡིན་ནོ། །བདག་ལས་འདི་དག་ལ་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། གང་ལས་ཇི་ལྟར་བདག་སྡུག་བསྔལ་ཞིང་གནོད་པ་དེ་བཞིན་དུ་འདི་རྣམས་ལ་ཡང་ངོ་། །ཇི་ལྟར་བདག་གི་བདེ་བ་ཡོངས་སུ་བཟུང་བ་སྟེ། དེ་བཞིན་དུ་འདི་རྣམས་ལ་ཡང་ཞེས་ སྲོག་ཆགས་ཐམས་ཅད་ལ་བདེ་བ་དང་སྡུག་བསྔལ་མཉམ་པར་འགྱུར་བ་ཡིན་ཏེ། དེའི་ཕྱིར་བདག་བཞིན་དུ་བདག་གིས་བསྐྱང་བར་བྱ་སྟེ། དཔེར་ན་བདག་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་འབྱིན་པ་དེ་བཞིན་དུ་སེམས་ཅན་གཞན་ཡང་གནོད་པར་བྱ་བ་དང་དཔེར་ན་བདག་ཉིད་རྣམ་ པ་ཐམས་ཅད་དུ་བདེ་བར་འདོད་པ་དེ་བཞིན་དུ་གཞན་ཡང་བདག་བཞིན་དུ་ཡོངས་སུ་བསྲུང་བར་བྱའོ། །འོ་ན་བདག་ཉིད་ལས་འགྲོ་བ་དུ་མའི་རྣམ་པ་ཐ་དད་པའི་སེམས་ཅན་རྣམས་གཅིག་ཏུ་འགྲུབ་པར་མི་འགྱུར་བ་མ་ཡིན་ནམ། བདེ་བ་དང་སྡུག་བསྔལ་ཐ་མི་དད་པར་ཡང་ཇི་ལྟར་འདོད་པར་འགྱུར་ཞེ་ན། འདི་ལ་ལག་པ་ལ་ སོགས་པ་ཞེས་པ་ལ་སོགས་པ་གསུངས་པ་ལ། ལག་པ་དང་རྐང་པ་དང་མགོ་བོ་ལ་སོགས་པ་དབྱེ་བ་རྣམ་པ་མང་པོ་ཇི་ལྟར་ལུས་གཅིག་ཏུ་ཞེན་པས་ཡོངས་སུ་བསྲུང་བར་བྱ་བར་འགྱུར་ཏེ། སྡུག་བསྔལ་ལས་བཟློག་པའི་ཕྱིར་དང་། བདེ་བ་ལ་གཏོད་པའི་ཕྱིར་རོ། །དེ་བཞིན་དུ་འགྲོ་བ་ སྟེ་སེམས་ཅན་གྱི་འཇིག་རྟེན་ཐ་མི་དད་ཅིང་གཅིག་པ་ཉིད་དུ་ཞེན་པས་བདག་གིས་ཡོངས་སུ་བསྲུང་བར་བྱ་བ་ཉིད་དུ་འགྱུར་རོ། །བདེ་བ་དང་སྡུག་བསྔལ་ཐ་མི་དད་པར་ཡང་གི་སྒྲ་མི་མངོན་པར་བྱས་པས་སྟོན་ཏོ། །དེ་ལྟར་ལག་པ་ལ་སོགས་པའི་དབྱེ་བ་བཞིན་དུ་འདི་ཐམས་ཅད་ཅེས་ཏེ་རྣམ་པ་མང་ པོའི་འགྲོ་བའི་བྱེ་བྲག་ཐ་དད་པ་ཡང་ངོ་། །བསམ་པ་ནི་འདི་ཡིན་ཏེ། ལུས་པོ་འདི་ལ་གཅིག་པ་ཉིད་མེད་ཀྱང་ཇི་ལྟར་གོམས་པས་གཅིག་ཏུ་ཞེན་པ་དེ་བཞིན་དུ་འགྲོ་བ་རྣམ་པ་དུ་མ་ལས་ཡང་ཡིན་ཏེ། ཁྱད་པར་ཅུང་ཟད་ཀྱང་མེད་དོ། །འདི་དེ་ལྟར་དུ་གྱུར་ན་གལ་ཏེ་ཁྱེད་དང་ལྷན་ཅིག་ ཏུ་འགྲོ་བ་གཅིག་གི་རང་བཞིན་ཡིན་པ་དེའི་ཚེ་ཇི་ལྟར་ཁྱེད་ཀྱི་སྡུག་བསྔལ་གཞན་གྱི་རྒྱུད་ལ་གནོད་པར་མི་འགྱུར་ལ། དེ་བཞིན་དུ་བཟློག་པ་ལ་ཡང་སྦྱར་བར་བྱའོ་ཞེས་དོགས་ནས། གལ་ཏེ་གཞན་གྱི་ལུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་གཞན་གྱི་ལུས་ཏེ་གཞན་གྱི་
Page: 250 ༄༅། །ལུས་པོ་དག་ལ་བདག་གི་སྡུག་བསྔལ་གལ་ཏེ་གནོད་པར་མ་གྱུར་པ་དེ་ལྟར་ན་ཡང་སྡུག་བསྔལ་དེ་ཉིད་བདག་གི་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བདག་ལ་ཆགས་པས་བཟོད་པར་དཀའ་བ་ཡིན་ཏེ་མི་ནུས་སོ་ཞེས་པ་སྟེ་འདི་ནི་གཏན་ཚིགས་ཀྱི་ཚིག་ཡིན་ལ། ཆའི་ སྒོ་ནས་འཇུག་ན་ཡང་སྡུག་བསྔལ་གྱི་རང་བཞིན་ཉིད་མི་འདོར་རོ་ཞེས་པའི་དོན་ཏོ། །དེ་བཞིན་དུ་བཟློག་པ་ཡང་བཤད་པར་བྱའོ། །དེའི་ཕྱིར་རང་དང་གཞན་གྱི་ཁྱད་པར་དོར་ནས་སྡུག་བསྔལ་གྱི་རང་བཞིན་ཉིད་བཟློག་པའི་གཏན་ཚིགས་བདག་གིས་ཞེས་པ་ལ་སོགས་པ་གསུངས་པ་ལ། གང་སྡུག་བསྔལ་ཡིན་པ་དེ་བདག་གིས་བསལ་བར་བྱ་སྟེ། བདག་གི་སྡུག་བསྔལ་བཞིན་ནོ། །སེམས་ཅན་གཞན་གྱི་སྡུག་བསྔལ་ཡིན་པས་ཞེས་པ་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་སྦྱོར་བ་ཡིན་ཏེ། སྡུག་བསྔལ་གྱི་རང་བཞིན་ཙམ་འབྱུང་བར་འགྱུར་བ་སྤོང་བར་བྱ་བ་ཉིད་དོ། ། གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། སྡུག་བསྔལ་གྱི་རང་བཞིན་ཉིད་དུ་ཁྱད་པར་མེད་པར་བསྒྲུབ་པའི་ཕྱིར་རོ། །མ་ངེས་པ་ཡང་མ་ཡིན་ཏེ། །ཁྱད་པར་མེད་པའི་ཕྱིར་བདག་གི་སྡུག་བསྔལ་ཡང་སྤང་བར་བྱ་བ་མ་ཡིན་པར་འགྱུར་རོ་ཞེས་པ་ནི་བཟློག་ན་གནོད་པ་ཅན་ནོ། །འདི་ ཉིད་ཀྱི་ཕྱིར་འགལ་བ་ཡང་མ་ཡིན་ནོ། །དེ་བཞིན་དུ་སྦྱོར་བ་གཞན་འདི་ཡང་ཡིན་ཏེ། གང་སེམས་ཅན་ཡིན་པ་དེ་ཐམས་ཅད་ལ་བདག་གིས་ཕན་པར་བྱ་སྟེ། ཇི་ལྟར་སེམས་ཅན་བདག་ཉིད་བཞིན་ནོ། །སྲོག་ཆགས་གཞན་ཡང་སེམས་ཅན་ཡིན་པ་ཞེས་པ་ནི་རང་བཞིན་གྱི་ གཏན་ཚིགས་ཉིད་དེ། སེམས་ཅན་གྱི་བདག་ཉིད་ཙམ་འབྱུང་བར་འགྱུར་བ་ལ་ཕན་གདགས་པར་བྱའོ། །འདི་ཡང་མ་གྲུབ་པ་མ་ཡིན་ཏེ། སེམས་ཅན་གྱི་བདག་ཉིད་ཀྱི་ཕྱོགས་གྲུབ་པའི་ཕྱིར་རོ། །བདག་ཉིད་ལ་ཡང་ཕན་མི་འདོགས་པར་ཐལ་བར་འགྱུར་བས་མ་ངེས་པ་ ཡང་མ་ཡིན་ལ། སྔར་བཞིན་དུ་འགལ་བ་ཡང་མ་ཡིན་ནོ། །སྡུག་བསྔལ་ལ་མངོན་པར་ཞེན་པ་ཞེས་པ་བདག་དང་གཞན་ལ་ཁྱད་པར་ཡོད་པ་མ་ཡིན་ནམ། དེའི་ཕྱིར་དེ་ལྟར་ན་གཏན་ཚིགས་ནི་མ་ངེས་པ་ཡིན་ནོ་ཞེ་ན། གང་ཚེ་བདག་དང་ཞེས་པ་ལ་སོགས་པ་གསུངས་པ་ལ། བདེ་
Page: 251 བ་སྟེ་དགའ་བ་འདོད་པར་མཚུངས་ཤིང་མཉམ་པ་ཉིད་ལ་དེ་དག་དང་གཞན་ལ་ཁྱད་པར་ཅི་ཡོད་དེ་ཅུང་ཟད་ཀྱང་མེད་དོ། །གང་གི་ཕྱིར་བདག་ཉིད་ལ་བདེ་བ་བསྐྱེད་པར་བྱ་བའི་ཕྱིར་བརྩོན་ལ་གཞན་ལ་མ་ཡིན་ཞེས་པའི་དོན་ཏོ། །གཏན་ཚིགས་དང་པོ་ལ་མ་ངེས་པ་ཉིད་སྤང་བའི་ཕྱིར། གང་ཚེ་བདག་དང་ཞེས་པ་ལ་སོགས་པ་གསུངས་ཏེ། འཇིགས་པ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་ལ། གཞན་མིན་ཞེས་པ་ནི་གཞན་ལ་མ་ཡིན་པའོ། །དེ་ལྟར་གྱུར་ན་ཡང་སྡུག་བསྔལ་གཅིག་གི་བདག་ཉིད་དུ་ཁྱད་པར་མེད་པར་གྱུར་པ་དེ་ལྟ་ན་ཡང་། གང་ལ་སྡུག་བསྔལ་གྱིས་གནོད་པ་དེ་ཉིད་ཀྱིས་ བསྲུང་བར་འོས་ཀྱི་གཞན་གྱིས་ནི་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལ་ཞེན་པ་ལ་སོགས་པ་གསུངས་ཏེ། གཞན་དེའི་སྡུག་བསྔལ་གྱིས་བདག་ལ་གནོད་པ་དང་གདུང་བ་མེད་པའི་ཕྱིར་རྒྱུ་འདིས་གལ་ཏེ་གཞན་མ་བསྲུངས་ན་གཞན་འདི་ཉམས་པར་འགྱུར་ཏེ། གང་གི་ཕྱིར་མ་འོངས་པ་སྟེ་ འཇིག་རྟེན་ཕ་རོལ་གྱི་ལུས་དམྱལ་བར་སྐྱེས་པའི་སྡུག་བསྔལ་གྱི་བདག་ཉིད་འདིར་སྐྱེས་པའི་ལུས་པོ་འདི་ལ་ཅུང་ཟད་ཀྱང་གནོད་པར་མི་སྲིད་དེ། དེ་གཞན་ཡིན་པའི་ཕྱིར་རོ། །དེ་ཞེས་པ་ནི་འཇིག་རྟེན་པའི་བརྗོད་པའམ་དེའི་དོན་ཏོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་བསམ་པ་ གང་གིས་འདིར་བསྲུང་བ་ལུས་ཀྱི་རང་བཞིན་ཡིན་པའི་ཕྱིར་ཏེ། སྡིག་པ་ལས་ལྡོག་པའི་ཕྱིར་དང་དགེ་བ་ལ་འཇུག་པའི་ཕྱིར་རོ། །བདག་ནི་དུས་ཐམས་ཅད་དུ་གཅིག་ཡིན་ཏེ། ལུས་ངག་ལ་ཐ་དད་པ་ཡོད་པ་མ་ཡིན་ལ། དེའི་ཕྱིར་ཉེས་པ་འདི་མེད་དོ་ཞེ་ན། བདག་གིས་ཞེས་བྱ་བ་ ལ་སོགས་པ་གསུངས་ཏེ། བདག་ནི་འགེགས་པར་འགྱུར་བའི་ཕྱིར་དང་། ཅུང་ཟད་བཀག་པའི་ཡང་ཕྱིར་གང་ཞིག་ངའོ་ཞེས་རྟོག་པའི་ཡུལ་དུ་འགྱུར། དེའི་ཕྱིར་ངའོ་ཞེས་ཤེས་པའི་ཡུལ་གང་ལ་ཡང་གཅིག་ཅེས་པ་མེད་པའི་ཕྱིར་ཞེན་པའི་རྣམ་པར་རྟོག་པ་འདི་ནི་ལོག་པའོ། ། བདག་ཉིད་དེའི་ཚེ་ཡང་ཞེས་པ་ནི་འདི་སྲིད་པ་གཞན་ཡིན་ལ། སྒྱུ་མ་ལྟ་བུ་ཉེ་བར་ལེན་པའི་ཕུང་པོ་ལྔ་ཙམ་དམིགས་པའི་ཕྱིར་རོ། །འདི་ཡང་ཞེན་པའི་དབང་གིས་བརྗོད་པ་ཡིན་ཏེ། ཡང་དངོས་པོ་ལ་ནི་དམིགས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ་རྣམ་པར་རྟོག་པའི་བདག་ཉིད་ཡིན་
Page: 252 ༄༅། །པའི་ཕྱིར་རོ། །ཡང་འདི་ཅིའི་ཕྱིར་རྣམ་པར་རྟོག་པ་ལོག་པ་ཡིན་ཞེ་ན། འདི་ལྟར་ཤི་བ་ཞེས་པ་ལ་སོགས་པ་གསུངས་ཏེ། བདག་གཅིག་ཏུ་ཕུང་པོ་ལྔ་པོ་ཙམ་ཉིད་ཡིན་ལ། གང་གི་ཚེ་བདག་ལ་སོགས་པ་འགའ་ཞིག་འཇིག་རྟེན་ཕ་རོལ་དུ་འགྲོ་བར་སྲིད་པ་ཐ་ མ་མ་ཡིན་པ་དེའི་ཚེ་ངེས་པར་ཕུང་པོ་དེ་འདི་ཉིད་དུ་འཇིག་པར་འགྱུར་བ་ནི་མ་ཡིན་ཏེ། དེ་ཉིད་འཇིག་རྟེན་ཕ་རོལ་དུ་སྐྱེ་བར་འགྱུར་རོ། །འོན་ཀྱང་སྔ་མ་འགགས་ནས་དེས་རྐྱེན་འདིས་ཁྱད་པར་དུ་གྱུར་པའི་ལས་དང་ཉོན་མོངས་པས་འདུས་བྱས་པ་བར་མ་དོའི་སྲིད་པ་སྔར་མེད་པའི་རྒྱུད་སྐྱེད་ པར་འགྱུར་ཏེ། དེའི་ཕྱིར་ཐོག་མ་མེད་པའི་འཁོར་བ་ནས་འཇུག་པའི་ལོག་པའི་རྣམ་པར་རྟོག་པ་ལ་གོམས་པའི་བག་ཆགས་ཀྱི་དབང་ལ་སོགས་པའི་རྐྱེན་གྱིས་ཕྱིར་ཕྱིན་ཅི་ལོག་པ་ཉིད་སྐྱེ་བར་འགྱུར་རོ། །གཞན་ཡང་གནོད་པར་བྱེད་པ་གཞན་འདི་ཡིན་ནོ་ཞེས་གང་གི་ཚེ་ཞེས་པ་ལ་སོགས་པ་ གསུངས་ཏེ། གང་གི་ཚེ་འབྱུང་བར་འགྱུར་བའི་ལུས་ཀྱི་སྡུག་བསྔལ་བསྲུང་བའི་དོན་རེ་ཞིག་ཞོག་ལ། འདིར་ལུས་པོ་གཅིག་ལ་ཡན་ལག་ཐ་དད་པས་སྡུག་བསྔལ་ཐ་དད་པ་ཡིན་ཏེ། དེའི་ཕྱིར་གང་གཞན་གྱི་སྡུག་བསྔལ་གཞན་གྱིས་བསྲུང་བ་ལ་འབད་པར་མི་རིགས་ན། རྐང་ པ་ལ་སོགས་པ་ལ་ཕངས་པ་གང་ཞིག་མཐོང་བ་ན་ཅིའི་ཕྱིར་ལག་པ་ལ་སོགས་པས་སྐྱོང་བར་བྱེད་དེ། གཞན་ཉིད་དུ་ཁྱད་པར་མེད་པའི་ཕྱིར་འདི་རིགས་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །འོན་ཏེ་འདི་རིགས་པ་ཡིན་ན་ཡང་ལུས་པོ་འདི་ལ་བདག་གིར་འཛིན་པ་སྟེ། བདག་ཅེས་པ་ བདག་ཏུ་འཛིན་པ་ལས་བདག་མེད་ཀྱང་འཇུག་པར་འགྱུར་ཏེ། རྐང་པ་ལ་སོགས་པ་ལ་བསྲུང་བའི་ཡིད་ལ་བྱེད་པ་འབྱུང་བར་འགྱུར་རོ་ཞེ་ན། འདི་ཡང་ལེགས་པ་མ་ཡིན་ཏེ། ཇི་ལྟར་གང་མི་རིགས་པ་སྟེ་རིགས་པ་དང་མི་མཐུན་པ་དེ་བཟློག་པར་བྱ་སྟེ། བདག་དང་གཞན་གྱི་ ཡང་བསལ་བར་བྱ་སྟེ། ནན་གྱིས་ནི་ནུས་པ་ཅི་ལྟ་བར་རོ། །ནུས་པ་དང་བྲལ་བས་ནི་འདིར་བཏང་སྙོམས་ཉིད་དུ་བྱ་བར་རིགས་སོ་ཞེས་པའི་དོན་ཏོ། །གལ་ཏེ་བདག་ལ་སོགས་པ་མེད་པར་གྱུར་པ་དེ་ལྟ་ན་ཡང་རྒྱུད་ཅེས་པ་གཅིག་ཡོད་པ་ཡིན་ཏེ། དེ་བཞིན་དུ་ལག་པ་དང་
Page: 253 རྐང་པ་ལ་སོགས་པ་མང་པོ་རྣམས་ལ་ཡང་ཚོགས་པའི་ལུས་གཅིག་ཡོད་པ་ཡིན་ལ། གཉིས་པོ་འདི་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་དུ་ཇི་ལྟར་སྲིད་པར་བདག་སྡུག་བསྔལ་ཁྱེར་བར་བྱེད་པ་ལ་སོགས་པའི་ངེས་པར་བྱེད་པར་འགྱུར་ཏེ། དེའི་ཕྱིར་ཁྱད་པར་ཅི་ཞིག་ཡོད་ཅེས་པའི་གཏན་ ཚིགས་མ་གྲུབ་པ་ཡིན་ལ། སྔ་མ་ནི་མ་ངེས་པ་ཡིན་ནོ་ཞེས་དོགས་ནས་རྒྱུད་དང་ཞེས་པ་ལ་སོགས་པ་གསུངས་ཏེ། རྒྱུད་ཅེས་པ་འགའ་ཞིག་དོན་དམ་པར་སྲིད་པ་མ་ཡིན་ཏེ། འོན་ཀྱང་རྒྱུ་དང་འབྲས་བུའི་དངོས་པོ་འཇུག་པ་སྐད་ཅིག་བརྒྱུད་པའི་རྒྱུན་གྱི་རང་བཞིན་ཉིད་འདི་ཡིན་ཏེ། དེ་ལ་ ཐ་དད་པ་དེ་མ་དམིགས་པའི་ཕྱིར་རོ། །དེའི་སྐད་ཅིག་མ་འདི་རྣམས་ཚིག་གཅིག་གིས་བློའི་ཐ་སྙད་བྱ་བའི་དོན་དུ་རྒྱུད་ཅེས་བརྡར་བྱས་པ་ཡིན་ཏེ། དེ་ལྟར་ན་འདི་ནི་བརྟགས་པར་ཡོད་པ་ཉིད་ཡིན་ལ། དེས་ན་འདིར་མངོན་པར་ཞེན་པ་སྤོང་བར་བྱ་སྟེ། གཞན་དུ་ན་གང་གིས་ཁས་མི་ ལེན་པར་འགྱུར་བ་བདག་གིས་གནོད་པ་ཅི་ཞིག་བྱས། དེ་བཞིན་དུ་ཚོགས་པ་ཅན་ལ་སོགས་པའི་དངོས་པོ་གཅིག་པུར་གྱུར་པ་ཡོད་པ་ནི་མ་ཡིན་ཏེ། དེ་རྣམས་ལས་དེ་ཐ་དད་པར་མ་དམིགས་པའི་ཕྱིར་ལ། དེ་ཉིད་དང་གཞན་དུ་བརྟགས་པའི་ཆ་ཤས་ཀྱི་རྣམ་པར་དཔྱད་པས་མི་གནས་ པའི་ཕྱིར་འདིར་བརྗོད་པར་མི་བྱ་སྟེ། དེའི་ཕྱིར་འདི་ཡང་སྔར་བཞིན་དུ་ཀུན་རྫོབ་ཏུ་ཡོད་པ་ཉིད་དོ། །འདི་དག་གོ་རིམས་ཇི་ལྟ་བར་དཔེར་བརྗོད་པ། ཕྲེང་བ་དམག་ཅེས་པ་ལ་སོགས་པ་གསུངས་ཏེ། རྒྱུད་ནི་ཕྲེང་བ་བཞིན་དུ་ཡིན་ལ། ཚོགས་པ་ནི་དམག་ལ་སོགས་པ་བཞིན་ཡིན་པ་ ལ་སོགས་པའི་སྒྲས་ཕྲེང་བ་དང་། ནགས་ལ་སོགས་པ་བཟུང་ངོ་། །ཇི་ལྟར་གྲོག་མོ་ལ་སོགས་པ་དུ་མ་འདི་རྣམས་སྔ་ཕྱིའི་རིམ་པས་གནས་པ་རྣམས་ལ་རང་གི་ངོ་བོ་ལས་མ་གཏོགས་པ་མེ་ཏོག་བརྒྱུས་པ་བཞིན་དུ་རྒྱུད་གཅིག་ནི་ཡོད་པ་མ་ཡིན་ནོ། །གང་གི་ཚེ་གླང་པོ་ཆེ་དང་རྟ་དང་ རྐང་ཐང་ལ་སོགས་པ་བསྡུས་པ་རྣམས་ལས་ཐ་དད་པའི་དམག་ལ་སོགས་པ་གཞན་ཅུང་ཟད་ཅིག་ཀྱང་དེར་ཡོད་པ་མ་ཡིན་ཏེ། དེ་བཞིན་དུ་ཚོགས་པའང་ཡིན་ལ་འདི་ཡང་གཞན་དུ་རྒྱས་པར་དཔྱད་པས་འདིར་དཔྱད་པར་མི་བྱའོ། །དེའི་ཕྱིར་ཤེས་པ་འདི་ནི་བརྫུན་པ་ཡིན་ཏེ། རྟག་
Page: 254 ༄༅། །ཏུ་དངོས་པོར་དམིགས་པ་དང་བྲལ་བའི་ཕྱིར་དོན་ལ་དཔྱད་མི་བཟོད་པའི་ཕྱིར་རོ། །དེ་དེ་ལྟར་ན་བདག་ལ་སོགས་པ་བདག་པོ་གང་ཡང་མེད་པས་གང་དང་འབྲེལ་བའི་སྡུག་བསྔལ་ལ་སོགས་པ་ཡང་མེད་དོ། །དེའི་ཕྱིར་སྡུག་བསྔལ་དེའི་བདག་པོར་ གང་ཞིག་འགྱུར་ཏེ་གང་ཡང་མ་ཡིན་ནོ་ཞེས་པའི་དོན་ཏོ། །གལ་ཏེ་བདག་ལ་སོགས་པ་མེད་ན་དེའི་ཚེ་བདག་སྡུག་བཞིན་ཞེས་པ་དང་། སེམས་ཅན་ཡིན་ཕྱིར་བདག་ལུས་བཞིན། །ཞེས་བྱ་བའི་དཔེ་ཇི་ལྟར་འཐད་ཅེ་ན། འདི་ནི་བདེན་ཏེ་འོན་ཀྱང་ཕོངས་པའི་སྒོ་ནས་སྒྲུབ་པར་བྱེད་ པ་ནི་མ་ཡིན་ཏེ། འོན་ཀྱང་གཞན་ལ་བདག་ཏུ་འཛིན་པའི་མངོན་པར་ཞེན་པ་སྤང་བར་བྱ་བའི་དོན་དུ་ཡིན་ཏེ། གལ་ཏེ་གཞན་གྱི་བདག་ཏུ་འཛིན་པའི་མངོན་པར་ཞེན་པ་དེ་ལྡོག་པ་ཉིད་དུ་ཡིན་པ་དེའི་ཚེ་རྗེས་སུ་དཔག་པའི་སྦྱོར་བ་ལ་དགོས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །འོན་ཏེ་མ་ལོག་པ་ དེའི་ཚེ་བསམ་པ་དེ་ཉིད་ཀྱིས་རང་གི་ཆ་དང་གཞན་གྱི་ཆར་བྱས་ནས་དེ་རྟོགས་པར་བྱ་བའི་དོན་དུ་སྒྲུབ་པར་བྱེད་པ་དང་དཔེ་དགོད་པར་བྱ་བ་སྟེ། དེ་ལྟར་ན་དཔེ་མ་གྲུབ་པ་ཡིན་ཏེ། ཐ་སྙད་ལ་འཇུག་པར་བྱ་བའི་དོན་ཡིན་པས་སོ། །གཞན་ཡང་ཟིན་པའི་ཕུང་པོ་ཉིད་ལ་དགོངས་ནས་དཔེ་ མཛད་པ་ལ་ཉམས་ཅུང་ཟད་ཀྱང་མེད་པས་འདི་ཉིད་དུ་བདག་གི་སྒྲ་འཇུག་པར་མཛད་དོ། །ད་ནི་སྐབས་སུ་བབ་པ་བསྡུ་བར་བཞེད་ནས། སྡུག་བསྔལ་དཔག་ཏུ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། གསུངས་པའི་རིམ་པས་གང་རྣམས་ལ་བདག་པོ་མེད་པ་ཞེས་པའི་ཚིག་སྡུད་པ་ ཡིན་ཏེ། བདག་གི་བ་མ་ཡིན་པ་གང་དང་ཡང་འབྲེལ་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །གང་ཅུང་ཟད་ཐམས་ཅད་ཉིད་ཀྱིས་མ་ཡིན་ནོ་ཞེས་ཁྱད་པར་དུ་བྱེད་དེ། གང་དུ་ཡང་གང་གི་ཡང་བདག་གི་བ་ཉིད་ཡོད་པ་མ་ཡིན་ལ་འདི་ལས་ཁྱད་པར་ཡོད་པ་མ་ཡིན་པའི་ཕྱིར་སྡུག་བསྔལ་ཉིད་བདག་ དང་གཞན་གྱིར་དབྱེ་བ་མ་བྱས་པར་བཟློག་པར་བྱ་བ་ཉིད་དུ་འགྱུར་ལ་དེ་ལ་བདག་གི་བ་ལ་སོགས་པ་རྒྱུ་མཚན་གཞན་ནི་ཡོད་པ་མ་ཡིན་ཏེ་དེས་ན་གང་གི་བདག་གིས་བདག་གི་བ་ཉིད་ནི་བཟློག་པར་བྱ་བ་ཡིན་ལ། གཞན་དག་གིས་ནི་མ་ཡིན་ཞེས་པ་འདི་ངེས་པར་འགྱུར་བར་གང་གིས་བྱས་
Page: 255 ཏེ་ཁྱད་པར་གང་གིས་བྱས། དེ་ལྟར་ན་སྡུག་བསྔལ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ངེས་པ་མ་ཡིན་ནོ་ཞེས་སྨྲས་པ་ཡིན་ནོ། ཅི་སྟེ་སྡུག་བསྔལ་ཅན་འགའ་ཞིག་ཀྱང་འཁོར་བ་ན་གལ་ཏེ་ཡོད་པ་ཡིན་ན། དེ་ལྟ་ན་སྡུག་བསྔལ་བཟློག་པར་བྱ་བ་མ་ཡིན་པ་ཉིད་དུ་འགྱུར་ཏེ། སྙིང་ རྗེའི་ཞིང་སྡུག་བསྔལ་ཅན་འགའ་ཡང་ཡོད་པ་མ་ཡིན་པའི་ཕྱིར་ཞེས་དོགས་ནས། ཅིའི་ཕྱིར་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཟློག་པར་བྱ་བ་མ་ཡིན་པ་ཉིད་ཡིན་ཏེ། བདག་མེད་པའི་ཕྱིར་རོ་ཞེས་གལ་ཏེ་སེམས་ན། དེའི་ཚེ་འདིར་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ ཞེ་ན། ཐམས་ཅད་རྩོད་མེད་ཕྱིར་ཏེ། རྒོལ་བ་ཐམས་ཅད་ལ་རྩོད་པ་མེད་པའི་ཕྱིར་ལ་ལོག་པ་མེད་པར་རྟོགས་པ་མེད་པའི་ཕྱིར་རོ། །ཚུ་རོལ་མཛེས་པ་ཡང་འདིར་རང་གི་སྡུག་བསྔལ་སྤོང་བར་ཞུགས་པའི་ཕྱིར་རོ། །དེ་རྣམས་ཀྱིས་བདག་ཁས་བླངས་པ་ཉེས་པར་མ་གྱུར་པ་ནི་མ་ཡིན་ ཏེ། དེའི་རང་བཞིན་མ་དམིགས་པས་སོ། །ཁས་བླངས་པ་ཙམ་གྱི་སྒོ་ནས་དེ་ཡོད་པར་གྲུབ་པ་ནི་མ་ཡིན་ཏེ། དེ་ལ་སྒྲུབ་པར་བྱེད་པ་མེད་པའི་ཕྱིར་དང་། གནོད་པར་བྱེད་པ་དུ་མ་བརྗོད་པའི་ཕྱིར་རོ། །དེ་ལྟར་ན་སྡུག་བསྔལ་ཐམས་ཅད་བཟློག་པར་བྱ་བ་ཡིན་པ་དེའི་ཚེ་ཐམས་ཅད་ བཟློག་པར་བྱའོ། །གལ་ཏེ་བཟློག་པར་བྱ་བ་མ་ཡིན་ན་དེའི་ཚེ་བདག་ཉིད་ཀྱང་སྟེ་ཟིན་པའི་ཕུང་པོ་ལྔའི་རང་བཞིན་གྱི་སྡུག་བསྔལ་ཡང་བཟློག་པར་བྱ་བ་མ་ཡིན་ཏེ། ཐམས་ཅད་དུ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་མཇུག་སྡུད་དོ། །ཅི་སྟེ་ཐམས་ཅད་ཀྱི་སྡུག་བསྔལ་བསལ་ བར་བྱ་བའི་ཕྱིར་བརྩོན་པ་སྙིང་རྗེ་གཞན་གྱི་དབང་དུ་གྱུར་པས་གཞན་སྡུག་བསྔལ་བས་སྡུག་བསྔལ་བ་ཡིན་པ་དེ་ལྟ་ན་ལྷུར་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་དེ་ཉིད་དང་པོ་ཉིད་དུ་བསྐྱེད་པར་བྱ་བ་ཉིད་དུ་སྦྱར་བར་མི་རིགས་སོ་ཞེས་གཞན་གྱི་ཚིག་གིས་དོགས་པར་བྱས་ནས། སྙིང་རྗེ་ཞེས་པ་ལ་སོགས་པ་གསུངས་ཏེ་ ནན་གྱིས་ཞེས་པ་ནི་རྩོལ་བས་སོ། །འདིར་ལན་གསུངས་པ། འགྲོ་བའི་སྡུག་བསྔལ་ལ་སོགས་པས་བྱས་པའི་རྣམ་པ་མང་པོ་བསམ་པར་བྱས་ན་སྙིང་རྗེ་བྱས་པའི་སྡུག་བསྔལ་འདི་ཅི་ལྟར་མང་སྟེ། སྙིང་རྗེ་ཅན་གྱི་སྡུག་བསྔལ་ནི་མང་བ་མ་ཡིན་ནོ་ཞེས་དགོངས་སོ། །གཞན་ཡང་
Page: 256 ༄༅། །ལན་འདི་ཡང་ཡོད་དོ་ཞེས། གལ་ཏེ་སྡུག་བསྔལ་གཅིག་གིས་ཞེས་པ་ལ་སོགས་པ་གསུངས་ཏེ། སྐྱེས་བུ་གཅིག་གི་སྡུག་བསྔལ་གྱིས་གལ་ཏེ་སེམས་ཅན་མང་པོ་རྣམས་ཀྱི་སྡུག་བསྔལ་མེད་པར་འགྱུར་ཞིང་བཟློག་པར་འགྱུར་ན་དེའི་དེ་ལྟ་བུའི་སྡུག་བསྔལ་བསྐྱེད་ པར་བྱ་ཞིང་བསྒྲུབ་པར་བྱའོ། །སྙིང་རྗེའི་བདག་ཉིད་ཅན་གྱི་དམ་པས་རང་དང་གཞན་གཉི་གའི་སྡུག་བསྔལ་བསལ་བར་བྱའོ། །བརྟགས་པ་ནི་མ་ཡིན་ནོ་ཞེས་བསྙད་པའི་ཕྱིར། དེས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་སྙིང་རྗེ་ཅན་གྱིས་རང་གཞན་གྱི་སྡུག་བསྔལ་བསྐྱེད་པར་བྱ་བ་ ཉིད་དེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་ཀྱིས་རྒྱལ་པོ་ཉམས་པ་སྟེ་རྒྱལ་པོ་ལས་ཉམས་ཏེ་ཤེས་ཤིང་གོ་ཡང་ངོ་། །བདག་གི་སྡུག་བསྔལ་མ་བསལ་བ་ནི་མ་བཟློག་པ་ཡིན་ཏེ་བཏང་སྙོམས་སུ་བྱས་ཞེས་པའི་ཐ་ཚིག་གོ། །དེ་བཞིན་དུ་རྒྱལ་པོའི་ཕྱིར་མའི་ སྡུག་བསྔལ་ཡང་ངོ་། །སྡུག་བསྔལ་ཐམས་ཅད་ཀྱིས་མི་ཟད་བྱས་པ་སྟེ། །སྡུག་བསྔལ་གྱིས་ཞེས་སྐབས་སུ་བབ་པ་ལ་དྲུག་པའི་མཐའ་ཅན་གྱིས་འབྲེལ་ཏོ། །གང་མེ་ཏོག་ཟླ་མཛེས་ཀྱི་དེ་ལྟ་བུ་བྱུང་བའི་ལས་འདི་ལྟར་ཡང་འདས་པའི་དུས་ན་རིན་པོ་ཆེ་པད་མའི་རྣམ་པར་དག་པ་ མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་བྱུང་ཞིང་རྒྱལ་པོ་ཡང་བྱུང་བར་གྱུར་པ་ན་བཅོམ་ལྡན་འདས་དེ་ཡང་སངས་རྒྱས་ཀྱི་མཛད་པ་མཛད་ཅིང་ཡུན་རིང་དུ་བཞུགས་ནས་ཡོངས་སུ་མྱ་ངན་ལས་འདས་སོ། །དེའི་ཚེ་ཡོངས་སུ་མྱ་ངན་ལས་འདས་ནས་བསྟན་ པ་ནུབ་པར་གྱུར་པ་ན་རྒྱལ་པོ་དཔས་བྱིན་ཞེས་བྱ་བ་བྱུང་བར་གྱུར་ཏེ། དེའི་ཕོ་བྲང་འཁོར་ནི་རིན་ཆེན་ལྡན་པ་ཞེས་བྱ་བ་ཡིན་ལ། དེའི་ཚེ་དེའི་དུས་ན་སེམས་ཅན་རྣམས་ལྟ་བ་ལོག་པར་གྱུར་ཏོ། །དེ་རྣམས་ལ་ཐུགས་བརྩེ་བའི་དོན་དུ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་མང་ པོ་བྱུང་བར་གྱུར་ཏེ་ཡུལ་འཁོར་དང་གྲོང་རྡལ་དེ་ལས་དེ་རྣམས་ཀྱང་བསྐྲད་ནས་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་དང་ལྷན་ཅིག་ཏུ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་དགོན་པའི་ནགས་ཁྲོད་ན་བརྟེན་ཅིང་གནས་སོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་སེམས་ཅན་རྣམས་
Page: 257 ལ་སྙིང་རྗེའི་བསམ་པས་དབེན་པར་ནང་དུ་ཡང་དག་འཇོག་ལ་ཞུགས་ཏེ། བདག་གིས་གྲོང་དང་གྲོང་རྡལ་དང་ཡུལ་འཁོར་དུ་སོང་ལ་སེམས་ཅན་ལམ་ངན་པར་ཞུགས་པ་རྣམས་དགེ་བའི་ལམ་ལ་གཞག་པར་བྱའོ་ཞེས་སེམས་ལ་རྣམ་པར་རྟོག་པ་སྐྱེས་ཏེ། ཚངས་པ་མཚུངས་པར་སྤྱོད་ པ་རྣམས་ལ་དོན་དེ་སྨྲས་སོ། །དེ་རྣམས་ཀྱིས་བཀག་པར་གྱུར་ཀྱང་བདག་ཉིད་ཉམས་པ་དང་རྒྱལ་པོ་ཡང་ཉམས་པར་ཤེས་བཞིན་དུ་ནགས་ཁྲོད་དེ་ལས་བྱུང་བར་གྱུར་ཏེ། རིམ་གྱིས་ཆོས་སྟོན་ཅིང་རྒྱལ་པོ་དེའི་ཕོ་བྲང་གི་འཁོར་དུ་ཕྱིན་པར་གྱུར་ཏོ། །དེས་རྒྱལ་པོའི་བུ་དང་། བློན་པོ་ དང་། མདུན་ན་འདོན་ལ་སོགས་པ་སེམས་ཅན་མང་པོ་རྣམས་ལ། ཇི་ལྟར་འདུལ་བར་ཐབས་རྣམ་པ་དུ་མས་ཡང་དག་པའི་ལམ་ལ་འཇོག་པའི་ཚེ་རྒྱལ་པོ་དེ་རྒྱལ་པོའི་ལམ་དུ་མཐོང་བ་བཞིན་དུ་ཁྲོས་ཏེ། ཕྲག་དོག་གིས་བསླངས་པའི་སེམས་ཀྱིས་འདིས་སྐྱེ་བོ་ཐམས་ཅད་རངས་པར་ བྱས་སོ་སྙམ་ནས་བསད་པའི་དོན་དུ་རང་གི་བུ་རྣམས་ལ་བསྒོ་བ་དང་། དེ་རྣམས་ཀྱང་དེ་གསོད་པ་ལ་ཕྱིར་ཕྱོགས་པར་གོ་ནས་གསོད་པའི་གཤེད་མ་དགའ་བྱེད་ལ་བཀའ་བསྒོ་བའོ། །དེས་ཀྱང་རྒྱལ་པོའི་བཀའ་བཞིན་དུ་བྱེད་པས་ལག་པ་དང་། རྐང་པ་ལ་སོགས་པ་རིམ་གྱིས་བཅད་ ནས་མིག་དག་ཀྱང་སྐམ་པས་ཕྱུང་སྟེ། སྲོག་དང་བྲལ་བར་བྱས་སོ། །དེ་ནས་དགེ་སློང་དེ་རྒྱལ་པོའི་ལམ་དུ་སྲོག་དང་བྲལ་བའི་ལུས་ལས་ངོ་མཚར་རྨད་དུ་བྱུང་བ་དུ་མ་དེ་མཐོང་ནས། དགེ་སློང་འདི་ནི་བྱང་ཆུབ་སེམས་དཔའ་ཉིད་དོ་ཞེས་རྒྱལ་པོས་ཆོ་ངེ་བྱས་ནས་ཡོངས་སུ་གདུང་ བར་གྱུར་ཏེ། རྣམ་པ་དུ་མས་སྨྲེ་སྔགས་འདོན་ཏོ། །དེ་ལྟར་མེ་ཏོག་ཟླ་མཛེས་ཀྱི་དེ་ལྟ་བུ་བྱུང་བ་ཅུང་ཟད་འདིར་མདོར་བསྡུས་ནས་བརྗོད་པ་ཡིན་ཏེ། ཡང་རྒྱས་པར་ནི་ཏིང་ངེ་འཛིན་རྒྱལ་པོའི་མདོར་བསྟན་པས་དེ་ཉིད་དུ་རིག་པར་བྱའོ། །ཕ་རོལ་སྡུག་བསྔལ་བས་སྡུག་བསྔལ་ བའི་སྙིང་རྗེ་ཅན་རྣམས་ནི་སྡུག་བསྔལ་ཆེན་པོས་ཀྱང་གནོད་པར་འགྱུར་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ལྟར་རྒྱུད་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལྟར་ནི་བདག་དང་གཞན་དུ་མཉམ་པའོ། །རྒྱུད་བསྒོམས་པ་ནི་སེམས་ཀྱི་རྒྱུད་ལྷུན་གྱིས་གྲུབ་པས་འཇུག་པའོ། །
Page: 258 ༄༅། །གཞན་གྱི་སྡུག་བསྔལ་ཞི་ཞིང་མཉམ་པར་དགའ་བ་སྟེ། བདེ་བའི་རྒྱུ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། བདག་གི་བདེ་བ་ཡང་གཞན་གྱི་སྡུག་བསྔལ་བས་སྡུག་བསྔལ་བ་ཉིད་གང་རྣམས་ཀྱིས་ཡིན་པ་ཞེས་པའི་དོན་ཏོ། །དེ་རྣམས་མནར་མེད་པར་ འཇུག་པ་རྣམས་ནི་གཞན་སྡུག་བསྔལ་ལས་གདོན་པའི་དོན་དུ་སྡུག་བསྔལ་དེ་ཉིད་ལ་བདེ་བར་སེམས་པ་རྣམས་སོ། །འདི་ཉིད་འདིར། པདྨའི་མཚོ་རུ་ངང་པ་ལྟར། །ཞེས་གསུངས་ཏེ། མནར་མེད་པའི་སྡུག་བསྔལ་ཡང་བདེ་བ་ཉིད་ཡིན་ཏེ། གང་རྣམས་ཀྱི་གཞན་གྱི་སྡུག་བསྔལ་ གྱི་དོན་དུ་ཡིན་པས་སྡུག་བསྔལ་གྱི་རྒྱུ་གཞན་གང་གིས་སྡུག་བསྔལ་བར་འགྱུར། གཞན་ཡང་དེ་རྣམས་ཀྱི་བདེ་བ་ཡང་ཐུན་མོང་མ་ཡིན་པ་ཉིད་གཞན་གྱི་སྡུག་བསྔལ་གྱིས་སྐྱེ་བར་འགྱུར་ཏེ། དེ་བས་ན་བསྟན་པའི་ཕྱིར། སེམས་ཅན་རྣམས་ནི་གྲོལ་བ་ན། །ཞེས་གསུངས་ཏེ། སེམས་ ཅན་རྣམས་ལ་སྡུག་བསྔལ་གྱི་འཆིང་བ་ལས་གྲོལ་བར་བྱེད་པ་ཡོད་པ་ལའོ། །གང་ཡིན་དེ་ཞེས་པ་ནི་དེ་རྣམས་ཉིད་ཀྱིས་ཉམས་སུ་མྱོང་བས་གྲུབ་པའི་ཕྱིར་འདི་ཙམ་ཞེས་བརྗོད་པར་ནུས་པ་མ་ཡིན་ལ། དེ་ཉིད་ཀྱི་ཕྱིར་དགའ་བའི་རྒྱ་མཚོ་ཡིན་ཏེ་མགུ་བའི་རྒྱ་མཚོ་སྙིང་རྗེ་དང་ལྡན་ པའི་རྒྱུད་རྣམས་ལ་སྐྱེ་བར་འགྱུར་རོ། །དགའ་བའི་རྒྱ་མཚོ་དེ་ཉིད་ཀྱིས་མཐར་ཕྱིན་པ་ནི་བདེ་བ་གཞན་ལ་ཕྱིར་ཕྱོགས་པ་ལས་ཡོངས་སུ་ཐོབ་པ་སྟེ། བདེ་བ་ཐམས་ཅད་སྤངས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་དེ་ཉིད་བདེ་བའི་མཐར་ཐུག་པ་ཅི་ལྟར་ཡིན་ཏེ། གཅིག་ ཏུ་ཉོན་མོངས་པའི་ཡོངས་སུ་གདུང་བ་ཉེ་བར་ཞི་བས་རྣམ་པར་གྲོལ་བའི་བདེ་བ་ཡིན་པའི་ཕྱིར་ཤིན་ཏུ་ལྷག་པ་ཡིན་ནོ་ཞེ་ན། རོ་བྲལ་ཐར་པ་ཞེས་པ་ལ་སོགས་པ་གསུངས་ཏེ། ཐར་པ་ཡང་དེ་ལ་ལྟོས་ནས་དེ་རྣམས་རོ་དང་བྲལ་བ་ཉིད་དུ་སྣང་ངོ་། །དགོངས་པ་ནི་འདི་ཡིན་ཏེ། གཞན་ལ་ ཕན་པ་དང་བདེ་བ་བསྒྲུབ་པ་ཉིད་དེ་རྣམས་ཀྱི་རོའི་མཆོག་ཉིད་ཀྱིས་ཞུགས་པའི་ཕྱིར་དེ་ལ་མངོན་པར་ཞེན་པ་ཡིན་ལ། སྙིང་རྗེ་དང་ལྡན་པ་རྣམས་ལ་བདེ་བ་དེ་ཉིད་དགོས་པ་ཡིན་གྱི་ཐར་པ་ནི་མ་ཡིན་ནོ། །དེ་གལ་ཏེ་ཉམས་སུ་ལེན་པ་ལ་ཆེད་ཆེར་བྱེད་ན་ཐར་པ་ཡང་མངོན་དུ་གྱུར་ན་ཡང་གཞན་གྱི་དོན་དེ་
Page: 259 ཉིད་ལ་ཆེད་དུ་གཉེར་བ་ནི་མ་ཡིན་ནོ། །གང་གསུངས་པ། འགྲོ་བ་མ་ལུས་རང་བཞིན་མངོན་དུ་མཛད་གང་གི། །དེ་བཞིན་གཤེགས་པ་ཉིད་ནི་ཞར་ལ་བྱུང་བ་སྟེ། །གཞན་དབང་གྱུར་པ་ཁྱོད་ཀྱི་ཡོན་ཏན་རྣམས་ལས་ནི། །ཅུང་ཟད་ཙམ་ཞིག་ཚིག་གི་རྗོད་བྱེད་སྙན་དངགས་མཁན། །ཞེས་སོ། ། གང་གི་ཕྱིར་ཐར་པ་ལ་རིངས་པ་མེད་པ་དེའི་ཕྱིར་ཏེ། རྒྱུ་འདི་ལས་གཞན་གྱི་དོན་བྱས་ཀྱང་སྟེ། དེ་ལ་སེམས་གཞོལ་བར་ཞུགས་པས་རློམ་སེམས་དང་རྒྱགས་པ་མ་ཡིན་ལ། ངོ་མཚར་བ་ཡང་མེད་དེ་དཀའ་བ་སྤྱད་པས་རྨད་དུ་བྱུང་བའི་བློ་ཡང་དེ་རྣམས་ལ་སྐྱེ་བར་འགྱུར་བ་མ་ཡིན་ཏེ། བདག་ གིས་དམ་པའི་ལས་བྱས་པ་འདིའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་འཇིག་རྟེན་ཕ་རོལ་དུ་འབྱུང་བར་འགྱུར་རོ་ཞེས་པ་དང་། རྣམ་པར་སྨིན་པའི་འབྲས་བུ་ལ་འདོད་པ་ཡང་སྐྱེ་བ་མ་ཡིན་ནོ། །འདིའི་རྒྱུ་གཅིག་ཏུ་གཞན་དོན་ལ་དགའ་བས་ཞེས་གསུངས་ཏེ། གང་གཞན་གྱི་དོན་རྣམས་ ལ་གཅིག་ཏུ་སྟེ། དགོས་པ་གཞན་ལ་ལྟོས་པ་མེད་པས་ཁྱད་པར་དུ་ཤིན་ཏུ་དགའ་བ་ཡིན་ཏེ་དེ་ཉམས་སུ་ལེན་པ་ལ་ཚིམ་པ་མེད་པ་ཡིན་ལ་རྒྱུ་དེས་སོ། །འདིས་ནི་བདག་དང་གཞན་དུ་མཉམ་པའི་འབྲས་བུའི་སྐབས་ཀྱི་ཁྱད་པར་དེ་བསྟན་པར་འགྱུར་རོ། །དེ་ལྟར་ན་ཞར་ལ་བྱུང་བ་དེ་ལྟར་ བརྗོད་ནས་སྐབས་སུ་བབ་པ་མཇུག་བསྡུ་བའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། དེ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བརྗོད་པའི་རིམ་པས་བདག་དང་གཞན་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པ་དེ་བས་ནའོ། །ཆུང་ངུ་ན་ཞེས་པ་ནི་སྡུག་བསྔལ་གྱི་རྒྱུ་ཅུང་ཟད་ ཙམ་མི་སྙན་པ་ལས་ཀྱང་བདག་བསྲུང་ཞིང་སྦ་བར་བྱའོ། །དེ་ལྟར་གྱུར་ན་ཡང་བདག་དང་གཞན་དུ་མཉམ་པར་བསྒྲུབ་པ་ཞེས་བྱ་བ་འདི་ཉམས་སུ་བླང་བར་མི་ནུས་པ་ཉིད་ཡིན་ལ། དེ་བས་ཀྱང་བདག་དང་གཞན་དུ་བརྗེ་བ་ནི་ཤིན་ཏུ་ཡང་མི་ནུས་པ་ཡིན་ཏེ། དེ་ཇི་ལྟར་ན་བླང་བར་ བྱ་བ་ཡིན་ཞེ་ན། གོམས་པ་ཡིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དེ་བཞིན་དུ་བརྗོད་པའི་རིམ་པས་འདིར་དངོས་པོ་གོམས་པའི་སྤྱོད་ཡུལ་དུ་འགྱུར་བ་ནི་དཀའོ་ཞེས་པའི་བློ་བསྐྱེད་པར་མི་བྱ་སྟེ། གང་གི་ཕྱིར་གཞན་དག་སྟེ་ཕ་མ་དང་འབྲེལ་པའི་ཁུ་བ་ཁྲག་གི་
Page: 260 ༄༅། །ཐིགས་པ་ལ་ལུས་ཞེས་ཞེན་པ་རྣམས་ལ་གོམས་པས་བདག་གོ་ཞེས་ཤེས་པར་འགྱུར་ཏེ་བསྟན་པ་ཉིད་ཀྱིས་འཇུག་གོ། །འོན་ཏེ་བདག་གི་ཞེས་ཤེས་པའི་རྒྱུ་མཚན་གཞན་ཡོད་པ་ཡིན་ཏེ། ཅིའི་ཕྱིར་འདིར་མི་འཐད་ཅེ་ན་དངོས་པོ་མེད་པར་གྱུར་ཀྱང་ཞེས་པ་ལ་ སོགས་པ་གསུངས་ཏེ། བདག་ལ་སོགས་པའི་དངོས་པོའི་རྒྱུ་མཚན་དུ་གྱུར་པ་མེད་ན་ཡང་གོམས་པ་འབའ་ཞིག་ལས་དེ་ལྟར་སྒོམ་པར་བྱེད་པས་གཞན་ལ་ཡང་ངེས་པ་ཉིད་དུ་འགྱུར་རོ། །དེ་ཉིད་དེ་བཞིན་ཞེས་པ་ལ་སོགས་པ་གསུངས་ཏེ། བདག་ཅེས་ཅིའི་ཕྱིར་མི་བཟུང་སྟེ་ གཟུང་བར་བྱ་བ་ཉིད་དུ་ཤིན་ཏུ་ནུས་པ་ཡིན་ལ། དེའི་རང་བཞིན་ཉིད་དུ་རང་གི་ལུས་གྲུབ་པ་ཉིད་དོ། །གཞན་དུ་ན་དེ་དང་མཉམ་པ་ཉིད་དུ་ཡང་མི་འགྱུར་ཏེ། དེ་ལྟར་ན་བདག་དང་གཞན་དུ་བརྗེ་བ་དཀའ་བས་བསྒྲུབ་དགོས་པ་མ་ཡིན་ནོ། །དེ་ལྟར་བདག་དང་གཞན་དུ་མཉམ་པ་ བསྟན་ནས། བདག་དང་གཞན་དུ་བརྗེ་བ་བསྟན་པར་བཞེད་ནས། བདག་ཉིད་སྐྱོན་བཅས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟོགས་པ་དང་ལྡན་པ་རྣམས་ཀྱིས་ཡོན་ཏན་དང་སྐྱོན་བླང་བ་དང་དོར་བ་དག་གི་རྒྱུ་མཚན་བདག་དང་གཞན་ལ་དེ་མཐོང་ནས་བླང་བ་དང་དོར་བར་བྱ་བ་དག་ བསྒོམ་ཞིང་གོམས་པར་བྱའོ། །བདག་ལུས་ཡོངས་སུ་དོར་བ་ནི་བདག་ཉིད་ལ་གཞན་དུ་བྱའོ། །གཞན་བླང་བ་ཞེས་པ་ནི་གཞན་རྣམས་ལ་བདག་ཉིད་དུའོ། །དེ་ལྟར་ན་འདིས་བདག་དང་གཞན་དུ་བརྗེ་བའི་ཐབས་གཞན་བསྟན་པར་འགྱུར་རོ། །དེ་ལྟར་གྱུར་ན་སེམས་ཅན་རྣམ་ པ་ཐ་དད་པ་མང་པོ་རྣམས་ལ་ཇི་ལྟར་སོ་སོར་བདག་དང་གཞན་དུ་བརྗེ་བ་བསྒོམ་པར་ནུས་ཤེ་ན། ཇི་ལྟར་ལག་པ་ལ་སོགས་པ། །ཞེས་པ་ལ་སོགས་པ་གསུངས་ཏེ། གང་སྟེ་ཡང་ལག་པ་ལ་སོགས་པ་ཐ་དད་པ་ཡིན་པ་དེ་ལྟ་ན་ཡང་ལུས་སུ་ཞེན་པའི་ཡན་ལག་ཉིད་ཀྱིས་སུ་ཞེས་དེ་ལ་ གཅིག་ཏུ་ཡུལ་དུ་བྱེད་པ་དེ་བཞིན་དུ་འགྲོ་བ་ཡང་མ་ལུས་པ་གཅིག་ཉིད་དུ་ཞེན་པས་དེའི་ཡན་ལག་ཉིད་ཀྱིས་སྲོག་ཆགས་ལ་འགྲོ་བ་ཞེས་གཅིག་ཉིད་དུ་དེ་ཅིའི་ཕྱིར་མི་འཛིན། བདག་དང་གཞན་དུ་བརྗེ་བ་འདི་ལ་དཀའ་བའི་བློ་གྲོས་མི་བྱ་སྟེ། གོམས་པས་ཐོབ་པ་ཡིན་ནོ་ཞེས་
Page: 261 བསྟན་པའི་ཕྱིར། ཇི་ལྟར་བདག་མེད་ཅེས་པ་ལ་སོགས་པ་གསུངས་ཏེ། དོན་བཤད་ཟིན་པ་ལ་བདག་དང་གཞན་དུ་བརྗེས་པ་ན་འཇིག་རྟེན་ཕ་རོལ་དུ་འབྲས་བུ་ལ་འདོད་པ་སྐྱེས་པ་མ་ཡིན་ནོ། །གང་དང་འདྲ་བར་ཞེ་ན། བདག་ཉིད་ཀྱི་ཟས་ཟོས་ནས་ཏེ། སྦྱིན་པ་འདིས་བདག་དང་ སེམས་ཅན་ལོངས་སྤྱོད་ཕུན་སུམ་ཚོགས་པར་གྱུར་ཅིག་ཅེས་འབྲས་བུ་མི་འདོད་པ་བཞིན་ནོ། །དེ་བཞིན་དུ་ནི་དེ་ལྟར་རོ། །དེ་ལྟར་ན་འདི་གོམས་པའི་ཡུལ་ཉིད་དུ་བསྟན་ནས། བཟློག་པ་ལ་གོམས་པར་བྱ་བར་རང་གི་སེམས་སྦྱར་བའི་ཕྱིར། དེ་བས་ཞེས་པ་ལ་སོགས་པ་གསུངས་ཏེ། འདོད་པ་ནི་མངོན་པར་འདོད་པའི་དངོས་པོ་ཐོབ་པའི་ཆེད་དུ་གདུང་བ་སྟེ། སེམས་ཀྱི་ཆོས་ཡིན་པའམ་ལུས་ཀྱི་སྡུག་བསྔལ་ཡིན་པ་ནི་དཔེར་ན་འགོ་བའི་ནད་ལྟ་བུའོ། །མྱ་ངན་ནི་སྡུག་བསྔལ་དང་བྲལ་བ་ལ་སོགས་པས་བྱས་པའི་སྡུག་བསྔལ་ལོ། །སོགས་པའི་སྒྲས་ནི་ལུས་ དང་སེམས་ཀྱི་སྡུག་བསྔལ་གཞན་བཟུང་ངོ་། །དེ་ཉིད་དཔེའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། དེ་བས་མགོན་པོ་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་རང་གི་མཚན་ཡང་བྱིན་གྱིས་བརླབས་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཅེས་བདག་ཉིད་ཀྱི་མཚན་བྱིན་གྱིས་བརླབས་པ་དང་ལྡན་པ་ཡིན་ལ། འཁོར་གྱི་འཇིགས་པ་ནི་སྐྲག་པ་ཡིན་ཏེ། སེམས་བསྐུམས་ནས་འཇུག་པ་ཡིན་ལ། སྤོབས་པ་དང་བྲལ་ཞེས་པའི་བར་དུའོ། །འགྲོ་བ་ནི་འཇིག་རྟེན་པ་ཡིན་ལ་ དེ་ལས་འཇིགས་པའམ་དེ་ཉིད་ཀྱིས་འཇིགས་པའོ། །དེ་བསལ་བའི་ཕྱིར་ནི་དེ་སྤོང་བའི་དོན་དུའོ། །མཚན་གང་སེམས་ཅན་འགའ་ཞིག་སེམས་མོས་པས་ཀྱང་བདག་གི་མིང་འཛིན་པར་བྱེད་ན་དེ་ལ་སྡུག་བསྔལ་ཐམས་ཅད་རྣམ་པ་ཐམས་ཅད་དུ་འབྱུང་བར་མི་འགྱུར་ལ། ཐ་ན་ འཁོར་གྱིས་འཇིགས་ཤིང་སྐྲག་པ་ཡང་འབྱུང་བར་མི་འགྱུར་རོ་ཞེས་བྱིན་གྱིས་བརླབས་སོ། །གཞན་ཡང་དཀའ་བའི་ཚོར་བ་ལ་ཡང་གོམས་པས་དགའ་བར་འགྱུར་བས་ན་བདག་ཅག་གི་ལྡོག་པར་མི་རིགས་པ་ཉིད་དོ་ཞེས་བསྟན་པའི་ཕྱིར་དཀའ་ལས་ཤེས་པ་ལ་སོགས་པ་
Page: 262 ༄༅། །གསུངས་ཏེ། འདི་ནི་མི་ནུས་སོ་ཞེས་ནས་ལྡོག་པར་མི་བྱའོ། །ཅིའི་ཕྱིར་ཞེ་ན། གང་ལས་གོམས་པའི་སྟོབས་འདིར་མཐོང་སྟེ། གང་གིས་ཐོས་ནས་འཇིགས་པ་ཞེས་པ་ནི་རྣ་བའི་ལམ་དུ་གྱུར་ན་སྐྲག་པ་དང་འཇིགས་པ་སྐྱེ་བར་འགྱུར་བ་ལ། ཕྱི་ནས་རྒྱུ་ཅུང་ ཟད་ཐོབ་པ་ལས་སྡུག་པར་གོམས་པའི་དབང་གིས་འཇིགས་པའི་རྒྱུ་དེ་ཉིད་ཀྱིས་མེད་པར་གྱུར་ན་མི་དགའ་བར་འགྱུར་རོ། །གཞན་ཡང་དགོས་པ་འདི་ཡང་ཡོད་པར་མཐོང་བ་ཡིན་ཏེ། དེ་ལ་གུས་པའི་སྒོ་ནས་གོམས་པའི་དབང་དུ་གྱུར་པར་བྱའོ་ཞེས་བསྟན་པའི་ཕྱིར། གང་ཞིག་ བདག་དང་ཞེས་པ་ལ་སོགས་པ་གསུངས་ཏེ། གང་ཞིག་མྱུར་ཞིང་མགྱོགས་པ་ཉིད་དུ་སྡུག་བསྔལ་གྱི་འཇིགས་པ་ཐམས་ཅད་ལས་བསྐྱབ་ཅིང་བསྲུང་བར་འདོད་པས་དེ་སྤྱད་པར་བྱ་སྟེ། བདག་དང་གཞན་དུ་བརྗེ་བའོ། །ཅི་ལྟ་བུར་གྱུར་པ་ཞེ་ན། གསང་བའི་དམ་པ་སྟེ་དེའི་རིགས་ཅན་མ་ ཡིན་པ་རྣམས་སྐྲག་པའི་རྒྱུ་ཡིན་པའི་ཕྱིར་རམ། མ་དད་པ་བསལ་བའི་ཕྱིར་ཤིན་ཏུ་ཡང་གསང་བར་བྱ་སྟེ། གཞན་དུ་ན་དེས་སྤངས་པས་དེ་རྣམས་ངན་སོང་དུ་འགྲོ་བར་འགྱུར་རོ། །གང་བདག་ཉིད་སྐྱོན་བཅས་ཞེས་པ་ལ་སོགས་པ་གསུངས་པའི་བདག་ཉིད་དང་གཞན་གྱི་བདག་ ཉིད་ཉེས་པ་དང་ཡོན་ཏན་དེ་རྣམས་རྒྱས་པར་བསྟན་པའི་ཕྱིར། བདག་ལུས་ཞེས་པ་ལ་སོགས་པ་གསུངས་ཏེ། བརྟན་ཆགས་པས་ཞེས་པ་ནི་བདག་ཏུ་འཛིན་པས་བསྐྱེད་པའི་མངོན་པར་ཞེན་པས་སོ། །ཆུང་ཞེས་པ་ནི་འཁོར་གྱི་འཇིགས་པ་སྐད་ཅིག་མ་ཅུང་ཟད་ལས་ཀྱང་ངོ་། ། འཁོར་གྱི་འཇིགས་པའི་རྒྱུ་ཡིན་པས་ན་འཇིགས་པ་འམ། རྣམ་པར་རྟོག་པས་བརྟགས་པའི་འཇིགས་པ་འདི་འཇིགས་པ་ཞེས་བརྗོད་དོ། །འདི་ལྟ་བུར་གྱུར་པའི་བདག་ཉིད་ལ་སེམས་དང་ལྡན་པ་སུ་ཞིག་སྡང་བར་གྱུར་པའི་བདག་ཉིད་ལ་སེམས་དང་ལྡན་པ་སུ་ཞིག་སྡང་བར་མི་བྱེད་དེ་སྡང་ བར་བྱ་བ་ཉིད་དེ་ཞེས་པའི་དོན་ཏོ། །དེ་གང་ཡིན་ཞེ་ན། དགྲ་བཞིན་དུ་གང་གི་འཇིགས་པ་སྐྱེད་པར་བྱེད་པ་སྟེ། བརྗོད་པའི་རིམ་པས་དགྲ་བཞིན་དུ་གང་ཞིག་འཇིགས་པ་སྐྱེད་པར་བྱེད་པའོ། །བསམ་པ་ནི་འདི་ཡིན་ཏེ། དགྲ་ལ་ཡང་སྡང་བར་བྱེད་དེ། སྡུག་བསྔལ་སྐྱེད་པར་
Page: 263 བྱེད་པ་ཡིན་པའི་ཕྱིར་རོ། །དེ་འདི་ལ་ཡང་ཡོད་པས་ཅིའི་ཕྱིར་མི་འཇིགས་ཏེ། འཇིགས་པར་བྱ་བའོ། །དེ་ལ་ཉེས་པ་གཞན་ཡང་བརྗོད་པའི་ཕྱིར། དམན་གང་ཞེས་པ་ལ་སོགས་པ་གསུངས་ཏེ། དམན་པ་ནི་ནད་པ་ཡིན་ལ། བཀྲེས་པ་ནི་བྲུ་བ་ཚ་བ་ཡིན་ཞིང་། སྐོམ་པ་ནི་ལྟུང་བ་འདོད་ པ་ཡིན་ལ། སོགས་པའི་སྒྲས་ནི་གོས་ལ་སོགས་པ་དང་བྲལ་བའོ། །འདི་རྣམས་ལས་གསོ་བའི་ཆོ་ག་ནི་སྤྱིར་འཆོས་པ་ཡིན་ཏེ། ཉེ་བར་ཞི་བར་བྱེད་པའི་ཐ་ཚིག་གམ། འདི་དག་གི་ཕྱིར་འཆོས་པ་སྟེ། དེ་གསོ་བར་བྱེད་འདོད་པ་དེས་གང་ཞིག་ན་བའི་ཟས་དང་སྨན་ལ་སོགས་པའི་རྒྱུ་ མཚན་གྱིས་བྱ་དང་ཉ་དང་རི་དགས་དག་གསོད་པར་བྱེད་དེ་སྲོག་དང་བྲལ་བར་བྱེད་པའོ། །མཁས་པ་སུ་ཞིག་ལུས་དེ་ལ། །འདོད་ཅིང་ཞེས་པ་ལ་སོགས་པ་འཆད་པར་འགྱུར་བ་དང་འབྲེལ་ཏོ། །ལམ་སྒུག་པར་བྱེད་པས་གནས་ཏེ། ལམ་མ་ཡིན་པ་ནས་འཇུག་པར་བྱེད་པར་འགྱུར་བའི་རྐུན་ མོ་ཉིད་ལ་བརྗོད་དེ། །གཞན་གྱི་རྫས་འཕྲོག་པར་བྱེད་དོ་ཞེས་པའི་ཐ་ཚིག་གོ། །དེ་བཞིན་དུ་ཕ་དང་མ་ཡང་སྟེ་དེ་དག་ཀྱང་བདག་ཉིད་ཀྱི་རྙེད་པའི་རྒྱུ་དང་རིམ་གྲོའི་རྒྱུས་ཀྱང་གསོད་པར་བྱེད་དེ། འདི་དག་གསོན་པའི་དོན་གྱིས་རྙེད་པའམ་བཀུར་སྟི་བདག་གིར་གྱུར་ཅིག་ཅེས་བསམས་ནས་ གསོད་པར་བྱེད་དོ། །དཀོན་མཆོག་གསུམ་གྱིས་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་བདག་ཉིད་ཀྱི་ཡིན་ཏེ། དཀོར་ནི་ནོར་ཡིན་ལ། བརྐུས་ནས་ནི་བླངས་ནས་སོ། །སྔར་བརྗོད་པའི་རྒྱུ་མཚན་དུ་འདིར་ཡང་། མཁས་པ་སུ་ཞིག་ལུས་དེ་ལ། །ཞེས་བྱ་བ་དང་འབྲེལ་ཏོ། ། གང་གིས་ཏེ་ཕ་བསད་པ་ལ་སོགས་པ་བྱས་པས་མནར་མེད་པ་ལ་སོགས་པའི་མེས་དེའི་ལས་ཀྱིས་སྐྱེས་པ་སྟེ་སྲེག་པར་འགྱུར་ཏེ། འདི་ནི་མཚོན་པ་ཙམ་ཡིན་ལ། དེ་ལས་གཞན་པའི་དམྱལ་བའི་བུད་ཤིང་གིས་ཀྱང་སྲེག་གོ། །ཡང་ན་དཀོན་མཆོག་གསུམ་གྱི་དཀོར་རྐུ་བར་བྱེད་ པ་དེ་རབ་ཏུ་ཚ་བ་ལ་སོགས་པའི་སྡུག་བསྔལ་ཡིན་ཏེ། མནར་མེད་པའི་སྡུག་བསྔལ་དང་འདྲ་བའི་ཕྱིར་རོ། །འདི་ལྟར་ཉེས་པ་འདི་མཐོང་བ་ན་མཁས་པ་སྟེ། རིག་པ་དང་ལྡན་པ་སུ་ཞིག་གིས་དེ་ལྟ་བུའི་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་བདག་ཉིད་འདོད་ཅིང་དེ་ལ་དགའ་བའོ། །
Page: 264 ༄༅། །སྲུང་བ་སྟེ་ཡོངས་སུ་སྐྱོང་བ་དང་མཆོད་པར་བྱེད་པ་སྟེ་རྙེད་པས་མཆོད་པར་བྱེད། འདི་ལ་དགྲ་བཞིན་དུ་ལྟ་བར་མི་བྱེད་དེ་འོན་ཀྱང་དེ་བཞིན་དུ་བདེ་བླག་ཏུ་དེ་ལྟ་བར་རིགས་ཏེ། སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་ཞེས་ཟུར་གྱིས་སྟོན་པ་ཡིན་ནོ། །འདི་ལྟར་སྤྱོ་བའི་གནས་ལ་སུ་ཞིག་སྟེ་མཁས་ པ་གང་ཞིག་བརྙས་པར་མི་བྱེད་ཅིང་བསྟེན་པར་བྱེད་ཅེས་པའི་ཐ་ཚིག་གོ། །དེ་ལྟར་བདག་གི་ཉེས་པ་བརྗོད་ནས་བདག་དང་གཞན་གྱི་ཉེས་པ་དང་ཡོན་ཏན་རྣམས་བསྟན་པར་བཞེད་པས། གལ་ཏེ་བྱིན་ན་ཞེས་པ་ལ་སོགས་པ་གསུངས་ཏེ། དངོས་པོ་འདི་ལ་རྙེད་ནས་དོན་དུ་གཉེར་བ་ཡང་འོངས་པར་གྱུར་པ་ན་དེ་ལ་ཅི་འདི་སྦྱིན་པའམ་ འོན་ཏེ་སྤྱད་པར་བྱ་ཞེས་རྣམ་པར་རྟོག་པས་ངེས་པར་བྱེད་དོ། །གལ་ཏེ་སྦྱིན་ན་དེའི་ཚེ་ཅི་ཞིག་སྤྱད་པར་བྱ་སྟེ། གཞན་གྱིས་རྣམ་པ་ཐམས་ཅད་དུ་དབང་དུ་བྱས་པའི་ཕྱིར་རོ། །དེ་ལྟར་ན་བདག་གི་དོན་དུ་སྟེ་རང་གི་བདེ་བ་བསྒྲུབ་པའི་ཕྱིར་གཞན་ལ་རྒྱབ་ཀྱིས་ཕྱོགས་པས་འཇུག་པར་འདོད་པ་རྣམས་ཀྱི་འགྲོ་བར་གསུངས་ པ་ཡིན་ཏེ། སེར་སྣ་གཙོ་བོར་གྱུར་པའི་ཕྱིར་རོ། །འདི་ལས་བཟློག་པ་གསུངས་པ་ནི་གལ་ཏེ་ཞེས་པ་སྟེ། འོན་ཏེ་གལ་ཏེ་སྤྱད་ན་འོ་ན་ཅི་ཞིག་སྦྱིན་པར་བྱ་སྟེ་དེའི་དུས་ལ་ལྟོས་ནས་ད་ལྟར་བྱུང་བའི་སྒྲའོ། །དེའི་ཕྱིར་འདི་ལྟར་རང་དོན་ལ་ལྟོས་པ་མེད་པ་གཞན་གྱི་བདེ་བ་བསྒྲུབ་པའི་ཆེད་དུ་ཞུགས་པ་རྣམས་ལྷའི་རྒྱལ་པོ་སྟེ་ ལྷའི་དབང་ཕྱུག་གོ། །དེ་ལྟར་གཞན་ལ་ཕན་པ་དང་མི་ཕན་པ་དག་བརྗོད་ནས་གཞན་དང་བདག་གི་གནོད་པ་དང་ཕན་པ་དག་གི་སྐྱོན་དང་ཡོན་ཏན་རྣམས་ཇི་ལྟར་སྲིད་པ་བསྟན་པའི་ཕྱིར། བདག་ཕྱིར་ཞེས་པ་ལ་སོགས་པ་གསུངས་ཏེ། བདག་གི་བདེ་བ་ཡིད་ལ་བྱེད་པས་ལུས་དང་ངག་གི་ཆད་པ་རྣམས་ཀྱིས་གཞན་ལ་ གནོད་པར་བྱས་ནས་དམྱལ་བ་ལ་སོགས་པའི་ངན་འགྲོ་རྣམས་སུ་སྡུག་བསྔལ་མྱོང་བར་འགྱུར་རོ། །བཟློག་པས་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པར་འགྱུར་རོ། །བདག་དང་གཞན་ལ་སེམས་ཙམ་གྱིས་ཀྱང་ཕན་པ་དང་གནོད་པར་བྱེད་པར་འདོད་པ་ལས་ཡོན་ཏན་དང་སྐྱོན་གང་ཡིན་ པ་བསྟན་པའི་ཕྱིར། བདག་ཉིད་ཅེས་པ་ལ་སོགས་པ་གསུངས་ཏེ། མཐོ་བ་ནི་ལང་ཚོ་དང་གཟུགས་དང་ནོར་ལ་སོགས་པ་རྣམས་ཀྱིས་གཞན་ལས་མཆོག་ཡིན་ནོ་ཞེས་མངོན་པར་ང་རྒྱལ་བ་གང་ཞིག་དེ་རྣམས་ཉིད་མཐོ་བར་འདོད་ཅིང་གཞན་ལ་སྟེ་ཕ་རོལ་ལ་སྤོ་བ་སྟེ་འཕོ་བར་བྱས་ན་སྔར་གྱི་ལས་བཟློག་པར་འགྱུར་རོ། །བདག་དང་གཞན་
Page: 265 ལ་ངག་ཙམ་དུ་ཡང་བདེ་བའི་རྒྱུ་མ་ཡིན་པ་ཉིད་དོ་ཞེས་བསྟན་པའི་ཕྱིར། བདག་གི་དོན་དུ་ཞེས་པ་ལ་སོགས་པ་གསུངས་ཏེ། སོགས་པའི་སྒྲས་ནི་བདག་གི་དངོས་པོ་མི་སྡུག་པ་ལ་སོགས་པ་དང་རྗེ་དཔོན་ཉིད་ལ་སོགས་པ་ཞེས་པ་འདིར་ཡང་སོགས་པའི་སྒྲས་རིགས་ལ་སོགས་པ་དང་། གཟུགས་བཟང་བ་ ལ་སོགས་པའོ། །ད་ནི་བརྗོད་པའི་དོན་ཉིད་བསྡུས་ནས་བསྟན་པའི་ཕྱིར། འཇིག་རྟེན་ཞེས་པ་ལ་སོགས་པ་གསུངས་ཏེ། བདག་བདེ་བར་འདོད་པས་ཀྱང་དེ་ལྟར་བསྒྲུབ་པ་ཐམས་ཅད་བྱ་བ་མ་ཡིན་པ་ལ་ཡང་བྱ་བ་ཉིད་དུ་ཞེན་པར་བྱེད་དོ། །དེའི་ཕྱིར་དེའི་ལས་ཀྱི་སྒྲིབ་པ་ལས་འཇིག་ རྟེན་ཕ་རོལ་དུ་མི་འདོད་པའི་ལས་ལས་བྱུང་བའི་སྡུག་བསྔལ་སྐྱེ་བར་འགྱུར་རོ། །བདེ་བ་ཞེས་ཏེ་བདེ་བ་དང་འབྲེལ་པ་ཡིན་ལ། གཞན་བདེ་འདོད་ཅེས་པ་ནི་ཕ་རོལ་པོ་རྣམས་ལ་ཕན་པ་དང་བདེ་བ་ལ་སྦྱར་བའི་ཆེད་དུ་བསྒྲུབས་པའི་ཕྱིར་རོ། །ད་ནི་བསྟན་པའི་དོན་ཉིད་དཔེས་མདོར་བསྡུས་ཏེ་ བསྟན་པའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། མང་དུ་ཞེས་པ་ལ་སོགས་པ་གསུངས་ཏེ། རྒྱས་པས་བཤད་པ་ཅི་ཞིག་བྱ་སྟེ། འདི་ཉིད་འདིར་མདོར་བསྡུས་པས་གསལ་བར་དཔེར་བརྗོད་པ་རྟོགས་པར་བྱས་པ་ལ་བདག་ལ་གཞན་དུ་བརྗེ་བ་ལ་འབད་པར་བྱའོ། །འདི་ལྟར་ཡང་སོ་སོའི་ སྐྱེ་བོ་བདག་ཉིད་ཀྱི་དགོས་པ་ལ་ཞུགས་པའི་ཡིད་ཅན་དང་ཐུབ་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་གཞན་གྱི་དོན་དུ་གཞན་དབང་དུ་གྱུར་པའི་ཁྱད་པར་འདི་བྱེ་བྲག་ཏུ་ལྟོས་ལ་ངེས་པར་ཟུང་ཤིག །ཅི་ལྟར་ལུང་ལས་དཔེ་ཡོད་པ་ཡིན་པར་བསྟན་པ་དེ་ལྟར་འདི་རྟོགས་པར་བྱ་སྟེ། དེའི་ལས་ བཟློག་པ་ལ་སེམས་དང་ལྡན་པས་ཀྱང་ཅིའི་ཕྱིར་ཡང་སྤྲོ་བ་མེད་པར་འགྱུར་རོ། །དེ་ལྟར་ན་ཡང་སངས་རྒྱས་དོན་དུ་གཉེར་བའི་གལ་ཏེ་ལམ་འདི་ཉིད་ཡིན་ན་ཡང་། གང་རྣམས་འཁོར་བའི་བདེ་བ་ཙམ་འདོད་པ་དེ་རྣམས་ལ་དེ་ཇི་ལྟར་བདེ་བའི་ལམ་ཡིན་ཞེ་ན། བདག་བདེ་ཞེས་ པ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཉིད་དེ་བྱང་ཆུབ་བསྒྲུབ་པར་བྱ་བ་སྟེ། རྫོགས་པར་བྱ་བ་ནི་བདག་དང་གཞན་དུ་བརྗེ་བའི་ལམ་བླང་བར་བྱ་བ་ཡིན་ཏེ། སྐྱེས་བུ་མཆོག་གི་དོན་ཡིན་པས་སོ། །འདི་འབའ་ཞིག་བདག་དང་གཞན་དུ་བརྗེ་བ་མེད་པར་མི་འགྲུབ་པ་ཡིན་ལ།
Page: 266 ༄༅། །འཁོར་བ་ན་ཡང་ལྷ་དང་མི་དག་གི་བདེ་བ་ཕུན་སུམ་ཚོགས་པའི་མཚན་ཉིད་དེ་ཇི་ལྟར་འགྱུར་བ་ཡིན་ཏེ་མ་ཡིན་པ་ཉིད་དོ། །གང་གིས་མི་འགྱུར་ཞེ་ན། བདག་བདེ་བ་ཞེས་གསུངས་ཏེ། བདག་གི་བདེ་བ་དང་གཞན་གྱི་སྡུག་བསྔལ་བརྗེ་བར་ངེས་པར་མ་བྱས་ པའི་འོ། །བདག་གི་བདེ་བ་གཞན་གྱི་ཡིན་པ་དང་། གཞན་གྱི་སྡུག་བསྔལ་བདག་གི་ཡིན་ནོ་ཞེས་འཕོ་བར་མ་བྱས་སོ་ཞེས་པའི་དོན་ཏོ། །ཇི་ལྟར། གལ་ཏེ་བྱིན་ན་ཅི་སྤྱད་ཅེས། །ཞེས་པ་ལ་སོགས་པ་གསུངས་སོ། །གཞན་ཡང་བདེ་བ་གཞན་ཡང་སྐྱེ་བ་འདི་ཉིད་ལ་གཞན་ལ་ ཕན་བཏགས་པ་མེད་པར་མི་འབྱུང་ངོ་ཞེས་བསྟན་པའི་ཕྱིར་འཇིག་རྟེན་ཕ་རོལ་ཞེས་པ་ལ་སོགས་པ་སྨོས་ཏེ། གང་འཇིག་རྟེན་ཕ་རོལ་དུ་གཞན་ལ་ཕན་བཏགས་པ་མེད་པར་བདེ་བར་མི་འགྱུར་རོ་ཞེས་བྱ་བ་འདི་རེ་ཞིག་གཞག་སྟེ་ནི་རེ་ཞིག་དེ་ལྟར་གྱུར་ཀྱང་སྟེ། དེ་ནི་ཤིན་ཏུ་ལྐོག་ཏུ་གྱུར་པ་ཡིན་ པའི་ཕྱིར་རོ། །གང་ཡང་སྐྱེ་བ་འདི་ཉིད་ལ་མཐོང་བ་སྟེ་གྲུབ་པའི་དོན་ཡིན་ལ་མངོན་པར་འདོད་པའི་བསྒྲུབ་བྱའི་མཚན་ཉིད་མི་གྲུབ་སྟེ་མི་རྫོགས་ལ། དེར་ལོག་པར་རྟོགས་པ་མེད་པའི་ཕྱིར་ཅི་ཞིག་བརྗོད་པར་བྱ། གང་གིས་མི་འགྲུབ་ཅེ་ན། བྲན་གཡོག་ཅེས་པ་ལ་སོགས་པ་སྨོས་ཏེ། རྗེ་དཔོན་ ནི་བདག་པོ་ཡིན་ལ་བྲན་གཡོག་ནི་ལས་ཀྱི་འབྲས་བུ་ལེན་པ་བྲན་གྱིས་རྗེས་སུ་འཚོ་བ་ཡིན་ཏེ། དེའི་ལས་མ་བྱས་པ་ན་གཉི་ག་ཡང་མཐོང་བའི་ཆོས་ལ་མི་འགྲུབ་པར་དེ་མཐོང་བ་ཉིད་དོ། །དེ་ཡང་གོ་རིམས་ཇི་ལྟ་བ་བཞིན་དུ་དེའི་བསྒྲུབ་པར་བྱ་བ་བསྙེན་བཀུར་གྱི་བདེ་བ་ལ་སོགས་པ་དང་དེ་ལས་ བྱུང་བའི་ཟས་དང་གོས་ལ་སོགས་པ་ཡིན་ནོ། །འདི་ལྟར་ཤེས་ཀྱང་བདག་དང་གཞན་ལ་ཡོད་པའི་སྤྱོད་པ་ཕྱིན་ཅི་ལོག་ནི་རྨོངས་པའི་མཐུ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མཐོང་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕན་ཚུན་བདེ་བ་སྐྱེད་པ་ནི་བདེ་བ་སྒྲུབ་པར་བྱེད་དོ། །ཅི་ལྟ་ བུར་གྱུར་པ་ཞིག་ཅེ་ན། མཐོང་དང་མ་མཐོང་བདེ་འགྲུབ་པ་སྟེ། མཐོང་བ་དང་མ་མཐོང་བའི་འཇིག་རྟེན་དུ་བདེ་བ་འགྲུབ་པ་སྟེ་ཆེན་པོ་ཉིད་ཡིན་ལ། བདེ་བའི་དགའ་སྟོན་གྱི་དགའ་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བོར་ནས་ཕན་ཚུན་དུ་མི་འདོད་པ་བྱས་པས་སྡུག་བསྔལ་བའི་ཕྱིར་
Page: 267 སྡུག་བསྔལ་སྐྱེད་པར་བྱེད་པ་ཡིན་པས་སྡུག་བསྔལ་ལེན་ཅིང་འཛིན་པ་ཡིན་ནོ། །མི་བཟད་པས་ནི་དམྱལ་བ་ལ་སོགས་པར་བྱས་པའི་ཤིན་ཏུ་འཇིགས་སུ་རུང་བའི་རང་བཞིན་ཡིན་པའི་ཕྱིར་རོ། །རྨོངས་པ་ཞེས་པ་ནི་སྨད་པ་ཡིན་ཏེ། རྨོངས་པའི་དབང་གིས་ཕན་པ་དང་མི་ཕན་ པ་མ་མཐོང་བ་ཡིན་ལ། ཡང་ན་རྨོངས་པ་ཞེས་པ་ནི་འདིར་གཏན་ཚིགས་ཀྱི་ཚིག་ཡིན་ནོ། །གང་གི་ཕྱིར་རྨོངས་པ་ཡིན་པ་དེའི་ཕྱིར་འདི་རྣམས་ཕྱིན་ཅི་ལོག་གི་འཇུག་པ་ཡིན་ཏེ། དེ་ལྟར་ན་རྨོངས་པ་འདི་ཉིད་སེམས་ཅན་རྣམས་ལ་གནོད་པར་བྱེད་པ་ཡིན་ནོ་ཞེས་བསྟན་བཅོས་མཛད་པས་ སྙིང་བརྩེ་བར་མཛད་དོ། །འདི་ཡིད་ལ་བྱས་པས་ཀྱང་བདག་ཏུ་འཛིན་པའི་མངོན་པར་ཞེན་པ་མི་བྱའོ་ཞེས་བསྟན་པའི་ཕྱིར། འཇིག་རྟེན་དག་ན་ཉེར་གནོད་ཅེས་པ་ལ་སོགས་པ་གསུངས་པ་ལ་ཉེ་བར་གནོད་པ་ནི་ཡིད་མི་བདེ་བའི་རྒྱུ་གནོད་པ་ཡིན་ནོ། །སྡུག་བསྔལ་བ་རྣམས་ནི་ལུས་ཀྱི་ ཚོར་བ་རྣམས་སོ། །འཇིགས་པ་ནི་སྡུག་བསྔལ་གྱི་རྒྱུ་རྣམས་ལ་སྐྲག་པའོ། །འདི་ཐམས་ཅད་ཀྱི་རྒྱུ་ནི་བདག་ཏུ་འཛིན་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེ་བས་ན་སྡུག་བསྔལ་གྱི་རྒྱུ་ཡོངས་སུ་བཟུང་བ་འདིས་ཅི་ཞིག་བྱ་སྟེ། དགོས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་ལྟར་ ན་བདག་ཏུ་འཛིན་པ་ནི་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་དེ་ཡོད་ན་སྡུག་བསྔལ་ལ་ལྡོག་པ་མེད་དོ་ཞེས་འཇིག་རྟེན་དག་ན་ཞེས་པ་ལ་སོགས་པ་སྨོས་ཏེ། བདག་ནི་བདག་ཏུ་འཛིན་པ་ཡིན་ལ་བདག་ཡོངས་སུ་དོར་བ་འདི་ཉིད་བདག་ཏུ་འཛིན་པ་ཡོངས་སུ་དོར་བ་ཡིན་ནོ། །དེ་ལྟར་ན་བདག་ཏུ་ འཛིན་པ་ཡོངས་སུ་མ་དོར་བ་དེ་ཉིད་བདག་ཏུ་འཛིན་པ་གང་ཡིན་པ་ཉིད་དོ། །དེའི་ཕྱིར་བདག་ཏུ་འཛིན་པ་ཡོངས་སུ་མ་དོར་ན་སྡུག་བསྔལ་ལྡོག་པ་མེད་དོ་ཞེས་རིག་པར་བྱའོ། །འདིར་རྗེས་མཐུན་པའི་དཔེ་ཇི་ལྟར་མེ་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། གང་ཞིག་སྲེག་པ་མི་འདོད་ཅིང་མེ་ ཡོངས་སུ་མ་དོར་ན་དེའི་སྲེག་པ་ལྡོག་པར་ཡང་མི་འགྱུར་ཏེ། རྒྱུ་ལ་ནུས་པ་དེ་ཡོད་ན་འབྲས་བུ་མི་སྐྱེ་བར་རིགས་པ་མ་ཡིན་ཏེ། དེའི་འབྲས་བུ་ཉིད་ཡིན་ལ་ཉམས་པར་ཐལ་བའི་ཕྱིར་དང་། རྣམ་པ་ཐམས་ཅད་དུ་མི་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་སྡུག་བསྔལ་ལྡོག་པར་
Page: 268 ༄༅། །འདོད་པས་བདག་ཏུ་འཛིན་པར་མི་བྱའོ། །དེ་ལྟར་ཞེས་པ་ལ་སོགས་པ་སྐབས་སུ་བབ་པ་མཇུག་སྡུད་པ་སྟེ། གང་གི་ཕྱིར་བདག་ཏུ་འཛིན་པ་འདི་ནི་བདག་ལ་སྡུག་བསྔལ་ཐམས་ཅད་སྐྱེད་པར་བྱེད་པ་ཡིན་ལ། གཞན་ལ་ཡང་སྡུག་བསྔལ་སྐྱེད་པར་བྱེད་པ་དེ་ལྟ་བས་ན་བདག་ ཉིད་གཞན་ལ་གཏང་བྱ་སྟེ། བདག་ལ་གཞན་ཉིད་དུ་གཟུང་བར་བྱ་སྟེ་བདག་ཉིད་གཞན་ཡིན་ལ། གཞན་ནི་མ་ཡིན་ནོ་ཞེས་པའམ། གཞན་གྱི་དབང་དུ་བྱའོ་ཞེས་ཏེ་དེ་བརྟེན་པ་ལྷུར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་གཞན་ཕ་རོལ་པོ་གཟུང་བར་བྱ་བ་ནི་ཁས་བླང་བར་བྱ་བ་ཡིན་ལ། བདག་བཞིན་ དུ་གཞན་ལ་བདག་གི་དངོས་པོར་གཟུང་བར་བྱ་སྟེ། འདི་ཉིད་བདག་ཡིན་ལ་བདག་ནི་བདག་མ་ཡིན་ནོ་ཞེས་སོ། །འདི་ནི་འདིར་བསྡུས་པའི་དོན་ཡིན་ཏེ། ཇི་ལྟར་སྔར་ཡོངས་སུ་མ་ཤེས་པས་བདག་ལ་ཡོངས་སུ་ངལ་བས་ཕན་པ་དང་བདེ་བ་སྐྱེད་པའི་ཕྱིར་སྤྱད་ལ། ད་ནི་གཞན་རྣམས་དང་བདག་གི་ ལུས་ཡོངས་སུ་བརྗེ་བ་སྤྱད་པར་བྱ་སྟེ། དཔེར་ན་གཞན་ལ་སྔར་སྤྱད་པ་དེ་བཞིན་དུ་བདག་ལ་གཞན་ཉིད་དུ་བརྗེས་པས་ན་སྤྱད་པར་བྱའོ། །ཅི་སྟེ་ཅི་ལྟར་བདག་མེད་པས་བདག་ལ་བདག་ཉིད་འཁྲུལ་པ་ཡིན་པ་དེ་བཞིན་དུ་གཞན་ལ་ཡང་ཡིན་ཏེ། དེ་ལ་ཡང་དེ་མེད་པའི་ཕྱིར་དེ་ལ་ཇི་ལྟར་ན་འཁྲུལ་པར་ ཁྱད་པར་མེད་པ་ལ་འབྲས་བུ་ལ་ཁྱད་པར་ཡོད་ཅེ་ན། འཁྲུལ་པར་ཁྱད་པར་མེད་པ་ལ་ཡང་འབྲས་བུའི་ཁྱད་པར་མཐོང་བ་མ་ཡིན་ནམ། དཔེར་ན་མར་མེའི་འོད་ལ་ནོར་བུ་ཞེས་ཞེན་པས་དེའི་ཡུལ་དུ་ཕྱིན་པ་ན་ནོར་བུ་དང་ཕྲད་པ་མེད་ལ། ཡང་གཞན་དུ་ནོར་བུའི་འོད་ལ་ནོར་བུ་མཐོང་ངོ་ཞེས་ཡིད་ལ་ བྱས་ནས་དེའི་ཡུལ་དུ་ཕྱིན་པས་ནོར་བུ་དང་ཕྲད་པར་འགྱུར་ཏེ། དེ་ལ་གཉི་ག་ལ་ཡང་འཁྲུལ་བ་ཞེས་པ་ཡོད་དེ་འཁྲུལ་པར་ཁྱད་པར་མེད་ཀྱང་འབྲས་བུ་ལ་ཁྱད་པར་ཡོད་པ་ཡིན་ནོ། །དེ་ལྟར་ཡང་། མར་མེ་ནོར་བུའི་འོད་དག་ལ། །ནོར་བུ་བློ་ཡིས་མངོན་རྒྱུག་པ། །ལོག་པའི་ཤེས་པར་ཁྱད་མེད་ པར། །ཇི་ལྟར་དོན་བྱེད་ལ་ཁྱད་ཡོད། །ཅེས་གང་བརྗོད་པའོ། །དེ་ལྟར་ན་ཡང་ཇི་སྲིད་དུ་གང་དུ་བརྒྱུད་པ་ཡོད་པ་དེ་སྲིད་དུ་ཤེས་པ་དངོས་པོ་དང་འབྲེལ་པ་ཡོད་པ་དེར་ཐོབ་པ་ཡོད་ལ། གང་དུ་ཤེས་པ་དང་དངོས་པོ་ལ་བརྒྱུད་པས་ཀྱང་འབྲེལ་པ་མེད་པ་ན་དེར་ཐོབ་པ་ཡོད་པ་མ་ཡིན་ལ་ཐོབ་པར་
Page: 269 བྱ་བར་ཐོབ་པར་བྱས་པའི་ཁྱད་པར་ཡོད་པ་ནི་རིགས་པ་ཉིད་ཡིན་ཏེ། འདིར་ཡང་དེ་བཞིན་དུ་ཡོད་པ་མ་ཡིན་ཏེ། གཉི་ག་ལ་ཡང་ཁྱད་པར་མེད་པའི་ཕྱིར་ལ། དེ་ལྟར་ན་འདི་ནི་དཔེ་དང་མི་མཐུན་པ་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། འཁྲུལ་པར་ཁྱད་པར་མེད་ཀྱང་འབྲས་བུ་ལ་ཁྱད་པར་མཐོང་སྟེ། འདི་ ཙམ་གྱི་ཁྱད་པར་གྱིས་དཔེར་བརྗོད་པ་དང་མཐུན་པ་ཡིན་ཏེ། གང་འཁྲུལ་པ་དེ་ཐམས་ཅད་ལ་འབྲས་བུ་ཐུན་མོང་བ་མ་ཡིན་ནོ་ཞེས་ཁྱབ་པ་དྲན་པ་ཙམ་འདིར་མངོན་པར་འདོད་པ་ཡིན་ནོ། །དཔེའི་ཆོས་དང་ཐམས་ཅད་དུ་མཐུན་པར་ནི་སྦྱར་བར་བྱ་བ་ཡང་མ་ཡིན་ནོ། །དེ་ལ་གལ་ཏེ་དཔེ་དང་མཐུན་པ་མ་ ཡིན་པ་དེ་ལྟ་ན་ཡང་ཅི་ལྟར་ཡང་དཔེ་དང་མཐུན་པར་ཡོད་པས་ཉེས་པ་མེད་དོ། །ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་རྟོགས་པ་དང་ལྡན་པ་རྣམས་བཅོམ་ལྡན་འདས་ཀྱི་བཀའ་ཉིད་ཀྱིས་འཇུག་པར་བྱའོ། །དེ་ལྟར་འདིར་འཁྲུལ་པ་ཁྱད་པར་མེད་ཀྱང་དེ་ལྟ་བུའི་འབྲས་བུ་བསྒྲུབས་པ་ལ་ནུས་པ་ཡོད་ལ། འགའ་ཞིག་གི་ཡིན་གྱི་ཐམས་ཅད་ཀྱི་མ་ཡིན་ནོ་ཞེས་བྱ་བ་དེ་ནི་ལུང་ཉིད་ཀྱིས་རྟོགས་པར་བྱ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་བསམ་གྱིས་མི་ཁྱབ་པའི་ཕྱིར་ཡང་ངོ་། །ཇི་ལྟར་ཡང་གཞན་གྱི་དོན་མེད་པར་རང་གི་དོན་ཀྱང་མི་འགྲུབ་སྟེ། དེ་ལྟར། བྲན་གཡོག་ལས་བྱེད་མི་བཏུབ་ལ། །ཞེས་བྱ་བ་ལ་ སོགས་པས་མཐོང་བའི་ཆོས་ཀྱི་ཅུང་ཟད་བསྟན་པ་ཡིན་ནོ། །འདིར་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུ་ཡོད་པ་ལ་ནི་ཅུང་ཟད་ཀྱང་འཁྲུལ་བ་ཡོད་པ་མ་ཡིན་ཏེ། དེ་ལྟར་ལོག་པའི་ཀུན་རྫོབ་ཏུ་བྱས་པ་དང་ཁྱད་པར་ཡོད་པ་མ་ཡིན་ནོ། །རྣལ་འབྱོར་སྤྱོད་པའི་གཞུང་གིས་ཀྱང་རྒྱུ་དང་འབྲས་བུ་ཐམས་ཅད་ ཀྱི་ཐ་སྙད་ནི་འཁྲུལ་པ་ཉིད་ཡིན་ཏེ། ཕྱི་རོལ་གྱི་དོན་ལ་བརྟེན་པའི་ཕྱིར་དང་། དམིགས་པ་ཐམས་ཅད་འཁྲུལ་པ་ཡིན། །ཞེས་པའི་ཚིག་ལས་སོ། །དེའི་ཕྱིར་འཁྲུལ་པ་ཁྱད་པར་མེད་ཀྱང་རྒྱུ་མཚན་ལ་ཁྱད་པར་ཡོད་པས་ཐམས་ཅད་འཚམ་མོ། །དེ་ལྟར་ན་མཐར་ཐུག་པའི་བསམ་པས་ བསྐུལ་ནས་རང་གི་སེམས་བྱ་བ་དེ་ཉིད་ལ་སྦྱར་བར་བྱའོ་ཞེས། བདག་ནི་གཞན་གྱི་དབང་གྱུར་ཞེས་པ་ལ་སོགས་པ་གསུངས་ཏེ། ཡིད་ཁྱོད་ངེས་པར་ཞེས་པ་ནི་འདིར་ཐེ་ཚོམ་དང་ཕྱིན་ཅི་ལོག་ཏུ་མི་བྱའོ་ཞེས་པ་ཡིན་ཏེ། འདི་ནས་བཟུང་ནས་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དགོས་པ་
Page: 270 ༄༅། །ལས་མ་གཏོགས་པར་རང་གཞན་དེ་རང་གི་དགོས་པ་ལ་སོགས་པ་བསམ་པར་མི་བྱ་སྟེ། ཡིད་ཀྱིས་ཀྱང་མི་བྱ་ཞེས་པའི་དོན་ཏོ། །ཅིའི་ཕྱིར་ཡང་རང་གི་དགོས་པ་ཡང་བསམ་པར་མི་བྱ་ཞེ་ན། གཞན་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། རང་གི་དོན་ནི་རང་གི་ དགོས་པའོ། །མིག་སྟེ་ལྟ་བར་བྱེད་པ་དང་སོགས་པའི་སྒྲས་ཉན་པ་ལ་སོགས་པ་ཡང་ཡིན་ནོ། །དེའི་སྟེ་གཞན་གྱི་ཡིན་ལ་མིག་ལ་སོགས་པས་རྣ་བ་ལ་སོགས་པ་གཞན་ཡང་གཟུང་ངོ་། །ལག་པ་ལ་སོགས་པ་ཞེས་པ་འདིར་ཡང་རྐང་པ་ལ་སོགས་པ་ཡང་གཟུང་ངོ་། །གང་གིས་གཞན་དང་ འབྲེལ་པར་ཁྱེད་ཀྱིས་ངེས་པ་ན་རྒྱུ་དེ་ཉིད་ཀྱིས་སེམས་ཅན་གཙོ་བོར་བྱས་ཏེ། སེམས་ཅན་གཞན་གྱི་དབང་དུ་བྱས་ནས་དེའི་དགོས་པ་ལ་ཞུགས་པའི་ཞེས་པའི་ཐ་ཚིག་གོ། །བདག་གི་ལུས་ལ་ཞེས་པ་ནི་དེ་ལ་རྟེན་པར་གྱུར་པ་ཡིན་ཏེ། གང་དང་གང་གོས་ལ་སོགས་པ་བདེ་བའི་ཡོ་བྱད་མཐོང་ཞིང་ རྟོགས་པ་དེ་དང་དེ་ཞེས་ཟློས་པའི་ཚིག་གིས་ཁྱད་པར་གསུངས་པ་ཡིན་ཏེ། ཐམས་ཅད་ཉིད་ཡིན་ལ་ཅུང་ཟད་ཙམ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །རང་གི་ལུས་ལས་ཕྲོགས་ཤིང་ཕྲལ་ནས་ཕན་ཞིང་འདོད་པའི་དངོས་པོ་སྦྱར་རོ། །ད་ནི་དམན་པ་ལ་སོགས་པ་རྣམས་ལ་ང་རྒྱལ་ལ་སོགས་པའི་ སེམས་ཀྱི་སྡིག་པ་བསལ་བར་བཞེད་ནས། དམན་སོགས་ཞེས་པ་ལ་སོགས་པ་གསུངས་ཏེ། དམན་པ་ལ་ལྟོས་ནས་ང་རྒྱལ་དང་། མཉམ་པ་ལ་ལྟོས་ནས་འགྲན་པ་དང་། མཆོག་ལ་ལྟོས་ནས་ཕྲག་དོག་སྐྱེ་བར་འགྱུར་བ་འདི་ནི་བྱིས་པའི་ཆོས་ཡིན་ཏེ། གང་སྔར། མཐོ་ལ་ཕྲག་དོག་ མཉམ་ལ་འགྲན། །ཞེས་གསུངས་པའོ། །འདི་ཐམས་ཅད་ཉོན་མོངས་པའི་རྒྱུ་ཡིན་ཡང་བདག་དང་གཞན་དུ་བརྗེས་པས་རྣམ་པར་བྱང་བའི་རྒྱུ་ཉིད་དུ་སྒྱུར་བར་བྱེད་དོ། །དེ་ལྟར་ན་འདི་ཉིད་རྣམ་རྟོག་མེད་པའི་ཞེས་པ་ལ་སོགས་པས་བརྗོད་པར་བྱ་སྟེ། རྣམ་རྟོག་མེད་པ་ཞེས་པ་ནི་ཐེ་ ཚོམ་མེད་པས་སོ། །བསྒོམ་པར་བྱ་བ་ནི་འཆད་པར་འགྱུར་བའི་ཚུལ་གྱིས་སོ། །ཕྲག་དོག་བསྒོམ་པ་དེ་ཉིད་འཆད་པར་འགྱུར་བའི་གཞུང་གིས་སྟོན་པ་ནི། འདི་ནི་ཞེས་པ་ལ་སོགས་པ་གསུངས་པ་ཡིན་ཏེ། ཚུལ་ཁྲིམས་དང་ཡོན་ཏན་ལ་སོགས་པས་བདག་ཏུ་མཐོ་བ་དང་གཞན་ནི་དེ་
Page: 271 དང་བྲལ་བས་དམའ་བ་ཉིད་དུ་མཐོང་བར་བྱས་པས། བདག་ལ་འདི་ནི་བཀུར་བྱས་ཞེས་པ་ལ་སོགས་པའི་རྣམ་པས་ཕྲག་དོག་བསྒོམ་པར་བྱའོ། །འདི་ནི་ཞེས་པ་ནི་བདག་དང་གཞན་དུ་བརྗེས་པ་ཉིད་ཡིན་ཏེ། གཞན་ཉིད་ལ་ང་ཞེས་བསྟན་པ་ཡིན་ནོ། །འཆད་པར་འགྱུར་བ་ཐམས་ཅད་ལ་ གཞན་དང་བདག་ཏུ་བརྗེས་ནས་ཡོད་པ་ལ་སྦྱར་བར་བྱའོ། །བསྟོད་པ་ཞེས་པ་ནི་ཡོན་ཏན་བསྒྲགས་པའི་སྒོ་ནས་བསྔགས་པའོ། །བདག་ལ་སྨོད་པ་ཞེས་པ་ནི་དམན་པ་ཉིད་ཀྱི་སྒོ་ནས་སྨད་པར་བྱ་བའོ། །ལས་རྣམས་བདག་གིས་བྱེད་པ་ནི་དམན་པའི་ལས་ཁུར་ཁྱེར་བ་ལ་སོགས་པ་བྱེད་ པའོ། །བདེ་བར་གནས་པ་ཞེས་པ་ནི་སེམས་བདེ་བར་གནས་པའང་ཡིན་ནོ། །འདི་འཇིག་རྟེན་ལ་ཆེ་བར་གྲགས་པ་ནི་འདིས་ཆེན་པོ་ཉིད་ཀྱང་གོམས་ཤིང་འབད་པས་བསྒྲུབ་པར་བྱ་བ་ཡིན་ཏེ། དེ་བཞིན་དུ་གཞན་གྱིས་ཀྱང་ཁྱོད་དང་འདྲ་བར་རྙེད་དཀའ་བ་མ་ཡིན་ནོ། །གོང་མ་གོང་མ་མཐོང་ བས་ན་ཁྱེད་ཆེན་པོ་ཕུལ་དུ་བྱུང་བར་ཡང་གནས་པ་མ་ཡིན་ཏེ། ཚུ་རོལ་མཐོང་བ་ཐམས་ཅད་དམན་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཇི་ལྟར་བདག་ཀྱང་ཡོན་ཏན་ཆེན་པོ་དང་ལྡན་པ་ཉིད་དུ་འགྱུར་བ་དེ་ལྟར་བདག་གིས་བྱ་སྟེ། གྲགས་པའི་སྒྲས་ནི་འདི་གཉི་ག་ལ་ཡང་བྱ་རོག་གི་ལྟ་སྟངས་ཀྱིས་སྦྱར་བར་བསྟན་ པ་ཡིན་ནོ། །དེ་ལྟར་གྱུར་ན་ཡང་བདག་གི་ཡོན་ཏན་མེད་པ་ཅི་ཞིག་བྱ་སྟེ། ཡོན་ཏན་དང་ལྡན་པ་ཉིད་དུ་བྱའོ་ཞེས་ཁ་བསྐང་ངོ་། །དགོས་པ་ཅུང་ཟད་ཀྱང་མེད་པས་བདག་ཉིད་ལ་ཡོན་ཏན་དང་ལྡན་པ་ཉིད་དུ་ངེས་པར་བྱས་པ་འདི་ཉིད་ཀྱིས་མཆོག་སྟེ། གང་གཞན་སུ་ལ་ཡང་འདིར་ཡོན་ཏན་གྱི་ཆ་ ཤས་ཉིད་ཀྱང་ཡོད་པ་མ་ཡིན་ལ། གང་གི་ཕྱིར་བདག་ཡོན་ཏན་ཐམས་ཅད་ལྡན་པ་ཡིན་ཏེ། སེམས་ཅན་གཞན་ལ་ནི་ཡོད་པ་མ་ཡིན་ཞིང་རྣམ་པ་ཐམས་ཅད་དུ་ཡོན་ཏན་དང་ལྡན་པ་ཡང་ཡིན་ཏེ། ལྟ་བས་ཕོངས་པས་ཀྱང་ཡོན་ཏན་ཐོབ་པར་འགྱུར་རོ་ཞེས་པའི་ཚིག་ལས་སོ། །གཞན་ ཡང་མཐོན་པོ་དང་དམའ་བ་དག་ནི་ལྟོས་པས་བྱས་པ་ཡིན་ཏེ། འདི་རྣམས་ལས་བདག་ཉིད་མཐོན་པོར་བྱས་པའི་སྐྱེས་བུ་དམ་པ་དེ་ནི་ཡོད་པ་མ་ཡིན་ལ། བདག་ལས་ཤིན་ཏུ་ངན་པའི་དམན་པ་ཡང་ཡོད་པ་ཡིན་ཞིང་། གང་ལ་ལྟོས་ནས་བདག་ཀྱང་མཆོག་ཡིན་ཏེ་གང་རྣམས་ལས་བདག་ཉིད་
Page: 272 ༄༅། །དམ་པའོ། །དེ་ལྟར་ན་ཐམས་ཅད་ལས་བདག་ནི་དམན་པ་མ་ཡིན་ཏེ། འདི་ནི་ཐམས་ཅད་ལས་མཐོ་བ་ཡང་མ་ཡིན་ནོ། །དེ་ལྟར་ན་ཡང་ཁྱེད་ནི་ཚུལ་ཁྲིམས་ལ་སོགས་པས་ཕོངས་པས་སྡིག་པ་དང་བཅས་པའི་རང་བཞིན་ཡིན་པའི་ཕྱིར་དམན་པ་ཡིན་ལ། བདག་ལ་ནི་དེ་ ཡོད་པ་མ་ཡིན་པས་དམན་པ་མ་ཡིན་ནོ་ཞེ་ན། ཚུལ་ཁྲིམས་ལྟ་བས་ཞེས་པ་ལ་སོགས་པ་གསུངས་པ་ལ། ཚུལ་ཁྲིམས་ཀྱིས་ཕོངས་པ་ནི་སོ་སོར་ཐར་པའི་སྡོམ་པ་བླངས་པ་ཉམས་པ་ཡིན་ལ་ལྟ་བས་ཕོངས་པ་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་རྣམ་པ་ལྟ་བ་ལྔ་པོ་ཡིན་ཏེ་དེ་ཉིད་ཕོངས་པ་ཡིན་ པའམ། དེ་རྣམས་ཀྱིས་ཕོངས་པར་བྱས་པ་ཡིན་ཏེ། སོགས་པའི་སྒྲས་ནི་སྤྱོད་པས་ཕོངས་པ་ལ་སོགས་པ་ཡང་གཟུང་ངོ་། །འདི་ཐམས་ཅད་ཉོན་མོངས་པ་རྣམས་ཀྱི་སྟོབས་ཀྱིས་བདག་ཉིད་ཀྱི་འདོད་པའི་དབང་དུ་གྱུར་པ་མ་ཡིན་ནོ། །དེ་ལ་གལ་ཏེ་ཁྱེད་སྙིང་རྗེ་དང་ལྡན་པ་ཡིན་ན་དེའི་ཚེ་བདག་གསོ་བར་བྱ་བ་ ཡིན་ཏེ་ཁྱེད་ལ་གང་དང་གང་དུ་གསོ་བའི་ནུས་པ་ཡོད་པ་ཅི་ལྟ་བ་བཞིན་དུ་སྟེ། གང་གི་ཉེས་པ་དང་བྲལ་བར་བསྒྲུབ་པར་བྱ་བའི་བློ་ཡོད་ན་ཞེས་པའི་དོན་ཏོ། །ཡང་ན་ནུས་པ་ཅི་ལྟ་བར་བདག་གིས་གནོད་ཀྱང་དང་དུ་བླང་ངོ་ཞེས་ཕྱི་མ་དང་འབྲེལ་ཏེ། བརྟུལ་ཞུགས་དང་ངེས་པའི་དཀའ་བའི་བྱ་བ་ལ་སོགས་པའི་ མཚན་ཉིད་ཀྱིས་སྡུག་བསྔལ་བའོ། །གལ་ཏེ་ཁྱེད་ལ་བདག་གིས་གསོ་བའི་བློ་ཅུང་ཟད་ཡོད་ན་དེ་ཡང་བདག་གིར་ཁས་བླང་བར་བྱའོ། །དེ་ལྟར་གྱུར་ན་ཡང་གཅིག་ཏུ་ཁྱོད་ལ་འདི་གསོ་བའི་ནུས་པ་ཡོད་པ་མ་ཡིན་ཏེ། བསྒྲུབ་བྱའི་ཉེས་པ་དང་ལྡན་པའི་ཕྱིར་འདི་རིགས་སོ་ཞེ་ན། འོན་ཏེ་ཞེས་པ་ལ་སོགས་པ་གསུངས་ཏེ། འོན་ ཏེ་ཞེས་པ་ནི་རྣམ་པ་གཞན་དགོད་པ་ཡིན་ཏེ། གལ་ཏེ་འདི་ལ་བདག་གསོ་བའི་ནུས་པ་མེད་ན་དེ་རྒྱུ་ཅིས་བདག་ནི་མཐོ་ལ་འདི་ནི་དམའ་བ་ཡིན་ནོ་ཞེས་འདི་ནུས་པ་མེད་པར་ཡང་བདག་ལ་བརྙས་པར་བྱེད། འོན་ཏེ་གལ་ཏེ་ཡང་གསོ་བའི་ནུས་པ་དང་བྲལ་བ་དེ་ལྟ་ན་ཡང་གཞན་གྱི་ཡོན་ཏན་དེ་ཡིས་བདག་ལ་ཅི་ཞིག་ བྱ་སྟེ། དགོས་པ་ཅུང་ཟད་ཀྱང་མེད་ལ་རྣམ་པ་ཐམས་ཅད་དུ་ཉེ་བར་མཁོ་བ་དང་བྲལ་བའི་ཕྱིར་རོ། །འདི་ཉིད་འབའ་ཞིག་གི་དབང་དུ་བྱས་ཏེ། གང་ལས་བདག་ཉིད་དེ་རང་ཉིད་ཀྱི་ཡོན་ཏན་དང་ལྡན་པ་འདི་ཡིན་ལ། དེ་ལས་ཡོན་ཏན་གྱི་ཆ་ཅུང་ཟད་ཀྱང་བདག་ལ་ཡོད་པ་མ་ཡིན་ནོ། །དེ་ལྟར་
Page: 273 གྱུར་ན་ཡང་སྙིང་རྗེའི་ཡོན་ཏན་དང་ལྡན་པས་དེ་ལས་གཞན་ལ་ཡང་དེའི་ཡོན་ཏན་ཉེ་བར་མཁོ་བ་ཡིན་ནོ་ཞེ་ན། སྙིང་རྗེ་ཡང་དངོས་པོ་ལ་མཐོང་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ངན་འགྲོ་ཞེས་པ་ལ་སོགས་པ་གསུངས་ཏེ། གང་ཞིག་སྡིག་པ་བྱེད་པ་དེ་ངན་འགྲོར་ངེས་པའི་ཕྱིར་ངན་འགྲོའི་ཁར་གནས་ པར་བརྗོད་དོ། །ཡང་ན་ངན་འགྲོར་གནས་པས་འདིར་ཁ་ཞེས་པ་དང་འབྲེལ་ཏོ། །ཡང་ན་ངན་འགྲོ་ནི་དམན་པའམ་མཁོ་བའི་ཡོ་བྱད་དང་བྲལ་བ་དེར་གནས་པ་ཡིན་ནོ། །གདུག་པའི་ཁར་གནས་ཞེས་པ་ལ་གདུག་པ་ནི་སྦྲུལ་དང་གཅན་གཟན་གཏུམ་པོ་ལ་ཡང་བརྗོད་དོ། །དེ་རྣམས་ཀྱི་ཁར་ གནས་པའི་སྐྱེ་བོ་ལ་སྙིང་རྗེ་བའི་ཡིད་ཀྱིས་སྙིང་རྗེ་མ་ཡིན་ཏེ། དེ་སྡུག་བསྔལ་དང་བྲལ་བར་འབད་པར་བྱེད་པ་མ་ཡིན་ནོ། །དེ་ཙམ་འབའ་ཞིག་ནི་ཡོད་པ་མ་ཡིན་ལ་ཁྱད་པར་འདི་ཡང་ཡིན་ཏེ། གང་ཡོན་ཏན་རློམ་པས་ཏེ་ཡོན་ཏན་ལྷག་པ་ཡིན་ནོ་ཞེས་ནམ་ཡང་མཁས་པ་རྣམས་ལ་རྒྱལ་བར་བསྔོ་སྟེ་ རྒྱལ་བར་འདོད་དོ། །དེ་ལྟར་རེ་ཞིག་མཐོ་ལ་ཕྲག་དོག་བཤད་ནས། མཉམ་པ་ལ་བརྗོད་པའི་ཕྱིར་བདག་དང་མཉམ་པ་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། གཞན་དང་ལྷན་ཅིག་ཏུ་ཡོན་ཏན་ལ་སོགས་པས་བདག་མཉམ་པར་བལྟས་ཤིང་གསལ་བར་བྱས་ནས། གང་དེ་ལས་ལྷག་པར་བྱ་བའི་ ཕྱིར་ཏེ། གཞན་ལས་ཡོན་ཏན་རྣམས་ཀྱིས་བདག་ལྷག་པར་བྱ་བའི་ཕྱིར་འབད་པར་བྱའོ། །གལ་ཏེ་རྙེད་པ་དང་བཀུར་སྟི་འདི་ལ་ལྷག་པ་མཐོང་ན་དེའི་ཚེ་འདི་ལས་ཕྲོགས་ནས་གཟུང་བར་བྱའོ། །དེ་ལྟར་ནའང་མི་སྟེར་ན་རྩོད་པ་དང་མཚང་འབྲུ་བ་ལ་སོགས་པས་ཀྱང་བསྒྲུབ་པར་བྱ་སྟེ། བདག་གི་ རྙེད་པ་དང་བཀུར་སྟི་ཞེས་ཟླས་དབྱེ་བ་ཡིན་པའི་ཕྱིར་མ་ནིང་གི་རྟགས་སོ། །བདག་གི་ཞེས་པ་ནི་རང་གི་གང་ཡིན་པ་སྟེ། ཇི་ལྟ་འདི་བཟུང་ནས་འདུག་ཅེས་པའི་དོན་ཏོ། །གཞན་ཡང་གལ་ཏེ་རྙེད་པ་ལ་སོགས་པའི་ཡོན་ཏན་མཐོང་བ་རྣམས་ཀྱིས་འདི་མཆོད་པ་དེ་ལྟར་བདག་གིས་བྱའོ། །གང་གིས་ རྙེད་པ་ལ་སོགས་པའི་རྒྱུ་འདི་འགྲིབ་པར་འགྱུར་བར་བྱའོ་ཞེས། ཡང་ནི་བདག་གི་ཡོན་ཏན་ཞེས་པ་ལ་སོགས་པ་གསུངས་ཏེ། ཡང་ནི་ཞེས་པ་ནི་བརྟག་པ་བཟུང་བའི་ཚིག་དག་གོ། །ཇི་ལྟར་བདག་གི་ཡོན་ཏན་གསལ་བར་འགྱུར་བ་དེ་ལྟར་བདག་གིས་བརྩམ་པར་བྱ་སྟེ། བདག་གི་ནུས་པ་
Page: 274 ༄༅། །བརྟན་པར་བྱ་ཞེ་ན། བདག་གི་སྐྱོན་ཡང་ཞེས་པ་ལ་སོགས་པ་གསུངས་ཏེ། ཡང་ནི་སྔར་བཞིན་ནོ། །འདིས་ཀྱང་ཅིར་འགྱུར་ན་བདག་ནི་མཆོད་འགྱུར་འདི་ལ་མིན་པར་འགྱུར་རོ། །དེས་ཀྱང་ཅིར་འགྱུར་ཞེ་ན་ཞེས་དོགས་ནས་བདག་དེང་རྙེད་པ་ཞེས་པ་ལ་སོགས་པ་གསུངས་ ཏེ། གང་གིས་བདག་ནི་བཀུར་འགྱུར་འདི་ལ་མིན་ཏེ། ཤིན་ཏུ་ལེགས་པར་རྙེད་པ་དེས་བདག་གིས་ཐོབ་ཅེས་བདག་ཉིད་ལ་བསྟོད་པ་སྟོན་པར་བྱེད་དེ་བསྒྲུབ་བྱ་གྲུབ་པའི་ཕྱིར་རོ། །སླར་ཡང་ཤིན་ཏུ་དགའ་བ་གསལ་བར་བྱ་བའི་ཕྱིར། འདི་ནི་མ་རུངས་ཞེས་པ་ལ་སོགས་པ་གསུངས་ཏེ། རྒྱས་པའི་མིག་དང་ལྡན་པའི་གདོང་དང་ཡིད་རབ་ཏུ་དགའ་བར་རེ་ཞིག་བལྟའོ། །དེ་ལྟར་རྙེད་པ་འདོད་པས་མ་རུངས་པར་བྱས་པ་རྙེད་པ་བཀུར་སྟི་ལས་ཕྱི་རོལ་དུ་བྱ་སྟེ་བསལ་བར་བྱའོ་ཞེས་པའི་དོན་ཏོ། །ཡུན་རིང་པོ་ནི་དུས་ཤིན་ཏུ་རིང་བར་རོ། །ནམ་ཡང་འདི་ལ་བརྟེན་ནས་ཁོ་བོ་ཅག་ལ་འདི་ ལྟར་དགའ་བ་སྐྱེ་བར་མ་གྱུར་པའོ། །འདིས་ཀྱང་མ་རུངས་པར་བྱས་པ་ཞེས་བསྟན་པའི་ཕྱིར་འགྲོ་བ་ཀུན་གྱིས་ཞེས་པ་ལ་སོགས་པ་གསུངས་ཏེ། དེའི་ཉེས་པ་བརྗོད་པས་གཞད་གད་དུ་བྱེད་པའོ། །དེ་དེར་ཞེས་པ་ནི་ཕྱོགས་ཐམས་ཅད་དུའོ། །འདིར་ཡང་བལྟ་ཞེས་པ་དང་འབྲེལ་ཏོ། །ད་ནི་ལྷག་པ་ཐོབ་ པར་གྱུར་པས་སེམས་རངས་པས་བདག་ཉིད་དམན་པ་ཉིད་དུ་བསྒོམ་པར་བྱའོ་ཞེས་བསྟན་པའི་ཕྱིར། ཉོན་མོངས་འདི་ཡང་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ཡང་ནི་དེ་ལྟར་སྤྱོ་བའི་གནས་ཐམས་ཅད་དུ་དམན་པ་ལ་འདུག་པ་ཡང་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ན་ཉོན་མོངས་པ་ཡིན་ལ་བདག་དང་ ལྷན་ཅིག་ཏུ་འགྲན་ཏེ་མཉམ་པོར་བྱེད་པར་གྲགས་སོ། །གྲགས་ཞེས་པ་ནི་མི་འདོད་པ་དང་འདི་མི་རིགས་ཞེས་པ་ཉིད་དོ། །ཇི་ལྟར་མི་རིགས་ཤེ་ན། འདི་བདག་ཅེས་པ་ལ་སོགས་པ་གསུངས་ཏེ། ཐོས་པས་ནི་བསྟན་བཅོས་ལ་སོགས་པ་རྣམས་ཐོས་པ་ཡིན་ལ། རེ་ཞིག་འདི་དང་བདག་ མཉམ་མམ་ཅི་ཞེས་ཏེ། ཤེས་རབ་ནི་བློ་ཁྱད་པར་དུ་གྱུར་པ་ཡིན་ལ། གཟུགས་རིགས་ནོར་གྱིས་ཀྱང་མཉམ་མམ་ཞེས་པའི་ཐ་ཚིག་གོ། །དེ་ལྟར་ཉིད་དུ་སྐྱེ་བོ་རྣམས་ཀྱིས་ཀྱང་བདག་གི་ཡོན་ཏན་ཕྱོགས་བཅུར་བསྒྲགས་པ་ཐོས་ཤིང་མཉན་ནས་སྤུ་ལྡང་བ་སྐྱེས་པར་གྱུར་པ་སྟེ་ལུས་ལ་བ་སྤུ་ལྡང་བ་
Page: 275 དང་ལྡན་པའོ། །དགའ་བ་ནི་ཡིད་རབ་ཏུ་དགའ་བ་དང་ལྡན་ཞིང་ཡོངས་སུ་ལོངས་སྤྱོད་པ་སྟེ་བདེ་བའི་དགའ་སྟོན་ནོ། །འོན་ཏེ་བརྒྱ་ལ་འགའ་ཞིག་ནས་འདིས་བག་མེད་པས་རྙེད་པར་གྱུར་ན་དེའི་ཚེ་ཇི་ལྟར་ཞེ་ན། གལ་ཏེ་འདི་ལ་རྙེད་ཡོད་ཀྱང་། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལྟར་འདིའི་རྙེད་པ་ ལ་བར་དུ་གཅད་པའི་ཕྱིར་འབད་པར་བྱས་ཀྱང་གལ་ཏེ་ཅི་ལྟར་ཡང་འདི་ལ་རྙེད་པ་ཡོད་ན་དེའི་ཚེ་འདིའི་སྐེ་ལ་རྡོག་པས་མནན་ནས་བླང་བར་བྱ་སྟེ། བདག་གིས་འདི་ལ་སྟོབས་ཀྱིས་བླང་ངོ་། །ཅི་སྟེ་རྣམ་པ་ཐམས་ཅད་དུ་འདིའི་སྲོག་དང་བྲལ་བར་བྱ་བ་ཡིན་ནམ་ཞེ་ན། ངའི་ལས་ནི་ཞེས་པ་ལ་སོགས་པ་ གསུངས་ཏེ། འཚོ་བ་ཙམ་ཞིག་ནི་རེ་ཞིག་སྲོག་འཛིན་པ་དེ་ཙམ་འདི་ལ་བྱིན་ནས་གཞན་ཐམས་ཅད་བདག་གིས་ཡོངས་སུ་གཟུང་བར་བྱའོ། །དེ་ལྟ་ན་ཡང་ནམ་ཞིག་ངའི་ལས་ནི་བྱེད་ཅེ་ན་ཞེས་ཏེ། གལ་ཏེ་འདི་ཁོ་བོའི་བཀའ་ཉན་པ་ལ་སྦྱོར་ནའམ་མ་སྨྲས་ཀྱང་རྗེས་སུ་མཐུན་པར་བྱེད་ན་དེའི་ཚེ་འདི་ལ་ འཚོ་བ་ཙམ་ཞིག་སྦྱིན་པར་བྱ་སྟེ། གཞན་དུ་ནི་མ་ཡིན་ནོ། །ཡང་འདི་ཇི་ལྟར་ན་དམན་པའི་གནས་སྐབས་སུ་ཁྱེར་བར་བྱེད་ཅེ་ན། གང་འདི་བདེ་ལས་ཞེས་པ་ལ་སོགས་པ་གསུངས་ཏེ། གང་ཞེས་པ་ནི་གང་ལས་ཏེ་བདེ་བ་ལས་ཡིན་ལ། ཉམས་པར་བྱ་བ་ནི་བྲལ་བར་བྱའོ། །འདི་ཙམ་གྱིས་གཏོང་བར་ བྱ་བ་ནི་མ་ཡིན་ཏེ་འོན་ཀྱང་བདག་གིས་གནོད་ལ་རྟག་ཏུ་སྦྱར་བར་བྱ་སྟེ་དུས་ཐམས་ཅད་དུ་བདག་གི་སྡུག་བསྔལ་གྱི་ཁུར་འདིའི་སྤྱོ་བར་ཡང་དག་པར་བཞག་སྟེ་དེའི་ཕྱིར་འདི་ལ་དེ་ལྟར་བྱའོ། །ཡང་ཅིའི་ཕྱིར་འདི་ལྟར་ཁྱོད་འདི་ལ་ཞེ་སྡང་བར་བྱེད་ཅེ་ན། འདི་ཡིས་ཞེས་པ་ལ་སོགས་པ་གསུངས་ཏེ། སྡང་བའི་སེམས་ཅན་འདིས་སྔར་འཁོར་བ་ཐམས་ཅད་དུ་བདག་ལ་ལན་གྲངས་བརྒྱ་ཕྲག་དུ་མར་གནོད་པ་བྱས་པ་ཡིན་ཏེ། བཅིང་བ་དང་བསད་པ་དང་བརྡེག་པ་ལ་སོགས་པ་རྣམས་ཀྱིས་སྡུག་བསྔལ་བར་བྱས་པ་ཡིན་ནོ། །ད་ནི་སྡུག་བསྔལ་འདི་བཟོད་པར་མ་ནུས་ཏེ་བརྒྱ་ལ་འདི་ལས་སེམས་ལྡོག་པར་ དོགས་ནས་ཐབས་སླ་བའི་རིམ་པས་དེ་ཉིད་ལ་སྦྱར་བར་བྱ་བའི་ཆེད་དུ་ཉེ་བར་སྟོན་པ་ནི་ཡིད་ཁྱོད་ཅེས་པ་ལ་སོགས་པ་གསུངས་ཏེ། ཐོག་མ་མེད་པའི་འཁོར་བར་གཞལ་བར་མི་ནུས་པའི་བསྐལ་པར་རང་གི་དོན་བྱེད་འདོད་པས་ཏེ་གོམས་པས་ངལ་བ་ཆེན་པོས་དུབ་པར་གྱུར་པས་སྡུག་བསྔལ་
Page: 276 ༄༅། །ཆེན་པོ་དུས་ཡུན་རིང་པོར་མྱོང་བར་གྱུར་པའི་མཚན་ཉིད་ཀྱིས་སྡུག་བསྔལ་ཉིད་བསྒྲུབས་པ་ཡིན་ཏེ། ལས་དེ་དང་དེ་ལས་དགོས་པ་ཅུང་ཟད་ཀྱང་ཐོབ་པ་མ་ཡིན་ནོ། །བྱུང་བར་གྱུར་པ་དེ་དང་དེ་རེ་ཞིག་བཟློག་པར་བྱ་བ་མ་ཡིན་པར་གྱུར་ན་ཡང་ད་ལྟ་འོང་བ་ལ་ཅི་ལྟར་རིགས་ཤེ་ན། དེ་ ལྟར་བདག་གིས་གསོལ་པ་འདེབས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསོལ་བ་འདེབས་པ་ནི་བསྙེན་བཀུར་སྔོན་དུ་སོང་བའི་ཚིག་བརྗོད་པ་ཉིད་ཀྱིས་ཏེ། ཇི་ལྟར་སྔར་རང་ཉིད་ཀྱི་ལས་དེ་དང་དེ་ལ་ཞུགས་པ་དེ་ལྟར་བདག་དང་གཞན་དུ་བརྗེ་བ་ལ་གོམས་པ་འདི་ལ་ཡང་འཇུག་པར་གྱིས་ཤིག །དཔྱོད་ པ་མེད་པ་ཞེས་བྱ་བ་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་དཔྱོད་པ་དང་བྲལ་བའི་ཕྱིར་རོ། །ཅི་སྟེ་བསྒྲུབ་བྱའི་དོན་རྟོགས་པ་མེད་པར་ཅི་ལྟར་འདི་ལ་འཇུག་པ་ཉིད་དུ་འགྱུར་ཞེ་ན། ཐུབ་པའི་བཀའ་ཞེས་པ་ལ་སོགས་པ་གསུངས་ཏེ། ཕྱིས་ནི་དུས་ཕྱིས་ནས་རྟོགས་པར་འགྱུར་ཏེ། དེའི་སྟེ་བདག་གི་ཚིག་གིས་ ཞུགས་པ་འམ་བདག་དང་གཞན་དུ་བརྗེ་བའི་ཡོན་ཏན་ལས་སོ། །དེ་ཁྱོད་ཀྱིས་ཉམས་སུ་བླངས་ནས་དེར་འགྱུར་རོ། །ཇི་ལྟར་ཤེས་ཤེ་ན། ཐུབ་པའི་བཀའ་ནི་ཡང་དག་པ་ཡིན་པ་སྟེ། ཡང་དག་ཕྱིན་ཅི་མ་ལོག་པ་རྟོགས་པར་བྱེད་པ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱི་བཀའ་ཡིན་པ་དེའི་ཕྱིར་ ཤེས་སོ། །དེ་ལྟར་གྱུར་ན་ཡང་བདག་གིས་ལས་འདི་དུ་མར་བྱས་ཀྱང་དེ་ལྟར་ན་ཡང་ཁྱད་པར་ཅུང་ཟད་ཀྱང་མ་རྟོགས་སོ་ཞེས་དོགས་ནས་གལ་ཏེ་ཁྱོད་ཀྱིས་ཞེས་པ་ལ་སོགས་པ་གསུངས་ཏེ། ཁྱོད་ནི་བདེན་པར་སྨྲ་བ་མ་ཡིན་ཏེ་གཞན་དུ་གལ་ཏེ་ལས་འདི་སྔར་བྱས་ནས་དེ་ཚེ་ཁྱེད་ལ་ལས་ཀྱི་འབྲས་བུ་ཡང་ འབྱུང་བར་འགྱུར་རོ། །དེ་ལ་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པའི་བདེ་བ་སངས་རྒྱས་ཉིད་མ་ཡིན་པ་སངས་རྒྱས་ཉིད་ཀྱི་བདེ་བ་བོར་ནས་སྲིད་པར་མི་འགྱུར་ཏེ། གནས་སྐབས་ངན་པ་འདིའི་སྐབས་མི་སྲིད་དོ། །ལས་དེ་མ་བྱས་ན་འབྲས་བུ་ཡང་སྐྱེ་བར་འགྱུར་བ་མ་ཡིན་ནོ། །ད་ནི་མཇུག་བསྡུ་ བའི་ཚུལ་གྱིས་རང་གི་སེམས་དེ་ཉིད་ལ་བསྟན་པར་བྱ་བའི་ཕྱིར། དེ་བས་ཞེས་པ་ལ་སོགས་པ་གསུངས་ཏེ། གང་ལས་འདི་ལྟ་བུའི་འབྲས་བུ་འདི་གོམས་པ་ལས་སྐྱེ་བར་འགྱུར་བ་དེའི་ཕྱིར་བྱས་ཤིང་བསྒྲུབས་པ་དེ་ལྟར་རོ། །དེའི་ཕྱིར་བརྗོད་པའི་འབྲས་བུ་འདོད་པས་དེའི་བྱ་བ་ལ་སྐྱོ་བ་
Page: 277 བསལ་ནས་རང་བཞིན་ཉམས་སུ་བླང་བར་བྱའོ་ཞེས་བསྟན་པའི་ཕྱིར་གཞན་གྱི་ཞེས་པ་ལ་སོགས་པ་གསུངས་སོ། །སེམས་ཅན་གཞན་གྱི་རྟོག་མཁན་ཞེས་པ་ལ་སོགས་པ་གསུངས་ཏེ། རབ་ཏུ་སྦས་ནས་དེའི་དགོས་པར་བྱེད་པ་ཡིན་ནོ། །ད་ནི་བདག་དང་གཞན་དུ་བརྗེ་བ་བོར་ནས་སླར་ཡང་ཕྲག་དོག་ བསྒོམ་པ་ལ་རང་གི་སེམས་སྦྱང་བའི་ཕྱིར། བདག་སྐྱིད་པ་ལ་སོགས་པ་གསུངས་ཏེ། དེ་བས་གནས་པའི་ཕྱིར་སྐྱིད་པ་ཡིན་ལ་སྡུག་བསྔལ་གྱི་གནས་པས་མི་སྐྱིད་པ་ཡིན་ནོ། །དེ་ལྟར་ཕྲག་དོག་གྱིས་ཤིག་ཅེས་རང་གི་སེམས་ལ་འདི་ལྟར་གསུངས་པ། བདག་ནི་ཞེས་པ་ལ་སོགས་པ་ གསུངས་ཏེ། བདག་ནི་ཞེས་པ་ནི་བདག་གི་ལུས་ལའོ། །གང་ཚེ་ཞེས་པ་ནི་དུས་ནམ་ཞིག་ནའོ། །ཅི་བྱེད་ཅེས་པ་ནི་རང་གི་དོན་ནམ། གཞན་གྱི་དོན་ནམ། དམ་པའི་ལས་སམ། དམ་པ་མ་ཡིན་པའི་ལས་སམ། ཐ་མལ་པའི་ལས་ཅི་བྱེད་ཅིང་གནས་ཞེས་སོ། །དེ་ལྟར་འདིའི་ལུས་ལ་གླགས་ བརྟགས་ཏེ་བཙལ་ལོ། །འོན་ཏེ་གང་གི་ཚེ་འདི་ལ་གླགས་མ་རྙེད་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། གཞན་གྱི་ཞེས་པ་ལ་སོགས་པ་གསུངས་པ་ལ། གཞན་གྱིས་བྱས་པའི་ཉེས་པ་འདི་ཡང་ཁྱོད་ཉིད་ཀྱི་ཉེས་པར་སྤྱད་པ་ཡིན་ནོ་ཞེས་གང་གིས་འདིའི་སྤྱོད་པ་ཡིན་ནོ་ཞེས་དེ་ལྟར་འདི་ཉིད་ཀྱི་ལུས་ཀྱི་མགོ་ལ་ བསྒྱུར་བར་བྱོས་ཤིག །ཡང་ན་གཞན་གྱིས་བྱས་པའི་ཉེས་པ་ཡང་འདི་ཉིད་ཞེས་བྱ་བ་ནི་ཉེས་པར་སྤྱོད་པ་ཡང་འདི་ཉིད་ཀྱི་མགོ་བོ་ལ་བསྒྱུར་བར་བྱོས་ཤིག་ཅེས་དེའི་ལས་ཀྱི་འབྲས་བུའི་ཆ་ཉིད་དུ་གྱིས་ཤིག་པའོ། །གང་། འགྲོ་བའི་སྡུག་བསྔལ་གང་ཅིའང་རུང་། །དེ་ཀུན་བདག་ལ་སྨིན་གྱུར་ཅིག ། བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས། །འགྲོ་བ་བདེ་ལ་གནས་པར་ཤོག །ཅེས་འཆད་པར་འགྱུར་རོ། །གང་གི་ཚེ་ཡང་ཉེས་པ་ཆུང་ངུ་ཡང་འདི་ལ་མཐོང་ན་དེའི་ཚེ་སྦ་བར་མི་བྱའོ་ཞེས་བདག་གིས་ཉེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆུང་ངུ་སྟེ་ལུས་འདིའི་ཤིན་ཏུ་ཕྲ་བའི་ཡང་ཉེས་ པ་རབ་ཏུ་ཤོགས་ཞེས་ཏེ་མངོན་པར་གྱིས་ཤིག་པའོ། །ཐུབ་པ་ཆེན་པོ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ་དེའི་སྤྱན་སྔར་རོ། །གང་གིས་འདི་འཇིགས་པས་སླར་ཡང་མི་བྱེད་པའི་སྡོམ་པ་ཉིད་ཀྱིས་གནས་སོ། །གལ་ཏེ་འདིའི་སྙན་པ་གསལ་བར་གྱུར་པ་མཐོང་ན་དེ་ལ་གསུངས་པ། གཞན་གྱི་
Page: 278 ༄༅། །ཞེས་པ་ལ་སོགས་པ་སྟེ། འདིའི་གྲགས་པ་གཞན་རྣམས་ཀྱི་དེ་བས་ལྷག་པའི་གྲགས་པ་གསལ་བར་དྲི་མ་ཅན་དུ་གྱིས་ཤིག་ཅེས་དེ་རྙོག་པ་དང་བཅས་པར་གྱིས་ཤིག་པ་དང་སྦ་བར་གྱིས་ཤིག་ཅེས་པའི་དོན་ཏོ། །འདི་ལ་སྙིང་རྗེའི་སེམས་ཅུང་ཟད་ཙམ་ཡང་བསྐྱེད་པར་ མི་བྱའོ་ཞེས་བདག་ནི་བྲན་གྱིས་ཞེས་པ་ལ་སོགས་པ་གསུངས་ཏེ། ངེས་པར་དམན་པའི་བྲན་གྱི་ཐ་མ་ལྟར་གཞན་གྱི་དགོས་པ་སེམས་ཅན་གྱི་དོན་རྣམས་ལ་འདི་ལྟར་བཀོལ་བར་གྱིས་ཤིག་སྟེ་ཁུར་ཁྱེར་བ་ལ་སྦྱོར་བའོ། །གལ་ཏེ་འདི་ལ་ཡོན་ཏན་གྱི་ཆ་ཅུང་ཟད་མཐོང་བ་དེའི་ཚེ་ཅི་བསྟོད་པ་བྱ་བའམ་ཞེ་ ན། འདི་ནི་སྐྱོན་ཅན་ཞེས་པ་ལ་སོགས་པ་གསུངས་ཏེ། བརྒྱ་ལ་ཡོན་ཏན་ལྷག་པ་ལྷན་ཅིག་སྐྱེས་པ་ཡོད་ན་ཡང་འདི་ནི་བསྟོད་པར་བྱ་བ་མ་ཡིན་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འདི་ནི་ཉེས་པ་དུ་མའི་བདག་ཉིད་ཡིན་པའི་ཕྱིར་རོ། །གཞན་ཡང་ཡོན་ཏན་རྟོགས་པའི་སྒོ་ནས་བསྟོད་པར་བྱ་བར་ འགྱུར་ན་འདི་ཉིད་རྩ་བ་དང་བཅས་པ་ཉམས་པ་ཡིན་ནོ་ཞེས་འདིའི་ཡོན་ཏན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་ཡང་མང་དུ་བརྗོད་པས་ཅི་ཞིག་བྱ་སྟེ། མདོར་ན་འདི་ལ་ཆད་པའི་ལས་བྱའོ་ཞེས་བསྟན་པའི་ཕྱིར། མདོར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནོད་པ་ཞེས་པ་ནི་ སྡུག་བསྔལ་བའམ་གནོད་པ་བྱེད་པའོ། །འདི་ལྟར་གལ་ཏེ་ཡང་བདག་གིས་སྡུག་བསྔལ་གྱི་ཁུར་ཁྱེར་བར་མི་ནུས་སོ་ཞེས་སྨྲས་ན་དེའི་ཚེ་འདིར་ཅི་ལྟར་འཇུག་པར་བྱ་ཞེ་ན། གང་གིས་ངག་རྩུབ་གྱུར་ཚུལ་དུ། །ཞེས་པ་ལ་སོགས་པ་གསུངས་ཏེ། གང་གིས་ངག་རྩུབ་པར་འགྱུར་བ་ནི་ཕོད་པ་ ཆེ་བ་ཡིན་ཏེ་དང་པོ་ཉིད་དུ་འདི་ལ་དེ་ལྟར་སྐབས་དབྱེ་བར་མི་བྱའོ། །འོན་ཀྱང་གཞག་པར་བྱ་སྟེ་གཟུང་བར་བྱའོ། །བག་མ་གསར་བའི་འཇུག་པ་བཞིན་དུའོ། །དེ་ཉིད་གསུངས་པ། འཇིགས་དང་ཞེས་ཏེ་ཉམས་པ་ལས་སྐྲག་པའོ། །ངོ་ཚ་ཞེས་པ་ནི་བྱ་བ་མ་ཡིན་པ་ལ་ངོ་ཚ་བའོ། །ཐམས་ཅད་དུ་མི་ མཐུན་པ་ལ་འཇུག་པ་ལས་བཟློག་པ་ལ་བརྩོན་པར་བྱ་ལ། དེ་ལྟར་གནས་པ་ན་ཡང་རྣམ་པ་ཐམས་ཅད་ལྕགས་ཀྱུ་མེད་པར་མི་བྱའོ་ཞེས་བསྟན་པའི་ཕྱིར། འདི་ལྟར་གྱིས་ཤིག་ཅེས་པ་ལ་སོགས་པ་གསུངས་ཏེ། འདི་ལྟར་བཀའ་ཉན་པ་ལ་འཇུག་པར་བྱས་ནས་ལུས་འདི་དབང་དུ་གྱུར་པར་བྱ་སྟེ།
Page: 279 རང་ལ་རག་ལས་པས་གཞག་པར་བྱ་སྟེ། རྟ་དུལ་བ་བཞིན་ནོ། འོན་ཏེ་འདི་ལྟར་དབང་དུ་མ་གྱུར་ན་དེའི་ཆད་པས་གཅད་པར་བྱ་སྟེ། དེ་ལས་འདས་ན་སྟེ་གལ་ཏེ་ཁྱོད་བཀའ་ལས་འདས་པས་འཇུག་ན་དེའི་ཚེ་ཆད་པས་གཅད་པར་བྱ་སྟེ་སྤྱོ་བར་བྱ་བའམ། ཚར་གཅད་པར་བྱའོ། །ད་ནི་བདག་གི་སེམས་དང་ བདག་ཐ་དད་པ་བཞིན་དུ་ཡོངས་སུ་བརྟགས་ནས་བརྟན་པས་བསྡུ་བའི་ཕྱིར་གསུངས་པ། འོན་ཏེ་དེ་ལྟར་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ཡང་ཁྱོད་འདི་ལ་རབ་ཏུ་ཞུགས་པར་གྱུར་ཏེ། བརྒྱ་ལ་ཉམས་པར་གྱུར་ན་དེའི་ཚེ་ཉེས་པ་དེས་ཁྱོད་ཉིད་ཚར་གཅད་པར་བྱའོ། །ཅིའི་ཕྱིར་ཞེ་ན། ཉེས་པ་ཐམས་ ཅད་ཁྱོད་ལ་བརྟེན་པ་ཡིན་ཏེ། རང་ཉིད་སེམས་ལུས་མེད་པར་གྱུར་པ་ཡང་ཁྱོད་ཉིད་ཀྱི་བསམ་པ་ཉིད་ཀྱིས་འདི་ཐམས་ཅད་དུ་འཇུག་པར་བྱེད་དེ། དེས་གང་འགའ་ཞིག་ཏུ་ངན་གཡོ་ཅན་དུ་རྟེན་པར་བྱེད་དོ། །དེར་ཁྱོད་ཀྱིས་དྲང་པོ་མ་ཡིན་ནོ་ཞེས་བསམ་པའོ། །དེ་ནས་མི་བཟོད་པས་རང་གི་ སེམས་ཉིད་ལ་བསྡིགས་པ་ཁྱོད་ཀྱིས་ཞེས་པ་ལ་སོགས་པ་གསུངས་ཏེ། བསྡིགས་པ་འདི་ནི་འཇིག་རྟེན་པའི་བརྗོད་པའོ། །གང་དུ་འགྲོ་བ་ཁོ་བོས་བལྟ། །ཞེས་པ་ནི་ད་ནི་ཁྱོད་ཀྱིས་གང་དུ་འབྲོས་པར་བྱེད་ཅེས་སོ། །ཇི་ལྟར་ཁྱོད་ཀྱིས་མི་ཤེས་པ་ན་གླགས་རྙེད་པ་དེ་ལྟ་ནི་ནུས་པ་མ་ཡིན་ཏེ། ད་ནི་རང་ བཞིན་ཡོངས་སུ་ཤེས་པས་བདག་ཉིད་སྟོབས་དང་ལྡན་པ་ཡིན་ཏེ། དེ་ཉིད་གསུངས་པ། དྲེགས་པ་ཐམས་ཅད་གཞོམ་བྱ་སྟེ། །ཞེས་པ་ནི་ཁྱོད་ཀྱི་སྲོག་བླང་བར་བྱའོ། །འོན་ཏེ་འདི་ལྟར་ཁྱོད་ཀྱིས་སྔར་བཞིན་དུ་བདག་ལ་ད་ལྟར་ཡང་སྟོབས་ཡོད་དོ་ཞེས་སེམས་པ་བསམ་པར་མི་བྱ་སྟེ། ཁྱོད་ཀྱིས་གང་དུ་ཁོ་ བོ་བརླག་པ་སྟེ། ལམ་མ་ཡིན་པར་བྲིད་པ་ནི་གང་གི་ཕྱིར་སྔོན་གྱི་དུས་ཡུན་རིང་པོ་གཞན་ཡིན་ལ། ད་ནི་དུས་འདི་གཞན་ཡིན་ཏེ། སྔོན་དང་འདྲ་བ་མ་ཡིན་ནོ། །ད་ནི་སྔོན་གྱི་དུས་མ་ཡིན་ནོ་ཞེས་ཅི་ལྟར་ཤེས་པར་བྱ་ཞེ་ན། ད་དུང་ཞེས་པ་ལ་སོགས་པ་གསུངས་ཏེ། སྔར་ནི་རང་གི་དོན་ལ་ཞེས་པའི་ སེམས་ཉིད་ཀྱིས་ཁྱོད་ཀྱིས་ཁོ་བོ་བསླུས་པ་ཡིན་ལ། དེ་ཡང་བདག་ལ་ད་ལྟ་ཡང་ཡོད་དོ་ཞེས་ཡིད་ལ་མ་བྱེད་ཅིག །འདི་ལྟར་ཤེས་པར་བྱས་ནས་སེམས་ཅན་མང་པོའི་དོན་ལ་རབ་ཏུ་ཞུགས་ཤིག །སྐྱོ་བར་སེམས་ཏེ་དཀའ་བའི་བློ་བོར་ཅིག་པའོ། །ཡང་ན་སེམས་ཅན་གྱི་དོན་གྱི་ཁུར་ཁྱེར་བར་
Page: 280 ༄༅། །སེམས་པ་ན། སྡུག་བསྔལ་བའི་བློས་དོར་བར་མ་བྱེད་ཅིག །ཅིའི་ཕྱིར་ཞེ་ན། བདག་གིས་གཞན་ལ་ཁྱོད་བཙོངས་ཀྱིས། །ཞེས་ཏེ། སྔར་ཉིད་དུ་བདག་དང་གཞན་དུ་ཡོངས་སུ་བརྗེས་པ་ན། ཁྱོད་བདག་གིས་གཞན་ལ་རག་ལས་པ་ལ་སྦྱར་བ་ཡིན་ནོ། །དེ་ལྟ་ན་ ཡང་བདག་ཉེས་པ་མ་བྱས་པ་ལ་ཡང་ཁྱེད་ཡོངས་སུ་མ་མགུ་བ་གང་གིས་ཡོངས་སུ་གཏང་བའི་བློ་སྐྱེད་ཅེས་དོགས་ནས། གལ་ཏེ་བག་མེད་ཅེས་པ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཡང་ཇི་ལྟར་བག་མེད་པར་གྱུར་ཏེ། བློ་སྟོར་བས་བག་མེད་པའམ་དྲན་པ་ཉམས་ཏེ་སེམས་ཅན་རྣམས་ལ་སེམས་ ཁྱོད་མ་བྱིན་ཏེ། རང་ཉིད་ཀྱིར་བྱས་ན་དེའི་ཚེ་ཁྱོད་ཀྱིས་ཁོ་བོ་དམྱལ་བའི་སྲུང་མ་རྣམས་ཏེ། དམྱལ་བའི་སྡུག་བསྔལ་སྐྱེད་པ་ལ་སྦྱར་བ་གཤིན་རྗེའི་སྐྱེས་བུ་རྣམས་ལ་བྱིན་པར་ངེས་ཏེ་ཐེ་ཚོམ་ཡོད་པ་མ་ཡིན་ནོ། །དེ་ལྟར་རྗེས་སུ་མཐུན་པར་བྱས་ཀྱང་ཁྱོད་རྗེས་སུ་མི་མཐུན་པ་ཡིན་ཏེ། དེའི་ཕྱིར་ཁྱེད་ལ་གཏོང་ བའི་བློར་འགྱུར་རོ། །འོན་ཏེ་གང་གིས་ན་དེ་ལྟར་རྗོད་པར་བྱེད་པ་བརྒྱ་ལ་དེ་ལྟར་གྱུར་ཏམ་ཞེ་ན། དེ་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཞེས་པ་ནི་ཁྱོད་ལ་རྗེས་སུ་མཐུན་པ་སྤྱད་པ་ལས་ཏེ། ལན་གྲངས་དུ་མར་ཁྱོད་ཀྱིས་ཁོ་བོ་སྡུག་བསྔལ་འབའ་ཞིག་གི་སྣོད་དུ་བྱས་པ་ཡིན་ལ། ཡུན་རིང་ བ་ནི་དུས་རིང་པོར་རོ། །ཅི་ཞིག་བྱས་ནས་ཤེ་ན། དམྱལ་བ་རྣམས་ལ་བྱིན་ནས་སོ། །ཁོན་རྣམས་ཏེ་སྔར་གྱི་དགྲ་སྟེ་དགྲ་ཉིད་དུ་གྱུར་པ་རྣམས་ཡིན་ཏེ། ད་ནི་དེ་རྣམས་དྲན་པར་བྱས་ལ་གཞོམ་པར་བྱ་སྟེ། རྩ་བ་དང་བཅས་པ་བརླག་པར་བྱའོ། །རང་གི་དོན་ཏེ་ཁོལ་དང་བྲན་ཉིད་ཡིན་ཏེ། དུས་ ཐམས་ཅད་དུ་དེའི་དབང་དུ་གྱུར་པའི་ཕྱིར་རོ། །དེ་ལྟར་ན་རང་གི་སེམས་དེ་ལ་དྲག་ཏུ་བསྣུན་ནས་སླར་ཡང་ཞི་བའི་རིམ་པས་བསླབ་པར་བྱ་བའི་ཕྱིར་དེའི་ཚེ་བདག་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཁྱོད་བདག་ཉིད་ཡུན་རིང་པོ་ངེས་པར་ལེགས་པ་འདོད་པའི་ཡིན་ན་དེའི་ཚེ་བདག་ཉིད་ལ་ དགའ་བར་མི་བྱ་སྟེ་སྤང་བར་བྱའོ་ཞེས་པའི་ཐ་ཚིག་སྟེ། གཞན་དུ་ན་བདག་ཉིད་ལ་དགའ་བ་ཉིད་དུ་བྱས་པར་མི་འགྱུར་རོ། །གལ་ཏེ་ཡང་བདག་ཉིད་ལ་ཁྱོད་ཀྱིས་འཇིགས་པ་ཐམས་ཅད་ལས་བསྲུང་བའི་བློ་ཡོད་ན་དེའི་ཚེ་ལུས་འདི་བསྲུང་བར་རིགས་སོ་ཞེས་རང་གི་སེམས་ལ་བརྗོད་དོ། །ཅི་སྟེ་དེ་
Page: 281 ལྟ་ན་ཡང་འདི་ལ་རྗེས་སུ་གཟུང་བར་བྱ་བར་རིགས་པ་ཉིད་དོ་ཞེ་ན། ཅི་ལྟ་ཇི་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ནི་ཞེས་པ་ནི་རང་བཞིན་ཕྱིན་ཅི་ལོག་ཏུ་གྱུར་པའི་ལུས་སོ། །ཅི་ལྟ་ཅི་ལྟར་ཏེ་རྣམ་པ་གང་དང་གང་གིས་ཅི་སྲིད་དེ་སྲིད་དུ་དེ་དང་དེའི་བདེ་བའི་ཡོ་བྱད་བསྒྲུབས་པས་འཕེལ་བར་བྱེད་པར་ འདོད་པ་ནི་ཡོངས་སུ་སྐྱོང་བར་བྱེད་པ་ཡིན་ནོ། །དེ་ལྟ་དེ་ལྟར་ཤིན་ཏུ་ནི་རང་བཞིན་ཤིན་ཏུ་གཞོན་པར་གྱུར་པས་ལྟུང་བར་འགྱུར་བ་ཉིད་དེ། རྣམ་པ་ཐམས་ཅད་དུ་ལས་ཐམས་ཅད་ལ་ལས་སུ་མི་རུང་བར་འགྱུར་རོ། །ཅི་སྟེ་གལ་ཏེ་ལྷུང་ན་ཡང་ལྷུང་དུ་ཆུག་མོད་ཉམས་པ་ཅི་ཡོད་དེ། དེ་ལྟར་ན་ཡང་མངོན་པར་ འདོད་པ་ཐམས་ཅད་དུ་འགྱུར་བ་ལས་ལྡོག་པར་འགྱུར་རོ་ཞེ་ན། འདི་ནི་དེ་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ཞེས་པ་ནི་ལུས་ཡིན་ལ། དེ་ལྟར་ཞེས་པ་ནི་བདེ་བ་འདོད་པ་སྟེ་ལྟུང་བར་གྱུར་པ་ནས་གཞི་འདི་དག་ཐམས་ཅད་ནི་འཛམ་གླིང་འདི་ཐམས་ཅད་དོ། །འདོད་པ་ཆོག་པ་མེད་པ་ནི་འདོད་པ་སྟེ་མངོན་ པར་འདོད་པ་ཡིན་ལ། ཆོག་པར་འགྱུར་བའི་ནུས་པ་དང་ལྡན་པ་མ་ཡིན་ཏེ། དཔེར་ན་རྒྱལ་པོ་ང་ལས་ནུ་འཛམ་བུའི་གླིང་གི་བདག་པོར་གྱུར་པས་ངོམས་པར་མ་གྱུར་ནས་ཡང་གླིང་བཞིའི་བདག་པོ་ཐོབ་པར་གྱུར་ཅིང་བརྒྱ་བྱིན་གྱི་སྟན་ཕྱེད་ཐོབ་པ་ལས་ཀྱང་ཆོག་པ་མེད་པ་བཞིན་ནོ། །གང་གི་ཕྱིར་དེ་ལྟར་སུ་ཞིག་སྟེ་ དགང་དཀའ་བའི་ལུས་འདི་འདོད་པ་བྱེད་པར་འགྱུར་ཏེ་མ་ཡིན་ནོ། །ཇི་ལྟར་ཤིན་ཏུ་ཐལ་ཆེས་པ་ནི་མི་རིགས་ལ། ཅུང་ཟད་ཙམ་གྱི་སྐབས་ཡིན་པ་ལ་ཉེས་པ་ཅི་ཡོད་ཅེ་ན། མི་ནུས་འདོད་ལ་ཞེན་པ་ལ་སོགས་པ་གསུངས་ཏེ། རྙེད་པར་དཀའ་ཞིང་མི་ནུས་པར་འདོད་དེ་མངོན་པར་འདོད་ན་ཉོན་མོངས་པ་སྟེ་མ་ ལུས་པའི་མངོན་པར་ཞེན་པ་དང་། དེ་ཐོབ་པའི་གེགས་བྱེད་པ་ལ་ཞེ་སྡང་བ་དང་། བསམ་པ་ཉམས་པ་ཡང་འབྱུང་བར་འགྱུར་ཏེ། དེ་ལས་ཡིད་མི་བདེ་བར་འགྱུར་རམ་བསམ་པ་ནི་འདི་ཡིན་ཏེ། ཅུང་ཟད་ཙམ་ལ་རྗེས་སུ་ཞུགས་ནས་སླར་ཡང་གོང་ནས་གོང་དུ་ལྷག་པ་མངོན་པར་འདོད་པ་ལ་འཇུག་པས་ བཟློག་པར་མི་ནུས་པའི་འདོད་པ་འཕེལ་བ་ཡང་ཡིན་ཏེ། སྲེད་པ་ལ་ངེས་པ་མེད་པའི་ཕྱིར་འདོད་པ་འདི་ཙམ་ཞེས་པ་མེད་པར་འགྱུར་རོ། །སླར་ཡང་གང་ཞིག་དང་པོ་ཉིད་དུ་རྣམ་པ་ཐམས་ཅད་དུ་ཡུལ་ཐམས་ཅད་ལ་སྐབས་མེད་པར་བྱས་ན་དེའི་ཕུན་སུམ་ཚོགས་པ་མ་ཞུམ་པ་མ་ཡིན་ཏེ། ཡི་གར་མི་
Page: 282 ༄༅། །འོང་བ་སྐྱེད་པར་བྱེད་པའི་ཕྱིར་དང་། དེ་ལ་སེམས་འཇུག་པར་མི་བྱེད་པའི་ཕྱིར་རོ། །གང་གི་ཕྱིར་ཅུང་ཟད་ལ་ཡང་འདོད་པས་ཚིམ་པ་མེད་པ་ཉིད་ཡིན་པ་དེ་ལྟ་བས་ན་ལུས་ཀྱི་འདོད་པ་འཕེལ་བའི་ཕྱིར་སྐབས་དབྱེ་བར་མི་བྱའོ་སྟེ། ཅི་སྟེ་ཡུལ་དམ་པ་དེ་ལྟ་བུ་ལས་སེམས་ཇི་ལྟར་ བཟློག་པར་མི་ནུས་ཤེ་ན། གང་གིས་ཡིད་འོང་ཞེས་པ་ལ་སོགས་པ་གསུངས་ཏེ། སྔར་འདི་ཉིད་དུ་བརྗོད་པ། རང་ཉིད་ཀྱིས་ནི་འགྲོ་ཉིད་ལ། །བརྟེན་པར་བྱས་ཏེ་རབ་ཏུ་རྟོགས། །ཞེས་གང་གསུངས་པའོ། །གཞན་ཡང་གང་འདོད་པར་བྱ་བ་ཉིད་མི་འཛིན་པ་དེ་ཉིད་ནི་དངོས་པོ་བཟང་པོ་ཡིན་ཏེ། གཞན་དུ་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ཉིད་འཕེལ་བར་འགྱུར་རོ། །གཞན་ཡང་རྒྱུ་མཚན་མེད་པ་ཉིད་དུ་མི་བདེན་པ་ལ་མངོན་པར་ཞེན་པས་བདག་གིས་སྡུག་བསྔལ་བསག་པར་བྱ་བ་ཡིན་ཞེས་ཁྱོད་རང་ཉིད་ཀྱིས་དཔྱད་པར་བྱའོ་ཞེས། ཐ་མར་ཐལ་བའི་ཞེས་པ་ལ་སོགས་པ་གསུངས་ཏེ། ཐ་མར་ཐལ་ བའི་གནས་སྐབས་ཡིན་ལ། མཐར་གཏུགས་པ་ནི་དེ་ལ་ཐུག་པ་ཡིན་ཏེ། འདི་གང་གི་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཤི་བར་གྱུར་པ་ན་ལུས་པོ་འདིའི་མཐར་ཐུག་པ་ནི་ཐ་མར་ཐལ་བ་ཡིན་ཏེ། དེ་ལས་གཞན་པའི་རྟེན་ཡོད་པ་མ་ཡིན་ནོ་ཞེས་དགོངས་པའོ། །མི་གཙང་ལུས་འདི་ལུས་ཀྱི་ རྣམ་པ་གཟུང་བ་ཡིན་ལ། མི་བཟད་པ་ནི་འཇིགས་སུ་རུང་བའམ་འཇིགས་པར་བྱེད་པ་ཡིན་ཏེ། འཇིགས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །མི་གཡོ་བ་ནི་བོང་བ་དང་ཤིང་ལྟ་བུ་ཡིན་ནོ། །རང་ཉིད་བྱེད་པ་མེད་པ་ཡིན་ན་འདི་འགྲོ་བ་དང་འཆག་པ་ལ་སོགས་པར་ཅིར་འགྱུར་ཞེ་ན། གཞན་གྱིས་ བསྐྱོད་པ་ཡིན་ཏེ། གཞན་ཡིད་ཀྱིས་བྱེད་པས་འདི་བྱ་བ་དང་ལྡན་པ་བཞིན་དུ་དམིགས་པ་ཡིན་ནོ། །ཞེན་པའི་རྒྱུ་མཚན་མེད་པའི་ཕྱིར་རྒྱུ་ཅིས་ལུས་པོ་འདི་ལ་བདག་ཏུ་འཛིན་ཏེ་རྗེས་སུ་འཇུག་པ་སྐྱེ་བར་འགྱུར། གཞན་འདི་ཡང་ཁྱོད་ཀྱིས་དཔྱད་པར་བྱའོ་ཞེས་བསྟན་པའི་ཕྱིར། ཅིའི་ཕྱིར་ ཞེས་པ་ལ་སོགས་པ་གསུངས་ཏེ། འཁྲུལ་འཁོར་འདི་སྟེ་ལུས་ཀྱི་བདག་ཉིད་ཀྱིས་སོ། །གསོན་པའམ་ཤི་བ་ཡང་རུང་སྟེ། བདག་ལ་ཅི་ཞིག་བྱ་སྟེ། བདག་ལས་ཐ་དད་པ་ཡིན་པའི་ཕྱིར་དང་། འདིར་རང་ཉིད་ལ་བྱ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་བོང་བ་ལ་སོགས་པ་དང་ཁྱད་པར་ཅི་
Page: 283 ཡོད་དོ་ཞེས་སྟོན་པར་བྱེད་དོ། །འོན་ཏེ་བདག་ཏུ་འཛིན་པའི་གཞི་ཉིད་ཀྱིས་ཁྱད་ཡོད་དོ་ཞེ་ན། འདིར་གསུངས་པ། ཀྱི་ཧུད་ང་རྒྱལ་སེལ་མི་བྱེད་དེ། འདི་ལྟར་བརྟགས་ན་ཡང་ཡུན་རིང་པོ་ནས་འདྲིས་པར་གྱུར་པའི་ཕྱིར་རོ། ཁྱོད་ཇི་ལྟར་འཇིགས་པར་མི་བྱེད་ཅིང་ཇི་ལྟར་ཡང་བརླག་པར་མི་བྱེད་ཅེས་ པའི་ཐ་ཚིག་གོ། །དེ་ཉིད་བསྟན་པར་འདོད་ནས། ལུས་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ནི་བདག་གི་ལུས་ཡིན་ནོ་ཞེས། བདག་ཏུ་འཛིན་པའི་མངོན་པར་ཞེན་པས་ཁྱོད་ཀྱི་རྒྱུ་མཚན་མེད་པ་ཉིད་དུ་སྡུག་བསྔལ་གྱི་ཕུང་པོ་ང་རྒྱལ་ལ་སོགས་པར་བྱེད། ཡང་ཅིའི་ཕྱིར་འདི་ལྟར་བརྗོད་ཅེ་ན། རྗེས་སུ་ཆགས་པ་དང་ཞེས་པ་ལ་སོགས་པ་གསུངས་ཏེ། བོང་བ་དང་འདྲ་བའི་ལུས་པོ་འདི་ལ་རྒྱུ་མཚན་མེད་པར་ཞེ་སྡང་སྟེ་ཁོང་ཁྲོ་བ་དང་། རྗེས་སུ་ཆགས་པ་སྟེ་མངོན་པར་ཞེན་པས་ཅི་ཞིག་བྱ་སྟེ་ཅུང་ཟད་ཀྱང་མ་ཡིན་ནོ། །ཅིའི་ཕྱིར་ཡང་འདི་ལྟར་ཡིན་ཞེ་ན། བདག་གིས་ཞེས་པ་ལ་སོགས་པ་ གསུངས་ཏེ། འདི་ལྟར་ཐམས་ཅད་རྗེས་སུ་གཟུང་བའི་རྣམ་པས་བསྐྱངས་ཤིང་གསོས་པའམ། བྱ་རྒོད་དང་ཅེ་སྤྱང་ལ་སོགས་པ་རྣམས་ཀྱིས་ཟ་བ་ན་ཡང་ཕན་པ་མེད་པ་དེ་ལ་ཆགས་པར་བྱེད། གནོད་པར་བྱེད་པའི་བྱ་རྒོད་ལ་སོགས་པ་རྣམས་ལ་ཡང་གང་ལ་ཞེ་སྡང་བ་མེད་པའོ། །དེ་ལྟ་བུ་ཤིང་ དང་མཚུངས་པ་སེམས་མེད་པ་དེ་ཉིད་ལ་ཆགས་པར་བྱེད། ཤིང་དང་མཚུངས་པ་ཉིད་དུ་བསྟན་ནས། དེ་མ་བཟུང་བས་འབྲས་བུ་དང་བཅས་པར་བསྟན་པའི་ཕྱིར། གང་ཞིག་ཅེས་པ་ལ་སོགས་པ་གསུངས་ཏེ། ལུས་བདག་གིར་མ་བྱས་ཤིང་སྤངས་པ་ལས་ཁྲོ་བ་སྟེ་ཞེ་སྡང་བ་འདི་ལ་མེད་པ་དང་གང་ལ་ ཡང་མཆོད་པ་སྟེ་བསྙེན་བཀུར་བྱས་པས་མགུ་བ་སྟེ། རབ་ཏུ་དགའ་བ་བདག་ལ་སྐྱེ་བར་འགྱུར་བ་མ་ཡིན་ཏེ། དེ་ཉིད་ལ་སེམས་མེད་པའི་ཕྱིར་མི་ཤེས་པ་ཡིན་ཏེ། རྟོགས་པ་མ་ཡིན་ནོ། །དེ་ལ་བརྟེན་ནས་ཁོང་ཁྲོ་བ་དང་རྗེས་སུ་ཆགས་པའི་བདག་ཉིད་ཀྱིས་ངལ་ཞིང་དུབ་པས་གང་ལ་བྱས་པས་བདག་ ལ་ཅུང་ཟད་ཀྱང་དགོས་པ་མེད་དོ་ཞེས་པའི་དོན་ཏོ། །དེ་ལྟར་ཁྱེད་ཀྱིས་བསླབ་པར་བྱའོ། །དེ་ལྟར་རང་གི་སེམས་རྟོགས་པར་བྱས་ནས་བདག་དང་གཞན་དུ་བརྗེ་བའི་རང་བཞིན་མཇུག་བསྡུས་ཏེ་བསྟན་པའི་ཕྱིར། གང་ཞིག་ལུས་འདི་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ཞེས་
Page: 284 ༄༅། །པ་ནི་བདག་གི་སྟེ། འགའ་ཞིག་གིས་ལུས་འདོད་པ་སྟེ་ཕན་པ་དང་བདེ་བ་བསྒྲུབ་པར་འདོད་པའམ། ཡིད་བདེ་བར་མཐོང་བའོ། །དེ་ཡང་བདག་གི་བཤེས་ཡིན་ཏེ་སྡུག་ཅིང་ཆགས་པའི་ཡུལ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །ཡང་གི་སྒྲས་ནི་བདག་ཉིད་འབའ་ཞིག་གི་མ་ ཡིན་ནོ། །ཁོ་བོ་ཞེས་པ་ནི་རིགས་པས་བརྟགས་ན་མི་བདེན་པ་ཉིད་དོ། །དེ་ལྟ་ཡིན་དུ་ཆུག་ན་ཡང་གཞན་དང་ཡང་ཐུན་མོང་ཡིན་ནོ་ཞེས་རིགས་པ་ཉེ་བར་བསྟན་པའི་ཕྱིར། ཐམས་ཅད་རང་གི་ལུས་ཞེས་པ་ལ་སོགས་པ་གསུངས་ཏེ། གལ་ཏེ་རང་གི་ལུས་ལ་རྗེས་སུ་ཆགས་པའི་རྒྱུ་མཚན་གྱིས་ཞན་པ་ གཞན་ཏེ་དེ་ལས་གཞན་པའི་སེམས་ཅན་ཡང་རང་གི་ལུས་འདོད་དོ། །བརྗོད་པའི་རིམ་པ་རྒྱུ་མཚན་ལ་ཁྱད་པར་མེད་པས་དེ་རྣམས་ལ་བདག་ཅིའི་ཕྱིར་མི་དགའ་སྟེ། བདག་ལ་ནི་རྒྱུའི་ཁྱད་པར་སྔར་ཉིད་དུ་བསལ་བའི་ཕྱིར་དེ་རྣམས་ལ་ཡང་བདག་དགའ་བར་རིགས་སོ་ཞེས་པའི་དོན་ཏོ། །ད་ནི་བསྟན་ པའི་དོན་མཇུག་བསྡུ་བའི་ཕྱིར། དེ་བས་ཞེས་པ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བདག་ལ་ཞེན་པ་མ་སྤངས་པར་འགྲོ་བའི་དོན་རྫོགས་པར་བྱེད་མི་ནུས་པའི་སྤོབས་པ་མེད་པ་ཐམས་ཅད་ཀྱི་ཐམས་ཅད་ལ་ལྟོས་པ་སྤངས་པས་སོ། །འགྲོ་ལ་ཕན་པ་ཞེས་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་ བསྒྲུབ་པའི་དོན་དུ་གང་ལས་འགྲོ་བ་ལ་ཕན་པ་དང་ལྡན་པ་དེས་ན་ལུས་པོ་འདི་ལ་ཉེས་པ་མང་ཡང་སྟེ། ཉེས་པ་དུ་མའི་གནས་ཡིན་ཡང་ལས་བྱེད་པའི་སྤྱད་བཞིན་དུ་གཟུང་བར་བྱ་སྟེ། གཞག་པར་བྱ་བའམ་བསྲུང་བར་བྱ་སྟེ་དགོས་པའི་དོན་ལ་མཁོ་བའི་དངོས་པོ་བཞིན་དུའོ། །གང་གསུངས་པ། བསམ་ པ་གཞན་ནི་ཀུན་བཏང་སྟེ། །བདག་གི་སེམས་ནི་མཆོག་གཅིག་པུས། །ཞེས་པ་ལ་སོགས་པ་དེ་མཇུག་བསྡུ་བའི་ཕྱིར་དེས་ན་ཞེས་པ་ལ་སོགས་པ་གསུངས་ཏེ། གང་ལ་སེམས་མཉམ་པར་གཞག་པ་མེད་ན་ཉོན་མོངས་པ་སྤོང་བར་མི་འགྱུར་བ་དེས་ན་འཇིག་རྟེན་གྱི་སྤྱོད་པས་ཆོག་སྟེ་དགོས་པ་ཅུང་ཟད་ ཀྱང་ཡོད་པ་མ་ཡིན་ནོ། །འཇིག་རྟེན་གྱི་སྤྱོད་པ་ནི་དོན་མེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མཁས་པ་སྟེ་དེ་ཁོ་ན་ཉིད་མཁྱེན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། དེ་ལས་གཞན་དེའི་བསྟན་པ་ལ་གནས་པ་རྣམས་ཀྱི་རྗེས་སུ་བསྙེགས་ཏེ་དེའི་བསླབ་པ་ལ་རྗེས་སུ་སློབ་པོ། །ཇི་
Page: 285 ལྟར་ཞེ་ན། བག་ཡོད་གཏམ་ནི་དྲན་བྱས་ནས་ཏེ། ལེའུ་བཞི་པ་དང་བདུན་པར་བརྗོད་པ་དང་། གཞན་ཡང་བསླབ་པ་ཀུན་ལས་བཏུས་པ་ལ་སོགས་པར་བརྗོད་པའོ། །བག་མེད་པ་ནི་ལུས་དང་སེམས་ཀྱི་རྣམ་པར་གཡེང་བ་ཡིན་ལ་དེ་ལས་བཟློག་པ་ནི་བག་ཡོད་པ་ཡིན་ཏེ། དེ་ལ་བག་ཡོད་པའི་དོན་དུ་བག་ མེད་པ་བཟློག་པའི་གཏམ་སྟེ། དེ་སྟོན་པར་བྱེད་པའི་གཞུང་དྲན་པར་བྱས་ནས་ཏེ་སེམས་ལ་བཞག་ནས་ཇི་ལྟར་བརྩམས་པའི་དོན་ལ་འཁྲུལ་པར་མི་འགྱུར་ཏེ། གཉིད་དང་རྨུགས་པ་ཟློག་པར་བྱེད་ལ། རྨུགས་པ་ནི་ལུས་པོ་ཞུམ་པ་ཡིན་ཏེ། ལེ་ལོ་ཞེས་པའི་ཐ་ཚིག་གོ། །གཉིད་ནི་གཉིད་ཀྱིས་ སེམས་དམན་པར་བྱས་པ་ཡིན་ལ། དེ་བཟློག་པ་ན་མཁས་པའི་རྗེས་སུ་འབྲང་བར་བྱའོ་ཞེས་པ་དང་འབྲེལ་ཏོ། །དེ་ལྟར་མཉམ་པར་གཞག་པ་ལ་མི་མཐུན་པའི་ཕྱོགས་སྤངས་ནས་མཉམ་པར་གཞག་པ་ལ་གཅིག་ཏུ་གཞོལ་བར་བྱའོ་ཞེས་བསྟན་པའི་ཕྱིར། དེ་བས་ཞེས་པ་ལ་སོགས་པ་གསུངས་ ཏེ། སྒྲིབ་པ་ནི་ཉོན་མོངས་པ་ལ་སོགས་པ་ཡིན་ལ། བསལ་བ་ནི་འཆད་པར་འགྱུར་བའི་ཚུལ་གྱིས་དེ་དག་སྤོང་བར་འདོད་པ་སྟེ། མཉམ་པར་གཞག་པ་སྟེ་ཞི་གནས་ལ་འབྲེལ་པར་བྱའོ། །རྣམ་པ་གང་གིས་ཤེ་ན། ལོག་པའི་ལམ་ལས་ཞེས་པ་ལ་སོགས་པ་གསུངས་ཏེ། སྔར་བརྗོད་ པའི་འདོད་པའི་རྣམ་པར་རྟོག་པ་ལ་སོགས་པ་རྣམས་ལས་སོ། །ཡང་ན་ལོག་པའི་ལམ་ནི་ལེ་ལོ་ལ་སོགས་པའི་ཉོན་མོངས་པ་རྣམས་ལ་བརྗོད་དེ། ཇི་ལྟར་མདོར་བསྡུས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཉེས་པ་ནི་རྣམ་པ་དྲུག་ཡིན་ཏེ། ལེ་ལོ་དང་། དམིགས་པ་ལ་བརྗེད་ངས་པ་དང་། བྱིང་བ་ དང་། རྒོད་པ་དང་། མི་རྩོལ་བ་དང་། རྩོལ་བའོ། །འདི་རྣམས་ཀྱི་གཉེན་པོ་སྤོང་བའི་འདུ་བྱེད་བསྒོམ་པར་བྱ་བ་ཡིན་ཏེ། འདི་ལྟར་དད་པ་དང་། འདུན་པ་དང་། རྩོལ་བ་དང་། ཤིན་ཏུ་སྦྱངས་པ་དང་། དྲན་པ་དང་། ཤེས་བཞིན་དང་། སེམས་པ་དང་བཏང་སྙོམས་རྣམས་སོ། །དེ་ལ་ དང་པོ་བཞི་ནི་ལེ་ལོའི་གཉེན་པོའོ། །འདི་ལྟར་ཏིང་ངེ་འཛིན་གྱི་ཡོན་ཏན་རྣམས་ལ་མངོན་པར་ཡིད་ཆེས་པའི་མཚན་ཉིད་ཀྱི་དད་པས་རྣལ་འབྱོར་པ་དེ་ལ་མངོན་པར་འདོད་པ་སྐྱེ་ལ། མངོན་པར་འདོད་པ་དེ་ལས་བརྩོན་འགྲུས་རྩོམ་ཞིང་། བརྩོན་འགྲུས་ཀྱི་སྟོབས་དེ་ལས་ལུས་དང་སེམས་
Page: 286 ༄༅། །ལས་སུ་རུང་བ་སྒྲུབ་པར་བྱེད་དེ། དེ་ལས་ནི་ཤིན་ཏུ་སྦྱངས་པའི་ལུས་དང་སེམས་ཡིན་ཏེ། ལེ་ལོ་ཟློག་པར་བྱེད་དོ། །དེས་ན་དད་པ་ལ་སོགས་པ་རྣམས་ལེ་ལོ་སྤང་བའི་ཆེད་དུ་བསྒོམ་པར་བྱའོ། །དྲན་པ་ལ་དམིགས་པ་ནི་བརྗེད་པའི་གཉེན་པོ་ཡིན་ལ། ཤེས་བཞིན་ནི་བྱིང་བ་དང་རྒོད་ པའི་གཉེན་པོ་ཡིན་ཏེ། ཡང་དག་པའི་ཡོན་ཏན་ཉེ་བར་མཚོན་པའི་ཕྱིར་རོ། །བྱིང་བ་དང་རྒོད་པའི་རབ་ཏུ་ཞི་བའི་དུས་ན་ཡང་མི་རྩོལ་བ་ཉེས་པ་ཡིན་ཏེ། དེའི་གཉེན་པོར་བྱིང་བ་དང་རྒོད་པ་རབ་ཏུ་ཞི་བ་ན་སེམས་པ་བསྒོམ་པར་བྱའོ། །གང་གི་ཚེ་སེམས་གདུལ་དཀའ་བ་དེའི་ཚེ་རྩོལ་བ་ཉེས་པ་ཡིན་ནོ། ། ད་ནི་དེའི་གཉེན་པོར་བཏང་སྙོམས་བསྒོམ་པར་བྱ་སྟེ། སྤོང་བའི་འདུ་བྱེད་བརྒྱད་པོ་འདི་རྣམས་དང་ལྡན་པའི་ཏིང་ངེ་འཛིན་མཆོག་ཏུ་ལས་སུ་རུང་བར་འགྱུར་རོ་ཞེས་རྒྱས་པར་གསུངས་སོ། །དེ་ལྟར་འདིའི་ཕྱིར་ལོག་པའི་ལམ་ལས་སེམས་བླན་ཏེ་བཟློག་ནས་སོ། །འདིས་ནི་དམ་པའི་ལས་ཀྱི་ སྦྱོར་བ་བཤད་པ་ཡིན་ནོ། །རང་བཞིན་ཅི་ཡིན་ཞེ་ན། ཡང་དག་དམིགས་ལ་རྟག་པ་སྟེ། གང་ཅུང་ཟད་དམིགས་པ་མདོར་བསྡུས་པས་སམ་རྒྱས་པས་སེམས་ཀྱི་ངེས་པ་དེ་ལ་བརྟན་པ་ཡིན་ཏེ། མི་མཐུན་པའི་ཕྱོགས་ཀྱི་སེམས་བར་མ་ཆོད་པར་ཏེ་དེའི་བར་ཆོད་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་ གོ། །འདིས་ནི་མཉམ་པར་གཞག་པའི་རང་བཞིན་བརྗོད་དོ། །སེམས་རྩེ་གཅིག་པ་དེའི་རང་བཞིན་ཡིན་པའི་ཕྱིར། རྒྱུན་མི་འཆད་པའི་སྦྱོར་བ་ཡང་བརྗོད་པ་ཡིན་ནོ། །ཞི་གནས་བསྒོམ་པ་བསྒྲུབ་པའི་རིམ་པ་འདི་ཡང་ཀ་མ་ལ་ཤཱི་ལའི་བསྒོམ་པའི་རིམ་པ་ལས་གསལ་བར་བསྟན་ཏེ། དེར་བརྗོད་ པ་ནི་འདི་ལྟར་ཚུལ་ཁྲིམས་ལ་སོགས་པ་ཞི་གནས་ཀྱི་ཚོགས་རྣམས་ལ་གནས་ནས་ཡིད་དང་རྗེས་སུ་མཐུན་པའི་གནས་རྣམས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་བ་ལ་སོགས་པ་བྱས་ནས། སྡིག་པ་བཤགས་པ་དང་བསོད་ནམས་ལ་རྗེས་སུ་ཡི་རང་བ་ཡང་བྱས་ཏེ། འགྲོ་བ་མཐའ་དག་གདོན་པའི་བསམ་པས་སྙིང་རྗེ་ཆེན་པོ་ཉིད་མངོན་དུ་བྱས་ཏེ། བདེ་བའི་སྟན་ལ་འདུག་ནས་ལུས་དྲང་པོར་བསྲང་སྟེ་སྐྱིལ་མོ་ཀྲུང་བཅས་ནས་ཏིང་ངེ་འཛིན་བསྐྱེད་པར་བྱའོ། །དེ་ལ་དང་པོར་རེ་ཞིག་གང་དངོས་པོ་དེ་ལ་དཔྱད་པར་བྱ་སྟེ། ཇི་སྲིད་དུ་རྣམ་པ་གང་གིས་མདོར་ན་དངོས་པོ་
Page: 287 མཐའ་དག་བསྡུས་པར་གྱུར་པ་དེ་ལ་སེམས་བརྟན་པར་བྱའོ། །ཡང་མདོར་བསྡུས་ན་དངོས་པོ་ཐམས་ཅད་ནི་གཟུགས་དང་གཟུགས་མེད་པའི་དབྱེ་བས་རྣམ་པ་གཉིས་ཡིན་ཏེ། དེ་ལ་ཡང་ལས་དང་པོ་པའི་རྣམ་པར་གཡེང་བའི་ཉེས་པ་སྤང་བའི་ཕྱིར་རེ་ཞིག་མདོར་བསྡུས་པ་ལ་དམིགས་ པར་རིགས་སོ། །གལ་ཏེ་ཡིད་ལ་བྱེད་པ་དུལ་བར་གྱུར་ན། དེའི་ཚེ་ཕུང་པོ་དང་ཁམས་ལ་སོགས་པའི་དབྱེ་བས་རྣམ་པར་སྦྱངས་ཏེ་རྒྱས་པ་ལ་ཡང་དམིགས་པར་བྱ་བ་ཉིད་དོ། །ཇི་སྲིད་དུ་དེ་ལས་ངེས་པར་བྱས་ནས་དངོས་པོ་ཐམས་ཅད་བསྡུས་པ་དེ་ཉིད་ལ་ཡང་སེམས་ཀྱི་རྒྱུན་བསྡམ་པར་ བྱའོ། །གང་གི་ཚེ་བར་སྐབས་སུ་འདོད་ཆགས་ལ་སོགས་པས་སེམས་ཀྱི་ཕྱི་རོལ་དུ་རྣམ་པར་གཡེངས་པ་དེའི་ཚེ་རྣམ་པར་གཡེངས་པར་ཚོར་བར་བྱས་ལ། མྱུར་དུ་མི་སྡུག་པ་བསྒོམ་པ་ལ་སོགས་པས་རྣམ་པར་གཡེང་བ་ཞི་བར་བྱས་ནས་མྱུར་དུ་དེ་ཉིད་ལ་སེམས་ཕྱིར་ཞིང་འཇུག་པར་ བྱའོ། །གང་གི་ཚེ་དེ་ལ་སེམས་མངོན་པར་མི་དགའ་བར་མཐོང་བ་དེའི་ཚེ་ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བ་དེ་ལ་མངོན་པར་དགའ་བ་བསྒོམ་པར་བྱའོ། །རྣམ་པར་གཡེང་བ་ལ་ཉེས་པར་མཐོང་བས་ཀྱང་མི་དགའ་བ་རབ་ཏུ་ཞི་བར་བྱའོ། །ཅི་སྟེ་རྨུགས་པ་དང་གཉིད་ཀྱིས་ནོན་ཏེ་རྒྱུ་བ་མི་ གསལ་བས་སེམས་བྱིང་བའམ་བྱིང་དུ་དོགས་པར་མཐོང་བ་དེའི་ཚེ་སྣང་བའི་འདུ་ཤེས་སངས་རྒྱས་ཀྱི་ཡོན་ཏན་ལ་སོགས་པ་མཆོག་ཏུ་དགའ་བའི་དངོས་པོ་ཡིད་ལ་བྱེད་པས་མྱུར་དུ་བྱིང་བ་ཞི་བར་བྱས་ལ། ཡང་དམིགས་པ་དེ་ཁོ་ན་ཉིད་ཤིན་ཏུ་བརྟན་པོར་གཟུང་བར་བྱའོ། །ཅི་སྟེ་གང་གི་ཚེ་སྔོན་ དགོད་པ་དང་རྩེས་པ་རྗེས་སུ་དྲན་པར་གྱུར་པས་བར་སྐབས་བར་སྐབས་སུ་སེམས་འཕྱར་བའམ། རྒོད་དུ་དོགས་པར་མཐོང་བ་དེའི་ཚེ་གོང་མ་བཞིན་དུ་མི་རྟག་པ་ལ་སོགས་པ་ཡིད་འབྱུང་བར་འགྱུར་བའི་དངོས་པོ་ཡིད་ལ་བྱས་ལ། གཡེང་བ་ཞི་བར་བྱ་ཞིང་། དེ་ནས་ཡང་དེ་ཁོ་ན་ཉིད་ལ་ སེམས་མངོན་པར་འདུ་བྱ་བ་མེད་པར་འཇུག་པར་འབད་པར་བྱའོ། །གང་གི་ཚེ་བྱིང་བ་དང་རྒོད་པ་དང་བྲལ་བར་གྱུར་ནས་མཉམ་པར་ཞུགས་ཏེ། དེ་ཁོ་ན་ཉིད་དེ་ཉིད་ལ་སེམས་རང་གི་ངང་གིས་འཇུག་པར་གྱུར་པ་དེའི་ཚེ་རྩོལ་བ་གློད་དེ་བཏང་སྙོམས་སུ་བྱའོ། །གལ་ཏེ་སེམས་མཉམ་
Page: 288 ༄༅། །པར་ཞུགས་པ་ལ་བརྩལ་བར་བྱས་ན་དེའི་ཚེ་སེམས་རྣམ་པར་གཡེང་བར་འགྱུར་རོ། །ཡང་གང་གི་ཚེ་དམིགས་པ་དེ་ལ་མངོན་པར་འདུ་བྱེད་པ་མེད་པར་འཇུག་པས་ཇི་ལྟར་འདོད་པར་འཇུག་པར་འགྱུར་ཏེ། དེའི་ཚེ་ཞི་གནས་གྲུབ་པར་རིག་པར་བྱའོ། །འདི་ཡང་ཞི་ གནས་ཐམས་ཅད་ཀྱི་ཐུན་མོང་གི་མཚན་ཉིད་ཡིན་ཏེ། སེམས་རྩེ་གཅིག་པ་ཙམ་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཞི་གནས་ཀྱི་དམིགས་པ་ཡང་མ་ངེས་པ་དེ་ཉིད་ཡིན་ནོ་ཞེས་རྒྱས་པར་བཤད་དོ། །འདིས་དམིགས་པ་ལ་བར་མེད་པ་ཉིད་དུ་བཤད་པའམ། མི་མཐུན་པའི་ཕྱོགས་བསལ་བ་ ཡང་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ་ལས་བསམ་གཏན་གྱི་ལེའུ་སྟེ་བརྒྱད་པའོ།། །།
ལེའུ་དགུ་པ། ཤེས་རབ་བསྟན་པ།
[edit]འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་དག་ གོས་པ་མེད་པ་ཉིད་ཀྱིས་སྤྲོས་པ་ཀུན་སྤངས་བླ་མེད་གོ་འཕང་ལྡན། །ཤེས་རབ་ལ་སོགས་ཕ་རོལ་ཕྱིན་པར་ཀུན་རྫོབ་ཚིག་གིས་བརྗོད་དེ་ཟག་པ་མེད། །གང་ཞིག་ཡང་དག་རྟོགས་པས་དྲི་མེད་བློ་དག་མྱ་ངན་འདས་མཆོག་བརྙེས་དེ་ལ། །ཕྱག་འཚལ་ནས་ནི་དེ་ཡི་འགྲེལ་པ་རབ་ཏུ་གསལ་བའི་ ཚིག་གིས་རིམ་པ་བཞིན་དུ་བྱ། །ཡོན་ཏན་གཏེར་གྱུར་སློབ་དཔོན་ཞི་བའི་ལྷ་འདིས་གང་དུ་གསལ་བར་ནི། །གསུང་རབ་རྒྱ་མཚོ་ཆེན་པོའི་ཕ་རོལ་སོན་པས་བརྗོད་པར་སྤྱོད་པ་ཡིན། །བློ་གྲོས་རྨོངས་པ་བདག་གིས་དེ་དོན་ཇི་ལྟར་བརྗོད་ནུས་དེ་ལྟ་ནའང་། །ཤེས་རབ་གོམས་པས་ལེགས་བྱས་ གང་ཕྱིར་མཉམ་མེད་དེས་ན་དེ་ལ་འཇུག །ཡོན་ཏན་ཕྲ་བ་འགའ་ཡི་བག་ཆགས་བློ་གྲོས་མེད་པ་སྟེ། །བདག་ལ་སྤོབས་པའི་ཡོན་ཏན་བསགས་པ་ཡོད་པ་མ་ཡིན་ལ། །དེ་ལྟ་མོད་ཀྱི་གང་ཕྱིར་བཤེས་གཉེན་དམ་པ་བསྟེན་པ་ཡི། །འབྲས་བུ་དེ་ལྟར་དེ་ལྟ་བུ་ལ་ངག་ནི་རབ་ཏུ་རྒྱས། ། དེ་ལ་གང་ཞིག་རིགས་ཀྱི་ཁྱད་པར་འགའ་ལས་དགེ་བའི་བཤེས་གཉེན་བསྟེན་པ་ཉིད་ཀྱིས་འགྲོ་བ་གསུམ་གྱི་ནང་དུ་གཏོགས་པའི་སྐྱེ་བོ་མ་ལུས་པ་སྡུག་བསྔལ་གྱིས་སྡུག་བསྔལ་བར་གྱུར་པའི་སྲོག་འཛིན་པ་ཐམས་ཅད་སྡུག་བསྔལ་མ་ལུས་པ་ལས་གདོན་པའི་བསམ་པས་བདག་ཉིད་ཀྱི་
Page: 289 སྡུག་བསྔལ་ཁྱད་དུ་བསད་དེ། དེ་ཞི་བའི་ཐབས་སུ་གྱུར་པ་སངས་རྒྱས་ཡིན་པར་འདི་ལྟར་བསམས་ནས། དེ་ཐོབ་པར་འདོད་པས་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཆེ་བའི་བདག་ཉིད་བདེ་བར་གཤེགས་པ་སྒྲུབ་པའི་ཐབས་སུ་གྱུར་པ་ཚོགས་གཉིས་ཡོངས་སུ་རྫོགས་པའི་དོན་དུ་སྦྱིན་པ་ལ་སོགས་པ་ རྣམས་ལ་རིམ་གྱིས་འཇུག་སྟེ། དེ་དེ་ལྟར་ཞུགས་པ་ན་ཞི་གནས་དང་ཡང་དག་པར་ལྡན་པར་གྱུར་པས་བདག་ཀྱང་སྦྱིན་པ་ལ་སོགས་པ་ཤེས་རབ་དང་བྲལ་བ་ཉིད་ཀྱིས་འགྲོ་བའི་དོན་བསྒྲུབ་པའི་རྒྱུས་སངས་རྒྱས་ཉིད་ཐོབ་པ་མ་ཡིན་པར་བསམས་ནས་འཁོར་བའི་སྡུག་བསྔལ་ལས་ངེས་པར་འབྱུང་བར་ འདོད་པས་ཤེས་རབ་བསྐྱེད་པའི་དོན་དུ་འབད་པར་བྱ་སྟེ། ཇི་སྐད་དུ། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཞེས་བྱ་བ་ལ་སོགས་པ་གསུངས་པས་སོ། །དེ་ལ་ཞི་གནས་བསྟན་ནས། ད་ནི་དེའི་རྗེས་ལ་ཐོབ་པའི་ལྷག་མཐོང་གི་མིང་ཅན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ཕྱིར། ཡན་ལག་འདི་དག་ཐམས་ཅད་ཅེས་པ་ལ་སོགས་པ་གསུངས་ཏེ། འདི་དག་ཅེས་པ་ནི་བསྟན་བཅོས་འདིར་བརྗོད་མ་ཐག་པའི་མཚན་ཉིད་ཅན་སྦྱིན་པ་ལ་སོགས་པའོ། །འདི་ཞེས་པ་ནི་མངོན་སུམ་དུ་གྱུར་པ་ཉིད་ལ་དཔྱོད་པར་བྱེད་དོ། །ཡན་ལག་འདི་དག་ཅེས་པ་ནི་འཁོར་ཏེ་རིས་ཡིན་ལ་ ཚོགས་ཞེས་པའི་ཐ་ཚིག་གོ། །བརྗོད་པ་དང་རྗོད་པའི་རྣམ་པ་དང་གཞན་ཡང་སྟེ། ཤེས་རབ་དོན་དུ་ཐུབ་པས་གསུངས། །ཞེས་པ་དང་འབྲེལ་ཏོ། །ཤེས་རབ་ནི་ཇི་ལྟར་གནས་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོའི་དེ་ཁོ་ན་ཉིད་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཅན་ཡིན་ལ་ དེ་ཉིད་དོན་ཡིན་ཏེ། བྱང་ཆུབ་ཀྱི་རྒྱུའི་དངོས་པོ་ཡང་དག་པར་འདྲེན་པར་བྱེད་པས་གང་གི་སྦྱིན་པ་ལ་སོགས་པའི་མཚན་ཉིད་ཀྱི་ཡན་ལག་ནི་དགོས་པ་ཡིན་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་དངོས་པོ་རྣམས་ལས་ཆོས་རྣམ་པར་འབྱེད་པའི་རང་བཞིན་གྱི་ ཤེས་རབ་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་སྦྱིན་པ་ནི་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པའི་ཕྱིར་རྒྱུའི་དང་པོ་ཡིན་ཏེ། བསོད་ནམས་ཀྱི་ཚོགས་སུ་གཏོགས་པའི་ཕྱིར་རོ། །དེ་ཡང་ཚུལ་ཁྲིམས་ཀྱི་རྒྱན་དུ་བྱས་པ་ཉིད་བདེ་འགྲོ་བརྒྱུད་པར་བདེ་བའི་ལོངས་སྤྱོད་ཀྱི་ཉེ་བར་མཁོ་བ་ཕུན་སུམ་ཚོགས་
Page: 290 ༄༅། །པ་འབྱུང་བར་འགྱུར་བས་བླ་ན་མེད་པའི་ཡེ་ཤེས་འབྱུང་བའི་རྒྱུ་ཡིན་ནོ། །བཟོད་པ་ཡང་དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཁོང་ཁྲོའི་གཉེན་པོ་ཉིད་ཀྱིས་སྦྱིན་པ་དང་ཚུལ་ཁྲིམས་ཀྱིས་ལེགས་པར་སྤྱད་པའི་རང་བཞིན་གྱི་ཚོགས་རྗེས་སུ་སྐྱོང་བར་བྱེད་པ་ཡིན་ཏེ་བདེ་འགྲོ་ཉིད་ ཐོབ་པའི་ཆེད་དུ་རབ་ཏུ་འཇུག་གོ། །སྦྱིན་པ་ལ་སོགས་པ་གསུམ་པོ་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་སུ་བརྗོད་པ་འདི་ཡང་དགེ་བ་ཡིན་ཏེ། བསམ་གཏན་ལ་སོགས་པ་ལས་བྱུང་བ་ནི་ཡེ་ཤེས་ཀྱི་ཚོགས་ཞེས་པ་ཡིན་ལ། དེ་དག་བརྩོན་འགྲུས་མེད་པར་མི་འབྱུང་བས་དེ་ལྟར་ན་ཡང་ཚོགས་ གཉིས་ཀའི་རྒྱུ་ཡིན་པས་སྒྲིབ་པ་ཐམས་ཅད་སྤོང་བའི་ཆེད་དུ་བྱུང་བ་ཡིན་ནོ། །སེམས་མཉམ་པར་གཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པར་འགྱུར་བས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་བླ་ན་མེད་པའི་ཡེ་ཤེས་ཐོབ་པའི་རྒྱུ་རུ་འགྱུར་བ་ཡིན་ནོ། །དེ་ལྟར་སྦྱིན་པ་ལ་སོགས་པ་འདི་ རྣམས་གུས་པར་བྱས་པས་བསྒྲུབས་ན་ཡང་། ཤེས་རབ་དང་བྲལ་ན་བླ་ན་མེད་པའི་གོ་འཕང་ཐོབ་པའི་རྒྱུར་མི་འགྱུར་ཞིང་ཕ་རོལ་ཏུ་ཕྱིན་པའི་མིང་ཡང་ཐོབ་པ་མ་ཡིན་ཏེ། ཤེས་རབ་ཀྱིས་དག་པར་བྱས་པ་ལ་བསྟེན་པས་དེ་ཡང་བར་ཆད་མེད་པར་རྒྱ་ཆེ་བ་ལ་འཇུག་པས་དེའི་རྗེས་སུ་འཇུག་པ་ན་དེའི་ རྒྱུའི་དངོས་པོ་ཐོབ་པར་འགྱུར་ལ། ཕ་རོལ་ཏུ་ཕྱིན་པའི་མིང་ཡང་ཐོབ་པར་འགྱུར་རོ། །དེ་བཞིན་དུ་གཏོང་བ་པོ་དང་། སྦྱིན་པར་བྱ་བ་དང་། ལེན་པ་པོ་ལ་སོགས་པ་གསུམ་པོ་རྣམས་མི་དམིགས་པའི་སྦྱོར་བས་ཤེས་རབ་ཀྱིས་ཡོངས་སུ་སྦྱངས་ཏེ། གུས་ཤིང་བར་ཆད་མེད་པར་དུས་ཡུན་རིང་པོར་ གོམས་པར་བྱས་པས་རབ་ཀྱི་མཐར་ཐུག་པར་འགྲོ་ཞིང་། །མ་རིག་པས་བསྐྱེད་པའི་རྣམ་པར་རྟོག་པའི་དྲ་བ་མཐའ་དག་དང་བྲལ་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལས་གྲོལ་བའི་བདག་མེད་པ་རྣམ་པ་གཉིས་ཐུགས་སུ་ཆུད་པའི་རང་བཞིན་བདག་དང་གཞན་ལ་ཕན་པ་ཐམས་ཅད་ཀྱི་ གཞིར་གྱུར་པ། དོན་དམ་པའི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་མངོན་པར་ཐོབ་པར་བྱེད་པས་ཤེས་རབ་ནི་གཙོ་བོ་ཡིན་ལ། སྦྱིན་པ་ལ་སོགས་པ་ནི་ཕལ་པར་བརྗོད་དོ། །སྦྱིན་པ་ལ་སོགས་པ་ལས་ཤེས་རབ་གཙོ་བོ་ཡིན་ན་བྱང་ཆུབ་སྒྲུབ་པར་བྱེད་པའི་རྒྱུ་དེ་ཉིད་
Page: 291 འབའ་ཞིག་ཞོག་ལ། སྦྱིན་པ་ལ་སོགས་པ་རྣམས་ཀྱིས་ཅི་ཞིག་བྱ་ཞེས་ནི་བརྗོད་པར་མི་བྱ་སྟེ། དེ་ལས་གཞན་གྱི་དགོས་པ་བརྗོད་ཟིན་པའི་ཕྱིར་རོ། །སྦྱིན་པ་ལ་སོགས་པ་འབའ་ཞིག་ནི་མིག་དང་བྲལ་བ་ཡིན་ཏེ། ཤེས་རབ་ཀྱི་མིག་དང་ལྡན་པ་ཉིད་ཀྱིས་ཇི་ལྟར་མངོན་པར་འདོད་པའི་བདེ་བར་གཤེགས་པ་ ཉིད་ཀྱིས་སར་འགྲོ་བར་འགྱུར་བར་བྱེད་པའི་ཕྱིར་ཤེས་རབ་ལ་འདྲེན་པར་བརྗོད་དེ། ཤེས་རབ་འབའ་ཞིག་ཀྱང་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་སྦྱིན་པ་ལ་སོགས་པའི་འཁོར་ནི་ཤེས་རབ་ཀྱི་དོན་དུ་གྲུབ་པོ། །རྣམ་པར་རྟོག་པ་ཐམས་ ཅད་སྤངས་པའི་ཕྱིར་རམ། སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་གཉིས་པོ་མི་གསུང་བའི་ཕྱིར་རམ། མི་སློབ་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཚན་ཉིད་ཐུབ་པ་གསུམ་དང་འབྲེལ་པའི་ཕྱིར་ཐུབ་པ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །སྡུག་བསྔལ་གསུམ་གྱིས་སྡུག་ བསྔལ་བའི་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་དགོངས་པས་གསུངས་ཏེ་གསུངས་པ་དང་ལྡན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་རྣམས་སུ་ཤེས་རབ་ཀྱི་དོན་དུ་རིམ་པས་སྦྱིན་པ་ལ་སོགས་པའི་འཁོར་གསུངས་པ་ཡིན་ནོ། །ཇི་སྐད་དུ་ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཉི་མའི་དཀྱིལ་འཁོར་དང་ཟླ་བའི་དཀྱིལ་འཁོར་ནི་གླིང་བཞིར་ལས་བྱེད་ཅིང་། གླིང་བཞིའི་རྗེས་སུ་འགྲོའོ། །གླིང་བཞིའི་རྗེས་སུ་འབྲང་ངོ་། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཡང་ཕ་རོལ་ཏུ་ཕྱིན་པ་ལྔར་ལས་བྱེད་ཅིང་། ཕ་རོལ་ཏུ་ཕྱིན་པ་ལྔའི་རྗེས་སུ་འགྲོའོ། །ཕ་རོལ་ཏུ་ཕྱིན་པ་ལྔའི་རྗེས་སུ་འབྲང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན་ཕ་རོལ་ཏུ་ཕྱིན་པ་ལྔ་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་བོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་ བྲལ་ན། རིན་པོ་ཆེ་སྣ་བདུན་གྱིས་འཁོར་ལོས་སྒྱུར་བའི་མིང་མི་འཐོབ་བོ། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་བོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཆུ་ཀླུང་གང་ཅི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ནི་ཆུ་ཀླུང་ཆེན་པོ་གངྒཱ་
Page: 292 ༄༅། །གང་ན་བ་དེར་འདོང་ངོ་། །དེ་དག་ཆུ་ཀླུང་གངྒཱ་དང་འགྲོགས་ཤིང་རྒྱ་མཚོ་ཆེན་པོའི་ནང་དུ་འདོང་ངོ་། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ན་བ་དེར་འདོང་ངོ་ཞེས་རྒྱ་ཆེར་གསུངས་སོ། ། དེ་ཡང་ཇི་སྐད་དུ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཟིལ་གྱིས་གནོན་ཏོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཟིལ་གྱིས་གནོན་ཏོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན་དམུས་ལོང་བརྒྱའམ་སྟོང་ངམ་བརྒྱ་ཕྲག་སྟོང་ཡང་རུང་སྟེ། དམིགས་བུ་མེད་པར་ལམ་དུ་འཇུག་པར་ཡང་མི་ནུས་ན་གྲོང་ཁྱེར་དུ་འགྲོ་བར་ལྟ་ག་ལ་ནུས། ཀཽ་ཤི་ཀ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་ནི་དམུས་ ལོང་ལྟ་བུར་གྱུར་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ན་དེ་དག་ལ་དམིགས་བུ་མེད་པས་བྱང་ཆུབ་ཀྱི་ལམ་ཡང་སྐྱེད་པར་མི་ནུས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་དུ་འཇུག་པར་ལྟ་ག་ལ་ནུས། ཀཽ་ཤི་ཀ་ཕ་རོལ་ཏུ་ཕྱིན་པ་ལྔ་ནམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ པར་གྱུར་པ་དེའི་ཚེ་མིག་དང་ལྡན་པར་གྱུར་ཏེ། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ན་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་པོ་ཞེས་རྒྱ་ཆེར་གསུངས་པ་ཡིན་ནོ། །དེ་བཞིན་དུ་གཞན་ཡང་འདིར་མདོ་གཞན་གྱི་རྗེས་སུ་འབྲངས་ནས་ཇི་ལྟ་བ་བཞིན་དུ་གོ་བར་ བྱའོ། །འདི་སྐད་དུ། དྲི་མེད་སྨད་པ་མེད་ཁྱོད་ལ། །ཕ་རོལ་ཕྱིན་པ་ཐམས་ཅད་རྣམས། །ཐམས་ཅད་དུ་ནི་རྗེས་འབྲང་སྟེ། །ཟླ་བའི་རྗེས་སུ་རྒྱུ་སྐར་བཞིན། །ཞེས་གསུངས་པ་ཡིན་ནོ། །ཡང་ན་འདི་དག་ཅེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་གཞན་ཡང་བ་ནི་འདས་མ་ཐག་པའི་ ཞི་གནས་ཀྱི་བདག་ཉིད་ཀྱི་རྒྱུན་ནོ། །ཡན་ལག་ཅེས་པ་ནི་ཤེས་རབ་ཀུན་ནས་སློང་བར་བྱེད་པ་ཉིད་ཀྱིས་དེའི་རྒྱུ་ཚོགས་སམ་གཞི་ཡིན་ནོ། །ཤེས་རབ་དོན་དུ་ཞེས་པ་ནི་སྔར་བརྗོད་པའི་ཤེས་རབ་དེ་ཉིད་དགོས་པ་ཡིན་ཞིང་བསྒྲུབ་པར་བྱ་བ་ཉིད་ཀྱིས་གང་གི་ཡིན་པ་ནི་ཞི་གནས་ཀྱིས་ཡོངས་སུ་
Page: 293 དག་པར་བྱས་པའི་སེམས་ཀྱི་རྒྱུན་ལ་ཤེས་རབ་སྐྱེ་བའི་ཕྱིར། ལེགས་པར་སྦྱངས་པའི་ཞིང་ལས་འབྲུ་སྐྱེ་བ་དང་འདྲའོ། །ཇི་ལྟར་བསླབ་པ་ཀུན་ལས་བསྡུས་པར་ཡང་ཞི་གནས་འདིའི་བདག་ཉིད་ཆེ་བ་ཇི་ལྟ་ཞེ་ན། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་སྐྱེད་པར་ནུས་པ་ཡིན་ཏེ། གང་གི་ཕྱིར་མཉམ་ པར་གཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བརྗོད་དེ་ཐུབ་པས་གསུངས་སོ་ཞེས་པ་ཡིན་ནོ། །འདི་ཡང་འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས། མཉམ་པར་གཞག་པའི་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བར་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ བའི་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་འཇུག་སྟེ། བདག་གིས་སེམས་ཅན་ཐམས་ཅད་ལ་ཏིང་ངེ་འཛིན་གྱི་སྒོ་འདི་བསྒྲུབ་པར་བྱའོ། །སྙིང་རྗེ་ཆེན་པོ་དེས་བསྐུལ་བས་ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡོངས་སུ་རྫོགས་ པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྫོགས་པར་བྱའོ་ཞེས་རྒྱས་པར་གསུངས་སོ། །ནི་ཞེས་པ་ནི་གང་གི་ཕྱིར་ཏེ། སྦྱིན་པ་ལ་སོགས་པའི་འཁོར་རམ་ཞི་གནས་ཀྱི་བདག་ཉིད་ཀྱི་འཁོར་ཤེས་རབ་ཀྱི་དོན་དུ་ཡིན་པར་ཐུབ་པས་གསུངས་ཏེ། དེ་ལྟ་བས་ན་ཤེས་རབ་བསྐྱེད་པར་བྱའོ་ཞེས་ སྦྱར་བར་བྱའོ། །བསྐྱེད་པར་བྱའོ་ཞེས་པ་ནི་བསྒྲུབ་པར་བྱའོ་ཞེས་པའམ་མངོན་སུམ་དུ་བྱ་བའམ། བསྒོམ་པར་བྱ་བའམ། བསྟེན་པར་བྱ་བའམ། མང་ཆེད་དུ་བྱ་བའོ། །ཤེས་རབ་དེ་ཡང་རྣམ་པ་གཉིས་ཏེ། རྒྱུར་གྱུར་པ་དང་། འབྲས་བུར་གྱུར་པའོ། །རྒྱུར་གྱུར་པའང་རྣམ་པ་གཉིས་ཏེ། མོས་ པས་སྤྱོད་པ་དང་། ས་ཐོབ་པའི་བྱང་ཆུབ་སེམས་དཔའིའོ། །འབྲས་བུར་གྱུར་པ་ཡང་མཚན་མ་མེད་པའི་སྦྱོར་བས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་རྟོགས་པའི་རང་བཞིན་ནོ། །དེ་ལ་དང་པོར་རྒྱུར་གྱུར་པ་ནི་ཐོས་པ་དང་བསམ་པ་དང་བསྒོམ་པའི་རིམ་པ་ གོམས་པས་ས་ལ་རབ་ཏུ་ཞུགས་པའི་ཤེས་རབ་སྐྱེད་པར་བྱེད་པ་ཡིན་ཏེ། དེ་ཡང་ས་གཞན་དང་གཞན་འཐོབ་པའི་སྦྱོར་བས་མཆོག་ཏུ་འཕེལ་བར་གྱུར་པ་ཡིན་ཏེ། ཇི་སྲིད་དུ་སྒྲིབ་པ་གཉིས་དང་བྲལ་བ་རྟོག་པའི་དྲ་བ་མཐའ་དག་སྤངས་པའི་སངས་རྒྱས་ཉིད་ཀྱི་ཤེས་རབ་ཀྱི་རང་བཞིན་ཡོངས་སུ་རྫོགས་པར་
Page: 294 ༄༅། །བྱེད་དེ། དེ་ཉིད་ཀྱི་ཕྱིར། སྡུག་བསྔལ་ཞི་བར་འདོད་པས་ཞེས་གསུངས་ཏེ། སྡུག་བསྔལ་ནི་འཁོར་བའི་འགྲོ་བ་རིས་ལྔས་ཡང་དག་པར་བསྡུས་པའི་སེམས་ཅན་གྱི་ཕུང་པོར་གཏོགས་པའི་བདག་ཉིད་ལ་ཡོད་པའི་སྐྱེ་བ་དང་། ནད་དང་། རྒ་བ་དང་། འཆི་བའི་རང་བཞིན་དང་། སྡུག་པ་དང་བྲལ་བ་དང་། མི་སྡུག་པ་དང་ཕྲད་པ་དང་། འདོད་པ་ཚོལ་བའི་གེགས་བྱེད་པའི་མཚན་ཉིད་དང་། མདོར་ན་ཉེ་བར་ལེན་པའི་ཕུང་པོའི་བདག་ཉིད་ཀྱང་ངོ་། །ཞི་བ་ནི་མྱ་ངན་ལས་འདས་པ་ཡིན་ཏེ། སླར་མི་སྐྱེ་བའི་ཉེ་བར་ཞི་བའི་ཆོས་ཉིད་ཀྱིས་ཤིན་ཏུ་རྒྱུན་ཆད་པ་ཞེས་པའི་དོན་ཏོ། །དེ་ལ་ འདོད་པ་ནི་མངོན་པར་འདོད་པ་དང་འདུན་པ་ཞེས་པའི་ཐ་ཚིག་གོ། །འདི་ལྟར་ཕྱིན་ཅི་ལོག་པའི་འདུ་ཤེས་ཅན་མི་བདེན་པའི་དེ་ཁོ་ན་ཉིད་དུ་སྒྲོ་འདོགས་པའི་མངོན་པར་ཞེན་པའི་སྟོབས་ཀྱིས་བདག་གི་བར་འཛིན་པར་འཇུག་པས་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལས་བྱུང་བ། འདོད་ཆགས་ལ་སོགས་པ་ཉོན་ མོངས་པའི་ཚོགས་ཡང་དག་པར་སྐྱེ་བར་འགྱུར་རོ། །དེ་ལས་ནི་ལས་ཡིན་ལ། དེ་ལས་སྐྱེ་བ་ཡིན་ཞིང་དེ་ལས་ཀྱང་ནད་དང་རྒ་ཤི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་དང་། ཡིད་མི་བདེ་བའི་ཡོངས་སུ་ངལ་བ་ཡང་འབྱུང་བར་འགྱུར་རོ། །དེ་ལྟར་ན་འདི་འབའ་ཞིག་ལས་སྡུག་བསྔལ་ གྱི་ཕུང་པོ་ཆེན་པོ་འབྱུང་བར་འགྱུར་རོ། །དེ་ལས་དེ་ལྟར་ལུགས་ལས་བཟློག་པའི་རྣམ་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཡང་དག་པའི་ཤེས་རབ་ཀྱིས་དམིགས་པར་བྱེད་པས། ཡང་དེ་ཉིད་བདག་ཉིད་མེད་པ་དང་། བདག་པོ་མེད་པ་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། དྲི་ཟའི་གྲོང་ཁྱེར་དང་། རྨི་ལམ་དང་། གཟུགས་བརྙན་ལ་སོགས་པ་དང་མཚུངས་པའི་རྣམ་པ་ཉིད་ཀྱིས་དོན་དམ་པ་རང་བཞིན་མེད་པར་མཐོང་བས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ཤིང་དེའི་མི་མཐུན་པའི་ཕྱོགས་ཀྱི་བདག་ཉིད་རྨོངས་པའི་རང་བཞིན་གྱི་མ་རིག་པ་སྲིད་པའི་ཡན་ལག་ཟློག་པར་བྱེད་ལ། མ་རིག་ པ་འགགས་པས་དེའི་རྐྱེན་ཡིན་པའི་ཕྱིར་འདུ་བྱེད་འགག་གོ། །དེ་ལྟར་རྒྱུར་གྱུར་པ་སྔ་མ་སྔ་མ་རྣམས་འགགས་པས་འབྲས་བུར་གྱུར་པ་ཕྱི་མ་ཕྱི་མ་རྣམས་འགག་པར་རིག་པར་བྱ་སྟེ། ཇི་སྲིད་དུ་སྐྱེ་བ་འགགས་པས་རྒ་ཤི་དང་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་
Page: 295 མི་བདེ་བས་ཡོངས་སུ་ངལ་བ་ཡང་འགག་པར་འགྱུར་རོ། །དེ་ལྟར་ན་གཅིག་ཏུ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འགག་པར་འགྱུར་རོ། །དེ་ལ་མ་རིག་པ་དང་སྲེད་པ་དང་ལེན་པ་ནི་ཉོན་མོངས་པའི་ལམ་དུ་རྣམ་པར་ཆད་ལ་འདུ་བྱེད་དང་སྲིད་པ་ནི་ལས་ཀྱི་ལམ་དུ་རྣམ་པར་ཆད་དེ། ཡན་ལག་ལྷག་མ་ རྣམས་ནི་སྡུག་བསྔལ་གྱི་ལམ་དུ་རྣམ་པར་ཆད་ཅིང་། སྔོན་དང་ཕྱི་མའི་མཐའ་འགགས་པ་ནི་འགོག་པའི་ལམ་དུ་རྣམ་པར་ཆད་དོ། །དེ་ལྟ་ཉིད་དུ་ལམ་གསུམ་ནི་བདག་མེད་པ་མ་ཡིན་ལ། བདག་དང་བདག་གི་བ་མེད་པ་སྟེ། སྐྱེ་བའི་སྦྱོར་བས་སྐྱེ་བར་འགྱུར་ཞིང་འགག་པའི་སྦྱོར་བས་འགག་ པར་འགྱུར་ཏེ། དངོས་པོ་ལ་སྨྱུག་མའི་ཚིགས་དང་འདྲའོ། །འདི་ཡང་ཕྱི་ནས་རིགས་པ་དང་ལུང་གིས་རྒྱས་པར་བསྟན་པར་བྱའོ། །དེ་བས་ན་འདི་ལྟར་འདུས་བྱས་ལ་ཤེས་རབ་ཀྱིས་རྨི་ལམ་དང་སྒྱུ་མ་ལ་སོགས་པའི་རང་བཞིན་དུ་སོ་སོར་རྟོག་པ་ན་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པས་དོན་ དམ་པར་ཁོང་དུ་ཆུད་པ་ལས་བག་ཆགས་དང་བཅས་པའི་ཉེས་པའི་ཕུང་པོ་ལྡོག་པར་འགྱུར་ཞིང་། སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་རྒྱུ་ཤེས་རབ་སྐྱེ་བར་འགྱུར་ཏེ། འདིས་ཇི་ལྟར་ལུང་དང་རིགས་པ་དག་གིས་དཔྱོད་པ་ན་དངོས་པོའི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་གསལ་བར་བྱེད་པའི་ཕྱིར་རོ། ། ཀུན་རྫོབ་དང་མ་རིག་པ་དང་རྨོངས་པ་དང་ཕྱིན་ཅི་ལོག་ཅེས་བྱ་བ་ནི་རྣམ་གྲངས་ཡིན་ནོ། །མ་རིག་པ་ཡང་མི་བདེན་པའི་དོན་གྱི་རང་བཞིན་སྒྲོ་འདོགས་པར་བྱེད་པ་ཡིན་ལ། རང་བཞིན་མཐོང་བ་ལ་བསྒྲིབས་པས་ན་ཀུན་རྫོབ་ཏུ་འཐད་དོ། །གང་སཱ་ལུ་ལྗང་པ་ལས་གསུངས་པ། གཞན་ཡང་དེ་ཁོ་ན་ཉིད་ མ་རིག་པ་དང་ལོག་པར་རྟོགས་པ་ནི་མི་ཤེས་པ་དང་མ་རིག་པ་ཡིན་ནོ་ཞེས་སོ། །ཡང་གསུངས་པ། མ་རིག་སྐྱེས་པ་ཉིད་ཀྱིས་ན། །ཡང་དག་མིན་པའི་དོན་སྣང་ཞིང་། །ཡང་དག་སྒྲིབ་པར་བྱེད་ལ་འཇུག །མིག་སེར་གྱིས་ནི་གནོད་པ་བཞིན། །ཞེས་སོ། །དེས་ཉེ་བར་བསྟན་པ་ཡང་རྟེན་ཅིང་འབྲེལ་པར་འབྱུང་ བའི་དངོས་པོའི་རང་བཞིན་ཡིན་པ་དེ་ཀུན་རྫོབ་ཅེས་བྱ་སྟེ། དེ་ཉིད་ལ་འཇིག་རྟེན་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་བརྗོད་ལ། འཇིག་རྟེན་པ་ཉིད་ཀྱི་ཀུན་རྫོབ་ཀྱིས་དེ་ལ་བདེན་པ་ཞེས་བྱ་བ་ལས་སོ། །གང་། གཏི་མུག་ཀུན་རྫོབ་ཡིན་ཏེ་རང་བཞིན་ལ་བསྒྲིབས་པས། །གང་ཞིག་བཅོས་མ་ཁོ་ན་དེ་ཡིས་བདེན་པར་
Page: 296 ༄༅། །སྟོན། །དངོས་པོའི་དོན་དང་བྱས་པ་ཡང་ནི་ཀུན་རྫོབ་ཏུ། །འདི་ནི་ཀུན་རྫོབ་བདེན་པ་ཞེས་བྱར་ཐུབ་པས་གསུངས། །ཞེས་བརྗོད་པའོ། །ཀུན་རྫོབ་དེ་ཡང་འཇིག་རྟེན་པ་ཉིད་ཀྱིས་རྣམ་པ་གཉིས་སུ་འབྱེད་དེ། ལོག་པའི་ཀུན་རྫོབ་དང་། ཡང་དག་པའི་ཀུན་རྫོབ་ཅེས་ སོ། །འདི་ལྟར་ཡང་གང་ཅུང་ཟད་རྐྱེན་ལས་སྐྱེས་པའི་དངོས་པོ་སྔོན་པོ་ལ་སོགས་པའི་རང་བཞིན་སྐྱོན་མེད་པའི་དབང་པོས་དམིགས་པ་ནི་འཇིག་རྟེན་པ་ཉིད་ལས་བདེན་པ་ཉིད་ཡིན་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་ལས་སྐྱེས་པ་ཡིན་ཡང་སྒྱུ་མ་དང་། སྨིག་རྒྱུ་དང་། གཟུགས་བརྙན་ལ་སོགས་པ་རྣམས་དབང་པོ་ ཉེས་པ་དང་ལྡན་པས་མཐོང་བ་དང་། ཇི་ལྟར་མུ་སྟེགས་ཅན་གྱི་རང་གི་གྲུབ་མཐས་ཡོངས་སུ་བརྟགས་པ་ཡང་འཇིག་རྟེན་པ་ཉིད་ལས་ལོག་པ་ཡིན་ཏེ། དེ་བརྗོད་པ། གལ་ཏེ་དབང་པོ་ཉམས་པར་མ་གྱུར་པའི། །དྲུག་པོ་རྣམས་ཀྱིས་འཇིག་རྟེན་ཡུལ་རྟོག་བྱེད། །དེ་ནི་འཇིག་རྟེན་ཉིད་ལ་བདེན་ཡིན་ཏེ། །ལྷག་མ་ བརྟགས་པ་འཇིག་རྟེན་ཉིད་ལ་བརྫུན། །ཞེས་སོ། །དེ་ལྟར་དེ་གཉི་ག་ཡང་། ཡང་དག་པ་གཟིགས་པའི་འཕགས་པ་རྣམས་ལ་ནི་བརྫུན་པ་ཡིན་ཏེ། དོན་དམ་པའི་གནས་སྐབས་སུ་ཀུན་རྫོབ་ཀྱི་བདེན་པ་ནི་འཁྲུལ་པ་ཡིན་པའི་ཕྱིར་རོ། །འདི་དེ་མ་ཐག་ཉིད་དུ་རིགས་པའི་སྒོ་ནས་རྟོགས་པར་བྱ་སྟེ། དེ་ལྟ་ བས་ན་མ་རིག་པ་དང་ལྡན་པ་ལ་དངོས་པོའི་རང་བཞིན་མི་སྣང་ངོ་། །དམ་པ་ནི་མཆོག་ཡིན་ལ། དོན་ནི་དམ་པའི་དོན་ཡིན་ཏེ། མ་བཅོས་པ་དངོས་པོའི་རང་བཞིན་གང་གི་རྟོག་པས་སྒྲིབ་པའི་བག་ཆགས་དང་རྗེས་སུ་འབྲེལ་བའི་ཉོན་མོངས་པ་སྤོང་བར་འགྱུར་བའོ། །ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་། སྟོང་པ་ཉིད་དང་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་ཆོས་ཀྱི་དབྱིངས་ཞེས་པ་ནི་རྣམ་གྲངས་ཡིན་ལ། རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཐམས་ཅད་རང་བཞིན་མེད་པ་དོན་དམ་པའི་ངོ་བོ་ཡིན་ཏེ། ཇི་ལྟར་སྣང་བའི་ཀུན་རྫོབ་ནི་མི་འཐད་པའི་ཕྱིར་རོ། །འདི་ལྟར་ཡང་རེ་ཞིག་ཇི་ལྟར་ མཐོང་བའི་ངོ་བོས་དངོས་པོ་ཡོད་པའི་རང་བཞིན་མ་ཡིན་ཏེ། དེའི་རྗེས་ཀྱི་དུས་ན་མི་གནས་པའི་ཕྱིར་རོ། །རང་བཞིན་ཡང་ཐམས་ཅད་དུ་གློ་བུར་བ་མ་ཡིན་པས་མི་གཡོ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །གང་ཞིག་གང་གི་རང་བཞིན་ཡིན་པ་དེ་ནི་ཇི་ལྟར་ནམ་ཡང་ལྡོག་པ་མ་ཡིན་ཏེ། གཞན་དུ་ན་
Page: 297 དེའི་རང་བཞིན་ཉམས་པར་ཐལ་བར་འགྱུར་བས། རང་བཞིན་མེད་པ་ཉིད་དུ་འགྱུར་རོ། །དེ་སྐྱེ་བ་ན་ཡོད་པའི་ངོ་བོས་འགའ་ཞིག་ནས་འོངས་པའམ། འགགས་པ་ན་འགའ་ཞིག་ཏུ་སོང་བར་གྱུར་པ་ཡང་མ་ཡིན་ཏེ། འོན་ཀྱང་སྒྱུ་མ་བཞིན་དུ་རྒྱུ་དང་རྐྱེན་ཚོགས་པའི་རང་བཞིན་གྱིས་སྐྱེའོ། །དེ་མ་ ཚང་བ་ལས་འགག་པར་འགྱུར་བ་ཡང་ཡིན་ཏེ། རྒྱུ་དང་རྐྱེན་གྱི་ཚོགས་པ་ཚང་བ་ལས་བྱུང་ཞིང་གཞན་ལ་རག་ལས་པས་བདག་ཉིད་ཐོབ་པ་ནི་གཟུགས་བརྙན་ཉིད་དུ་གྱུར་པ་ཡིན་ལ་ཇི་ལྟར་དེའི་རང་བཞིན་ཡིན་ཏེ་གང་གི་དོན་ཡང་དོན་དམ་པ་མ་ཡིན་ལ། རྒྱུ་དང་རྐྱེན་གྱི་ཚོགས་པ་ལས་བྱུང་བ་སྲིད་ པ་མ་ཡིན་ཏེ། དེ་ཡང་གཞན་ལ་རག་ལས་པས་ཚོགས་པ་གཞན་ལས་བྱུང་བའི་བདག་ཉིད་ལས་ངོ་བོ་ཐོབ་པ་རྣམས་ནི་རང་བཞིན་མེད་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གཞན་གང་ཞིག་སྔ་མ་སྔ་མ་ལས་རང་རང་གི་རྒྱུའི་ཚོགས་པ་ལས་སྐྱེ་བས་རང་བཞིན་མེད་པ་ཉིད་དུ་བལྟ་བར་བྱའོ། །རྒྱུ་ དང་འབྲས་བུ་རྗེས་སུ་མཐུན་པ་འདོད་པ་རྣམས་ཀྱིས་ཇི་ལྟར་དངོས་པོ་མེད་པ་ལས་དངོས་པོའི་རང་བཞིན་སྐྱེ་བར་ཁས་བླང་བར་བྱ། གང་འཆད་པར་འགྱུར་བ། སྒྱུ་མས་སྤྲུལ་པ་གང་ཡིན་དང་། །རྒྱུ་རྣམས་ཀྱིས་ནི་གང་སྤྲུལ་པ། །དེ་ནི་གང་ལས་འོངས་གྱུར་ཅིང་། །གང་དུ་འགྲོ་བ་བརྟག་པར་གྱིས། ། གང་ཞིག་གང་ནི་ཉེ་བ་ཡིས། །མཐོང་འགྱུར་དེ་མེད་ན་མིན་པ། །བཅོས་བུ་གཟུགས་བརྙན་དང་མཚུངས་པ། །དེ་ལ་བདེན་ཉིད་ཇི་ལྟར་ཡོད། །ཅེས་པ་དང་། ཡང་བརྗོད་པ། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་ བཤད། །གང་གི་སྟོང་ཉིད་ཤེས་དེ་བག་ཡོད་མིན། །ཞེས་པ་དང་། སྟོང་པ་ཁོ་ནའི་ཆོས་རྣམས་ལས། །སྟོང་པའི་ཆོས་རྣམས་འབྱུང་བར་འགྱུར། །ཞེས་པས་སོ། །རང་དང་གཞན་དང་གཉི་གའི་རྒྱུ་དང་འབྲེལ་པ་དང་། རྒྱུ་མེད་པ་དང་འབྲེལ་པ་ལས་དངོས་པོ་སྐྱེ་བ་ནི་ཤིན་ཏུ་ལེགས་པར་འཐད་པ་མ་ཡིན་ཏེ། འདི་ལྟར་ཡང་རང་གི་བདག་ཉིད་དངོས་པོ་རྣམས་རང་སྐྱེ་བའི་རྒྱུ་མཚན་གལ་ཏེ་ཡིན་ན་སྐྱེས་པའམ་མ་སྐྱེས་པ་ལ་ཡིན། སྐྱེས་པ་ནི་རེ་ཞིག་མ་ཡིན་ཏེ། རང་གི་བདག་ཉིད་རྒྱུ་ཡིན་པ་ན་དེའི་བདག་ཉིད་ཐམས་ཅད་རང་ཉིད་ཀྱིས་སྐྱེས་པའི་ཕྱིར་རོ། །གང་དུ་ཡང་འདི་ལ་བྱ་བ་དང་ལྡན་པར་འགྱུར་བ་བསྐྱེད་པར་
Page: 298 ༄༅། །བྱ་བ་ཡང་འདི་ལ་མ་སྐྱེས་པ་གཞན་གྱི་རང་བཞིན་མེད་པའི་ཕྱིར་ཏེ། གཅིག་པོ་འདི་ལ་ཆ་ཤས་དང་ལྡན་པའི་ཕྱིར་རོ། །ཕྱིས་སྐྱེ་བར་འགྱུར་བ་གཞན་འདི་ནི་དེའི་རང་བཞིན་དུ་རིགས་པ་མ་ཡིན་ཏེ། དེ་གྲུབ་པ་དང་མ་གྲུབ་པ་ནི་དེའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །དེ་བས་ན་རང་གི་ བདག་ཉིད་ལས་སྐྱེས་པ་ནི་ཅུང་ཟད་ཀྱང་སྲིད་པ་མ་ཡིན་ནོ། །ཡང་རང་ལས་སྐྱེ་བའི་ཕྱོགས་ལ་གང་ཡང་འཐད་པ་མ་ཡིན་ཏེ། སྔར་གྲུབ་པའི་རང་བཞིན་ལ་གཅིག་ལ་གཅིག་བརྟེན་པའི་ཉེས་པར་ཐལ་བར་འགྱུར་བས་སོ། །དེ་མ་གྲུབ་པ་ལས་ཀྱང་མ་ཡིན་ཏེ། ནམ་མཁའི་མེ་ཏོག་དང་འདྲ་བར་ནུས་ པ་མཐའ་དག་གིས་སྟོང་པ་ནི་རང་གྲུབ་པའི་རྒྱུའི་དངོས་པོར་འགྲོ་བར་རིགས་པ་མ་ཡིན་ནོ། །གཞན་དུ་ན་བོང་བུའི་རྭ་ཡང་རང་རང་གི་དངོས་པོ་བསྐྱེད་པའི་རྒྱུ་ཉིད་དུ་ཐལ་བའི་ཕྱིར་རོ། །གཞན་ལས་ཞེས་པའི་ཕྱོགས་འདི་ཡང་མ་ཡིན་ཏེ། ཉི་མ་ལས་ཀྱང་མུན་པའམ་ཐམས་ཅད་ལས་ཐམས་ཅད་སྐྱེ་ བར་ཐལ་བར་འགྱུར་བའི་ཕྱིར་དང་། བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པར་མི་འདོད་པ་དག་མངོན་པར་འདོད་པའི་འབྲས་བུ་ལ་ལྟོས་པ་སྟེ་གཞན་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་རྒྱུ་གཅིག་པ་སོ་སོར་ངེས་པ་ཡང་འབྲས་བུ་མ་སྐྱེས་པ་ན་བརྟགས་པ་ཉིད་ཀྱིས་ དངོས་པོ་ལ་རིགས་པ་མ་ཡིན་ནོ། །མ་འོངས་པའི་ཆོས་གནས་པ་ལ་ལྟོས་ནས་འབྲས་བུ་ལ་སོགས་པའི་ཐ་སྙད་དངོས་པོ་མ་ཡིན་ཏེ། དངོས་པོའི་རང་བཞིན་དུ་ཡོད་པ་དཔྱོད་པར་འགྱུར་བའི་ཕྱིར་རོ། །ས་བོན་གནས་པ་རྣམས་ལ་མྱུ་གུ་ཡོད་པ་ལྟོས་པ་ནི་ས་བོན་ལས་གཞན་ཉིད་ཡིན་པར་ བརྟགས་པ་ནི་ཡོད་པ་མ་ཡིན་ཏེ། རྒྱུ་ལ་འབྲས་བུ་ཡོད་པ་ཉིད་ནི་འགེགས་པར་འགྱུར་བ་ཡིན་པའི་ཕྱིར་རོ། །གང་དུ་མཐོང་བ་ཉིད་ཀྱི་དངོས་པོ་རྣམ་པར་དཔྱད་པས་གནས་པ་མ་ཡིན་ན་དེར་མ་འོངས་པ་ལ་སོགས་པ་རྣམས་སྲིད་པའི་བསམ་པའང་ཅི་ཡོད། གཉི་གའི་ཕྱོགས་ཀྱང་མ་ཡིན་ཏེ། སོ་ སོའི་ཕྱོགས་ལ་བརྗོད་པས་གཉི་གའི་ཕྱོགས་ལ་སྐྱོན་དུ་འགྱུར་བའི་ཕྱིར་རོ། །འབྲས་བུ་མ་སྐྱེས་པ་ན་ཡང་གཉི་གའི་རྒྱུའི་ངོ་བོ་དོན་དམ་པར་མེད་པའི་ཕྱིར་རོ། །སྐྱེས་པ་ལ་ཡང་ཅུང་ཟད་ཀྱང་བསྐྱེད་པར་བྱར་མེད་པས་གང་ལ་གཉི་གའི་ངོ་བོའི་རྒྱུའི་བྱ་བ་དང་ལྡན་པར་འགྱུར། རྒྱུ་མེད་པ་
Page: 299 ལས་ཞེས་པའི་རྣམ་པར་རྟོག་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་མེད་པར་དགག་པའི་བདག་ཉིད་ཀྱིས་འདི་རྒྱུ་མེད་པ་ལས་ཞེས་པ་ནི་འཐད་པ་མ་ཡིན་ཏེ། རྒྱུ་མེད་པ་ན་དངོས་པོ་རྣམས་ཀྱི་ཡུལ་དང་དུས་ཀྱི་ངེས་པ་མེད་པར་ཐལ་བར་འགྱུར་བའམ། རྟག་ཏུ་ཡོད་པ་དང་མེད་པར་ཐལ་བར་འགྱུར་བ་ དང་། ཐབས་ལས་བྱུང་བ་འདོད་པས་ཀྱང་སོ་སོར་ངེས་པའི་ཐབས་ཉམས་སུ་ལེན་པར་ཡང་མི་འགྱུར་རོ། །གཙོ་བོ་དང་དབང་ཕྱུག་ལ་སོགས་པ་རྣམས་རྒྱུ་ཡིན་པ་ཉིད་འདི་འགེགས་པར་འགྱུར་བའི་ཕྱིར་རོ། །རྒྱུ་མེད་པ་ལས་དངོས་པོའི་རང་བཞིན་ཐོབ་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་དངོས་ པོ་རྣམས་རང་དང་གཞན་དང་གཉི་ག་དང་རྒྱུ་མེད་པ་ལས་ཡོད་པ་སྐྱེ་བ་མི་འཐད་དོ། །དེ་སྐད་དུ་ཡང་། རང་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ན་ཡང་། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་སོ། །གཅིག་དང་དུ་མ་དང་ བྲལ་བ་དཔྱད་པས་ཀྱང་དངོས་པོ་ཐམས་ཅད་རང་བཞིན་དང་བྲལ་བས་ཡོད་པའི་དངོས་པོ་ནི་མ་ཡིན་ནོ། །དེ་ལྟ་བས་ན་རྨི་ལམ་དང་སྒྱུ་མ་དང་གཟུགས་བརྙན་ལ་སོགས་པ་དང་འདྲ་བ་རྐྱེན་ལས་བྱུང་བ་ཙམ་ཉིད་འདི་མ་བརྟགས་ན་ཉམས་དགའ་བར་གཞག་སྟེ་ཇི་ལྟར་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུར་ གྱུར་པ་མངོན་པར་ཞེན་པས་ཅི་ཞིག་བྱ་སྟེ། དགོས་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་འདི་ནི་དོན་གྱི་དེ་ཁོ་ན་ཉིད་ཡིན་ཏེ། བདག་དང་གཞན་སྨྲས་དངོས་འདི་དག །ཡང་དག་ཏུ་ན་གཅིག་པ་དང་། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་ སོ། །དེ་ལྟར་ན་རང་བཞིན་མེད་པ་ཉིད་དངོས་པོ་རྣམས་ཀྱི་གཉུག་མ་ཡིན་ཏེ་དོན་དམ་པའི་རང་བཞིན་གྱིས་གནས་པ་མ་ཡིན་ནོ། །དེ་ཉིད་ལ་སྐྱེས་བུའི་དགོས་པའི་མཆོག་དང་ཁྱད་པར་དུ་འཕགས་པར་བརྗོད་དོ། །འདི་ལ་ཡང་མངོན་པར་ཞེན་པར་མི་བྱའོ། །གཞན་དུ་ན་དངོས་པོ་ལ་མངོན་ པར་ཞེན་པ་ལ་ཁྱད་པར་དུ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། གཉི་ག་ཡང་བརྟགས་པའི་བདག་ཉིད་ཀྱིས་བསྒྲིབས་པ་ཡིན་པའི་ཕྱིར་རོ། །མེད་པར་བརྟགས་པའི་རང་བཞིན་གྱིས་རང་གི་ངོ་བོ་ཅུང་ཟད་ནི་ཡོད་པ་མ་ཡིན་ལ། དངོས་པོ་ལོག་པ་ཡང་དངོས་པོ་མེད་པ་མ་ཡིན་ཏེ། ལོག་པ་ནི་རང་བཞིན་
Page: 300 ༄༅། །མེད་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་དངོས་པོ་མ་ཡིན་ཏེ། ལོག་པ་ནི་རང་བཞིན་ཉིད་འགའ་ཞིག་གི་རང་བཞིན་ཡིན་ན། དེའི་ཚེ་བཀག་པའི་བདག་ཉིད་ཀྱང་དངོས་པོ་མེད་པར་འགྱུར་རོ། །དངོས་པོའི་རང་བཞིན་མེད་དོ་ཞེས་བསྟན་པ་ཉིད་ཡིན་ནོ། །དེའི་ཕྱིར་དངོས་པོ་ལོག་ པའི་ངོ་བོ་དངོས་མེད་ཅེས་བྱ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དངོས་པོ་དང་དངོས་པོ་མེད་པ་དག་བརྗོད་པའི་རིམ་པས་མེད་པར་བསྟན་པ་ན། དེ་གཉིས་འདྲེས་པའི་བདག་ཉིད་དམ་གཉི་ག་བཀག་པའི་རང་བཞིན་ཉིད་ནི་ཡོད་པ་མ་ཡིན་ཏེ། དངོས་པོའི་རྣམ་པར་རྟོག་པ་ཉིད་རྣམ་པར་རྟོག་པ་མཐའ་ དག་གི་རྒྱུ་ཡིན་པའི་ཕྱིར་དེ་བཀག་པ་ན་འདི་རྣམས་ཐམས་ཅད་ཉིད་དགག་པ་གཅིག་གིས་བསལ་བ་ཡིན་ནོ། །དེའི་ཕྱིར་ཡོད་པ་དང་། ཡོད་པ་མ་ཡིན་པ་དང་། ཡོད་པ་དང་མེད་པ་གཉི་ག་དང་། གཉི་གའི་བདག་ཉིད་ཀྱང་མ་ཡིན་པ་ལ་ཅུང་ཟད་ཀྱང་མངོན་པར་ཞེན་པའི་ཡུལ་དུ་བརྟག་པར་མི་བྱའོ། ། དེ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐབས་མི་མཁས་པས་གཟུགས་སྟོང་པའོ་ཞེས་ཡང་དག་པར་ཤེས་པ་ནི་ཞེན་པའོ། །ཚོར་བ་སྟོང་ པའོ་ཞེས་ཡང་དག་པར་ཤེས་ན་ཞེན་པའོ། །འདུ་ཤེས་སྟོང་པའོ་ཞེས་ཡང་དག་པར་ཤེས་ན་ཞེན་པའོ། །འདུ་བྱེད་སྟོང་པའོ་ཞེས་ཡང་དག་པར་ཤེས་ན་ཞེན་པའོ། །རྣམ་པར་ཤེས་པ་སྟོང་པའོ་ཞེས་ཡང་དག་པར་ཤེས་ན་ཞེན་པའོ། །དེ་བཞིན་དུ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཇི་སྲིད་དུ་ཆོས་ ཀྱི་བར་དུ་སྟོང་པའོ་ཞེས་ཡང་དག་པར་ཤེས་ན་ཞེན་པའོ་ཞེས་རྒྱས་པར་རོ། །ཇི་སྐད་དུ་ཡང་། ཀུན་རྟོག་ཐམས་ཅད་སྤང་བའི་ཕྱིར། །སྟོང་ཉིད་བདུད་རྩི་སྟོན་མཛད་ལ། །གང་ཞིག་དེ་ལ་ཞེན་གྱུར་ན། །དེ་ཉིད་ཁྱེད་ཀྱིས་ཤིན་ཏུ་སྨད། །ཅེས་གསུངས་པ་ཡིན་ནོ། །ཡོད་མིན་མེད་མིན་ཡོད་མེད་ མིན། །གཉིས་ཀྱི་བདག་ཉིད་དུ་ཡང་མེད། །མཐའ་བཞི་དག་ལས་ངེས་གྲོལ་བ། །དེ་ཉིད་དབུ་མར་མཁས་རྣམས་བཞེད། །ཅེས་སོ། །དེ་ལྟར་མཐའ་བཞི་ལས་གྲོལ་བ་གདོད་མ་ནས་ཞི་བ་མ་སྐྱེས་པ་མ་འགགས་པ་རྟག་པ་དང་ཆད་པ་མེད་པ་ལ་སོགས་པའི་རང་བཞིན་གྱིས་སྤྲོས་པ་དང་།
Page: 301 བྲལ་བའི་ཕྱིར་ནམ་མཁའ་བཞིན་དུ་ཆགས་པ་མེད་པ་གནས་མེད་པར་འགྲོ་བ་མ་ལུས་པར་བལྟ་བར་བྱའོ། །འདི་ནི་བདེན་པ་གཉིས་སུ་འདོད། །ཅེས་ཏེ། གང་ཞེ་ན། ཀུན་རྫོབ་དང་ནི་དོན་དམ་སྟེ། །ཞེས་འོག་ཏུ་སྦྱར་བར་བྱའོ། །ཀུན་རྫོབ་ནི་གཅིག་ཡིན་ལ་བདེན་པ་ནི་ཕྱིན་ཅི་མ་ལོག་པ་ཡིན་ནོ། ། ཡང་དོན་དམ་པ་སྟེ་བདེན་པ་གཞན་ཡིན་ལ། དང་གི་སྒྲས་ནི་བདེན་པ་ཙམ་དུ་མཚུངས་པར་སྡུད་པར་བྱེད་དོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་ནི་འཇིག་རྟེན་པའི་ཕྱིན་ཅི་མ་ལོག་པའི་ངོ་བོ་ཡིན་ལ་དོན་དམ་པའི་བདེན་པ་ལ་ཡང་བདེན་པ་ནི་སླུ་བར་མི་བྱེད་པ་ཡིན་ནོ། །དེ་ཁོ་ན་ཉིད་ནི་འཕགས་པ་རྣམས་ཀྱིའོ་ཞེས་ པ་ནི་ཁྱད་པར་རོ། །དོན་གྱི་ཁྱད་པར་འདི་ལྟ་བུ་མཐོང་བས་ཀྱང་དང་གི་སྒྲ་ནི་རིགས་པ་ཡིན་ནོ། །འདི་སྐད་བརྗོད་པར་འགྱུར་ཏེ། ཕྱི་རོལ་དང་ནང་གི་བདག་ཉིད་ཀྱི་དངོས་པོ་འདི་ཐམས་ཅད་རང་བཞིན་རྣམ་པ་གཉིས་འཛིན་པས་ཡང་དག་པར་སྐྱེ་བར་འགྱུར་ཏེ། འདི་ལྟ་སྟེ་ཀུན་རྫོབ་དང་དོན་དམ་པ་ཞེས་ པའོ། །དེ་ལ་གཅིག་ནི་མ་རིག་པའི་རབ་རིབ་ཀྱིས་བསྒྲིབས་པའི་མིག་ཅན་ཡང་དག་པ་མ་ཡིན་པའི་བདག་ཉིད་མཐོང་བའི་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡུལ་བརྫུན་པར་མཐོང་བ་ཉིད་ན་ཡང་དག་པར་མཐོང་བར་ཞེན་ཏོ། །གཞན་ནི་རྣམ་པར་འབྱེད་པའི་མིག་སྨན་གྱི་ཐུར་མས་མ་རིག་པའི་ལིང་ཏོག་ བསལ་བས་ཡང་དག་པའི་ཤེས་པའི་མིག་ཅན་དེ་ཁོ་ན་ཉིད་རིག་པའི་འཕགས་པ་རྣམས་ཀྱིས་ཡང་དག་པའི་ཤེས་པའི་ཡུལ་དུ་གྱུར་པས་རང་བཞིན་རྣམ་པར་གཞག་པ་ཡིན་ནོ། །དེ་ལྟར་དངོས་པོ་འདི་དག་ཐམས་ཅད་རང་བཞིན་གཉིས་འཛིན་པ་ཡིན་ནོ། །རང་བཞིན་འདི་དག་ལས་བྱིས་པ་བརྫུན་ པ་མཐོང་བ་རྣམས་ཀྱི་ཡུལ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། གང་ཡང་དག་པའི་གནས་སྐབས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་རྣམས་ཀྱི་ཡུལ་དེ་ནི་དོན་དམ་པའི་བདེན་པ་ཞེས་བསྟན་བཅོས་རིགས་པས་རྣམ་པར་གཞག་གོ། །གང་གསུངས་པ། ཡང་དག་དང་ནི་བརྫུན་པའི་དངོས་མཐོང་བ། །འཐོབ་ པས་དངོས་ཀུན་ངོ་བོ་གཉིས་འཛིན་ལ། །ཡང་དག་གཟིགས་ཡུལ་གང་དེ་དེ་ཉིད་དེ། །བརྫུན་པ་མཐོང་བ་ཀུན་རྫོབ་བདེན་པར་བརྗོད། །ཅེས་སོ། །དེ་ལྟར་གཉིས་བསྡུས་པ་ལ་གཉིས་སོ་ཞེས་རིགས་སོ། །འདོད་ཅེས་པ་ནི་མངོན་པར་བཞེད་པའོ། །གང་རྣམས་ཤེ་ན། སྒྲིབ་པ་སྤངས་
Page: 302 ༄༅། །པའི་ཐུགས་དང་ལྡན་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་དེའི་རྗེས་སུ་ཞུགས་པའི་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །འདི་ཉིད་བདེན་པ་གཉིས་ཡིན་ཏེ། གཞན་བདེན་པ་ནི་ཡོད་པ་མ་ཡིན་ནོ་ཞེས་དང་གི་སྒྲ་ངེས་པར་གཟུང་ བའི་དོན་དུ་ཡང་འཐད་དོ། །དེ་སྐད་དུ། བདེན་པ་གཉིས་ལ་བརྟེན་ནས་ནི། །སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་གསུངས་སོ། །ཡབ་སྲས་མཇལ་བ་ལས་ཀྱང་། འཇིག་རྟེན་མཁས་པའི་བདེན་པ་འདི་ གཉིས་ཏེ། །ཁྱེད་ཀྱིས་གཞན་ལས་མ་གསན་རང་གིས་གཟིགས། །དེ་ནི་ཀུན་རྫོབ་བདེན་དང་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་འཕགས་པ་བདེན་པ་བཞི་པོ་སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་གྱི་ མཚན་ཉིད་ཆོས་མངོན་པ་ལས་གསུངས་པ་མ་ཡིན་ནམ། དེ་ཇི་ལྟར་ན་བདེན་པ་གཉིས་ཁོ་ན་ཡིན་ཞེ་ན། བདེན་ཏེ་འོན་ཀྱང་གདུལ་བྱའི་བསམ་པ་དང་བག་ལ་ཉལ་གྱི་དབང་གིས་གཉིས་པོ་ཉིད་བཞིར་བྱས་ནས་བསྟན་པ་ཡིན་ཏེ། འདི་རྣམས་གཉིས་པོ་ཉིད་དུ་འདུས་པའི་ཕྱིར་རོ། །འདི་ལྟར་ཡང་སྡུག་བསྔལ་ དང་ཀུན་འབྱུང་བ་དང་ལམ་རྣམས་ནི་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་གྱིས་ཀུན་རྫོབ་ཀྱི་བདེན་པར་འདུས་ལ། འགོག་པའི་བདེན་པ་ནི་དོན་དམ་པའི་བདེན་པ་ཡིན་ཏེ། ཅུང་ཟད་ཀྱང་འགལ་བ་མེད་དོ། །དེ་ལྟར་གྱུར་ན་ཡང་ཀུན་རྫོབ་ནི་མ་རིག་པས་ཉེ་བར་བསྟན་པས་ཡང་དག་པ་མ་ཡིན་པའི་སྒྲོ་ བཏགས་པའི་རང་བཞིན་ཡིན་པའི་ཕྱིར་རྣམ་པར་དཔྱད་པ་ལས་ལན་བརྒྱ་ཕྲག་ཏུ་ཉམས་པར་གྱུར་ན་ཡང་ཇི་ལྟར་བདེན་པ་ཡིན་ཞེ་ན། དེ་ལ་ཡང་བདེན་མོད་ཀྱི། འོན་ཀྱང་འཇིག་རྟེན་པའི་ཞེན་པ་ལས་ཀུན་རྫོབ་ཀྱི་བདེན་པ་ཞེས་བརྗོད་དེ། འཇིག་རྟེན་པ་ཉིད་ཀུན་རྫོབ་ཀྱི་བདེན་པ་ཞེས་འདོད་ཅིང་། དེའི་རྗེས་ སུ་འབྲངས་ནས་བཅོམ་ལྡན་འདས་ཀྱིས་ཀྱང་དེ་ཁོ་ནའི་དོན་དེ་ཉིད་བཏང་སྙོམས་སུ་གཞག་ནས་ཀུན་རྫོབ་ཀྱི་བདེན་པ་ཞེས་གསུངས་ཏེ། དེ་ཉིད་ཀྱི་ཕྱིར། འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །ཞེས་བསྟན་བཅོས་སུ་ཁྱད་པར་དང་བཅས་པས་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་གསུངས་སོ། །
Page: 303 དངོས་པོ་ལ་ནི་དོན་དམ་པའི་བདེན་པ་གཅིག་པུ་ཁོ་ན་ཡིན་ཏེ། དེ་བས་ན་ཅུང་ཟད་ཀྱང་ཉམས་པ་མེད་དོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། དགེ་སློང་དག་འདི་ནི་གཅིག་པུ་སྟེ་དོན་དམ་པའི་བདེན་པའོ། །འདི་ལྟ་སྟེ་མི་བསླུ་བ་མྱ་ངན་ལས་འདས་པའི་ཆོས་ཡིན་ལ། འདུས་བྱས་ཐམས་ཅད་ ནི་བརྫུན་པ་བསླུ་བའི་ཆོས་སོ་ཞེས་གསུངས་སོ། །འདི་ནི་བདེན་པ་གཉིས་སུ་བརྗོད་པ་ཡིན་ནོ། །དེ་ལ་མ་རིག་པས་བསླང་བའི་སེམས་དེའི་རང་བཞིན་གྱིས་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ་ཞེས་རྟོགས་ལ། དོན་དམ་པའི་བདེན་པ་ནི་ཇི་ལྟ་བུ་དང་མཚན་ཉིད་གང་ཡིན་པ་དང་རང་བཞིན་གང་ཡིན་པ་མ་ ཤེས་པས་དེའི་ཚེ་མཚན་ཉིད་བརྗོད་པར་བྱ་སྟེ། འདི་ལྟར། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་གསུངས་སོ། །བློ་ནི་ཤེས་པ་ཐམས་ཅད་ཡིན་ཏེ། ཤེས་པ་ཐམས་ཅད་ཀྱི་ཡུལ་ལས་འདས་པའི་ཕྱིར་སྤྱོད་ཡུལ་མ་ཡིན་པ་སྟེ་ཡུལ་མ་ཡིན་པའོ། །བློ་དེ་ཐམས་ཅད་ཀྱི་རྣམ་པ་གང་གིས་ཀྱང་ ཡུལ་དུ་བྱ་བར་མི་ནུས་པ་ཡིན་ནོ་ཞེས་པའི་ཐ་ཚིག་སྟེ། ཇི་ལྟར་དེའི་རང་བཞིན་དེ་ལྟར་བསྟན་པར་ནུས། འདི་ལྟར་ཡང་སྤྲོས་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་རང་བཞིན་དེ་བཞིན་ཉིད་དོན་དམ་པའི་བདེན་པའི་དེ་ཁོ་ན་ཉིད་ཡིན་པ་དེའི་ཕྱིར་ཇི་ལྟར་ཡང་རྣམ་པར་རྟོག་པས་མཐོང་བ་མ་ཡིན་ཏེ། ཁྱད་པར་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །བརྟགས་པ་ལས་འདས་པའི་རང་བཞིན་ཡང་སྒྲ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ཏེ། སྒྲ་ནི་རྣམ་པར་རྟོག་པས་བསྐྱེད་པ་ཡིན་ལ་ཡུལ་མ་ཡིན་པ་ལ་རྣམ་པར་རྟོག་པའི་བློ་འཇུག་པ་མ་ཡིན་ནོ། །དེ་ལྟ་བས་ན་རྣམ་པར་རྟོག་པའི་བརྗོད་པ་ཐམས་ཅད་ དང་བྲལ་བས་སྒྲོ་མ་བཏགས་པ་ཀུན་རྫོབ་མ་ཡིན་པ་བརྗོད་དུ་མེད་པ་ནི་དོན་དམ་པ་དེ་ཁོ་ན་ཉིད་ཇི་ལྟར་ན་འདི་ལྟར་བསྟན་པར་ནུས། དེ་ལྟ་ན་ཡང་སྣོད་དང་ལྡན་པའི་ཉན་པ་པོ་རྣམས་ཇི་ལྟར་ཡང་རྗེས་སུ་གཟུང་བའི་དོན་དུ་ཡོངས་སུ་བརྟག་པ་བཟུང་ནས་ཀུན་རྫོབ་ཀྱི་བདེན་པ་དཔེ་ཉེ་བར་བསྟན་པས་ཅུང་ ཟད་བརྗོད་པ་ཡིན་ཏེ། དཔེར་ན་རབ་རིབ་ཅན་ལ་རབ་རིབ་ཀྱི་མཐུས་ནམ་མཁའི་ཕྱོགས་ཐམས་ཅད་དུ་སྐྲ་ཤད་ཀྱིས་ཁྱབ་པར་མཐོང་ནས་དེ་དང་དེར་གདོང་སྒྱུར་བར་བྱེད་དེ། དེ་ལྟར་བྱེད་པ་དེ་རབ་རིབ་མེད་པས་རིག་ནས་འདི་ཅི་བྱེད་ཅེས་དེའི་གན་དུ་སོང་ནས་དེས་མཐོང་བའི་སྐྲའི་ཡུལ་དུ་མིག་ཕྱེ་ནས་
Page: 304 ༄༅། །བལྟས་ཀྱང་སྐྲའི་གཟུགས་ནི་མཐོང་བར་མ་གྱུར་ལ། སྐྲ་ཤད་དེ་གཞིར་གྱུར་པའི་དངོས་པོ་དང་དངོས་པོ་མེད་པའི་ཁྱད་པར་རྣམས་ཡོངས་སུ་རྟོགས་པ་མ་ཡིན་ནོ། །གང་གི་ཚེ་ཡང་རབ་རིབ་ཅན་གྱིས་རབ་རིབ་མེད་པ་ལ་འདི་ནི་སྐྲ་ཡོད་དོ་ཞེས་རང་གི་བསམ་པས་སྟོན་པར་ བྱེད་པ་དེའི་ཚེ་དེའི་རྣམ་པར་རྟོག་པ་སྤང་བའི་དོན་དུ་དེ་ལ་འདི་ན་སྐྲ་ཤད་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་འདི་སྟོན་པར་བྱེད་དེ། །རབ་རིབ་ཅན་གྱིས་མཐོང་བའི་ངོར་དགག་པ་ལྷུར་བྱེད་པ་ཉིད་ཀྱི་ཚིག་འདི་སྨྲས་པ་ཡིན་ཏེ། དེ་རྣམས་ཀྱིས་དེ་སྐད་སྨྲས་པ་ན་ཡང་ དགག་པའམ་བསྒྲུབ་པར་བྱས་པ་ནི་ཡོད་པ་མ་ཡིན་ནོ། །སྐྲ་ཤད་ཀྱི་དེ་ཁོ་ན་ཉིད་དེ་ཡང་རབ་རིབ་ཅན་གྱིས་མཐོང་བ་གང་ཡིན་པ་དེ་རབ་རིབ་མེད་པས་མཐོང་བ་ནི་མ་ཡིན་ནོ། །དེ་བཞིན་དུ་མ་རིག་པའི་རབ་རིབ་ཀྱིས་ཉམས་པ་དང་ལྡན་པས་དེ་ཁོ་ན་ཉིད་མ་མཐོང་བའི་བྱིས་པས་གང་ཕུང་པོ་དང་ཁམས་ དང་སྐྱེ་མཆེད་ཀྱི་རང་བཞིན་འདི་དམིགས་པ་མ་ཡིན་ཏེ། དེ་རྣམས་ཀྱི་ཀུན་རྫོབ་ཀྱི་ངོ་བོ་ཕུང་པོ་ལ་སོགས་པ་དེ་རྣམས་རང་བཞིན་གང་གིས་རབ་རིབ་མེད་པས་མཐོང་བའི་ཚུལ་གྱིས་མ་རིག་པའི་བག་ཆགས་མཐའ་དག་སྤངས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཟིགས་པ་དེ་ནི་དེ་རྣམས་ ཀྱི་དོན་དམ་པའི་བདེན་པ་ཡིན་ནོ། །ཇི་སྐད་དུ། བསྟན་བཅོས་མཁྱེན་པས། གང་ཞིག་རབ་རིབ་སྣང་བས་རྣམ་བརྟགས་པ། །སྐྲ་སོགས་ངོ་བོ་དེ་ཉིད་ཕྱིན་ཅི་ལོག །མཐོང་དག་གང་གིས་ཡང་དག་མཐོང་དེ་ནི། །དེ་ཉིད་ཡིན་ཏེ་དེ་བཞིན་འདིར་ཤེས་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་ ལྟར་དོན་དམ་པ་བརྗོད་པར་བྱ་བ་མ་ཡིན་ཡང་། དོན་དམ་པའི་དེ་ཁོ་ན་ཉིད་གཟིགས་པའི་སྒོ་ནས་ཉེ་བར་བརྟགས་པ་བཟུང་སྟེ། ཀུན་རྫོབ་ཇི་ལྟར་ཡང་བསྟན་པ་ཡིན་ལ། ཀུན་རྫོབ་ཀྱི་ཐ་སྙད་མ་ལུས་པ་སྤངས་པ་དེས་དངོས་པོའི་རང་བཞིན་སྨྲ་བར་ནུས་པ་ནི་མ་ཡིན་ཏེ། ཇི་སྐད་དུ། ཡི་གེ་ མེད་པའི་ཆོས་རྣམས་ལ། །ཉན་པ་པོ་གང་སྟོན་པ་གང་། །དོན་གང་ཉན་ཅིང་སྟོན་བྱེད་པ། །སྒྲོ་བཏགས་པས་ན་ཡི་གེ་མེད། །ཅེས་གསུངས་སོ། །དེ་ལྟ་བས་ན་ཐ་སྙད་པའི་བདེན་པ་ཉིད་ལ་བརྟེན་ནས་དོན་དམ་པ་སྟོན་པ་ཡིན་ཏེ། དོན་དམ་པ་བསྟན་པ་རྟོགས་པས་ཀྱང་དོན་དམ་
Page: 305 པ་མངོན་དུ་བྱེད་པ་ཡིན་ཏེ། དེ་ཉིད་དེའི་ཐབས་ཡིན་པའི་ཕྱིར་རོ། །གང་བསྟན་བཅོས་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མེད་པར། །མྱ་ངན་འདས་པ་འཐོབ་མ་ཡིན། །ཞེས་གསུངས་སོ། །དེ་ལྟར་དོན་དམ་པ་བསྟན་པ་ནི་ཐབས་ཡིན་ལ། དོན་དམ་པ་རྟོགས་ པ་ཡང་ཐབས་ལས་བྱུང་བ་ཡིན་ཏེ། གཞན་དུ་ན་དེ་བསྟན་པར་མི་ནུས་པའི་ཕྱིར་རོ། །ཅི་སྟེ་ཡང་དེ་ལྟ་བུར་གྱུར་པ་ཡང་དེ་ལྟ་བུར་གྱུར་པའི་བློའི་ཡུལ་ཡིན་ཏེ། དོན་དམ་པར་ཅིའི་ཕྱིར་མི་འགྱུར་ཞེ་ན། འདི་ལ། བློ་ནི་ཀུན་རྫོབ་ཡིན་པར་བརྗོད། །ཅེས་གསུངས་པ་ཡིན་ཏེ། བློ་ལ་སྣང་བ་དང་མི་སྣང་བ་ཉིད་ཀྱི་ ཐམས་ཅད་བརྟགས་པའི་རང་བཞིན་ཡིན་ཏེ། རྟོག་པ་ཡང་ཐམས་ཅད་དུ་མ་རིག་པའི་རང་བཞིན་ཡིན་ཏེ། དངོས་པོ་མེད་པ་འཛིན་པའི་ཕྱིར་རོ། །གང་རྣམ་པར་རྟོག་པ་འདི་རང་ཉིད་ཀྱིས་མ་རིག་པའི་ངོ་བོར་གྱུར་ཞེས་གསུངས་སོ། །མ་རིག་པ་ཡང་ཀུན་རྫོབ་ཡིན་ཏེ། དེའི་ཕྱིར་བརྒྱ་ལ་ཡང་བློ་ནི་དོན་དམ་པའི་རང་ བཞིན་འཛིན་པར་དོན་དམ་པར་འཐད་པ་ནི་མ་ཡིན་ནོ། །གཞན་དུ་ན་ཀུན་རྫོབ་བློའི་གཟུང་བར་བྱ་བ་ཡིན་པས་དོན་དམ་པའི་རང་བཞིན་ཉིད་དེ་ཉམས་པར་འགྱུར་ཏེ། དངོས་པོ་ལ་དོན་དམ་པ་ནི་ཀུན་རྫོབ་ཀྱི་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་འཕགས་པ་བདེན་པ་གཉིས་ལ་ འཇུག་པ་དེར་ཡང་། ལྷའི་བུ་གལ་ཏེ་དོན་དམ་པའི་བདེན་པ་ལུས་དང་ངག་དང་ཡིད་ཀྱི་སྤྱོད་ཡུལ་དུ་གྱུར་ན་དེ་དོན་དམ་པའི་གྲངས་སུ་མི་འགྲོ་ཞིང་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །ལྷའི་བུ་འོན་ཀྱང་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་འདས་པ་དང་། ཡང་དག་པར་མ་སྐྱེས་པ་དང་། མ་འགགས་པ་དང་། བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་དང་། ཤེས་བྱ་དང་། ཤེས་པ་དང་བྲལ་བ་ཡིན་ཏེ། ཇི་སྲིད་དུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་འདས་པ་ནི་དོན་དམ་པའི་བདེན་པ་ཡིན་ནོ་ཞེས་རྒྱས་པར་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ རྣམ་པར་རྟོག་པ་རྣམས་ཀྱི་ཡུལ་མ་ཡིན་ཏེ། གང་དངོས་པོ་དང་དངོས་པོ་མེད་པ་ཡིན་པ། རང་དང་གཞན་གྱི་དངོས་པོ་དང་། བདེན་པ་དང་བདེན་པ་མ་ཡིན་པ་དང་། རྟག་པ་དང་། ཆད་པ་དང་། རྟག་པ་དང་། མི་རྟག་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། གཙང་བ་དང་། མི་གཙང་བ་དང་། བདག་དང་།
Page: 306 ༄༅། །བདག་མེད་པ་དང་། སྟོང་པ་དང་། སྟོང་པ་མ་ཡིན་པ་དང་། གཅིག་དང་དུ་མ་དང་། སྐྱེ་བ་དང་། འགག་པ་ལ་སོགས་པའི་ཁྱད་པར་རྣམས་དེ་ཁོ་ན་ཉིད་དུ་སྲིད་པ་མ་ཡིན་ཏེ། འདི་རྣམས་ཀུན་རྫོབ་ཀྱི་ཆོས་ཡིན་པའི་ཕྱིར་རོ། །འདི་ཡང་བཅོམ་ལྡན་འདས་ཀྱིས་ཡབ་དང་སྲས་ མཇལ་བའི་མདོ་ལས་ཇི་སྐད་དུ། འདི་ལྟར་དེ་བཞིན་གཤེགས་པས་ཀུན་རྫོབ་དང་། དོན་དམ་པ་གཉིས་ཐུགས་སུ་ཆུད་དེ། ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་། དོན་དམ་པ་འདིར་ཟད་དོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་དུ་རབ་ཏུ་གཟིགས། རབ་ཏུ་མཁྱེན། ལེགས་པར་མངོན་དུ་མཛད་པས་ དེའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱའོ། །དེ་ལ་ཀུན་རྫོབ་ནི་འཇིག་རྟེན་གྱི་སྤྱོད་པར་དེ་བཞིན་གཤེགས་པས་གཟིགས་སོ། །དོན་དམ་པ་གང་ཡིན་པ་དེ་ནི་བརྗོད་དུ་མེད་པ་སྟེ། ཤེས་པར་བྱ་བ་མ་ཡིན་པ། རྣམ་པར་ཤེས་པར་བྱ་བ་མ་ཡིན་པ། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་པ། མ་བསྟན་པ། རབ་ ཏུ་མ་བསྟན་པ་ནས་བྱ་བ་མེད་པའི་བར་དང་། བྱེད་པ་མེད་པ་ནས་ཇི་སྲིད་དུ་ཐོབ་པ་མ་ཡིན་པ། མ་ཐོབ་པ་མ་ཡིན་པ། བདེ་བ་མ་ཡིན་པ། སྡུག་བསྔལ་བ་མ་ཡིན་པ། སྙན་པ་མ་ཡིན་པ། མི་སྙན་པ་མ་ཡིན་པ། གཟུགས་མ་ཡིན་པ། གཟུགས་མེད་པ་མ་ཡིན་པ་ཞེས་པ་ལ་སོགས་སོ། །དེ་ལྟར་ན་ཀུན་ རྫོབ་ཀྱི་ཁྱད་པར་མཐའ་དག་ནུབ་པ་ཁྱད་པར་མ་ལུས་པ་དང་བྲལ་བ་ལ་དངོས་པོ་མཐའ་ཡས་ཤིང་ཡངས་པ་ཁྱབ་པའི་ཡེ་ཤེས་ཀྱི་སྣང་བ་ལ་གསལ་བའི་ནང་གི་བདག་ཅན་བཅོམ་ལྡན་འདས་ཀྱིས་དོན་དམ་པའི་བདེན་པའོ་ཞེས་གསུངས་སོ། །འདི་འཕགས་པ་རྣམས་ཉིད་ཀྱིས་རང་རིག་པའི་རང་བཞིན་ ཡིན་པས་སོ་སོ་རང་གིས་རིག་པ་ཡིན་ཏེ། དེའི་ཕྱིར་དེ་ཉིད་འདི་ལ་ཚད་མ་ཡིན་ནོ། །ཀུན་རྫོབ་ཀྱི་བདེན་པ་ནི་འཇིག་རྟེན་པའི་ཐ་སྙད་ལ་བརྟེན་ནས་བསྟན་པ་ཡིན་ནོ། །དེ་འདི་ལྟར་རྣམ་པར་དབྱེ་བ་ཇི་ལྟ་བར་བདེན་པ་གཉིས་ཤེས་པས་ཕྱིན་ཅི་མ་ལོག་པར་ཆོས་རྣམ་པར་འབྱེད་པ་སྐྱེ་བར་འགྱུར་རོ། །དེ་ ལྟར་ཀུན་རྫོབ་དང་དོན་དམ་པའི་དབྱེ་བས་བདེན་པ་གཉིས་སུ་རྣམ་པར་གཞག་ནས། དེ་ལ་དབང་བའི་འཇིག་རྟེན་ཡང་རྣམ་པ་གཉིས་ཉིད་དོ་ཞེས་བསྟན་པའི་ཕྱིར། དེ་ལ་འཇིག་རྟེན་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་ནི་དེ་དག་ལ་སྟེ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་དབང་བར་གནས་
Page: 307 པའི་བདེན་པ་གཉིས་རྟོགས་པར་བྱེད་པ་པོ་ཞེས་བྱ་བའི་ཐ་ཚིག་གོ། །འཇིག་རྟེན་ནི་སྐྱེ་བོ་ཡིན་ལ་གཉིས་ནི་རྣམ་པ་གཉིས་ཡིན་ཏེ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་རྟོགས་པ་དག་གོ། །འཇིག་རྟེན་ཞེས་པ་ནི་སྤྱིའི་ཚིག་ཡིན་པ་དེས་ན་ཕུང་པོ་གཉིས་ཡིན་ནོ་ཞེས་པའི་དོན་ཏོ། །མཐོང་བ་ནི་ ལུང་དང་རིགས་པས་རྟོགས་པའོ། །ཇི་ལྟར་ན་རྣམ་པ་གཉིས་སུ་བྱས་ཤེ་ན། རྣལ་འབྱོར་པ་དང་ཕལ་པའོ་ཞེས་པ་སྟེ། རྣལ་འབྱོར་ནི་ཏིང་ངེ་འཛིན་ཡིན་ལ། ཆོས་ཐམས་ཅད་མ་དམིགས་པའི་མཚན་ཉིད་ཡིན་ཏེ། དེ་གང་ལ་ཡོད་པ་དེ་ནི་རྣལ་འབྱོར་པ་ཡིན་ལ། འཇིག་རྟེན་ཞེས་ཕུང་པོ་རྣམས་ གཅིག་ཏུ་བྱས་སོ། །དེ་བཞིན་དུ་ཕལ་པ་ནི་འཁོར་བར་འཇུག་པའི་རྒྱུ་མ་རིག་པ་དང་སྲིད་པ་ཡིན་ལ། དེ་ལས་བྱུང་བ་ནི་ཕལ་པ་ཡིན་ཏེ། ཕལ་པ་ཉིད་ཕལ་པ་ཡིན་ལ་འཇིག་རྟེན་ནི་གཉིས་པའོ། །དེ་ལ་རྣལ་འབྱོར་པ་ཉིད་ནི་གཙོ་བོ་ཡིན་ཏེ་ཕྱིན་ཅི་མ་ལོག་པར་མཐོང་བ་ཡིན་ནོ། །ཕལ་པས་དངོས་ པོ་ཕྱིན་ཅི་ལོག་ཏུ་མཐོང་བ་ཡིན་ཏེ་འཁྲུལ་པའི་ཕྱིར་རོ། །དེ་ལྟར་ན་ཡང་གཉི་གས་རང་གི་དེ་ཁོ་ན་ཉིད་ཅི་ལྟ་བ་མཐོང་བས་གང་ཞིག་མ་འཁྲུལ་པ་ཅན་ཡིན་ཞེ་ན། གང་ཉིད་ལ་གཞན་གྱིས་གནོད་པའོ། །ཡང་འདི་དག་ལས་གང་གིས་གནོད་པ་ཡིན་ཞེ་ན། དེ་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་ ཞེས་པ་ནི་བདུན་པའི་མཐའ་ཅན་སྤྱིར་བཏང་བའི་ཚིག་དང་དམིགས་ཀྱིས་དགའ་བ་ལ་བདུན་པའོ། །དེ་ལ་རྣལ་འབྱོར་པ་དང་འཇིག་རྟེན་ཕལ་པ་དེ་དག་གི་ནང་ནས་འཇིག་རྟེན་ཕལ་པ་ནི་ཕལ་པའི་རིགས་ཀྱི་སྤྱི་ལས་དམིགས་ཀྱིས་བསལ་བ་ཡིན་ཏེ། དམིགས་ཀྱིས་བསལ་ནས་ཀྱང་གནོད་ཅེས་པ་ནི་ གནོད་པར་བརྗོད་དོ། །གང་ལས་ལྟོས་ནས་ཤེ་ན། རྣལ་འབྱོར་འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་པ་ཉིད་འཇིག་རྟེན་ཡིན་ཏེ་རྣལ་འབྱོར་པའི་འཇིག་རྟེན་པའོ། །དེས་གནོད་པ་ནི་ཕྱིན་ཅི་ལོག་གི་བློར་རྣམ་གཞག་བྱེད་པའོ། །ཇི་ལྟར་ཞེ་ན། བློ་ཁྱད་ཀྱིས་ཞེས་པ་སྦྱར་བར་བྱ་ སྟེ། རྣལ་འབྱོར་པ་ལ་ནི་འཇིག་རྟེན་པས་གནོད་པ་མ་ཡིན་ནོ། །འདིར་བསམ་པ་ནི་འདི་ཡིན་ཏེ། ཇི་ལྟར་འཁྲུལ་པས་བསྐྱེད་པའི་དངོས་པོར་རབ་རིབ་ཀྱིས་ཉམས་པར་བྱས་པའི་མིག་ཅན་གྱི་མི་བདེན་པའི་སྐྲ་ཤད་མཐོང་བའི་ཤེས་པ་ལ་ནི་དངོས་པོ་ཇི་ལྟར་གནས་པའི་དེ་ཁོ་ན་ཉིད་འཛིན་པ་རབ་རིབ་མེད་
Page: 308 ༄༅། །པ་ཅན་གྱི་ཤེས་པས་གནོད་དོ། །དེ་བཞིན་དུ་རབ་རིབ་མེད་པ་ཅན་གྱི་ཤེས་པ་ལ་ནི་རབ་རིབ་ཅན་གྱི་ཤེས་པས་མི་གནོད་དེ། དེ་བཞིན་དུ་མ་རིག་པའི་དྲི་མའི་རབ་རིབ་ཀྱིས་བློའི་མིག་སྐྱོན་ཅན་དུ་བྱས་པས་དངོས་པོའི་རང་བཞིན་ཕྱིན་ཅི་ལོག་ཏུ་འཛིན་པ་ནི་ཕལ་པའི་ཤེས་པ་ཡིན་ལ། ཤེས་རབ་ཀྱི་ཆུས་བཀྲུས་པའི་མཚན་ཉིད་ཅན་དྲི་མ་དང་བྲལ་བ་ཟག་པ་མེད་པའི་མིག་དག་གིས་དངོས་པོ་གཉུག་མའི་དེ་ཁོ་ན་ཉིད་རིག་པའི་རྣལ་འབྱོར་པས་འཇིག་རྟེན་པའི་ཤེས་པ་ལ་གནོད་ལ། སླར་ཅིག་ཤོས་ཀྱིས་ནི་རྣལ་འབྱོར་པའི་ཤེས་པ་ལ་གནོད་པ་མ་ཡིན་ནོ། །ཇི་ལྟར་མཐོང་བའི་རབ་རིབ་མིག་ ཅན་གྱིས། །རབ་རིབ་མེད་པའི་ཡེ་ཤེས་ལ་གནོད་མིན། །དེ་བཞིན་ཤེས་པ་དྲི་མའི་དབང་གྱུར་པས། །དྲི་མེད་བློ་ལ་གནོད་པ་ཡོད་མ་ཡིན། །ཞེས་གསུངས་ཏེ། དེ་བས་ན་ཕལ་པའི་ཤེས་པ་འཁྲུལ་པ་ཉིད་ལ་གནོད་དོ། །འོན་ཏེ་ཅི་ཕལ་པ་ཉིད་ལ་རྣལ་འབྱོར་པ་རྣམས་ཀྱིས་གནོད་དམ། འོན་ཏེ་རྣལ་ འབྱོར་པ་ལ་གནོད་ཅེ་ན། གོང་མ་ཞེས་པ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་པ་ལ་ཡང་རྣལ་འབྱོར་པ་གཞན་དང་གཞན་གྱིས་གནོད་དེ། ཕལ་པ་འབའ་ཞིག་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཡང་གི་སྒྲའི་དོན་ཏོ། །ཇི་ལྟ་བུར་གྱུར་པ་ཞེ་ན། གོང་མ་གོང་མའི་ཞེས་ཏེ། གོང་མ་ལས་ཀྱང་གོང་མ་དེ་རྣམས་ཀྱིས་ སོ། །ཡོན་ཏན་གྱི་ཁྱད་པར་ཞེས་གོང་ནས་གོང་དུ་གནས་པའི་དབྱེ་བས་ཁྱད་པར་ཐོབ་པ་སྟེ་ལྷག་ཅིང་ལྷག་པས་ཞེས་པའི་དོན་ཏེ། དེ་ལ་ལྟོས་ནས་ཡོན་ཏན་ཆུང་བར་གྱུར་པ་འོག་མའི་གནོད་པར་བྱེད་པ་ཡིན་ལ། ཡེ་ཤེས་ཀྱི་ཆེ་བའི་བདག་ཉིད་ལ་སོགས་པ་རྣམས་ཀྱིས་ཟིལ་གྱིས་གནོན་ཏོ། ། ཇི་ལྟར་ཞེ་ན། བློ་ཁྱད་ཀྱིས་ཏེ། བློ་ནི་ཡེ་ཤེས་ཡིན་ཏེ་ཤེས་རབ་ཀྱི་ཁྱད་པར་དེས་སྒྲིབ་པ་དེ་དང་བྲལ་བས་མཆོག་ཏུ་གྱུར་པ་ཡིན་ལ་འདི་ཡང་མཚོན་པ་ཙམ་སྟེ་བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ལ་སོགས་པའི་ཁྱད་པར་རྣམས་ཀྱིས་ཀྱང་ཡིན་ནོ། །འདི་ལྟར་ཡང་ས་དང་པོ་རབ་ཏུ་དགའ་བར་ གྲགས་པ་ཐོབ་པའི་བྱང་ཆུབ་སེམས་དཔའི་ཤེས་རབ་ལ་སོགས་པའི་ཡོན་ཏན་ལ་ལྟོས་ན་དེའི་གོང་མ་དྲི་མ་མེད་པར་བརྗོད་པའི་ས་གཉིས་པ་ཐོབ་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་སྟོབས་ལ་སོགས་པ་རྣམས་ཀྱི་ཡོན་ཏན་ཁྱད་པར་དུ་འཕགས་སོ། །དེ་བཞིན་དུ་ས་གོང་མ་གོང་མ་གཞན་
Page: 309 འཐོབ་པ་རྣམས་ལ་ཡང་རིག་པར་བྱའོ། །དེ་བཞིན་དུ་བསམ་གཏན་དང་པོ་ལ་སོགས་པ་ཐོབ་པ་རྣམས་ལ་ཡང་གོང་མ་གོང་མས་གནོད་པར་སྦྱར་བར་བྱ་སྟེ། ཟག་པ་དང་བཅས་པ་རྣམས་ལ་ཟག་པ་མེད་པ་རྣམས་ཀྱིས་ཞེས་པའི་བར་དུའོ། །དེ་ལྟར་བདེན་ན་ཡང་རྣལ་འབྱོར་པའི་བློའི་ཁྱད་པར་ལས་ ཕལ་པའི་ཤེས་པ་འཁྲུལ་པ་ཡིན་ནོ་ཞེས་ཇི་ལྟར་རྟོགས་པར་ནུས་ཤེ་ན། གཉི་ག་ཡང་ནི་འདོད་པའི་དཔེས། །ཞེས་གསུངས་ཏེ། རྣལ་འབྱོར་པ་དང་ཕལ་པ་གཉི་ག་འདོད་ཅིང་མངོན་པར་འདོད་པའི་དཔེ་སྟེ་ཉེ་བར་སྦྱར་བ་དེས་སོ། །གང་འདིར་མདོ་རྣམས་སུ་བཅོམ་ལྡན་འདས་ཀྱིས་སྒྱུ་མ་དང་། སྨིག་རྒྱུ་དང་དྲི་ཟའི་གྲོང་ཁྱེར་དང་། གཟུགས་བརྙན་ལ་སོགས་པའི་དཔེ་གསུངས་པ་ཡིན་ཏེ། དེ་ཡང་གཉི་ག་ལ་རང་བཞིན་མེད་པར་གྲུབ་པ་ཡིན་ལ། དེ་དང་ཆོས་མཐུན་པས་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་སྟོན་པའི་ཕྱིར་རོ། །འདི་ལྟར་རེ་ཞིག་སྐྱེ་བོ་ཐམས་ཅད་ཀྱིས་རྟོགས་པའི་གཟུགས་ ལ་སོགས་པ་རྣམས་རྣལ་འབྱོར་པ་དེ་དག་ཉིད་ཀྱིས་རང་བཞིན་མེད་པ་ཉིད་དུ་རྟོགས་པ་ཡིན་ཏེ། དོན་དམ་པའི་བདེན་པ་རྟོགས་པའི་ཕྱིར་རོ། །ཡང་གང་དག་གིས་འདི་རྣམས་སྒྱུ་མ་ལ་སོགས་པར་དམིགས་པ་དེ་རྣམས་ཕལ་པ་རྣམས་ལ་ཡང་འགྲུབ་སྟེ། དེའི་ཕྱིར་གཉི་ག་ལ་ཡང་ལོག་པར་རྟོགས་ པ་མེད་པའི་ཕྱིར་དཔེའི་ཆོས་རྣམས་ཉམས་པ་མེད་དོ། །ཡང་དཔྱོད་པ་ལ་སོགས་པ་གང་རྣམས་ཡུལ་དང་དུས་གཞན་གྱི་བདག་ཉིད་དངོས་པོ་ཉིད་དེ་དེ་བཞིན་དུ་སྣང་བ་ཡིན་ནོ་ཞེས་འདོད་དེ། དེ་རྣམས་ཀྱང་གཞན་དུ་སུན་ཕྱུང་བའི་ཕྱིར་དེའི་འདོད་པ་འདིར་འགེགས་པ་མ་ཡིན་ནོ། །རང་གི་སྡེ་པ་གང་དག་ ཀྱང་སེམས་ཀྱི་དངོས་པོ་ཡོད་པ་ཉིད་རྨི་ལམ་ལ་སོགས་པ་རྣམས་ལ་དེ་ལྟར་སྣང་བར་འདོད་དེ། དེ་རྣམས་ཀྱང་སྐབས་ཇི་ལྟ་བར་འོག་ནས་རང་རིག་པ་འགེགས་པར་སུན་འབྱིན་པར་འགྱུར་རོ། །རིགས་པས་གྲུབ་པ་ཡང་གཉི་ག་ལ་གྲུབ་པ་ཡིན་ནོ། །དེའི་ཕྱིར་དཔེ་དེས་ཕྱིན་ཅི་ལོག་གི་དངོས་པོའི་རང་ བཞིན་འཛིན་པ་ཐ་མལ་པའི་ཤེས་པ་འཁྲུལ་པ་ཞེས་རྣམ་པར་འཇོག་གོ། །དེ་བཞིན་དུ་རྣལ་འབྱོར་པའི་ཤེས་པ་ལ་ཡང་ཇི་ལྟར་རིགས་པར་ཤེས་པར་བྱའོ། །གལ་ཏེ་དངོས་པོ་ཐམས་ཅད་རང་བཞིན་མེད་པ་ཞེས་པ་དངོས་པོའི་དེ་ཁོ་ན་ཉིད་ཡིན་ན། འོ་ན་སེམས་ཅན་ཐམས་ཅད་གདོན་པའི་བསམ་
Page: 310 ༄༅། །པས་སྦྱིན་པ་ལ་སོགས་པའི་ཚོགས་ཡོངས་སུ་རྫོགས་པའི་དོན་དུ་དེ་ཁོ་ན་ཉིད་རྟོགས་པའི་བྱང་ཆུབ་སེམས་དཔའ་ཡང་ཇི་ལྟར་འཇུག་པར་འགྱུར་ཏེ། དེ་རྣམས་ཀྱང་རང་བཞིན་མེད་པ་ཡིན་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར། དགོས་པའི་དོན་དུ་མ་དཔྱད་ཕྱིར། །ཞེས་པ་ལ་སོགས་ པ་གསུངས་ཏེ། དགོས་པ་ནི་བསྒྲུབ་བྱ་དང་བླང་བྱ་དང་འབྲས་བུར་བརྗོད་ལ་དེའི་དོན་ནི་དེའི་རྒྱུ་མཚན་དུའོ། །མ་དཔྱད་པ་ནི་མ་བརྟགས་པར་དེའི་རྒྱུ་ལ་འཇུག་པའི་ཕྱིར་ཏེ། དེ་ལྟར་གྱུར་ན་ཡང་དེ་ལ་འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ངེས་པ་ཡོད་པའི་ཕྱིར་རྒྱུ་དང་འབྲས་བུ་ལ་འགལ་བ་མེད་དོ། །འདི་སྐད་ དུ། གལ་ཏེ་ཡང་སྒྱུ་མ་ལ་སོགས་པ་རང་བཞིན་མེད་པས་སྦྱིན་པ་ལ་སོགས་པ་རྣམས་རང་བཞིན་མེད་པ་དེ་ལྟ་ན་ཡང་འཁོར་གསུམ་ཡོངས་སུ་དག་པས་གུས་པ་ལ་སོགས་པའི་སྦྱོར་བ་ཡོངས་སུ་གོམས་པ་ན། དོན་དམ་པ་རྟོགས་པའི་ཆེད་དུ་དེ་ལྟ་བུར་གྱུར་པ་ཡང་རྒྱུའི་དངོས་པོ་ཉིད་དུ་འགྱུར་ཏེ། དེ་ རྣམས་ཀྱི་ཐབས་ཡིན་པའི་ཕྱིར་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར་རོ། །འདི་ལྟ་བུ་ནི་འབྲས་བུར་རྟོགས་ཏེ་དེ་དེའི་ཐབས་ལས་བྱུང་བ་ཡིན་པའི་ཕྱིར་རོ་ཞེས་བརྗོད་པར་བྱའོ། །དེ་སྐད་དུ། ཐབས་སུ་གྱུར་པ་ཐ་སྙད་བདེན་པ་དང་། །ཐབས་ལས་བྱུང་བའི་ དོན་དམ་བདེན་པ་དག །ཅེས་གསུངས་སོ། །འདི་ནི་ངེས་པར་དེ་ལྟར་ཡིན་ཏེ། གཞན་དུ་ན་དྲི་མ་དང་བཅས་པའི་གནས་སྐབས་ན་ལམ་ལ་སོགས་པ་མེད་ན་དྲི་མ་དང་བཅས་པའི་གནས་སྐབས་ལས་དྲི་མ་མེད་པ་ལ་གནས་པ་དང་། རྟོག་པ་དང་བཅས་པའི་གནས་སྐབས་ལས་རྟོག་པ་མེད་པར་ཇི་ལྟར་ སྐྱེ་བར་འགྱུར་ཏེ། དེ་དོན་དམ་པར་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ནི་གཞན་དུ་ཡང་མཚུངས་པ་ཡིན་ཏེ། ཆོས་ཐམས་ཅད་དོན་དམ་པར་རང་བཞིན་མེད་པའི་ཕྱིར་རོ། །རྒྱུ་ཉིད་དང་དེའི་རང་བཞིན་ཐམས་ཅད་ལ་འབྲས་བུར་འདོད་དོ། །དེའི་ཕྱིར་ཀུན་རྫོབ་རང་བཞིན་མེད་པ་ལས་ ཀྱང་རང་བཞིན་མེད་པའི་རྟོགས་པ་ཉིད་འབྲས་བུ་ཡིན་ནོ། ཇི་ལྟར་འདུས་བྱས་པའི་ལམ་ལས་གཞན་འདུས་མ་བྱས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ཏེ། དེ་ལྟར་ན་སྦྱིན་པ་ལ་སོགས་པ་དངོས་པོ་ལ་རང་བཞིན་མེད་པ་ཡིན་ན་ཡང་དོན་དམ་པའི་དེ་ཁོ་ན་ཉིད་རྟོགས་པའི་ཆེད་དུ་
Page: 311 སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེས་འཛིན་པར་མཛད་དེ། གཞན་དུ་ན་དོན་དམ་པ་རྟོག་པ་དང་བྲལ་བའི་ཕྱིར་རོ། །དེས་ན་སྦྱིན་པ་ལ་སོགས་པ་ལ་འཇུག་པ་མ་བཀག་པ་ཉིད་དེ། དེ་བས་ན་འདོད་པ་དང་མི་འདོད་པའི་འབྲས་བུ་ཐོབ་པ་དང་སྤོང་བར་འདོད་པས་དགེ་བ་དང་ མི་དགེ་བ་དག་ལ་འཇུག་པ་དང་ལྡོག་པར་བྱ་སྟེ། འདི་ཡང་ཕྱི་ནས་གསལ་བར་བྱེད་པར་འགྱུར་རོ། །དེ་ལྟར་གྱུར་ན་སྒྱུ་མ་ལ་སོགས་པ་དང་མཚུངས་པའི་དངོས་པོའི་རང་གི་ངོ་བོའི་རང་བཞིན་རྣལ་འབྱོར་པ་རྟོགས་པ་དེ་ཉིད་སྐྱེ་བོ་ཕལ་པས་རྟོགས་ན་ཇི་ལྟར་གོང་དུ་ལོག་པར་རྟོགས་པ་ཡོད་པར་འགྱུར་ཞེ་ན། འཇིག་རྟེན་ཞེས་པ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་པ་ནི་སྐྱེ་བོ་ཕལ་པ་སྟེ་རྒྱུ་དང་། རྐྱེན་ལ་བརྟེན་ནས་དངོས་པོ་རྣམས་རང་བཞིན་ཐོབ་པོ་ཞེས་སོ། །དེ་ལྟར་ན་དངོས་པོའི་སྒྲས་ནི་ཡོད་པའི་རང་བཞིན་གྱིས་དངོས་པོ་མེད་པ་བརྗོད་པ་ཉིད་དུ་རྟོགས་སོ། །མཐོང་བ་འབའ་ཞིག་ནི་མ་ཡིན་གྱི་ ཡང་དག་པ་ཉིད་དུ་རྟོག་པར་བྱེད་པའང་ཡིན་ཏེ། ཇི་ལྟར་རང་བཞིན་རྟོགས་པ་ཉིད་དོན་དམ་པར་ཞེན་པར་བྱེད་དོ་ཞེས་པའི་དོན་ཏོ། །གང་འདི་ནི་བདག་གི་རྟོགས་པའི་སྤྱོད་ཡུལ་དུ་གྱུར་པའི་ངོ་བོ་ཡིན་ཏེ། དེ་དངོས་པོ་ཉིད་ཡིན་ནོ་ཞེས་ཞེན་པའི་ཕྱིར་ལ་སྒྱུ་མ་བཞིན་དུ་ནི་མ་ཡིན་ཏེ། ཡང་ཇི་ལྟར་རྣལ་ འབྱོར་པས་སྒྱུ་མ་བཞིན་དུ་སྟེ། སྒྱུ་མ་ལྟ་བུར་དོན་དམ་པའི་རང་བཞིན་མཐོང་བ་དེ་བཞིན་དུ་རྟོགས་པ་མ་ཡིན་ནོ། །དེའི་ཕྱིར་འདིར་ཞེས་ཏེ་འདི་ལ་སྤྱོད་པ་སྟེ་ལོག་པར་རྟོགས་པ་ཡིན་ལ། རྣལ་འབྱོར་པ་དང་འཇིག་རྟེན་པ་སྤྱོད་དེ་རྣལ་འབྱོར་པ་དང་འཇིག་རྟེན་པ་ལྷན་ཅིག་ཏུའོ་ཞེས་པའི་དོན་ཏོ། །དེས་ རྟོགས་པའི་དངོས་པོའི་དེ་ཁོ་ན་ཉིད་ལ་འཇིག་རྟེན་པས་མ་རྟོགས་པས་ཡང་འཇིག་རྟེན་དང་ལྷན་ཅིག་ཏུ་དེ་རབ་ཏུ་རྟོགས་པ་ལ་རྣལ་འབྱོར་པས་ཇི་ལྟ་བའི་དོན་འགེགས་པའི་ཕྱིར་རོ། །བསམ་པ་ནི་འདི་ཡིན་ཏེ། དངོས་པོ་ཐམས་ཅད་ལ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ངོ་བོ་ཉིད་ཡོད་པ་ཡིན་ཏེ། དེ་ལ་ གང་ཀུན་རྫོབ་ཀྱི་བདེན་པ་དེ་ཉིད་ནི་འཇིག་རྟེན་པས་རྟོགས་པ་ཡིན་ལ་གང་དོན་དམ་པའི་བདེན་པ་དེ་ནི་རྣལ་འབྱོར་པས་རྟོགས་སོ་ཞེས་བརྗོད་དེ། དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་གླང་པོ་ཆེ་ལ་སོགས་པའི་གཟུགས་ཉིད་སྔགས་ལ་སོགས་པའི་མཐུས་བསླད་པའི་མིག་ཅན་གྱི་སྐྱེ་བོ་རྣམས་ཀྱིས་
Page: 312 ༄༅། །མཐོང་སྟེ། སྒྱུ་མ་མཁན་གྱིས་ནི་དེའི་རང་བཞིན་ལ་སོགས་པ་གཉུག་མའི་གཟུགས་མཐོང་ངོ་། །དེ་བཞིན་དུ་རྣལ་འབྱོར་པ་དང་འཇིག་རྟེན་པས་ཀྱང་ཡིན་ཏེ་ཇི་ལྟར་རིགས་པར་རྟོགས་པར་བྱའོ། །དེ་ལྟར་གྱུར་ན་ཡང་གང་སྐྱེ་བོ་མ་ལུས་པ་ལ་ཐུན་མོང་དུ་མངོན་སུམ་གྱི་ ཚད་མས་མཐོང་བའི་དངོས་པོའི་རང་བཞིན་དེ་དོན་བྱེད་ནུས་པ་ཡིན་ལ། དེ་ལ་ཇི་ལྟར་བསྙོན་པར་ནུས་ཞེས་གཞན་གྱི་སེམས་ཀྱི་དོགས་པ་བསུ་ནས། གཟུགས་སོགས་མངོན་སུམ་ཞེས་པ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པ་གང་ཞིག་མངོན་སུམ་དུ་བྱས་ན་ཡང་ངོ་། །སོགས་ པའི་སྒྲས་ནི་སྒྲ་ལ་སོགས་པ་དང་ཚོར་བ་ལ་སོགས་པ་གཟུང་ངོ་། །དེ་ཡང་ཡོངས་སུ་གྲགས་པ་ཡིན་ཏེ། འཇིག་རྟེན་པའི་ཡོངས་སུ་གྲགས་པ་ཡིན་ལ་ཚད་མས་མིན་ཏེ། ཚད་མས་རྟོགས་པ་མངོན་སུམ་གྱི་གཟུགས་ལ་སོགས་པ་ཡོད་པ་མ་ཡིན་ནོ་ཞེས་པ་དང་འབྲེལ་ཏེ། མངོན་སུམ་ལ་ སོགས་པ་ཐ་སྙད་པའི་ཚད་མ་ཉིད་ཡིན་པའི་ཕྱིར་རོ། །དེས་རྟོགས་པའི་གཟུགས་ལ་སོགས་པ་ཡང་ཀུན་རྫོབ་ཉིད་ཡིན་ཏེ། འཇིག་རྟེན་པའི་ཚད་མས་ཡང་དག་པར་རྟོགས་པར་བྱ་བ་དེ་ཁོ་ན་ཉིད་ཀྱི་རང་བཞིན་ནི་མ་ཡིན་ཏེ། སྐྱེ་བོ་ཐམས་ཅད་ཀྱིས་དེ་ཁོ་ན་ཉིད་རྟོགས་པར་ཐལ་བའི་ཕྱིར་ རོ། །གང་གསུངས་པ། གང་ཞིག །དབང་པོས་གང་ཞིག་དམིགས་པ་དེ། །གལ་ཏེ་དེ་ཉིད་ཡིན་གྱུར་ན། །བྱིས་ལ་དེ་ཉིད་རྟོགས་སྐྱེ་བས། །དེ་ཚེ་དེ་ཉིད་ཤེས་ཅི་དགོས། །ཞེས་སོ། །དེ་ལྟ་བས་ན་མངོན་སུམ་ཡིན་ཡང་ཚད་མས་རྟོགས་པ་མ་ཡིན་ནོ། །གཟུགས་ལ་སོགས་པའི་དེ་ཁོ་ན་ ཉིད་མངོན་སུམ་ཡིན་ན་ཡང་གལ་ཏེ་ཚད་མས་མ་རྟོགས་ན་དེ་ཇི་ལྟར་རབ་ཏུ་གྲགས་པར་འགྱུར། རབ་ཏུ་གྲགས་པ་ན་ཡང་ཇི་ལྟར་བརྫུན་པ་ཡིན་ཞེ་ན། མི་གཙང་ཞེས་པ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཡང་དོན་དམ་པར་བུད་མེད་ཀྱི་ལུས་ལ་སོགས་པ་མི་གཙང་བ་ལ་ཕྱིན་ཅི་ལོག་ཏུ་ཞེན་པའི་ སེམས་ཀྱིས་དེ་ལ་གཙང་བའི་བློ་སྐྱེ་བར་འགྱུར་རོ། །སོགས་པའི་སྒྲས་མི་རྟག་པ་ལ་སོགས་པ་ལ་རྟག་པ་ལ་སོགས་པའི་བློ་སྐྱེ་བ་གཟུང་ངོ་། །དེ་ཡང་དེ་མ་ཡིན་པ་དེར་འཛིན་པས་བརྫུན་པ་ཡིན་ཏེ། ཕྱིན་ཅི་ལོག་ཏུ་འཛིན་པ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་བཞིན་དུ་གཟུགས་ལ་སོགས་
Page: 313 པ་རྣམས་ལ་ཡང་ཁྱད་པར་མེད་དོ། །གལ་ཏེ་མངོན་སུམ་གྱི་ཚད་མས་དེ་མ་གྲུབ་ན་འོན་ཀྱང་ལུང་ལས་གྲུབ་པར་འགྱུར་ཏེ། འདི་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་རང་བཞིན་གྱིས་ཡོད་པར་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་བསྟན་པ་དང་། སྐད་ཅིག་མ་ལ་སོགས་པའི་རང་བཞིན་ ཡང་བསྟན་ཏོ། །དེར་གསུངས་པ་ནི་འདི་ཡིན་ནོ། །བྲམ་ཟེ་ཐམས་ཅད་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལྔ་རྣམས་དང་སྐྱེ་མཆེད་བཅུ་གཉིས་པོ་རྣམས་དང་ཁམས་བཅྭ་བརྒྱད་དོ་ཞེས་པའི་བར་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ་དང་། འདི་ལྟར་ཡང་། འདུས་བྱས་ཐམས་ཅད་སྐད་ཅིག་མ། ། མི་གནས་བྱ་བ་ག་ལ་ཡོད། །འདི་དག་བྱུང་བ་དེ་ཉིད་ནི། །བྱ་བ་དེ་ཉིད་བྱེད་པར་བརྗོད། །ཅེས་སོ། །སྒྱུ་མ་ལ་སོགས་པའི་རང་བཞིན་རྣམས་ལ་སྐད་ཅིག་མ་དང་སྐད་ཅིག་མ་ཡིན་པ་ལ་སོགས་པའི་ཆོས་བསྟན་པར་རིགས་པ་མ་ཡིན་ཏེ། རང་བཞིན་མེད་པ་རྣམས་ལ་རང་བཞིན་ཅུང་ཟད་ཀྱང་ཡོད་པ་ མ་ཡིན་པའི་ཕྱིར་དེ་ཇི་ལྟར་འདི་རྣམས་དོན་དམ་པར་ཡོད་པ་མ་ཡིན་ཞེ་ན། འཇིག་རྟེན་གཞུག་པའི་དོན་དུ་ཡང་། །ཞེས་པ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་ནི་དངོས་པོ་ལ་མངོན་པར་ཞེན་པ་ཕུང་པོ་ལ་སོགས་པ་བསྟན་པས་གདུལ་བར་བྱ་བའི་སེམས་ཅན་རྣམས་ཡིན་ཏེ། རེ་ཞིག་སྟོང་པ་ཉིད་ བསྟན་པ་ལ་མི་དབང་བར་གྱུར་པ་རྣམས་ཡིན་ནོ། །སྟོང་པ་ཉིད་ལ་གཞུག་པའི་དོན་དུ་རིམ་པ་བཞིན་དུ་འཇམ་པོས་གཞུག་པའི་ཆེད་དུ་ཡིན་ནོ། །ཡང་ནི་གཏན་ཚིགས་ཡིན་ཏེ། གང་གི་ཕྱིར་ཕུང་པོ་དང་ཁམས་ལ་སོགས་པའི་མཚན་ཉིད་ཅན་གྱི་ཆོས་རྣམས་དངོས་པོ་ལ་རང་བཞིན་མེད་པ་ཡིན་པའི་ཕྱིར་ རོ། །མགོན་པོས་ནི་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ལས་སེམས་ཅན་རྣམས་ཡོངས་སུ་སྐྱོབ་པས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་བདེ་བ་ཐོབ་པར་འདོད་པ་ལ་སོགས་པའི་བསམ་པ་མཁྱེན་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པ་ཡིན་ཏེ། གསལ་བར་མཛད་ པ་ཡིན་གྱི་དོན་དམ་པར་ནི་མ་ཡིན་པ་དེ་ལྟ་བས་ན་མདོ་འགལ་བ་ནི་མ་ཡིན་ནོ། །དེ་སྐད་དུ། རྒྱལ་བས་བདག་དང་བདག་གི་ཞེས། །དགོས་པའི་དབང་གིས་གསུངས་པ་ལྟར། །དེ་བཞིན་ཕུང་པོ་སྐྱེ་མཆེད་ཁམས། །དགོས་པའི་དབང་གིས་གསུངས་པ་ཡིན། །ཞེས་གསུངས་སོ། །གལ་ཏེ་
Page: 314 ༄༅། །དོན་དམ་པར་གསུངས་པ་མ་ཡིན་ན་འོ་ན་དེ་རྣམས་ཇི་ལྟར་སྐད་ཅིག་མ་ཡིན་ཞེ་ན། དེ་ཉིད་དུ། དེ་དག་སྐད་ཅིག་མ་ཉིད་མིན། །ཞེས་གསུངས་ཏེ། དེ་ཁོ་ན་ཉིད་དུ་སྟེ་དོན་དམ་པར་ཡིན་ལ། རང་བཞིན་མེད་པའི་ཕྱིར་སྐད་ཅིག་མ་ཡང་མ་ཡིན་ནོ། །དེ་དག་ནི་དངོས་པོ་འདི་རྣམས་ཏེ་ སྐད་ཅིག་མ་ལ་སོགས་པས་བསྟན་པའི་གདུལ་བྱ་རྣམས་ལ་དེའི་རང་བཞིན་བསྟན་པའི་ཕྱིར་རོ། །གལ་ཏེ་དེ་ཁོ་ན་ཉིད་དུ་སྐད་ཅིག་མ་མ་ཡིན་ན། འོ་ན་ཡང་ཇི་ལྟར་བསྟན་ཞེས་ཡིད་ལ་བཞག་ནས། ཀུན་རྫོབ་ཅེས་སྨོས་ཏེ། གལ་ཏེ་ཀུན་རྫོབ་ཏུ་སྐད་ཅིག་མར་བསྟན་ཏོ་ཞེས་བརྗོད་ན་ཞེས་ལན་གྱི་ དོགས་པ་བྱས་ན་དེའི་ཚེ་འགལ་བར་འགྱུར་ཞེས་ཏེ། ཀུན་རྫོབ་ཏུ་སྐད་ཅིག་མ་ཡིན་ཞིང་དོན་དམ་པར་མ་ཡིན་ནོ་ཞེས་འགལ་བར་འགྱུར་ཏེ་འབྲེལ་པར་མི་འགྱུར་ལ། སྐད་ཅིག་མ་མ་ཡིན་པར་རྟོགས་པ་དང་འགལ་ལོ། །ཐ་སྙད་པ་རྣམས་ཀྱིས་སྐད་ཅིག་མ་མ་ཡིན་པའི་དེ་ཁོ་ན་ཉིད་དུ་རྟོགས་པ་དང་། ཀུན་རྫོབ་ཀྱི་རང་བཞིན་ཞེས་པ་ནི་འགལ་ལོ་ཞེས་པའི་དོན་ཏོ། །འདི་གྲུབ་པའི་མཐའ་གསུང་བས་སྤོང་བ་ནི། རྣལ་འབྱོར་ཀུན་རྫོབ་ཉེས་མེད་དེ། །ཞེས་པ་ལ། འདི་ལ་རྟོགས་པ་དང་འགལ་བའི་ཉེས་པ་མེད་དོ། །ཅིའི་ཕྱིར་ཞེ་ན། གང་ཟག་ལ་བདག་མེད་པའི་ཏིང་ངེ་འཛིན་ཐོབ་པའི་རྣལ་འབྱོར་ པ་རྣམས་ཀྱི་ཀུན་རྫོབ་ཀྱི་ཐ་སྙད་ཡིན་ཏེ། དེས་སྐད་ཅིག་མ་ཉིད་དུ་རྟོགས་སོ། །བསམ་པ་ནི་འདི་ཡིན་ཏེ། ཚུ་རོལ་མཐོང་བ་རྣམས་ཀྱིས་གལ་ཏེ་སྐད་ཅིག་མ་ཉིད་མ་རྟོགས་མོད་ཀྱི་དེ་ལྟ་ན་ཡང་རྣལ་འབྱོར་པའི་ཐ་སྙད་ཀྱི་ཡུལ་ཡིན་ལ། རྣལ་འབྱོར་པའི་ཐ་སྙད་དུ་ཡང་ཀུན་རྫོབ་ཀྱི་རང་བཞིན་སྤོང་བ་ མ་ཡིན་ཏེ། བློ་ནི་ཀུན་རྫོབ་ཡིན་པར་བརྗོད། །ཅེས་པའི་ཚིག་ལས་སོ། །རྟོགས་པ་དང་འགལ་བ་ཡང་གནོད་པ་མ་ཡིན་པ་ཉིད་དེ། དེ་ལྟ་བུའི་རྟོགས་པ་ནི་ཚད་མ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་ཀུན་རྫོབ་ཏུ་ཡང་སྐད་ཅིག་མ་ཉིད་ལ་སོགས་པ་རྣལ་འབྱོར་པ་ཉིད་ཀྱིས་མཐོང་གི་ཚུ་རོལ་ མཐོང་བ་རྣམས་ཀྱིས་མ་མཐོང་ཞེ་ན་གསུངས་པ། འཇིག་རྟེན་ལས་ཏེ་ཚུ་རོལ་མཐོང་བའི་བདག་ཉིད་ལས་སོ། །དེ་རྣམས་ནི་རྣལ་འབྱོར་པ་དེ་ཁོ་ན་ཉིད་མཐོང་བ་ཡིན་ཏེ། དབང་པོ་ལས་འདས་པ་མཐོང་བ་ཡིན་ལ། འདི་ནི་གཏན་ཚིགས་ཀྱི་ཚིག་ཡིན་ནོ། །གང་གི་ཕྱིར་དེ་རྣམས་ཀྱིས་དེ་ཁོ་
Page: 315 ན་ཉིད་མཐོང་བ་དེའི་ཕྱིར་སྐད་ཅིག་མའི་བདག་ཉིད་ལ་སོགས་པ་འཇིག་རྟེན་པ་རྣམས་ཀྱིས་མ་རྟོགས་ཀྱང་འདིས་རྟོགས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་རྣམས་ལ་འཇིག་རྟེན་གྱི་རྟོགས་པས་གནོད་པ་ཡོད་པ་མ་ཡིན་ནོ། །ངེས་པར་འདི་ཁས་བླང་བར་བྱའོ་ཞེས་གཞན་དུ་ཞེས་པ་ལ་སོགས་པ་གསུངས་ ཏེ། གཞན་དུ་ན་གལ་ཏེ་འདི་ལྟ་བུ་ཁས་མི་ལེན་ན་དེའི་ཚེ་ཁྱེད་ཀྱིས་ཁས་བླངས་པ་ལ་འཇིག་རྟེན་གྱིས་གནོད་པར་འགྱུར་རོ། །གང་དུ་ཞེ་ན། བུད་མེད་མི་གཙང་བར་ངེས་པར་རྟོག་པ་ན་སྟེ་མི་གཙང་བར་བསྒོམ་པའི་དུས་ན་འདོད་པར་བྱ་བའི་བུད་མེད་འདི་མི་གཙང་ངོ་ཞེས་ངེས་པར་རྟོག་སྟེ། བསྒོམ་ པའི་དུས་ན་འཇིག་རྟེན་གྱིས་གནོད་འགྱུར་ཏེ། འཇིག་རྟེན་གྱི་གྲགས་པས་གནོད་པར་འགྱུར་ལ། འཇིག་རྟེན་པས་བུད་མེད་ཀྱི་ལུས་གཙང་བ་ཉིད་དུ་ཞེན་པའི་ཕྱིར་རོ། །དེ་ལྟ་བས་ན་འཇིག་རྟེན་པའི་རྟོགས་པས་རྣལ་འབྱོར་པའི་མཐོང་བ་ལ་སོགས་པ་ལ་གནོད་པ་མ་ཡིན་ནོ། །འདི་ཉིད་ དུ། འདི་ལྟར་རབ་རིབ་ཀྱིས་མཐོང་བ། །ཞེས་པ་ལ་སོགས་པ་ལྷག་པའི་གཏན་ཚིགས་འདིར་སྦྱར་བར་བྱའོ། །ལུང་གིས་ཀྱང་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་གྲུབ་པ་མ་ཡིན་ནོ། །དེ་ལྟ་བས་ན་ཆོས་ཐམས་ཅད་ནི་སྒྱུ་མ་དང་རྨི་ལམ་ལ་སོགས་པའི་རང་བཞིན་ཡིན་ནོ་ཞེས་འདི་ངེས་པ་ཡིན་ནོ། ། དེ་ལྟར་ན་ཡང་གལ་ཏེ་སྒྱུ་མའི་རང་བཞིན་གྱིས་ཐམས་ཅད་ལ་ཁྱབ་པ་ཡིན་ནོ། །འོ་ན་ནི་སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུར་འགྱུར་རོ། །འདི་ནི་བཅོམ་ལྡན་འདས་མར་གསུངས་ཏེ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། ། ལྷའི་བུ་དག་སེམས་ཅན་དེ་དག་ནི་སྒྱུ་མ་ལྟ་བུ། སེམས་ཅན་དེ་དག་ནི་རྨི་ལམ་ལྟ་བུ་སྟེ། ལྷའི་བུ་དག་དེ་ལྟར་སྒྱུ་མ་དང་། སེམས་ཅན་དེ་དག་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ལྷའི་བུ་དག་ཆོས་ཐམས་ཅད་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །རྒྱུན་དུ་ཞུགས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ ལྟ་བུའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་དང་། དགྲ་བཅོམ་པ་ཉིད་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །
Page: 316 ༄༅། །རང་སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །རང་སངས་རྒྱས་ཉིད་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ ཞེས་པ་ནས་ཇི་སྲིད་དུ་མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ཞིག་ཡོད་ཀྱང་དེ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་སྨྲའོ་ཞེས་ཏེ་དེ་ལྟར་ན་དེ་ལ་ཕན་པ་དང་གནོད་པ་དག་ལས་ཇི་ལྟར་བསོད་ནམས་དང་སྡིག་པ་སྐྱེ་ བར་འགྱུར་རོ་ཞེས་སེམས་ཤིང་དོགས་ནས། སྒྱུ་འདྲའི་ཞེས་པ་ལ་སོགས་པས་གསུངས་ཏེ། གལ་ཏེ་བཅོམ་ལྡན་འདས་ཀྱང་སྒྱུ་མ་ལྟ་བུའི་རང་བཞིན་ཡིན་ན་དེའི་ཚེ་སྒྱུ་མ་ལྟ་བུར་རང་བཞིན་མེད་པའི་རྒྱལ་བ་སྟེ་བཅོམ་ལྡན་འདས་ལ་བསོད་ནམས་ཏེ། མཆོད་པ་དང་བསྙེན་བཀུར་དང་ ཞབས་ལ་ཕྱག་འཚལ་བ་ལ་སོགས་པ་རྣམས་ཀྱིས་ལེགས་པར་སྤྱད་པ་ཇི་ལྟར་ཏེ། གང་དང་འདྲ་བར་འགྱུར་ཞེས་སེམས་ཏེ། འདི་ཡང་མཆོད་པ་ཙམ་ཡིན་ལ། དེ་ལ་གནོད་པ་བྱས་པ་ལས་སྡིག་པར་ཡང་ཇི་ལྟ་བུར་འགྱུར་ཞེས་བལྟ་བར་བྱ་སྟེ། སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་བུ་ ལ་བཀུར་སྟི་བྱས་པ་དང་། གནོད་པ་བྱེད་པ་དག་ལས་བསོད་ནམས་དང་སྡིག་པ་སྐྱེ་བར་རིགས་པ་མ་ཡིན་ནོ་ཞེས་པ་ནི་གཞན་གྱི་བསམ་པ་ཡིན་ནོ། །འདིར་སྔར་བརྗོད་པ་ཉིད་ལན་ཡིན་ལ། དེ་བཞིན་དུ་འདིར་གཞན་ལ་འདི་སྐད་དྲི་བར་བྱ་སྟེ། དངོས་ཡོད་ལ་སྟེ་ཇི་ལྟར་ཏེ་ཇི་ལྟ་བུར་ཞེས་པའོ། ། ཡོད་པ་སྟེ་དོན་དམ་པར་ཡོད་པའི་བཅོམ་ལྡན་འདས་ལ་ཡང་ཇི་ལྟར་ཏེ་ཇི་བཞིན་དུ་ཞེས་གཉི་ག་ལ་སྦྱར་བར་བྱའོ། །དགོངས་པ་ནི་འདི་ཡིན་ཏེ། དཔེར་ན་དོན་དམ་པར་ཡོད་པའི་རྒྱལ་བ་འགའ་ཞིག་ལས་དོན་དམ་པའི་བསོད་ནམས་སྐྱེ་བར་འགྱུར་བ་དེ་བཞིན་དུ་གཞན་ལ་ཡང་སྒྱུ་མ་ལྟ་བུ་ལས་སྒྱུ་མ་ ལྟ་བུ་ཉིད་ཡིན་ལ། ཁྱེད་དང་ཁོ་བོ་ཅག་ལ་ཁྱད་པར་ཅུང་ཟད་ཀྱང་མེད་དེ། འདི་རྟེན་ཅིང་འབྲེལ་པར་འབྱུང་བ་ཙམ་དུ་གཉི་ག་ལ་ཐུན་མོང་ཡིན་པའི་ཕྱིར་རོ། །དེས་ན་གང་ཁྱེད་ཀྱི་ལན་ཡིན་པ་དེ་ཉིད་བདག་ཅག་གི་ཡང་ཡིན་ཏེ། ཁྱད་པར་ཅུང་ཟད་ཡོད་པ་མ་ཡིན་ནོ། །རིགས་པས་གྲུབ་པ་
Page: 317 དོན་དམ་པར་ཡོད་པའི་དངོས་པོའི་རང་བཞིན་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བསྒྲུབས་ཟིན་ཏོ། །སྒྱུ་མ་ལྟ་བུའི་རྒྱལ་བ་ལས་བསོད་ནམས་སྐྱེར་ཆུག་པ་དེ་ལྟ་ན་ཡང་འདི་ལ་ལན་འདི་ཇི་ལྟར་འདེབས་ཞེས། གལ་ཏེ་སེམས་ཅན་ཞེས་པ་ལ་སོགས་པ་སྨོས་སོ། །ཡང་ན་གཞན་དུ་སྦྱར་བར་བྱ་སྟེ། གལ་ཏེ་རྒྱལ་བ་ཡང་སྒྱུ་མ་ལྟ་བུ་ཡིན་ན་དེ་ལྟར་ན་འཁོར་བའི་སེམས་ཅན་རྣམས་ལ་ཇི་ལྟར་བརྗོད་དེ། དེ་རྣམས་ཀྱང་དེ་བཞིན་དུ་བརྗོད་དེ། ལྷའི་བུ་སེམས་ཅན་དེ་རྣམས་ཀྱང་སྒྱུ་མ་ལྟ་བུའི་ཞེས་བྱ་བའི་ཚིག་ལས་སོ། །དེ་ལྟར་ན་ཉེས་པ་ཆེན་པོར་ཐལ་བར་འགྱུར་རོ་ཞེས་པ། གལ་ཏེ་སེམས་ཅན་ཞེས་པ་ལ་སོགས་པ་གསུངས་ཏེ། གལ་ཏེ་སྒྱུ་མ་ལྟ་བུ་སྒྱུ་མའི་རང་བཞིན་དང་འདྲ་བའི་ཆོས་སེམས་ཅན་སྲོག་ཆགས་རྣམས་ཡིན་ན་ཤི་ནས་ཇི་ལྟར་སྐྱེ་ལ་ཇི་ལྟར་ཞེས་པ་ནི་འདྲི་བའམ་མི་བཟོད་པའོ། །ཤི་བ་ནི་རིགས་མཐུན་པས་ལས་ཉམས་པ་ཡིན་ལ། ཇི་ལྟར་སྐྱེ་སྟེ་ཡང་འབྱུང་བར་འགྱུར་ཞེས་འདིར་རྒྱུ་མཚན་བརྗོད་པར་བྱ་བ་འདི་ རིགས་པ་མ་ཡིན་ནོ་ཞེས་སོ། །སྒྱུ་མའི་སྐྱེས་བུ་ཞིག་ནས་སྐྱེ་བ་ནི་ཡོད་པ་མ་ཡིན་ཏེ། དེ་ལྟ་བས་ན་དོན་དམ་པར་ཡོད་པའི་དངོས་པོ་ཡིན་ནོ་ཞེས་ཁས་བླང་བར་བྱའོ། །འདི་ཁས་བླང་བར་མི་བྱའོ་ཞེས་པ་ཇི་སྲིད་ཅེས་པ་ལ་སོགས་པ་གསུངས་ཏེ་དུས་ཇི་སྲིད་དུ་རྐྱེན་རྣམས་ཏེ་རྒྱུ་རྣམས་ཡིན་ལ། སྔགས་ དང་སྨན་ལ་སོགས་པའི་ཚོགས་པ་འདུས་པ་སྣ་ཚོགས་པར་གྱུར་ཅིང་རྒྱུ་ཡིན་པ་ན་དུས་དེ་སྲིད་དུ་སྒྱུ་མ་ཡང་འཇུག་པ་ཡིན་ཏེ་སྔར་ལྡོག་པ་ནི་མ་ཡིན་ལ། དེ་ལས་ཕྱིས་ཀྱང་འཇུག་པ་མ་ཡིན་ནོ། །དེ་བཞིན་དུ་ཇི་སྲིད་དུ་མ་རིག་པ་དང་ལས་དང་སྲེད་པའི་རང་བཞིན་གྱི་ཚོགས་པ་དེ་སྲིད་དུ་སེམས་ཅན་ གྱི་རྒྱུད་ཀྱི་སྒྱུ་མ་ཡང་འབྱུང་བར་འགྱུར་ཏེ། གང་རྐྱེན་རྣམས་གང་ཡིན་པ་ནི་འཇུག་པའི་ཕྱིར་རོ། །གལ་ཏེ་དོན་དམ་པར་སེམས་ཅན་མེད་ན་འཁོར་བ་ཇི་སྲིད་དུ་སེམས་ཅན་གྱི་རྒྱུན་རྣམས་ཇི་ལྟར་འཇུག་པར་འགྱུར་ཏེ། སྒྱུ་མ་བཞིན་དུ་ཡུན་ཐུང་བར་འབྱུང་བ་ནི་མ་ཡིན་ནོ་ཞེ་ན། འདི་ལ་བརྗོད་ པ། ཇི་སྲིད་རྐྱེན་རྣམས་ཚོགས་གྱུར་པ། །དེ་སྲིད་སྒྱུ་མ་འབྱུང་བར་འགྱུར། །ཞེས་སོ། །གཞན་ཡང་ཡུན་རིང་དུ་གནས་པས་ཀྱང་ཡང་དག་པ་ཉིད་དུ་རྣམ་པར་གཞག་པའི་རྒྱུ་མ་ཡིན་ནོ་ཞེས། རྒྱུན་རིང་ཙམ་གྱིས་ཞེས་པ་ལ་སོགས་པ་གསུངས་ཏེ། རྒྱུན་རིང་སྟེ་དུས་རིང་པོར་གནས་པའི་
Page: 318 ༄༅། །རྒྱུད་འབྱུང་བ་དེ་ཉིད་དེ་ལྟ་བུ་ཙམ་འགའ་ཞིག་དེས་ཇི་ལྟར་ཏེ་རྣམ་པ་གང་གི་སྒོ་ནས་སེམས་ཅན་ཡོད་ཅིང་བདོག་ཅེས་འདྲི་བའོ། །ཡོད་པ་ནི་དོན་དམ་པར་རོ། །འདི་ལྟ་བུའི་ཁྱད་པར་ཡོད་པས་གང་ལ་ཡུན་རིང་པོར་གནས་པའི་རྒྱུ་དང་རྐྱེན་གྱི་ཁྱད་པར་ཡོད་པ་དེ་ཡུན་རིང་པོར་ འཇུག་པ་ཡིན་ལ། གང་ལ་དེ་བཞིན་དུ་མེད་པ་དེ་རྗེས་སུ་ལྡོག་པ་ཡིན་ཏེ། དེ་ཙམ་གྱིས་ཡང་དག་པ་དང་ལོག་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་སྒྱུ་མའི་རང་བཞིན་ཡིན་ན་ཡང་སླར་མི་སྐྱེ་བ་ནི་མ་ཡིན་ནོ། །དེ་ལྟ་ན་འོ་ན་སྒྱུ་མའི་སྐྱེས་བུ་བསད་པ་ལ་སོགས་པ་ལ་སྲོག་གཅོད་པ་མེད་པ་དེ་ བཞིན་དུ་དེ་ལས་གཞན་པའི་སྐྱེས་བུ་བསད་པ་ལ་སོགས་པ་ལ་ཡང་མི་འགྱུར་ཏེ། རང་བཞིན་ཐ་དད་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། སྒྱུ་མའི་སྐྱེས་བུ་ཞེས་པ་ལ་སོགས་པ་གསུངས་ཏེ། སྒྱུ་མའི་སྐྱེས་བུ་བསད་པ་སོགས་ལ་སྟེ་སྲོག་དང་བྲལ་བ་ལ་སོགས་པ་ལའོ། །སོགས་པའི་སྒྲས་ནི་འདི་ལ་ མ་བྱིན་པར་བླངས་པ་ལ་སོགས་པ་ཡིན་ལ་རང་བཞིན་མེད་པ་ཉིད་དུ་མཚུངས་ན་ཡང་སེམས་ཏེ་རྣམ་པར་ཤེས་པ་སྒྱུ་མའི་སྐྱེས་བུའི་རྒྱུད་ལ་མེད་པ་སྟེ་མི་སྲིད་པའི་ཕྱིར་སྡིག་མེད་དེ་མི་དགེ་བ་སྐྱེ་བར་མི་འགྱུར་རོ། །དེ་ལ་ཡང་བསད་པའི་བསམ་པས་བརྒྱབ་པ་ལས་མི་དགེ་བར་འགྱུར་བ་ཁོ་ནར་ཏེ། སྲོག་གཅོད་པ་ ནི་མ་ཡིན་ནོ། །སྒྱུ་མའི་སྐྱེས་བུ་ལས་གཞན་ལ་ནི་སྲོག་གཅོད་པར་ཇི་ལྟར་འགྱུར་ཞེ་ན། སྒྱུ་མའི་སེམས་ཞེས་པ་ལ་སོགས་པ་གསུངས་ཏེ། སེམས་ཉིད་སྒྱུ་མ་ཡིན་ཏེ་སྒྱུ་མའི་སེམས་ཡིན་ལ་དེ་དང་མཚུངས་ཏེ་ལྡན་པ་ལའོ། །སྒྱུ་མའི་རང་བཞིན་གྱི་སེམས་དང་འབྲེལ་ཞེས་པའི་དོན་ཏོ། །ནིའི་ སྒྲས་ནི་སྔར་ལས་ཁྱད་པར་དུ་བྱེད་པའི་དོན་ཏོ། །བསོད་ནམས་དང་སྡིག་པ་ནི་བསོད་ནམས་དང་སྡིག་པ་དག་སྟེ། ཕན་པ་དང་གནོད་པ་དག་གི་ཉེས་པར་དཔྱད་པ་དང་ལེགས་པར་དཔྱད་པ་ལས་བྱུང་བ་ནི་ཚོགས་པའི་ཁྱད་པར་ལས་འབྲས་བུའི་ཡིན་ཏེ། དཔེར་ན་ལྕི་བ་དང་གཞན་ལས་སྐྱེས་པའི་ མྱུ་གུ་དག་རྣམ་པར་མཚུངས་པ་ཡོད་ཀྱང་རྒྱུའི་ཁྱད་པར་ལས་རང་བཞིན་གྱི་ཁྱད་པར་ཡིན་པ་དེ་བཞིན་དུ་འདི་ལ་ཡང་བརྗོད་པའི་ཉེས་པ་ཡོད་པ་མ་ཡིན་ནོ། །གང་སྒྱུ་མའི་སེམས་དང་ལྡན་པ་ལ་ཞེས་བརྗོད་པ་ན་དེ་ལ་གཞན་གྱི་ཉམས་པར་འགྱུར་རོ་ཞེས་སྔགས་སོ་ཞེས་པ་ལ་སོགས་པ་སྨོས་ཏེ།
Page: 319 སྔགས་ལ་སོགས་པའི་སྒྲས་ནི་སྨན་ལ་སོགས་པའི་ཡིན་ལ་སེམས་བསྐྱེད་པ་ལ་ནུས་པ་མེད་པས་ཏེ། བྱ་བ་མི་བྱེད་པའི་ཕྱིར་སྒྱུ་མ་ལ་སེམས་འབྱུང་བ་མེད་ཅིང་སྒྱུ་མའི་རང་བཞིན་ནི་སེམས་སུ་འགྱུར་བ་མ་ཡིན་ཏེ་དཔེར་ན་གཞན་རྨོངས་པའི་རྒྱུ་མཚན་ཅན་རྣམས་ལ་སྒྱུ་མ་མཁན་གྱིས་རབ་ཏུ་སྦྱར་བའི་ སྔགས་ལ་སོགས་པའི་མཐུས་གླང་པོ་ཆེ་ལ་སོགས་པའི་རྣམ་པར་འགྲུབ་ལ་དེ་བཞིན་དུ་སེམས་ཡོད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱི་བསམ་པ་ཡིན་ནོ། །འདིའི་ལན། སྣ་ཚོགས་རྐྱེན་ཞེས་པ་ལ་སོགས་པ་གསུངས་ཏེ། ཡང་གི་སྒྲས་ནི་ངེས་པར་གཟུང་བའམ་རིམ་པ་གཞན་དུ་སྦྱར་བ་ཡིན་ཏེ། སྒྱུ་མ་དེ་སྣ་ཚོགས་ཉིད་དེ་རྣམ་པ་སྣ་ཚོགས་པ་ཉིད་ཡིན་ལ། ཤིན་ཏུ་ཡང་རྐྱེན་སྣ་ཚོགས་ལས་བྱུང་བ་ཡིན་ཏེ། སྣ་ཚོགས་པའི་རྐྱེན་རྣམ་པ་དུ་མ་ལས་བྱུང་ཞིང་སྐྱེས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དགོངས་པ་ནི་འདི་ཡིན་ཏེ། གལ་ཏེ་ཡང་སྒྱུ་མ་སྒྱུ་མ་ཞེས་བྱ་བའི་སྒྲ་མཚུངས་པ་དེ་ལྟ་ན་ ཡང་དེའི་རྒྱུ་ལ་ཐ་དད་པ་མེད་པ་མ་ཡིན་ཏེ། སྒྱུ་མའི་རང་བཞིན་ཡིན་ན་ཡང་འབྲས་བུ་སྣ་ཚོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །འབྲས་བུ་གཅིག་པ་རྒྱུ་གཅིག་པས་འབྲས་བུའི་སྒྲ་མཚུངས་པའི་ཕྱིར་ཐམས་ཅད་དུ་དེ་ཉིད་ཡིན་ནོ་ཞེས་བརྟག་པར་རིགས་པ་ནི་མ་ཡིན་ཏེ། འོན་ཀྱང་སྒྲ་ མཚུངས་པ་ན་ཡང་འགའ་ཞིག་ལ་འགའ་ཞིག་གི་ནུས་པའི་རང་བཞིན་ཐ་དད་པའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར། རྐྱེན་གཅིག་གིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཅིག་གི་ནུས་པ་འགའ་ཞིག་ལ་མཐོང་བའི་རྐྱེན་གཅིག་སྟེ་རྒྱུ་ཐམས་ཅད་ཀྱི་ནུས་པས་འབྲས་བུ་ཐམས་ཅད་ལ་ནུས་པ་ ཡོད་པ་ནི་སྲིད་པ་མ་ཡིན་ཏེ། འགའ་ཞིག་ཏུ་མཐོང་ཞེས་བྱས་ནས་གང་ན་ཡང་སྟེ་དུས་འགའ་ཞིག་གམ་ཡུལ་འགའ་ཞིག་ཏུ་མཐོང་བའམ་འདོད་པ་མ་ཡིན་ནོ། །དེའི་ཕྱིར་སྒྱུ་མ་འགའ་ཞིག་སྔགས་ལ་སོགས་པའི་ནུས་པས་གྲུབ་པའི་རང་བཞིན་དང་འགའ་ཞིག་ཡང་ཐོག་མ་མེད་པའི་འཁོར་བ་ ནས་འཇུག་པའི་ཆེ་བའི་བདག་ཉིད་མ་རིག་པ་ལས་བྱུང་བས་རབ་ཏུ་འཇུག་གོ། །དེ་ལྟ་བས་ན་ཐམས་ཅད་ལ་ནི་སྔགས་ལ་སོགས་པ་ལས་ནུས་པ་ཡོད་པ་མ་ཡིན་ནོ། །འདི་ཐམས་ཅད་འཇིག་རྟེན་པའི་ཐ་སྙད་ཀྱི་རྗེས་སུ་འབྲང་སྟེ་རྟོག་པས་སྤྲུལ་པའི་ཀུན་རྫོབ་ཀྱི་དངོས་པོའི་དེ་ཁོ་ན་ཉིད་
Page: 320 ༄༅། །ལ་བརྟེན་ནས་བྱུང་བ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ཏེ། དོན་དམ་པའི་གནས་སྐབས་ན་སྐྱེ་བ་དང་འཆི་བ་དང་འབྱུང་བ་དང་འགག་པ་དང་རྒྱུ་དང་འབྲས་བུ་དང་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་བརྟགས་པ་མེད་པའི་ཕྱིར་ན་ཆོས་ཐམས་ཅད་རང་བཞིན་གྱིས་ ལྡོག་པའི་ཕྱིར་རོ། །འདི་ལས་མ་བཟོད་ནས་གཞན་ཡང་སླར་ཡང་ཐལ་བར་འགྱུར་བ་བརྗོད་པ་ནི་གལ་ཏེ་དོན་དམ་ཞེས་པ་ལ་སོགས་པའོ། །མྱ་ངན་ལས་འདས་པ་ནི་རང་བཞིན་གྱིས་སྟོང་པ་ཡིན་པའི་ཕྱིར་སྐྱེ་བ་དང་འགག་པ་ལ་སོགས་པ་དང་བྲལ་བ་ཡིན་ལ། དོན་དམ་པར་ནི་དོན་དམ་པའི་བདེན་པ་ ཡིན་ཏེ། རང་བཞིན་གྱིས་མྱ་ངན་ལས་འདས་པར་གདོད་མ་ནས་ཞི་བའི་ཕྱིར་རོ། །གལ་ཏེ་ཀུན་རྫོབ་ནི་ཀུན་རྫོབ་ཀྱི་བདེན་པས་ཏེ། བརྟགས་པ་ཉིད་ཀྱིས་སོ། །འཁོར་བར་འགྱུར་བ་ནི་སྐྱེ་བ་དང་རྒ་ཤི་ལ་སོགས་པ་དང་ལྡན་པར་གྱུར་པ་ཡིན་ལ། དེའི་ཚེ་འགལ་བ་ཆེན་པོར་འགྱུར་རོ་ ཞེས་སངས་རྒྱས་ཀྱང་ནི་འཁོར་འགྱུར་བས་ཞེས་བརྗོད་དེ། འདི་ལྟར་ཁས་བླངས་པ་ན་སྒྲིབ་པ་ཐམས་ཅད་དང་བྲལ་བས་མྱ་ངན་ལས་འདས་པའི་སངས་རྒྱས་ཀྱང་འཁོར་བར་འགྱུར་ཏེ། སྐྱེ་བ་ལ་སོགས་པའི་ཆ་དང་ལྡན་པར་འགྱུར་རོ། །གང་གི་ཕྱིར་དེ་ལྟར་ན་རྒྱུ་དེས་བྱང་ཆུབ་ ཀྱི་སྤྱོད་པས་ཅི་ཞིག་བྱ་སྟེ། བྱང་ཆུབ་པའི་ཆེད་ནི་སངས་རྒྱས་ཀྱི་ཆེད་དུ་སྤྱོད་པ་སྟེ་ལག་པ་དང་རྐང་པ་དང་མགོ་བོ་ལ་སོགས་པ་སྦྱིན་པ་སྔོན་དུ་འགྲོ་བའི་སྡུག་བསྔལ་དུ་མའི་མཚན་ཉིད་ཀྱིས་ཅི་ཞིག་བྱ་ཞིང་དགོས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། བརྗོད་པའི་རང་བཞིན་མེད་པའི་ཕྱིར་རོ། ། དེ་ཡང་འཁོར་བའི་ཆོས་ཐམས་ཅད་ལྡོག་པའི་ཆེད་དུ་ཡོན་ཏན་ཐམས་ཅད་བསྡུས་པ་ལ་བརྟེན་ཏེ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་ཡང་དག་པར་བརྟེན་ལ་དེ་ལྟ་ན་ཡང་འཁོར་བའི་ཆོས་མ་ལོག་ན་བསྒྲུབས་པས་ཅི་ཞིག་བྱ་ཞེས་བསམས་པའོ། །འདི་ཡང་ཇི་སྲིད་རྐྱེན་རྣམས་ཚོགས་ པར་གྱུར་པ་ཞེས་བྱ་བ་ལ་སོགས་པ་བསལ་བ་ཡིན་ཏེ། སླར་ཡང་ཁྱད་པར་བསྟན་པའི་ཕྱིར། རྐྱེན་རྣམས་རྒྱུན་ནི་མི་ཆད་ན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྐྱེན་རྣམས་ཏེ་རྒྱུ་རྣམས་རྒྱུན་མ་ཆད་ཅིང་མ་ཉམས་ནའོ། །ནི་ཞེས་པ་ནི་གང་གི་ཕྱིར་ཏེ་སྒྱུ་མའང་ཡིན་ཏེ་འཁོར་བ་འགའ་
Page: 321 ཞིག་ནི་མ་ཡིན་ལ། འང་གི་སྒྲས་ནི་སྡུད་པ་ཡིན་ཏེ་རྒྱུན་ཆད་ཅིང་ལྡོག་པར་མི་འགྱུར་རོ། །རྐྱེན་རྣམས་ཏེ་རྒྱུ་རྣམས་རྒྱུན་ཆད་པའི་ཕྱིར་ལྡོག་པས་ན་ཀུན་རྫོབ་ཀྱང་རྟག་པ་ཉིད་དེ། ཐ་སྙད་ཉིད་དུ་ཡང་འཁོར་བ་སྲིད་པ་མ་ཡིན་ནོ། །རྐྱེན་རྣམས་རྒྱུན་ཆད་པ་ཡང་དེ་ཁོ་ན་ཉིད་ལ་གོམས་པར་བྱས་པས་ མ་རིག་པ་ལ་སོགས་པ་རིམ་གྱིས་འགལ་བར་འགྱུར་བར་ཤེས་པར་བྱའོ། །དེ་ཇི་ལྟར་སཱ་ལུ་ལྗང་པའི་མདོ་ལས་འདི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པས་གང་ འདི་སྐད་དུ། དགེ་སློང་དག་གང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། །གང་གིས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་ཞེས་གསུངས་པ་དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཞེ་ན། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་ པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ། །དེ་ལ་མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་པ་ནས། དེ་ལྟར་སྡུག་ བསྔལ་གྱི་ཕུང་པོ་ཆེན་པོ་འདི་འགག་པར་འགྱུར་ཏེ། འདི་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བརྗོད་དོ། །སྔ་མ་བཞིན་དུ་འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཏེ། རྟག་པ་དང་། སྲོག་མེད་པ་དང་། སྲོག་དང་བྲལ་བ་དང་། ཇི་ལྟ་བུ་ཉིད་དང་། མ་ནོར་བ་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་ པ་དང་། འདུས་མ་བྱས་པ་དང་། ཐོགས་པ་མེད་པ་དང་། དམིགས་པ་མེད་པ་དང་། ཞི་བ་དང་། འཇིགས་པ་མེད་པ་དང་། མི་འཕྲོགས་པ་དང་། རྣམ་པར་ཞི་བ་མ་ཡིན་པའི་རང་བཞིན་གྱིས་མཐོང་བ་དེས་ཆོས་ཐམས་ཅད་མཐོང་ངོ་། །གང་གིས་འདི་ལྟར་རྟག་པ་དང་སྲོག་མེད་པ་ནས་རྣམ་པར་ཞི་བ་མ་ཡིན་
Page: 322 ༄༅། །པའི་རང་བཞིན་དུ་མཐོང་བ་དེས་བླ་ན་མེད་པའི་ཆོས་ཀྱི་སྐུར་སངས་རྒྱས་མཐོང་བ་ཞེས་གོང་མ་བཞིན་དུའོ། །དེ་ལ་མ་རིག་པ་གང་ཞེ་ན། ཁམས་དྲུག་པོ་འདི་དག་ཉིད་ལ་གང་གཅིག་པུར་འདུ་ཤེས་པ་དང་། རིལ་པོར་འདུ་ཤེས་པ་དང་། རྟག་པར་འདུ་ཤེས་པ་དང་། བརྟན་པར་འདུ་ཤེས་པ་དང་། ཐེར་ཟུག་ཏུ་འདུ་ཤེས་པ་དང་། བདེ་བར་འདུ་ཤེས་པ་དང་། བདག་ཏུ་འདུ་ཤེས་པ་དང་། སེམས་ཅན་དུ་འདུ་ཤེས་པ་དང་། སྲོག་ཏུ་འདུ་ཤེས་པ་དང་། སྐྱེ་བར་འདུ་ཤེས་པ་དང་། ཤེད་བུར་འདུ་ཤེས་པ་དང་། ཤེད་ལས་སྐྱེས་སུ་འདུ་ཤེས་པ་དང་། བདག་ཏུ་ང་རྒྱལ་དང་། བདག་གི་བར་འདུ་ཤེས་པ་སྟེ། འདི་ལྟ་བུ་ལ་སོགས་པ་སྣ་ཚོགས་པ། མི་ཤེས་པ་ལ་མ་རིག་པར་བརྗོད་དོ། །དེ་ལ་མ་རིག་པ་ཡོད་པས་ཡུལ་རྣམས་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་འཇུག་པ་སྟེ། དེ་ལ་ཡུལ་རྣམས་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གང་ཡིན་པ་འདི་ ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱའོ། །དངོས་པོ་སོ་སོར་རྣམ་པར་རིག་པ་ནི་རྣམ་པར་ཤེས་པའོ། །འབྱུང་བ་ཆེན་པོ་བཞི་པོ་ཉེ་བར་བཟུང་ནས། གཟུགས་གཅིག་པོ་ནི་གཟུགས་སོ། །རྣམ་པར་ཤེས་པ་དང་ལྷན་ཅིག་བྱུང་བ་ཉེ་བར་ལེན་པའི་ཕུང་པོ་བཞི་པོ་གཟུགས་ཅན་དུ་ མ་ཡིན་པའི་ཉེ་བར་ལེན་པའི་ཕུང་པོ་ནི་མིང་སྟེ། དེ་དང་དེ་ནི་མིང་དང་གཟུགས་སོ། །མིང་དང་གཟུགས་ལ་བརྟེན་པའི་དབང་པོ་རྣམས་ནི་སྐྱེ་མཆེད་དྲུག་གོ། །ཆོས་གསུམ་འདུས་པ་ནི་རེག་པའོ། །རེག་པ་མྱོང་བ་ནི་ཚོར་བའོ། །ཚོར་བ་ལ་ཞེན་པ་ནི་སྲེད་པའོ། །སྲེད་པ་འཕེལ་བ་ནི་ལེན་པའོ། ། ལེན་པ་ལས་སྐྱེས་པ་ཡང་སྲིད་པ་སྐྱེས་པའི་ལས་ནི་སྲིད་པའོ། །རྒྱུ་དེ་ལས་ཕུང་པོ་བྱུང་བ་ནི་སྐྱེ་བའོ། །སྐྱེས་ནས་ཕུང་པོ་སྨིན་པ་ནི་རྒས་པའོ། །རྒས་ནས་ཕུང་པོ་འཇིག་པ་ནི་འཆི་བའོ། །འཆི་ཞིང་མྱོང་སྟེ་མངོན་པར་ཆགས་པ་དང་བཅས་པའི་ནང་གི་ཡོངས་སུ་གདུང་བ་ནི་མྱ་ངན་ནོ། ། མྱ་ངན་ལས་བྱུང་བའི་ཚིག་ཏུ་སྨྲ་བ་ནི་སྨྲེ་སྔགས་འདོན་པའོ། །རྣམ་པར་ཤེས་པ་ལྔའི་ཚོགས་དང་ལྡན་པའི་མི་བདེ་བ་མྱོང་བ་ནི་སྡུག་བསྔལ་མྱོང་བའོ། །ཡིད་ལ་བྱེད་པ་དང་ལྡན་པའི་ཡིད་ཀྱི་སྡུག་བསྔལ་ནི་ཡིད་མི་བདེ་བའོ། །གཞན་ཡང་འདི་ལྟ་བུ་ལ་སོགས་པ་ཉོན་མོངས་པ་
Page: 323 གང་ཡིན་པ་ནི་འཁྲུག་པ་ཞེས་བྱའོ། །དེ་ལ་མུན་པ་ཆེན་པོའི་ཕྱིར་མ་རིག་པའོ། །མངོན་པར་འདུ་བྱེད་པའི་ཕྱིར་འདུ་བྱེད་རྣམས་སོ། །རྣམ་པར་རིག་པའི་ཕྱིར་རྣམ་པར་ཤེས་པའོ། །རློམ་པའི་ཕྱིར་མིང་དང་གཟུགས་སོ། །སྐྱེ་བའི་སྒོའི་ཕྱིར་སྐྱེ་མཆེད་དྲུག་གོ། །རེག་པའི་དོན་གྱིས་རེག་ པའོ། །མྱོང་བའི་ཕྱིར་ཚོར་བའོ། །སྐོམ་པའི་ཕྱིར་སྲེད་པའོ། །ཉེ་བར་ལེན་པའི་ཕྱིར་ལེན་པའོ། །ཡང་སྲིད་པ་སྐྱེད་པའི་ཕྱིར་སྲིད་པའོ། །ཕུང་པོ་འབྱུང་བའི་ཕྱིར་སྐྱེ་བའོ། །ཕུང་པོ་སྨིན་པའི་ཕྱིར་རྒས་པའོ། །འཇིག་པའི་ཕྱིར་འཆི་བའོ། །མྱ་ངན་བྱེད་པའི་ཕྱིར་མྱ་ངན་ནོ། །ཚིག་ གི་སྨྲེ་བའི་ཕྱིར་སྨྲེ་སྔགས་འདོན་པའོ། །ལུས་ལ་གནོད་པའི་ཕྱིར་སྡུག་བསྔལ་བའོ། །སེམས་ལ་གནོད་པའི་ཕྱིར་ཡིད་མི་བདེ་བའོ། །ཉོན་མོངས་པའི་ཕྱིར་འཁྲུག་པའོ་ཞེས་རྒྱས་པར་གསུངས་སོ། །དེ་ལྟར་ཉེ་བར་བསྟན་པའི་རྐྱེན་རྣམས་རྒྱུན་མ་ཆད་ན་འདུ་བྱེད་ཉམས་པ་མེད་པར་ འཇུག་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་པོ་དེ་ཉིད་འདུ་བྱེད་པ་ཡིན་པའི་ཕྱིར་རོ། །སློབ་དཔོན་གྱི་ཞལ་སྔ་ནས། ཇི་ལྟར་འབངས་བཞིན་རིམ་གྱིས་རྒྱུན། །སྐྱེས་ནས་ལས་དང་ཉོན་མོངས་ཀྱིས། །འཇིག་རྟེན་ཕ་རོལ་དག་ཏུ་འགྲོ། །སྲིད་པའི་འཁོར་ལོ་ཐོག་མ་མེད། ། དེ་ནི་རྟེན་ཅིང་འབྲེལ་འབྱུང་བའི། །ཡན་ལག་བཅུ་གཉིས་ཆ་གསུམ་མོ། །ཞེས་གསུངས་པ་ཡིན་ནོ། །རྐྱེན་རྣམས་ཡང་རྒྱུན་ཆད་ན་རྣམ་པ་ཐམས་ཅད་དུ་འཁོར་བ་མེད་པར་འགྱུར་ཏེ། རྒྱུ་མ་ཚང་བའི་ཕྱིར་རོ། །དེའི་ཕྱིར་སངས་རྒྱས་ཀྱང་འཁོར་བར་ཐལ་བར་འགྱུར་བ་དེ་ནི་མ་ ཡིན་ནོ། །དེ་ལྟར་རེ་ཞིག་མདོ་སྡེ་པ་ལ་སོགས་པའི་བརྒལ་བ་བསལ་ནས། རྣལ་འབྱོར་སྤྱོད་པའི་ལོག་པར་རྟོག་པ་བསལ་བའི་ཆེད་དུ་དེའི་ལུགས་ཀྱི་ཉེས་པ་བརྗོད་པ་ནི། གང་ཚེ་འཁྲུལ་པ་ཞེས་པ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་དབུ་མར་སྨྲ་བ་རྣམས་ཀྱིས་འགྲོ་བ་ཐམས་ཅད་སྒྱུ་མའི་ བདག་ཉིད་ཀྱི་རང་བཞིན་གྱིས་སྟོང་པར་ཁས་བླངས་པ་ན་ཕྱི་རོལ་བཞིན་དུ་སྒྱུ་མའི་རང་བཞིན་ཀུན་རྫོབ་འཛིན་པར་བྱེད་པའི་བློ་ཡང་ཁྱེད་ལ་ཡོད་པ་མ་ཡིན་ལ། དེའི་ཚེ་སྒྱུ་མ་གང་གིས་དམིགས་པར་འགྱུར་ཏེ། གང་གིས་རྟོགས་པར་འགྱུར་ཏེ་འཛིན་པ་དངོས་པོ་ཡོད་པའི་ཤེས་པ་མ་གཏོགས་
Page: 324 ༄༅། །པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །གང་གི་ཡང་རང་གི་སེམས་ཉིད་དོན་དམ་པར་ཡོད་པ་མ་ཡིན་ལ། ཕྱི་རོལ་གྱི་རང་བཞིན་ཉིད་ཀྱི་འཁྲུལ་པས་དེ་བཞིན་དུ་སྣང་སྟེ། དེ་ལ་ནི་ཉེས་པ་ཡོད་པ་མ་ཡིན་ནོ་ཞེས་པ་ནི་བསམས་པའོ། །དེ་ལྟ་བུ་ བསལ་བའི་དོན་དུ་གང་ཚེ་ཁྱོད་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། གླང་པོ་ལ་སོགས་པའི་རྣམ་པར་འཇུག་པས་གཟུང་བར་བྱ་བ་ཉིད་ཀྱིས་གང་གི་ཚེ་སྒྱུ་མ་ཉིད་ཁྱོད་དེ། རྣམ་པར་ཤེས་པར་སྨྲ་བ་ཁྱེད་ཅག་ལ་ཡོད་པ་མ་ཡིན་ཏེ། འགྲོ་བ་སེམས་ཙམ་དུ་ཁས་ལེན་པས་ཕྱི་རོལ་གྱི་དོན་མེད་ པའི་ཕྱིར་དེའི་ཚེ་ཅི་ཞིག་དམིགས་ཏེ། དེའི་ཚེ་འདིར་ཅི་ཞིག་སྣང་བར་འགྱུར། ཕྱི་རོལ་གྱི་དོན་མེད་པའི་ཕྱིར་ཡུལ་ལ་སོགས་པར་རྣམ་པར་ཆད་པའི་སྣང་བ་རིགས་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ལ་གཞན་གྱི་བསམ་པའི་དོགས་པས་གལ་ཏེ་དངོས་པོར་ཞེན་པ་ལ་སོགས་པ་གསུངས་ཏེ། རང་ གི་སེམས་ཉིད་འཁྲུལ་པས་ཕྱི་རོལ་གྱི་གཟུགས་ཉིད་དུ་གླང་པོ་ཆེ་ལ་སོགས་པའི་རྣམ་པར་སྣང་བ་ཡིན་ནོ་ཞེས་གསུངས་སོ་ཞེ་ན། གསུངས་པ་ཉིད་ཡིན་ཏེ་འོན་ཀྱང་སེམས་ཉིད་རྣམ་པར་ཤེས་པ་ཉིད་ཡིན་ཏེ། དེ་ནི་ཞེས་པ་ནི་ཡུལ་ལ་སོགས་པ་ཆད་པར་གཟུང་བར་བྱ་བ་ཉིད་ཀྱིས་རབ་ཏུ་སྣང་བ་དང་ ལྡན་པ་ཡིན་ལ། རྣམ་པ་ནི་སྣང་བ་ཡིན་ཏེ། གཞན་ཞེས་པ་ནི་ནང་གི་འཛིན་པའི་སེམས་ཀྱི་རྣམ་པ་གཞན་ཡིན་ལ། ཡོད་པ་ནི་བདོག་པ་སྟེ་དེ་ཁོ་ན་ཉིད་ཀྱི་དངོས་པོ་ཡིན་ལ་གལ་ཏེ་ཡང་ཞེས་པ་ནི་ཁས་བླངས་པ་བརྗོད་པ་ཡིན་ཏེ། དེ་ལྟ་ན་ཡང་འདི་ནི་འབྲེལ་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཚེ་སེམས་ཉིད་སྒྱུ་མ་ནི། །ཞེས་པ་ལ་སོགས་པ་གསུངས་ཏེ། སེམས་ཉིད་རྣམ་པར་ཤེས་པ་ཉིད་ཡིན་ཏེ། རིག་པར་བྱེད་པ་པོ་ཉིད་དུ་ཁས་བླངས་པ་ཡིན་ལ་གང་གི་ཚེ་སྒྱུ་མ་ལས་གཞན་མ་ཡིན་པའི་རིག་པ་པོ་སེམས་ལས་ཐ་དད་པ་སྒྱུ་མ་ཞེས་བྱ་བ་འགའ་ཡང་ཡོད་པ་མ་ཡིན་ཏེ། དེའི་བདག་ ཉིད་ཡིན་པས་དེ་དེ་ལྟར་སྣང་བ་ཁས་བླངས་པའི་ཕྱིར་རོ། །དེ་ཚེ་གང་ཞིག་གང་གིས་མཐོང་། །ཞེས་ཏེ། གང་ཞིག་གང་གིས་རྟོགས་པར་འགྱུར་ཏེ། མཐོང་བ་ཉིད་འབའ་ཞིག་ཡོད་ཀྱི་མཐོང་བར་བྱ་བ་ནི་མེད་ལ། མཐོང་བར་བྱ་བ་མེད་པར་མཐོང་བ་ཡང་ཡོད་པ་མ་ཡིན་ཏེ་དེ་ནི་མཐོང་བར་བྱ་
Page: 325 བ་ལ་ལྟོས་པའི་ཕྱིར་རོ། །དེའི་ཕྱིར་གང་གིས་ཅུང་ཟད་ཀྱང་མཐོང་བ་མ་ཡིན་ཏེ། དེ་ལྟ་བས་ན་འགྲོ་བ་མཐའ་དག་ལོང་བ་ཉིད་ཐོབ་པར་འགྱུར་རོ་ཞེས་དགོངས་པ་ཡིན་ནོ། །གལ་ཏེ་དེ་ལྟར་གྱུར་ན་ཡང་གལ་ཏེ་ཤེས་པའི་བདག་ཉིད་མྱོང་བ་མ་ཡིན་པར་འགྱུར་ལ། འོན་ཀྱང་རང་རིག་པ་ཉིད་ཀྱིས་ རང་གི་ངོ་བོ་མྱོང་བ་ནི་དེ་ལས་ཐ་མི་དད་པའི་སྒྱུ་མ་ལ་སོགས་པ་ཡང་རྟོགས་པ་ཡིན་ཏེ། དེ་ལྟར་གྱུར་ན་ཡང་ཅུང་ཟད་ཀྱང་ཉམས་པ་མེད་དོ་ཞེས་རྣམ་པར་ཤེས་པར་སྨྲ་བའི་བསམ་པའི་དོན་དམ་པས་གསུངས་པ། འཇིག་རྟེན་གྱི་ནི་མགོན་པོས་ཀྱང་། །ཞེས་པ་ལ་སོགས་པ་གསུངས་ཏེ། འགྲོ་བ་ རང་བཞིན་གྱིས་སྟོང་པ་ཉིད་དུ་གང་གི་ཚེ་རིགས་པས་བསྟན་པ་དེའི་ཚེ། གང་གིས་གང་གི་རང་བཞིན་གྱི་དངོས་པོ་ཞེས་གང་ཞིག་གང་གིས་རྟོགས་པར་འགྱུར། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཡིན་ཏེ། སྟོང་པ་ཉིད་ཀྱི་མཚན་ཉིད་སེམས་ཡིན་ཞིང་ཆོས་ཐམས་ཅད་རྣམ་པར་ དབེན་པ་དང་། རྣམ་པར་དབེན་པའི་མཚན་ཉིད་ཀྱང་སེམས་ཡིན་ནོ་ཞེས་གསུངས་སོ། །གཞན་ཡང་འཇིག་རྟེན་གྱི་མགོན་པོས་ཀྱང་གསུངས་ཤིང་བཀའ་སྩལ་པ་ཡིན་ཏེ། འཇིག་རྟེན་ནི་སེམས་ཅན་ཐམས་ཅད་ཡིན་ལ། མགོན་པོས་ཞེས་པ་ནི་སྐྱབས་ཏེ་སངས་རྒྱས་བཅོམ་ལྡན་འདས་ ཀྱིས་སོ། །ཅི་ཞིག་གསུངས་ཤེ་ན། སེམས་ཀྱིས་སེམས་མི་མཐོང་ཞེས་ཏེ། སེམས་ཀྱི་བདག་ཉིད་ནི་སེམས་ཀྱིས་ཤེས་པ་མ་ཡིན་ཏེ། དངོས་པོ་དེ་ཁོ་ན་ཉིད་དུ་ཡོད་ཀྱང་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ། །ཅི་ལྟ་བུ་ཞེ་ན། རལ་གྲིའི་སོ་ནི་རང་ལ་རང་། །ཞེས་ཏེ། ཇི་ལྟར་ཤིན་ ཏུ་རྣོ་བའི་རལ་གྲིའི་སོས་གཞན་བཞིན་དུ་བདག་ཉིད་དེ་རང་གི་ལུས་མི་གཅོད་ཅིང་གཅོད་པར་མི་བྱེད་དེ། བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ། །དེ་བཞིན་དུ་ཡིད་ཀྱང་རལ་གྲིའི་སོ་བཞིན་དུ་བདག་ཉིད་ཀྱི་སེམས་ཀྱིས་བདག་ཉིད་མི་མཐོང་ངོ་ཞེས་སྦྱར་རོ། །ཤེས་པ་གཅིག་པོ་དེ་ལ་རིག་ པར་བྱ་བ་དང་རིག་པར་བྱེད་པ་དང་། རིག་པའི་བདག་ཉིད་གསུམ་མི་རིགས་ཏེ། ཆ་ཤས་མེད་པ་གཅིག་ལ་རང་བཞིན་གསུམ་མི་འཐད་པའི་ཕྱིར་རོ། །དེ་ལ་འདི་འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་ལས། དེ་སེམས་ཀུན་ཏུ་ཚོལ་བ་ན་སེམས་ནང་ན་ཡང་དག་པར་རྗེས་སུ་མི་
Page: 326 ༄༅། །མཐོང་། སེམས་ཕྱི་རོལ་ན་ཡང་དག་པར་རྗེས་སུ་མི་མཐོང་ཞེས་པ་དང་། ཕུང་པོ་རྣམས་ལ་ཡང་སེམས་ཡང་དག་པར་རྗེས་སུ་མི་མཐོང་ཁམས་རྣམས་ལ་ཡང་སེམས་ཡང་དག་པར་རྗེས་སུ་མི་མཐོང་། སྐྱེ་མཆེད་རྣམས་ལ་ཡང་སེམས་ཡང་དག་པར་རྗེས་སུ་མི་ མཐོང་ངོ་། །དེས་སེམས་ཡང་དག་པར་རྗེས་སུ་མ་མཐོང་བས། སེམས་གང་ལས་བྱུང་ཞེས་སེམས་ཀྱི་རྒྱུན་ཀུན་དུ་ཚོལ་ཞིང་དེ་འདི་སྙམ་དུ་སེམས་ཏེ། དམིགས་པ་ཡོད་པ་ལས་སེམས་འབྱུང་བར་འགྱུར་རོ་སྙམ་མོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། ཅི་དམིགས་པ་དེ་ཡང་གཞན་ལ། སེམས་དེ་ཡང་ གཞན་ནམ། འོན་ཏེ་དམིགས་པ་གང་ཡིན་པ་དེ་ཉིད་སེམས་ཡིན། གལ་ཏེ་དམིགས་པ་ཡང་གཞན་ལ་སེམས་ཀྱང་གཞན་ན་ནི་སེམས་དེ་གཉིས་སུ་འགྱུར་རོ། །འོན་ཏེ་དམིགས་པ་གང་ཡིན་པ་དེ་ཉིད་སེམས་ཡིན་ན་སེམས་ཀྱིས་སེམས་དེ་ཇི་ལྟར་མཐོང་བར་འགྱུར་ཏེ། སེམས་ཀྱིས་སེམས་མཐོང་བར་མི་ རུང་ངོ་། །འདི་ལྟ་སྟེ་དཔེར་ན། རལ་གྲིའི་སོ་དེ་ཉིད་ཀྱིས་རལ་གྲིའི་སོ་དེ་ཉིད་བཅད་པར་མི་ནུས་པ་དང་། སོར་མོའི་རྩེ་མོ་དེ་ཉིད་ཀྱིས་སོར་མོའི་རྩེ་མོ་ལ་རེག་པར་མི་ནུས་པ་དེ་བཞིན་དུ་སེམས་དེ་ཉིད་ཀྱིས་སེམས་དེ་ཉིད་མཐོང་བར་མི་ནུས་སོ་ཞེས་རྒྱས་པར་གསུངས་སོ། །འདིར་སེམས་ཙམ་ཉིད་དུ་ སྨྲ་བས་རང་ལ་བྱེད་པ་འགལ་བ་བསལ་བར་འདོད་ཅིང་རང་གི་ཕྱོགས་བསྒྲུབ་པའི་ཆེད་དུ་དཔེ་བརྗོད་པ་ཇི་ལྟར་མར་མེ་ཞེས་པ་ལ་སོགས་པ་གསུངས་ཏེ། རང་གི་དངོས་ནི་རང་གི་རང་བཞིན་ཡིན་ཏེ། དཔེར་ན་མར་མེ་བཞིན་དུ་སྟེ་མར་མེ་ལྟར་ཡང་དག་པར་གསལ་བར་བྱེད་ཅིང་མངོན་པར་བྱེད་དོ། །འདི་ལྟར་ཡང་ ངེས་པས་མུན་པས་བསྒྲིབས་པའི་བུམ་པ་ལ་སོགས་པའི་དངོས་པོ་རྟོགས་པར་བྱ་བའི་ཆེད་དུ་མར་མེ་འདེགས་པར་བྱེད་ལ། དེ་བཞིན་དུ་མར་མེ་གསལ་བར་བྱ་བའི་ཆེད་དུ་ནི་མར་མེ་གཞན་མ་ཡིན་ཏེ། འོན་ཀྱང་བུམ་པ་ལ་སོགས་པ་གསལ་བར་བྱེད་པ་གང་ཡིན་པ་དེ་ཉིད་ཀྱིས་བདག་ཉིད་ཀྱང་གསལ་ བར་བྱེད་ལ། དེ་བཞིན་དུ་སྐབས་སུ་བབ་པའི་རང་རིག་པ་ལ་ཡང་གོ་བར་བྱ་ཞིང་ཅུང་ཟད་ཀྱང་འགལ་བ་ཡོད་པ་མ་ཡིན་ནོ་ཞེས་ཐམས་ཅད་དུ་སྦྱར་བར་བྱ་སྟེ། དེ་ལྟ་བས་ན་མར་མེ་བཞིན་དུ་འགལ་བ་མེད་པ་ཉིད་དོ་ཞེ་ན། གལ་ཏེ་དེ་ལྟར་སེམས་ན་དེའི་ཚེ་འདི་སྐད་སྨྲ་བར་མི་བྱའོ། །ཅིའི་
Page: 327 ཕྱིར་ཞེ་ན། མར་མེ་ཞེས་པ་ལ་སོགས་པ་གསུངས་ཏེ། གསལ་བར་བྱ་བ་མ་ཡིན་པ་ཉིད་ཡིན་ཏེ། བུམ་པ་ལ་སོགས་པ་བཞིན་དུ་གསལ་བར་བྱ་བ་མ་ཡིན་པ་ཁོ་ནའོ། །གང་གི་ཕྱིར་མར་མེ་མུན་གྱིས་བསྒྲིབས་པ་མེད་དེ་མུན་པས་གཡོགས་པ་མ་ཡིན་ནོ། །སྒྲིབ་པར་བྱེད་པ་ཡོད་པ་སེལ་བ་ནི་ གསལ་བ་ཡིན་ནོ། །དེའི་ཕྱིར་བུམ་པ་ལ་སོགས་པ་གསལ་བ་ནི་དེ་རྣམས་སྔར་ཡོད་པའི་ཕྱིར་ལ། དེ་ལྟར་མར་མེ་ནི་མ་ཡིན་ཏེ། དེ་སྔར་མེད་པའི་ཕྱིར་རོ། །མེད་པ་ཡང་གསལ་བར་རིགས་པ་མ་ཡིན་ཏེ། མེད་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་འདི་ལྟར་མར་མེ་ནི་གསལ་བར་བྱ་བ་མ་ཡིན་ཏེ། འདི་ལྟར་ མི་འདྲ་བའི་ཕྱིར་རོ། །མར་མེའི་དཔེས་ནི་བསྒྲུབ་བྱ་འགྲུབ་པ་མ་ཡིན་ནོ། །དེ་ལྟར་གྱུར་ན་ཡང་ཇི་ལྟར་མར་མེ་ཞེས་པ་ལ་སོགས་པས་མར་མེའི་བདག་ཉིད་གང་ཡིན་པ་ནི་མུན་པས་བསྒྲིབས་པ་གསལ་བར་བྱེད་པ་ཡིན་ནོ་ཞེས་འདི་སྐད་དུ་བརྗོད་པ་ནི་མ་ཡིན་ལ། འོན་ཀྱང་དེའི་རང་བཞིན་གྱི་དབང་དུ་ བྱས་ཏེ། གཞན་ལ་ལྟོས་པ་མ་ཡིན་པ་ཙམ་ཡིན་ནོ་ཞེས་བརྗོད་པར་བྱའོ། །འདི་ཉིད་བསྟན་པའི་ཕྱིར། ཤེལ་བཞིན་དུ་ཞེས་པ་ལ་སོགས་པ་གསུངས་ཏེ། ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཏེ། ཇི་ལྟར་ཤེལ་རྡོ་རང་བཞིན་སྔོན་པོ་མ་ཡིན་པར་ཡོད་པ་ཡོན་ཏན་སྔོན་པོ་ཉིད་དུ་སྐྱེད་པ་ལ་རྒྱུ་མཚན་ གཞན་གྱི་ཁྱད་པར་འདབ་མ་སྔོན་པོ་ལ་སོགས་པ་ཉེ་བ་ལ་ལྟོས་ལ་དེ་བཞིན་དུ་དངོས་པོ་རང་ཉིད་ཀྱིས་སྔོན་པོ་ཡིན་པ་དེ་ལྟ་ན་ཡང་སྔོན་པོ་ཉིད་དུ་བྱ་བ་ལ་ཁྱད་པར་གཞན་ལ་ལྟོས་པ་ནི་མ་ཡིན་ནོ། །དེ་བཞིན་ཞེས་ཏེ་རྣམ་པ་དེས་བུམ་པ་ལ་སོགས་པའི་དངོས་པོ་ཅུང་ཞིག་མར་མེ་ལ་སོགས་པ་ གཞན་ལ་ལྟོས་པས་གསལ་བ་མཐོང་ལ་མར་མེ་ལ་སོགས་པ་འགའ་ཞིག་ཡང་གཞན་ལ་ལྟོས་པ་མ་ཡིན་ཞིང་རང་ཉིད་གསལ་བའི་བདག་ཉིད་དུ་མཐོང་སྟེ་དམིགས་པ་ཡིན་ལ། འདི་ཙམ་ཉིད་བརྗོད་པར་འདོད་པ་ཡིན་ནོ། །དེ་བཞིན་དུ་རྣམ་པར་ཤེས་པ་ཙམ་དུ་སྨྲ་བས་ཁྱད་པར་བརྗོད་པ་ ལ། གྲུབ་པའི་མཐའ་སྨྲ་བས་སྔོན་པོ་ཉིད་རེ་ཞིག་གཞན་ལ་ལྟོས་པ་མེད་པར་དཔེའི་སྒོ་ནས་བསྟན་པ་དགག་པའི་ཕྱིར། སྔོ་ཉིད་མིན་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། དཔེ་འདི་ཡང་འདྲ་བ་མ་ཡིན་ཏེ། གང་གི་ཕྱིར་སྔོན་པོ་ཡང་སྔོན་པོ་ཉིད་དུ་བྱེད་པ་ལ་ཤེལ་བཞིན་དུ་གཞན་ལ་མ་ལྟོས་པ་
Page: 328 ༄༅། །མ་ཡིན་ཏེ། དེའི་ངོ་བོར་འགྱུར་བ་ལ་རང་གི་རྒྱུ་དང་རྐྱེན་ལ་ལྟོས་པའི་ཕྱིར་རོ། །འདི་ཡང་ནམ་གྱི་ཚེ་གཞན་ལ་ལྟོས་པ་ཡོད་པར་འགྱུར་ཞེ་ན། གལ་ཏེ་སྔོན་པོ་མ་ཡིན་པ་ཉིད་དུ་རང་གི་རྒྱུ་ལས་སྐྱེས་ན་ཡང་དེར་འགྱུར་བ་ལས་གཞན་ལ་མ་ལྟོས་པར་རང་ཉིད་ཀྱི་སྔོན་པོའི་ བདག་ཉིད་དུ་བྱེད་ན་སྟེ་དེ་ཡང་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་སྔོན་པོ་མ་ཡིན་ཏེ་སྔོན་པོའི་ཡོན་ཏན་དང་བྲལ་བ་ནི་མ་ཡིན་ནོ་ཞེས་འགེགས་པར་བྱེད་དེ། དེ་ཞེས་བྱ་བ་ནི་སྔོན་པོར་འདོད་པའི་དངོས་པོ་ཡིན་ལ། སྔོན་པོ་སྟེ་སྔོན་པོའི་ཡོན་ཏན་དང་ལྡན་པ་ཡིན་ཞིང་། བདག་ཉིད་དེ་རང་གི་ངོ་བོ་ བདག་ཉིད་ཀྱི་རང་བཞིན་གྱིས་བྱེད་པ་མ་ཡིན་ལ། སྔར་བཞིན་དུ་བྱེད་པར་ནུས་པ་མ་ཡིན་ཏེ། བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ། །དེའི་ཕྱིར་སྔོན་པོ་ཡང་སྔོན་པོ་ཉིད་དུ་བྱེད་པ་ལ་ཤེལ་བཞིན་དུ་གཞན་ལ་མ་ལྟོས་པ་མ་ཡིན་ཏེ། འདི་ལྟར་ཤེལ་རྡོ་ཡང་དངོས་པོ་གནས་པའི་ངོ་བོ་ཉིད་ཁྱད་ པར་གཞན་དང་ཉེ་བས་སྔོན་པོར་བསྒྱུར་བར་གྱུར་པ་ཡིན་ཏེ། འོན་ཀྱང་ཐམས་ཅད་རང་གི་ཉེ་བར་ལེན་པའི་སྐད་ཅིག་མ་དང་སྔོན་པོའི་ཁྱད་པར་ལྷན་ཅིག་བྱེད་པའི་རྐྱེན་ལས་ཀྱང་སྔ་མ་རང་ཉིད་ཀྱིས་འགགས་ནས། ཤེལ་རྡོ་སྔོན་པོའི་ཡོན་ཏན་གྱིས་བསྒྱུར་བ་གཞན་ཉིད་སྐྱེ་བར་འགྱུར་རོ་ཞེས་ པ་ནི་གྲུབ་པའི་མཐའ་ཡིན་ནོ། །དེ་ལ་ཡོན་ཏན་སྐྱེད་པ་ལ་རྒྱུ་དང་རྐྱེན་ལ་རག་ལས་པར་ནི་འདི་དག་ཐུན་མོང་ཉིད་ཡིན་ལ། དེ་བཞིན་དུ་སྐབས་སུ་བབ་པའི་བསྒྲུབ་བྱ་ལ་ཡང་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །འོ་ན་ནི་མཛའ་བོས་ཡིད་དུ་འོང་བ་བསྒྲུབས་པ་ཡིན་ཏེ། གང་གི་ ཕྱིར་རང་གི་རྒྱུ་དང་རྐྱེན་ལས་བེམས་པོའི་རང་བཞིན་ལས་བཟློག་གི་བདག་ཉིད་དུ་བསྐྱེད་པའི་ཤེས་པ་ཉིད་གསལ་བ་གཞན་ལ་མ་ལྟོས་པར་བདག་ཉིད་གསལ་བ་ལ་རང་རིག་པར་བརྗོད་དེ། འདི་ཉིད་ནི་ཁོ་བོས་ཀྱང་སྔོན་པོའི་བདག་ཉིད་དཔྱད་པས་བསྒྲུབས་པ་ཡིན་ནོ། །འདི་ཙམ་ ཉིད་ཀྱིས་མར་མེ་ཡང་དཔེར་བྱས་པ་ཡིན་ལ། ཡང་ཁོ་བོ་ཅག་རྣམས་ཀྱིས་ལས་དང་བྱེད་པ་པོ་དང་བྱ་བ་ཐ་དད་པས་ཤེས་པའི་བདག་ཉིད་གསལ་བར་ནི་ཡོད་པ་མ་ཡིན་ཏེ། ཡོད་པ་གཅིག་ལ་ལས་ལ་སོགས་པའི་རང་བཞིན་གསུམ་མི་རིགས་པའི་ཕྱིར་རོ། །དེ་བྱ་བ་ཐ་དད་
Page: 329 པའི་སྒོ་ནས་སྐྱོན་བརྗོད་ན་ཡང་ཁོ་བོ་ནི་ཅུང་ཟད་ཀྱང་སུན་ཕྱུང་བ་མ་ཡིན་ཏེ། རང་གི་རྒྱུ་ལས་སྐྱེས་པའི་བདག་ཉིད་ཀྱི་གསལ་བ་མ་ཉམས་པའི་ཕྱིར་རོ། །དེ་ལྟར་ན་བདག་ཉིད་རིག་པ་ལ་སྐྱོན་བརྗོད་པས་ཐལ་བ་མེད་དོ། །དེ་བརྗོད་པ། རྣམ་ཤེས་བེམས་པོའི་རང་བཞིན་ལས། །བཟློག་ པ་རབ་ཏུ་སྐྱེ་བ་སྟེ། །བེམས་མིན་རང་བཞིན་གང་ཡིན་པ། །དེ་ཉིད་བདག་ཉིད་ཤེས་པ་ཡིན། །གཅིག་ལ་ཆ་མེད་རང་བཞིན་ལ། །གསུམ་གྱི་བདག་ཉིད་མི་འཐད་ཕྱིར། །འདི་ཡི་རང་བཞིན་རིག་པ་ནི། །བྱ་དང་བྱེད་པོའི་དངོས་པོར་མིན། །ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། བྱ་བ་དང་ བྱེད་པ་པོའི་ཁྱད་པར་གྱི་ཐ་སྙད་ལས་གྲུབ་པའི་སྒྲའི་དོན་རྟོགས་པས་ཉེས་པ་བརྗོད་པ་ཡིན་ཏེ། རང་རིག་པའི་སྒྲས་དེའི་དོན་བརྗོད་པའི་ཕྱིར་རོ། །གལ་ཏེ་ཡང་ཉེས་པས་འཇིགས་ནས་འཇིག་རྟེན་ལ་གྲགས་པའི་སྒྲའི་དོན་ཡོངས་སུ་སྤོང་ན། དེའི་ཚེ་ཁྱེད་ལ་འཇིག་རྟེན་པ་ཉིད་ཀྱིས་གནོད་པོར་ འགྱུར་ལ། འདིས་ཀྱང་རང་རིག་པ་དོན་དམ་པ་འགྲུབ་པ་མ་ཡིན་ཏེ། དེ་བཞིན་དུ་རྒྱུ་དང་། རྐྱེན་ལས་སྐྱེས་པའི་གཟུགས་བརྙན་རང་བཞིན་མེད་པ་ཉིད་དུ་བརྗོད་ལ། དེ་ལྟར་རང་རིག་པའི་ཤེས་པ་ནི་ཤིན་ཏུ་ཡང་མེད་པ་ཡིན་ཏེ། དེ་ཁོ་ན་ཉིད་དུ་གཉུག་མའི་རང་བཞིན་དུ་མེད་པའི་ཕྱིར་རོ། །རང་ བཞིན་མེད་པར་ཡང་ནམ་མཁའི་ཨུཏྤ་ལའི་བདག་ཉིད་རང་རིག་པར་ཡང་རིགས་པ་མ་ཡིན་ནོ། །དབུ་མར་སྨྲ་བ་པོ་རྣམས་ཀྱི་དབང་དུ་བྱས་ཏེ་བེམས་པོའི་རང་བཞིན་ཡོད་པ་མ་ཡིན་ཞིང་། གང་གིས་བེམས་པོའི་ལས་བཟློག་པ་བེམས་པོ་མ་ཡིན་པའི་རང་རིག་པར་འགྱུར་བ་དོན་དམ་པར་གང་ཞིག་ ཀྱང་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་དངོས་པོར་སྨྲ་བ་གཞན་ཉིད་ཀྱི་དབང་དུ་བྱས་ཏེ། འདི་སྨྲ་བར་རིགས་པ་ཡིན་ནོ། །དེའི་ཕྱིར་ན་རང་བཞིན་མེད་པ་ཉིད་ཀྱིས་ནམ་ཡང་རང་རིག་པ་གྲུབ་པ་མ་ཡིན་ནོ། །འདི་ཡང་ཕྱི་ནས་དྲན་པ་ཉེ་བར་གཞག་པ་སྟོན་པའི་སྐབས་སུ་རྒྱས་པར་བསྟན་པར་བྱའོ། །ད་ནི་ མར་མེ་རང་ཉིད་གསལ་བར་ཁས་བླངས་ནས་བློ་ལ་རང་རིག་པ་མ་ཡིན་ནོ་ཞེས་བསྟན་པའི་ཆེད་དུ་མར་མེ་ཞེས་པ་ལ་སོགས་པ་གསུངས་ཏེ། མར་མེ་རབ་ཏུ་གསལ་བའི་བདག་ཉིད་དུ་གྱུར་པ་དེ་ལྟ་ན་ཡང་བློ་རང་རིག་པར་བསྒྲུབ་པ་ལ་འདྲ་བའི་དཔེ་མ་ཡིན་ནོ་ཞེས་པ་ནི་བསྡུས་པའི་དོན་ཏོ། །མར་མེ་གསལ་
Page: 330 ༄༅། །བར་བྱེད་དོ་ཞེས་པ་ནི་གསལ་བར་བྱེད་པ་གཞན་ལ་མི་ལྟོས་པར་རང་ཉིད་ཀྱིས་གསལ་བ་ཡིན་ནོ་ཞེས་ཤེས་པར་བྱས་ནས་ཏེ། ཤེས་པས་གོ་བར་བྱས་ནས་བློས་རྗོད་པར་བྱེད་ཅིང་རབ་ཏུ་རྟོགས་པར་བྱེད་དེ། མར་མེ་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །བློ་ནི་ཤེས་པ་ཡིན་ལ་ གསལ་བ་ཉིད་ཅེས་པར་གང་བརྗོད་པ་དེ་ཡང་གང་གིས་ཤེས་ནས་ཏེ་གོ་བར་བྱས་ནས། བརྗོད་ཅེས་གཞན་ལ་དྲིས་པ་ཡིན་ཏེ། འདིར་ཡང་བློ་རྟོགས་པར་བྱེད་པའི་རྒྱུ་མཚན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་པའི་སྒྲ་ནི་མི་སྲིད་པ་སྟོན་པར་བྱེད་པ་ཡིན་ནོ། །རེ་ཞིག་ཤེས་པ་སྔ་མས་ནི་དེ་རྟོགས་པ་མ་ ཡིན་ཏེ། དེའི་དུས་ན་མ་སྐྱེས་པའི་ཕྱིར་དེ་མེད་པས་སོ། །དུས་ཕྱིས་འབྱུང་བས་ཀྱང་མ་ཡིན་ཏེ། དེའི་ཚེ་སྐད་ཅིག་མ་ཡིན་པ་ཉིད་ཀྱིས་གཟུང་བར་བྱ་བ་འདས་པའི་ཕྱིར་རོ། །དེ་དང་དུས་མཉམ་པར་གྱུར་པས་ཀྱང་མ་ཡིན་ཏེ། དེས་དེ་ལ་ཕན་མི་འདོགས་པའི་ཕྱིར་ལ། ཕན་མི་འདོགས་པ་ ཡང་ཡུལ་གྱི་དངོས་པོ་མ་ཡིན་ཏེ། རྒྱུ་མ་ཡིན་པ་ནི་ཡུལ་མ་ཡིན་ནོ་ཞེས་པའི་ཚིག་གིས་སོ། །རང་གིས་ཀྱང་མ་ཡིན་ཏེ་དེ་ཉིད་ལ་ལོག་པར་རྟོགས་པས་དེ་ཇི་ལྟར་དེས་རྟོགས་ཞེས་མི་ཤེས་སོ། །རྣམ་པ་ཐམས་ཅད་དུ་བློས་མ་རྟོགས་པ་དེའི་རང་རིག་པ་ཤིན་ཏུ་ཡང་མི་རིགས་སོ་ཞེས། གསལ་ བའམ་ཞེས་པ་ལ་སོགས་པ་གསུངས་ཏེ། གསལ་བའམ་སྟེ། མར་མེ་བཞིན་དུ་གསལ་བའི་བདག་ཉིད་དམ། མི་གསལ་བ་ནི་བུམ་པ་བཞིན་དུ་མི་གསལ་བ་མ་ཡིན་ལ། ཕན་ཚུན་བསྡུ་བའི་ཕྱིར་འམ་གྱི་སྒྲ་གཉིས་སོ། །བློ་ནི་གང་ཆེ་སུས་ཀྱང་མཐོང་བ་མེད་པ་སྟེ། རྟོགས་པ་པོ་ འགའ་ཡང་མེད་ལ་རྟོགས་པ་ཅུང་ཟད་ཀྱང་མེད་དེ་རང་དང་གཞན་གཉི་གས་ཀྱང་མ་ཡིན་ནོ། །གང་ཚེ་ཞེས་པའི་ཚིག་གིས་དེ་ཚེ་ཞེས་པ་འདྲེན་པར་བྱེད་དེ། དེའི་ཚེ་མོ་གཤམ་ནི་མི་སྐྱེ་བའི་ཆོས་ཅན་གྱི་བུད་མེད་ཡིན་ལ། དེའི་བུ་མོའི་རོལ་པ་ནི་སྒེག་པ་ཉིད་ཡིན་ཏེ། དེ་བཞིན་དུ་བརྗོད་ཀྱང་སྟེ་ བསྟན་ཀྱང་ངོ་། །དེ་དོན་མེད་པ་ནི་སྟེ་དོན་དང་བྲལ་བའོ། །མོ་གཤམ་གྱི་བུ་མོ་མེད་པ་ཉིད་ཀྱིས་མ་རྟོགས་པའི་ཕྱིར་དེའི་རོལ་པ་ཤིན་ཏུ་ཡང་མི་རྟོགས་པ་ཡིན་ནོ། །ཡང་ན་མ་སྐྱེས་པ་དང་མ་འགགས་པའི་རང་བཞིན་ཡིན་པས་མོ་གཤམ་གྱི་བུ་མོ་ལྟ་བུ་ནི་བློ་ཡིན་ལ། མ་རྟོགས་པའི་རང་
Page: 331 བཞིན་ཡིན་པས་དེའི་རོལ་པ་དང་འདྲ་སྟེ། རང་རིག་པ་དེས་མ་རྟོགས་པའི་ཕྱིར་དེའི་རྟོགས་པ་ཡང་མེད་དོ། །དེ་ནི་རང་རིག་པ་ཡིན་ལ། དེ་ལྟར་ན་བརྗོད་ཀྱང་རིགས་པ་དང་བྲལ་བའི་ཚིག་ཙམ་གྱིས་དོན་མེད་པ་ནི་བླང་བར་བྱ་བ་མ་ཡིན་པའི་ཕྱིར་དགོས་པ་མེད་པ་ཡིན་ནོ། །དེ་ལྟ་མོད་ཀྱི་འདི་ནི་རིགས་ པས་སྟོང་ཞིང་ཚིག་ཙམ་མ་ཡིན་ཏེ། གང་གི་ཕྱིར་འདི་ལ་རིགས་པ་འདི་ཡོད་དོ་ཞེས་བརྗོད་པ། གལ་ཏེ་ཞེས་པ་ལ་སོགས་ཏེ། །གལ་ཏེ་རང་རིག་ཡོད་མིན་ན། །ཞེས་ཏེ། གལ་ཏེ་རང་རིག་པའི་རྣམ་པར་ཤེས་པ་མེད་ཅིང་ཡོད་པ་མ་ཡིན་པ་དེའི་ཚེ་རྣམ་ཤེས་ཇི་ལྟར་དྲན་པར་འགྱུར་ཏེ། རྣམ་པར་ཤེས་ པ་ལ་རང་རིག་མེད་པའི་ཕྱིར་དུས་ཕྱིས་དྲན་པར་མི་འགྱུར་ལ། ཉམས་སུ་མ་མྱོང་བ་ནི་དྲན་པར་མི་ནུས་ཏེ། ཧ་ཅང་ཐལ་བར་འགྱུར་བས་སོ། །དེ་ལྟ་བས་ན་ཉམས་སུ་མྱོང་བའི་འབྲས་བུ་དྲན་པ་དུས་ཕྱིས་དམིགས་པའི་ཕྱིར་རང་རིག་པའི་ཤེས་པ་ཡོད་དོ་ཞེས་དཔག་པར་བྱའོ། །འདི་ཡང་སྒྲུབ་པར་ བྱེད་པ་ཡིན་པས་འདིས་བསྒྲུབ་པར་བྱ་བ་མ་ཡིན་ཏེ། གང་གི་ཕྱིར་རང་རིག་པའི་འབྲས་བུ་ཉིད་དུ་དྲན་པ་ངེས་པར་འགྱུར་ན། མེ་དང་དུ་བ་བཞིན་དུ་དྲན་པས་རང་རིག་པ་སྒྲུབ་པར་བྱེད་པར་འགྱུར་ཏེ། ཚད་མས་རང་རིག་པ་མ་གྲུབ་ན་དྲན་པ་དེའི་འབྲས་བུར་འཛིན་པ་མ་ཡིན་ཏེ། ཐམས་ཅད་དུ་རྒྱུ་དང་ འབྲས་བུ་རྟོགས་པ་ནི་གཉི་ག་རྟོགས་པ་མེད་པ་མ་ཡིན་ནོ། །མིག་ལ་སོགས་པ་ལ་རྣམ་པར་ཤེས་པ་བཞིན་དུ་མ་མཐོང་ཡང་དྲན་པ་དེའི་འབྲས་བུར་ནི་གྲུབ་པ་མ་ཡིན་ཏེ། མིག་མེད་པར་སྔོན་པོ་ལ་སོགས་པའི་ཤེས་པ་མེད་པས་ལྡོག་པའི་སྒོ་ནས་དེའི་འབྲས་བུར་རྗེས་སུ་དཔོག་གོ། །དྲན་ པ་ནི་རང་རིག་པའི་ཤེས་པ་མེད་ཀྱང་འབྱུང་ངོ་ཞེས་འཆད་པར་འགྱུར་རོ། །དེའི་ཕྱིར་རང་རིག་པའི་འབྲས་བུ་ཉིད་དུ་ངེས་པ་མེད་པར་དྲན་པ་ནི་དེ་མེད་པ་ཡང་འབྱུང་བས་རང་རིག་པ་གྲུབ་པ་མ་ཡིན་ནོ། །དེའི་ཕྱིར་དྲན་པ་ཡང་རྣམ་པར་ཤེས་པ་ཡིན་པའི་ཕྱིར་ཇི་ལྟར་གྲུབ་པར་འགྱུར་ཞེས་ བརྗོད་པར་བྱའོ། །རང་ལ་རྟགས་མ་གྲུབ་པར་ནི་གཞན་གྱི་ཤེས་པར་བྱེད་པ་མ་ཡིན་ལ། དྲན་པ་ནི་རང་རིག་པ་ལ་མངོན་སུམ་ཉིད་ཀྱིས་འཛིན་པ་མ་ཡིན་ཏེ། དེ་དང་དེ་གཞན་ཡིན་པའི་ཕྱིར་རོ། །ཤེས་པ་ནི་ཤེས་པ་གཞན་གྱི་ཡུལ་མ་ཡིན་ཏེ་ཕྱི་རོལ་གྱི་དོན་བཞིན་དུ་འབྲེལ་པ་མ་
Page: 332 ༄༅། །གྲུབ་པ་ལ་སོགས་པའི་ཉེས་པར་འགྱུར་བས་སོ། །གཞན་ཉིད་དུ་ཁྱད་པར་མེད་པས་རྒྱུ་གཞན་གྱི་དངོས་པོ་དེ་ཡང་དྲན་པས་འཛིན་པར་འགྱུར་རོ། །འོན་ཏེ་དེས་སྔར་ཉམས་སུ་མ་མྱོང་བས་ན་དྲན་པར་མི་འགྱུར་རོ་ཞེ་ན། རྒྱུད་གཅིག་ཏུ་གྱུར་པ་ཡང་སྔར་ ཉམས་སུ་མ་མྱོང་བའི་ཐལ་བར་འགྱུར་བ་མཚུངས་སོ། །རྒྱུ་དང་འབྲས་བུ་ན་ཡང་དེ་ལ་ངེས་བྱེད་རིགས་པ་མ་ཡིན་ཏེ། དོན་དམ་པར་རྒྱུ་དང་འབྲས་བུ་ཉིད་མེད་པའི་ཕྱིར་རོ། །ཤེས་པ་ཐམས་ཅད་ལ་དེ་ཡོད་ཀྱང་རང་ཉིད་རྟོགས་པ་ལ་མཐར་ཐུག་པ་ཡིན་པའི་ཕྱིར་དང་། དེ་འཛིན་པར་མི་ནུས་ པའི་ཕྱིར་རོ། །ཇི་ལྟར་ཐ་སྙད་ཁས་བླངས་པ་ན་བརྟགས་པ་ཉིད་ཡིན་ཏེ། བརྟགས་པ་ཉིད་ཡིན་པ་ན་ཡང་ཐ་སྙད་ཐམས་ཅད་རྟོགས་པས་སྤྲུལ་པ་ཡིན་པའི་ཕྱིར་ཀུན་རྫོབ་བསྒྲུབ་བྱ་ཡིན་པས་དོན་དམ་པ་མ་བསྒྲུབས་པར་འགྱུར་རོ། །དེ་ལྟར་དྲན་པས་རང་རིག་པ་གྲུབ་པ་མ་ཡིན་ནོ། །ཇི་ལྟར་ཁྱེད་ ལ་ཡང་རང་རིག་པ་མེད་པར་དྲན་པ་ཇི་ལྟར་འགྲུབ་ཅེ་ན། གཞན་མྱོང་བ་ན་འབྲེལ་པ་ལས་ཞེས་པ་ལ་སོགས་པ་གསུངས་ཏེ། འདིར་ཤེས་པ་ལས་གཞན་གཟུང་བར་བྱ་བའི་དངོས་པོ་ཡུལ་དུ་གྱུར་པ་ཉམས་སུ་མྱོང་བ་ནི་ཤེས་པ་ལ་དྲན་པ་སྐྱེ་བར་འགྱུར་རོ། །གཞན་མྱོང་བས་གཞན་དྲན་པ་ནི་རིགས་པ་ མ་ཡིན་ཏེ། ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེ་ན། འབྲེལ་པ་ལས་ཞེས་གསུངས་ཏེ། ཡུལ་དྲན་པ་ན་འབྲེལ་པ་ལས་ཤེས་པ་དྲན་པར་འགྱུར་རོ། །རྣམ་པར་ཤེས་པ་ཡང་དེའི་འཛིན་པ་ཉིད་ཡིན་པས་དེ་དང་འབྲེལ་པ་ཡིན་ཏེ། དེའི་ཕྱིར་རྣམ་པར་ཤེས་པ་དྲན་པ་ཡིན་ཏེ་གཞན་དུ་མ་ཡིན་ནོ། ། འབྲེལ་པ་བདེན་ཡང་འདི་མ་མྱོང་ན་གཞན་དྲན་པ་ནི་བསླད་པའི་དྲན་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། སྔར་ཉམས་སུ་མྱོང་བའི་ཡུལ་ཕྱིས་རྗེས་སུ་དྲན་པ་ན་མྱོང་བ་ཁྱད་པར་ཅན་དེ་ཉིད་དྲན་པ་ཡིན་ཏེ། དེས་ཁྱད་པར་དུ་བྱས་པ་དེ་འཛིན་པའི་ཕྱིར་རོ། །ཤེས་པ་ཉིད་ཡུལ་ཉམས་སུ་མྱོང་བ་ཡིན་ལ་ གཞན་མ་ཡིན་པའི་ཕྱིར་ཡུལ་ཉམས་སུ་མྱོང་བ་དྲན་པ་ལས་དེ་དང་འབྲེལ་པས་ཤེས་པ་དྲན་པར་བརྗོད་པར་བྱའོ། །ཡུལ་སྤངས་པའི་ཤེས་པ་ཉིད་འབའ་ཞིག་ནི་དྲན་པ་མ་ཡིན་པའི་ཕྱིར་ཉེས་པ་མེད་དོ། །ཅི་སྟེ་མྱོང་བའི་ཤེས་པས་གཞག་པའི་དྲན་པས་བག་ཆགས་ཀྱི་ས་བོན་མེད་པར་ཕྱིས་དྲན་
Page: 333 པ་སྐྱེད་པ་ཇི་ལྟ་བུ་ཞེ་ན། བྱི་བའི་དུག་ཅེས་གསུངས་ཏེ། བྱི་བའི་དུག་ནི་ཇི་ལྟར་འབྲེལ་པར་ཕྱིས་སྐྱེ་བར་འགྱུར་བ་དེ་བཞིན་དུ་དྲན་པ་ཡང་ཡིན་ནོ་ཞེས་པའི་དོན་ཏོ། །འདི་ལྟར་བྱི་བའི་དུག་སྐད་ཅིག་མ་གཅིག་ལ་ལུས་ལ་འཕོས་ནས་ཡང་དུས་གཞན་དུ་འབྲུག་གི་སྒྲའི་རྐྱེན་དང་ཕྲད་པ་ལས་རང་རིག་ པས་གཞག་པའི་དྲན་པའི་བག་ཆགས་ཀྱི་ས་བོན་མེད་པར་ཡང་རྐྱེན་དང་ཕྲད་པ་ཉིད་ཀྱི་ཕྱིར་སྐད་ཅིག་མ་གཞན་དུ་རྣམ་པར་འགྱུར་བ་ཐོབ་སྟེ། དེ་བཞིན་དུ་སྐབས་སུ་བབ་པ་ལ་ཡང་སྐྱོན་མེད་དོ་ཞེས་དགོངས་སོ། །སླར་ཡང་རྣམ་པར་ཤེས་པ་ཙམ་དུ་སྨྲ་བས་རང་རིག་པ་གྲུབ་པར་བྱ་བའི་ཆེད་དུ་རྣམ་ པ་གཞན་བསྟན་པའི་ཕྱིར་རྐྱེན་གཞན་དག་དང་ཞེས་པ་ལ་སོགས་པ་གསུངས་ཏེ། རྐྱེན་གཞན་ནི་དུས་གཞན་ཡིན་ཏེ། ལྟ་བའི་རིག་པ་ལ་སོགས་པ་དང་གཞན་གྱི་སེམས་ཤེས་པ་ལ་སོགས་པའི་མངོན་པར་ཤེས་པ་དག་དང་ལྡན་པས་དེའི་ཚོགས་པ་དང་འབྲེལ་པའི་སེམས་མཐོང་བའི་ཕྱིར་ཏེ། སྣང་བའི་ཕྱིར་རྣམ་པར་ཤེས་པ་རང་ཉིད་གསལ་ཏེ་རང་བཞིན་གསལ་ཞིང་རིག་པ་ཡོད་དོ་ཞེས་པའི་དོན་ཏོ། །གལ་ཏེ་ཡང་དེ་ཐམས་ཅད་དུ་ལྐོག་ཏུ་གྱུར་པའི་རང་བཞིན་ཡིན་ན་ཇི་ལྟར་ཚོགས་པའི་ཁྱད་པར་ལས་བརྒྱ་ལ་ཡང་དམིགས་པ་མ་ཡིན་ཏེ། དེའི་ཕྱིར་དཔེར་ན་ཚོགས་པའི་ཁྱད་པར་ ལས་གཞན་གྱི་སེམས་དམིགས་པ་དེ་བཞིན་དུ་དེ་མ་ཐག་པའི་རྐྱེན་དང་དམིགས་པའི་རྐྱེན་ལ་སོགས་པ་ལས་རང་གི་སེམས་ཀྱང་དམིགས་པ་ཡིན་ནོ་ཞེས་བསམས་པའོ། །འདིས་ཀྱང་ཤེས་པའི་རིག་པ་སྒྲུབ་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གྲུབ་པའི་མིག་སྨན་ཞེས་པ་ལ་སོགས་པ་ གསུངས་ཏེ། གྲུབ་པ་ཡང་ཡིན་ལ་མིག་སྨན་ཡང་ཡིན་པས་གྲུབ་པའི་མིག་སྨན་ནོ། །དེའི་སྦྱོར་བ་ནི་རྣམ་པར་སྦྱོར་བའམ་རབ་ཏུ་སྦྱོར་བའོ། །དེ་ལས་མཐོང་བ་ནི་བུམ་པའམ་གཏེར་ལ་སོགས་པ་ཡིན་ལ། དེ་འདི་ལྟར་མིག་སྨན་ཉིད་འགྱུར་མིན་ཏེ། བུམ་པ་ལ་སོགས་པ་མིག་སྨན་དུ་ འགྱུར་བ་མ་ཡིན་ལ། གང་ལས་རྟོགས་པ་དེ་དེར་འགྱུར་བ་ནི་མ་ཡིན་ཏེ། དེ་བཞིན་དུ་ལྟ་བ་པོའི་རིགས་པ་ལ་སོགས་པ་དང་ལྷན་ཅིག་པའི་ཤེས་པས་གཞན་གྱི་སེམས་བུམ་པ་ལ་སོགས་ལྟར་མཐོང་ན་རེ་ཞིག་དེ་རིགས་པར་གྲུབ་པར་མི་འགྱུར་ཏེ། དེ་ལྟ་བས་ན་འདི་ནི་བསྒྲུབ་བྱ་ལ་མཁོ་བའི་སྒྲུབ་
Page: 334 ༄༅། །པར་བྱེད་པ་མ་ཡིན་ནོ། །གལ་ཏེ་ཤེས་པ་རིག་པའི་ངོ་བོར་མ་གྱུར་ན་དོན་ཡང་རྟོགས་པར་མི་འགྱུར་བ་མ་ཡིན་ནམ་ཤེས་པ་ནི་མི་གསལ་བ་གསལ་བར་བྱེད་པའི་ཕྱིར་ཏེ་དོན་ནི་གསལ་བ་མ་ཡིན་ལ། དེ་མ་རྟོགས་པ་ལ་དོན་ཅི་ལྟར་རྟོགས་པར་འགྱུར་ཏེ། འདི་ལྟར་རང་རིག་ པ་བཀག་པའི་ཕྱིར་དང་། གཞན་གྱིས་གཞན་འཛིན་པ་ཡང་མི་རིགས་པའི་ཕྱིར་ཕྱི་མ་ཕྱི་མས་འཛིན་པར་ཁས་བླངས་པ་ན་ཡང་མ་རྟོགས་པ་རྟོགས་པར་བྱ་བའི་ཆེད་དུ་ཤེས་པ་གཞན་དོན་དུ་གཉེར་བས་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཡང་ཕྱིར་ཇི་ལྟར་ཡང་དོན་རྟོགས་པ་མ་ཡིན་ཏེ། དེས་ན་གང་གཞན་མྱོང་བ་ལ་སོགས་པ་ཞེས་བརྗོད་པ་དེ་རིགས་པ་མ་ཡིན་ཏེ། དོན་ཉམས་སུ་མྱོང་བ་མེད་པའི་ཕྱིར་འཇིག་རྟེན་ན་མཐོང་བའི་ཐ་སྙད་འདི་ཐམས་ཅད་མེད་པར་འགྱུར་རོ་ཞེ་ན། ཇི་ལྟར་མཐོང་ཐོས་ཞེས་པ་ལ་སོགས་པ་གསུངས་ཏེ། གང་མཐོང་བ་ལ་སོགས་པའི་ཐ་སྙད་མེད་ པར་འགྱུར་རོ་ཞེས་པ་དེ་དོན་དམ་པའམ། ཀུན་རྫོབ་ཏུ་མེད་པར་འགྱུར། དེ་ལ་གལ་ཏེ་དོན་དམ་པར་མེད་པར་འགྱུར་རོ་ཞེས་བརྗོད་ན་དེའི་ཚེ་འདི་ནི་བདག་འདོད་པ་མ་ཡིན་ཏེ། ཀུན་རྫོབ་ཏུ་དོན་དམ་པ་ལ་དཔྱད་པ་འཇུག་པ་ཡོད་པ་མ་ཡིན་ནོ། །འོན་ཏེ་འཇིག་རྟེན་གྱི་གྲགས་པས་ཡིན་ན་དེའི་ ཚེ། ཇི་ལྟར་མཐོང་ཐོས་ཤེས་པ་ཀུན། །འདིར་ནི་དགག་པ་བྱ་མིན་ཏེ། །ཞེས་སོ། །ཇི་ལྟར་མཐོང་བ་ཞེས་མིག་ལ་སོགས་པའི་ཤེས་པས་མངོན་སུམ་དུ་མཐོང་བ་ཡིན་ལ། ཐོས་པ་ཞེས་པ་ནི་གང་ཟག་གཞན་ལས་དང་ལུང་ལས་སོ། །ཤེས་པ་ཞེས་པ་ནི་ཚུལ་གསུམ་པའི་རྟགས་ལས་སྐྱེས་ པའི་རྗེས་སུ་དཔག་པར་ངེས་པའོ། །དེ་ཉིད་འདིར་ཐ་སྙད་ཐམས་ཅད་ལ་བརྟེན་ཏེ་དགག་པར་བྱ་མིན་ཞེས་པ་མི་བཟློག་པའོ། །གང་ཇི་ལྟར་འཇིག་རྟེན་ན་རབ་ཏུ་གྲགས་པ་དེ་དེ་བཞིན་ཉིད་དུ་མ་དཔྱད་པའི་ངོ་བོ་ཁས་བླངས་ནས་འཇིག་རྟེན་ན་གྲགས་པ་ཡིན་ཏེ་དོན་དམ་པ་ནི་མ་ཡིན་ནོ། །དེས་ན་ ཤེས་པའི་རིག་པ་མེད་པས་དོན་རྟོགས་པ་ལ་སོགས་པ་མེད་ཅེས་པའི་ཉེས་པ་དོན་དམ་པའི་ཕྱོགས་སྨྲ་བ་ལ་འདིར་གླགས་མི་རྙེད་དོ། །གལ་ཏེ་དེ་དེ་བཞིན་དུ་ཁས་ལེན་པ་ན་དེ་ཁོ་ན་ཇི་ལྟ་བུ་ཞིག་འགགས་ཤེ་ན། འདིར་ནི་སྡུག་བསྔལ་ཞེས་པ་ལ་སོགས་པ་གསུངས་ཏེ། བདེན་པ་ནི་དོན་
Page: 335 དམ་པ་ཡིན་ཏེ་རྟོགས་པས་སྒྲོ་བཏགས་པ་མ་ཡིན་པ་ཡང་ཞེས་པའི་དོན་ནི་སླར་གྱི་དོན་ཏོ། །དེ་ཡང་འདིར་སྤྱོད་པའམ་གྲུབ་མཐའ་བཟློག་པར་བྱ་བ་ཡིན་ཏེ། དགག་པར་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྡུག་བསྔལ་གྱི་ཞེས་ཏེ། འདི་ནི་རྒྱུའི་ཚིག་ཡིན་ལ། གང་གི་ཕྱིར་སྡུག་བསྔལ་གྱི་རྒྱུ་སྟེ་བྱེད་ པ་ཡིན་པ་དེའི་ཕྱིར་ཞེས་པའི་དོན་ཏོ། །ཉེ་བར་ལེན་པའི་ཕུང་པོ་རྣམས་ཡོད་པ་དང་མེད་པ་ལ་སོགས་པ་བརྟགས་པས་གཞག་པ་འཇུག་པའི་རྒྱུ་ཉིད་ནི་འཁོར་བ་ཡིན་ཏེ། སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་། །ལྟ་གནས་སྲེད་པའང་དེ་དག་ཉིད། །ཅེས་པའི་ཚིག་ལས་དེ་ལྟར་བདེན་པར་རྟོགས་པ་ ནི་སྡུག་བསྔལ་གྱི་རྒྱུ་ཡིན་ནོ། །དེ་ལྟ་བས་ན་འདིར་ནི་བདེན་པ་མ་ཡིན་པའི་འདོགས་པ་རྟོགས་པའི་མངོན་པར་ཞེན་པ་དགག་པ་ཙམ་བཞེད་པ་ཡིན་ལ། དངོས་པོ་ཅུང་ཟད་གཅིག་ནི་འདིར་དགག་པ་མ་ཡིན་ནོ། དེའི་ཕྱིར་དེ་ལྟར་ན་རང་རིག་པའི་ཤེས་པ་ཅུང་ཟད་ཀྱང་རིགས་པ་མ་ཡིན་ཏེ། རྟོགས་ བྱ་རྟོགས་བྱེད་རྣམ་པའི་སེམས། །དེ་བཞིན་གཤེགས་པས་གཟིགས་པ་མེད། །གང་དུ་རྟོགས་དང་རྟོགས་བྱེད་པ། །དེ་ལ་བྱང་ཆུབ་སེམས་ཡོད་མིན། །ཞེས་གསུངས་སོ། །གང་དེར་ཅུང་ཟད་བཅོམ་ལྡན་འདས་ཀྱིས་སེམས་ཙམ་ཉིད་དུ་ཡོད་པར་གསུངས་པ་དེ་ཕུང་པོ་དང་སྐྱེ་མཆེད་ལ་ སོགས་པ་བཞིན་དུ་དྲང་བའི་དོན་ཉིད་ཡིན་པར་བཤད་པར་འགྱུར་རོ། །ད་ནི་ཞར་ལ་བྱུང་བ་ཡོངས་སུ་རྫོགས་པར་བྱས་ནས། སྐབས་སུ་བབ་པ་ལ་སྦྱར་བའི་ཕྱིར། སེམས་ལས་སྒྱུ་མ་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ལྟར་སེམས་ལས་སྒྱུ་མ་གཞན་ཡིན་པར་འགྱུར་བའམ། གཞན་མ་ ཡིན་པར་འགྱུར་བའམ། གཉི་གའི་རང་བཞིན་ཡིན་པའམ། གཉི་གའི་རང་བཞིན་མ་ཡིན་པ་ཞེས་བརྟག་པ་བཞིའོ། །དེ་ལ་རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། སེམས་ལས་གཞན་ཁས་ལེན་ན་ཡང་འགྲོ་བ་སེམས་ཙམ་དུ་འདོད་པའི་གྲུབ་མཐའ་དང་འགལ་བར་འགྱུར་རོ། །རྣམ་པར་ རྟོག་པ་གཉིས་པ་ལ་ཡང་གང་གི་ཚེ། ཁྱོད་ལ་སྒྱུ་མ་ཉིད་མེད་ན། །ཞེས་པ་ལ་སོགས་པ་བསྟན་པ་ཉིད་ཀྱིས་ཉེས་པ་ཡོད་དོ། །རྣམ་པ་གསུམ་པ་ཡང་མི་འཐད་དོ། །གཅིག་ལ་ཕན་ཚུན་འགལ་བ་མི་སྲིད་པའི་ཕྱིར་རོ། །འོན་ཏེ་བརྟག་པ་བཞི་པ་ཡིན་ན་དེ་ཡང་འབྲེལ་པ་མ་ཡིན་ལ། དེ་ཉེ་
Page: 336 ༄༅། །བར་བཟུང་ནས་བརྗོད་པར་བྱ་སྟེ། སེམས་ལས་སྒྱུ་མ་གཞན་མིན་ཞིང་། །ཞེས་པས་གཞན་ཉིད་འགེགས་སོ། །འོ་ན་གཞན་མ་ཡིན་པ་ཡང་ཡིན་ནོ་ཞེ་ན། གཞན་མིན་པར་ཡང་མི་རྟག་ན། །ཞེས་ཏེ། དེ་ཉིད་ཡིན་པའང་འགེགས་པ་ཡིན་ལ། དེ་ལྟར་ན་གཉི་ག་ བཀག་པའི་ཕྱོགས་ཡིན་ནོ་ཞེས་རྟོག་ཅིང་རྣམ་པ་གཞན་བྱེད་ན། དེ་ཡང་རིགས་པ་མ་ཡིན་ཏེ། ཕན་ཚུན་སྤངས་པ་དང་ལྡན་པ་ནི་གཅིག་བཀག་པ་གཅིག་བསྒྲུབ་པ་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་ཏེ། དེ་དག་གཅིག་ལ་མི་སྲིད་པའི་ཕྱིར་བརྟག་པ་བཞི་པ་ཡང་མི་འཐད་དོ། །ཡང་དངོས་ ན་ཞེས་ཏེ་གལ་ཏེ་སྒྱུ་མ་དེ་དངོས་པོ་ཡིན་ན། ཇི་ལྟར་དེ་གཞན་མིན་ཏེ་སེམས་ལས་གཞན་དུ་མི་འགྱུར། འོན་ཏེ་གལ་ཏེ་གཞན་མིན་ཞེ་ན། སེམས་ཉིད་སྒྱུ་མ་ཡིན་ཏེ། དེའི་ཚེ་དངོས་པོར་མེད་དེ། དོན་དམ་པར་ཡོད་པ་མ་ཡིན་པ་དེ་ལ་སྟེ་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །སེམས་འབའ་ ཞིག་ཡིན་པ་ཞེས་པ་འདི་ཉིད་འོངས་པ་ཡིན་ཏེ། གང་ཚེ་ཁྱོད་ལ་སྒྱུ་མ་ཉིད། །མེད་ན་དེ་ཚེ་ཅི་ཞིག་དམིགས། །ཞེས་གསུངས་པ་ཡིན་ནོ། །ད་ནི་སྐབས་སུ་བབ་པའི་བསྒྲུབ་བྱ་བསྒྲུབས་ནས་མཇུག་བསྡུ་བའི་ཕྱིར། ཇི་ལྟར་སྒྱུ་མ་ཡོད་མིན་ཡང་། །ཞེས་པ་ལ་སོགས་པ་གསུངས་ཏེ། དམིགས་པར་བྱ་ བའི་སྒྱུ་མ་གླང་པོ་ཆེ་ལ་སོགས་པ་ལྟར་དངོས་པོ་མེད་པའམ་མེད་པའི་རང་བཞིན་ཡིན་པ་སྟེ། དེ་ལྟ་བུ་ཡང་ཇི་ལྟར་བལྟ་བྱ་སྟེ་མཐོང་བའི་ཡུལ་སྒྱུ་མ་ཡིན་པ་ལྟར་དེ་བཞིན་ལྟ་བྱེད་ཡིད་ཀྱང་ཡིན་ཏེ། མེད་པའི་སྒྱུ་མ་དེ་ཉིད་བལྟ་བར་བྱ་བ་དང་། ལྟ་བ་དེ་བཞིན་དུ་ཡིད་ཡིན་ཏེ། དོན་དམ་པར་མེད་པའི་རང་ བཞིན་ཡིན་ན་ཡང་མཐོང་བའི་ནུས་པར་འགྱུར་རོ། །དེས་ན། གང་ཚེ་འཁྲུལ་པའང་ཡོད་མིན་ན། །ཞེས་པ་ལ་སོགས་པ་ཕ་རོལ་གྱིས་གང་བརྗོད་པ་དེས་བསྒྲུབ་པར་བྱ་བ་མཇུག་བསྡུས་ནས་བསྟན་ཏོ། །གཞན་ཡང་རྣམ་པ་གཞན་གྱི་དོན་དམ་པར་ཡོད་པའི་རྣམ་པར་ཤེས་པ་བསྒྲུབ་པའི་ཆེད་དུ་གཞན་ གྱིས་འབད་པའི་བསམ་པས། གལ་ཏེ་འཁོར་བ་དངོས་རྟེན་ཅན། །ཞེས་སྨྲས་ཏེ། འདི་ལྟར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དོར་བར་བྱ་བ་དང་བླང་བར་བྱ་བ་ཉིད་ཀྱིས་འདི་གཉིས་ཡིན་པར་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་སྟེ། དེ་ལ་འདོད་ཆགས་ལ་སོགས་པའི་དྲི་མས་བསྒྲིབས་
Page: 337 པའི་སེམས་ལ་ཀུན་ནས་ཉོན་མོངས་པ་ཞེས་བརྗོད་ལ། དེ་ཡང་ཡང་དག་པ་མ་ཡིན་པའི་སྒྲོ་བཏགས་པའི་སྟོབས་ཀྱིས་བསྐྱེད་པའི་ཕྱིར་གློ་བུར་བའི་སེམས་ལ་བརྟེན་ནས་འཇུག་གོ། །དེ་ལས་བྱུང་བའི་ལས་དང་སྐྱེ་བ་བརྒྱུད་པ་ལས་བྱུང་བའི་འཁོར་བ་སྐྱེ་བར་འགྱུར་ཏེ། དེ་ཉིད་སེམས་ཡིན་ཏེ་ དོན་དམ་པར་རང་བཞིན་གྱིས་འོད་གསལ་བ་གློ་བུར་མ་ཡིན་པ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལས་བྱུང་བ། གཟུང་བ་དང་འཛིན་པ་ལ་སོགས་པ་གཉིས་སུ་སྒྲོ་འདོགས་པའི་མངོན་པར་ཞེན་པའི་བག་ཆགས་ཀྱིས་སྟོང་པ་གཉིས་སུ་མེད་པའི་རང་བཞིན་གློ་བུར་བའི་ཉེས་པ་ལས་ གྲོལ་བ་གནས་གྱུར་པ་ལ་རྣམ་པར་བྱང་བ་ཞེས་བརྗོད་དོ། །དེའི་ཕྱིར་དེ་ལྟར་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དག་ཡོད་པར་གྱུར་པའི་དངོས་པོའི་སེམས་མེད་པར་རྣམ་པར་གཞག་པ་མི་འཐད་དོ་ཞེས་སེམས་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་ཡང་སེམས་ཀྱི་ཆོས་ཡིན་པའི་ཕྱིར་ ལ། སེམས་ཉིད་ཀུན་ནས་ཉོན་མོངས་ཤིང་སེམས་ཉིད་རྣམ་པར་བྱང་བའོ་ཞེས་པའི་ཚིག་ལས་སོ། །དེ་ལྟར་ན་འདི་ནི་གཞན་གྱི་འདོད་པར་ངེས་པར་བྱེད་པ་ཡིན་ཏེ། དངོས་པོ་ཉིད་ཡང་དག་པར་གྱུར་པའི་དངོས་པོའི་སེམས་ཉིད་ལ་བརྟེན་པ་གང་ཡིན་པ་ཞེས། གལ་ཏེ་ཞེས་ཏེ་དངོས་རྟེན་པ། ། ཞེས་འཁོར་བ་རྣམ་པར་འཇིག་པར་བྱེད་དོ་ཞེ་ན། དེའི་ཚེ་འཁོར་བ་གཞན་དུ་འགྱུར་ཏེ། སེམས་ལས་གཞན་ཡིན་པར་འགྱུར་རོ། །དངོས་པོ་ལས་གཞན་ཡིན་ན་དངོས་པོ་མེད་པར་འགྱུར་ཏེ། སེམས་ཉིད་དངོས་པོ་ཡིན་པའི་ཕྱིར་རོ། །ཅི་ལྟ་བུ་ཞེ་ན། མཁའ་འདྲར་ཏེ་ནམ་མཁའ་བཞིན་དུའོ། ། འདི་སྐད་དུ་གང་འདི་སེམས་ལ་རྟེན་པ་ལ་འཁོར་བ་ཞེས་བརྗོད་ན་དེ་ཅི་དངོས་པོ་ཡིན་ནམ་དངོས་པོ་མེད་པ་ཡིན། དངོས་པོ་ཡིན་ན་ཡང་སེམས་ཡིན་ནམ་དེ་ལས་གཞན་ཡིན། དེ་ལ་གལ་ཏེ་དངོས་པོ་སེམས་ཉིད་ཡིན་ན་དེའི་ཚེ་སེམས་ལས་འཁོར་བ་གཞན་མ་ཡིན་ཏེ། དེ་ལ་བརྟེན་པ་ནི་སེམས་ ཉིད་ཡིན་ནོ། །སེམས་དེ་ཡང་རང་བཞིན་གྱིས་འོད་གསལ་བ་ཡིན་པའི་ཕྱིར་རྣམ་པར་བྱང་བའི་རང་བཞིན་ཡིན་པས་སྤང་བར་བྱ་བ་མ་ཡིན་ལ། འོན་ཏེ་སེམས་ལས་གཞན་ཡིན་ན་དེའི་ཚེ་སེམས་ལས་ཐ་དད་པ་གཞན་ཁས་བླངས་པས་གྲུབ་མཐའ་ཉམས་པ་ཡིན་ནོ། །འོན་ཏེ་དངོས་པོ་
Page: 338 ༄༅། །མེད་པ་ཡིན་ན་དེའི་ཚེ་འཁོར་བ་ཞེས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། རི་བོང་གི་རྭ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་མཁའ་འདྲར་འགྱུར། །ཞེས་གསུངས་ཏེ། དཔེར་ན་ནམ་མཁའ་རྟགས་སུ་ཡོད་པ་ཙམ་ནི་མེད་པའི་དངོས་པོས་ཅུང་ཟད་ཀྱང་དོན་བྱེད་ནུས་པ་ཡོད་པ་མ་ཡིན་ ཏེ། དེ་བཞིན་དུ་ཁྱེད་ཀྱི་འཁོར་བ་ཡང་ཡིན་པར་འགྱུར་རོ། །ཡང་ན་མཁའ་འདྲར་འགྱུར་ཞེས་པ་ནི་རང་བཞིན་མེད་པ་ཡིན་པའི་ཕྱིར་ཁོ་བོ་ཅག་གི་གྲུབ་པའི་མཐར་ཞུགས་པ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། །དེ་ལྟ་ཡིན་ན་ཡང་གལ་ཏེ་ཡང་དངོས་པོ་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་ཡོད་ པའི་དངོས་པོར་གྱུར་པའི་སེམས་ལ་བརྟེན་པས་དེ་དོན་བྱེད་ནུས་པར་འགྱུར་རོ་ཞེ་ན། དངོས་མེད་དངོས་ལ་བརྟེན་པས་ཞེས་པ་ལ་སོགས་པ་གསུངས་ཏེ། མེད་པའི་རང་བཞིན་ནི་འགའ་ཞིག་ལ་ཡང་བརྟེན་པར་རིགས་པ་མ་ཡིན་ཏེ། རྟེན་དང་བརྟེན་པའི་དངོས་པོ་ནི་རྒྱུ་དང་འབྲས་བུའི་ངོ་བོ་ ཡིན་པའི་ཕྱིར་རོ། །དངོས་པོ་མེད་པ་ནི་གང་གི་ཡང་འབྲས་བུ་མ་ཡིན་ཏེ། བསྐྱེད་པར་བྱ་བ་མ་ཡིན་པར་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟ་ཡིན་དུ་ཆུག་སྟེ། དེ་ལྟ་ན་ཡང་དངོས་པོ་ལ་བརྟེན་པས་ཏེ། དངོས་པོ་ཡོད་པར་གྱུར་པའི་སེམས་ལ་བརྟེན་པས་དངོས་པོ་མེད་པའི་བདག་ཉིད་ བྱེད་པ་དང་ལྡན་པ་དོན་བྱེད་པ་ཉིད་དུ་ཇི་ལྟར་འགྱུར་ཏེ། ནམ་ཡང་རིགས་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །གཞན་དུ་ན་དེ་དངོས་པོ་ཡོད་པར་འགྱུར་ཏེ་ནུས་པ་ནི་དངོས་པོའི་མཚན་ཉིད་ཡིན་ལ། ནུས་པ་ཐམས་ཅད་དང་བྲལ་བ་ནི་དངོས་པོ་མེད་པའི་མཚན་ཉིད་ཡིན་ནོ་ཞེས་པའི་ཚིག་ལས་སོ། ། ད་ནི་ཤིན་ཏུ་དཔྱད་པ་ན་ཁྱེད་ལ་ཅི་ཞིག་གནས་པར་འགྱུར་ཞེ་ན། ཁྱོད་ཀྱི་སེམས་ནི་གྲོགས་མེད་པ། །ཞེས་པ་ལ་སོགས་པ་གསུངས་ཏེ། མེད་པ་ཉིད་དངོས་པོ་དང་བྲལ་བ་འདིའི་གྲོགས་ཡིན་པས་གྲོགས་པོ་མེད་པ་ཡིན་ཏེ། ནི་ཞེས་པ་ངེས་པར་གཟུང་བས་སོ། །ཁྱེད་སེམས་གཅིག་པུ་དོན་ དམ་པར་སྨྲ་བས་གཅིག་པུ་ཉིད་དེ། གཉིས་མ་ཡིན་པ་ཉིད་ཡིན་ནོ། །ཅི་སྟེ་གཟུང་བ་དང་འཛིན་པའི་རྣམ་པ་དང་བྲལ་བ་གཉིས་སུ་མེད་པའི་མཚན་ཉིད་ཀྱི་སེམས་སུ་བརྗོད་པ། དེ་ལྟར་ན་སེམས་གཅིག་ཉིད་དུ་བསྒྲུབས་པས་ཁོ་བོ་ཅག་ཅུང་ཟད་ཀྱང་མི་འདོད་པ་མ་ཡིན་ནོ་ཞེ་ན། དེ་ནི་
Page: 339 རིགས་པ་མ་ཡིན་ཏེ། ཀུན་ནས་ཉོན་མོངས་པ་སྤང་བའི་ཆེད་དུ་དངོས་པོ་ཉིད་བརྗོད་པ་ཡིན་ལ་དེ་སེམས་གཅིག་པུ་ཉིད་ཡོད་པར་གྱུར་པ་དེ་ལྟ་ན་ཡང་གནོད་པར་བྱེད་པ་ལས་གྲོལ་བ་མ་ཡིན་ནོ་ཞེས། གང་ཚེ་སེམས་ནི་གཟུང་བྲལ་བ། །ཞེས་པ་ལ་སོགས་པ་གསུངས་ཏེ། གཟུང་བ་ཞེས་པ་ནི་ཉེ་ བར་མཚོན་པ་ཡིན་ཏེ། འཛིན་པ་ལ་སོགས་པ་དང་བྲལ་བ་ཡང་རིག་པར་བྱའོ། །ཡང་ན་གཟུང་བ་ལ་སོགས་པ་ལ་རག་ལས་པ་ནི་འཛིན་པ་ཡིན་ནོ་ཞེས་པས་དེ་དང་བྲལ་བའི་ཕྱིར་འཛིན་པ་མེད་པ་ཡིན་ལ། འཛིན་པ་མེད་ན་ཡང་དེས་ཉེ་བར་བརྟགས་པའི་མངོན་པར་བརྗོད་པ་ མེད་པས་བརྗོད་པར་བྱ་བ་མེད་དོ་ཞེས་བསྟན་པའི་ཕྱིར་གཟུང་བྲལ་བ་ཞེས་བརྗོད་པ་ཡིན་ནོ། །གཟུང་བ་ལ་སོགས་པ་དང་བྲལ་བ་གཉིས་སུ་མེད་པའི་རང་བཞིན་གང་གི་ཚེ་འགྲོ་བ་ཐམས་ཅད་ཀྱི་སེམས་ཡིན་པ་དེའི་ཚེ་དེའི་སེམས་སུ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ནང་དུ་འདུས་པའི་ཕྱིར་འཁོར་ བའི་སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཉིད་ཐོབ་ལ། འགའ་ཡང་སོ་སོའི་སྐྱེ་བོར་མི་འགྱུར་ཏེ། དེའི་ཕྱིར་ཡང་ཀུན་ནས་ཉོན་མོངས་པ་སྤང་བའི་ཆེད་དུ་གཞན་ལ་མ་བསྒོམ་པ་དོན་མེད་པར་ཐལ་ལ། དེ་ལྟར་ཡང་མ་ཡིན་ཏེ། དེ་ལྟ་ བས་ན་གཟུང་བ་དང་འཛིན་པ་དང་བྲལ་བ་ཡོད་ན་ཡང་དངོས་པོ་ལ་མངོན་པར་ཞེན་པ་དེ་བཞིན་དུ་གནས་པས་ཉོན་མོངས་པ་སྤང་བར་མི་འགྱུར་རོ་ཞེས་དགོངས་ནས། དེ་ལྟར་ན་ཡང་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཞེས་པ་ནི་ཚིག་ཕྲད་སྡུད་པ་ཡིན་ལ་དེ་ལྟར་ཡིན་ན་ཡང་དོན་འདི་ ལ་ཡང་ཞེས་ཏེ་འང་གི་དོན་ཏོ། །དེ་ལྟར་ཁས་བླངས་ན་ཡང་ཡོན་ཏན་ཅི་ཞིག་ཡོད་དེ། ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། སེམས་ཙམ་ཞེས་པ་ནི་རྣམ་པར་རིག་པ་ཙམ་ཉིད་དུ་ཡང་བརྟགས་པ་ལ་སྟེ། རྟོག་པས་བརྟགས་པ་ན་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པ་དང་འབྲེལ་པ་ ཡིན་ན་ཡང་། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་འདོད་ཆགས་ལ་སོགས་པ་ཡོངས་སུ་གནས་པའི་ཕྱིར་རོ། །ཅི་སྟེ་ཁྱེད་དབུ་མར་སྨྲ་བ་དང་ཡང་མཚུངས་པ་ཡིན་ནོ་ཞེས་སྐྱོན་མཚུངས་པ་ཉིད་དུ་བརྗོད་པའི་ཕྱིར། སྒྱུ་མ་ལྟ་བུར་ཤེས་ན་ཡང་། །ཞེས་པ་ལ་སོགས་པ་སྨོས་ཏེ། སྒྱུ་མ་
Page: 340 ༄༅། །སྟེ་སྒྱུ་མའི་རང་བཞིན་ཉིད་དུ་ཡང་འགྲོ་བས་ཤེས་ན། ཇི་ལྟར་ཉོན་མོངས་ལྡོག་འགྱུར་ཏེ། །ཇི་ལྟར་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྤོང་བར་འགྱུར་ཞེས་འདྲིའོ། །འདིར་ཉོན་མོངས་པ་སྤོང་བ་ལ་མི་འཐད་པའི་རྒྱུ་ཅི་ཞིག་ཡོད་ཅེས་གང་ཞིག་འདྲི་ན། གང་ ཚེ་སྒྱུ་མའི་ཞེས་པ་ལ་སོགས་པ་སྨོས་ཏེ། འདིར་མི་སྤོང་བའི་འཐད་པའི་ས་བོན་མཐོང་སྟེ། གང་གི་ཚེ་སྒྱུ་མའི་བུད་མེད་སྟེ་གང་ཞིག་སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་ལ་ཆགས་པ་སྟེ། ཞེན་པའི་སེམས་སྐྱེ་སྟེ་འབྱུང་ངོ་། །དེ་བྱེད་ཉིད་ཀྱང་ངོ་ཞེས་ཏེ། གང་རྨོངས་པར་བྱ་བའི་ཆེད་དུ་དེ་སྤྲུལ་པ་ དེ་རྣམས་འབའ་ཞིག་ལ་ནི་སྐྱེ་བ་མ་ཡིན་གྱི། འོན་ཀྱང་སྒྱུ་མའི་བུད་མེད་དེའི་བྱེད་པ་པོ་ལ་ཡང་སྐྱེའོ། །དེ་ལྟར་འདི་ནི་ཀྱང་གི་སྒྲའི་དོན་ཏོ། །གང་གི་ཚེ་གཞན་གྱི་སེམས་འཁྲུལ་པ་བསྐྱེད་པའི་དོན་དུ་ཤིན་ཏུ་དེའི་རྣམ་པར་འཁྲུལ་པ་ལ་མཁས་པའི་སྒྱུ་མ་མཁན་པོ་འགའ་ཞིག་ཡུལ་གྱི་ བཟང་མོའི་བུད་མེད་ཉེ་བར་སྟོན་པར་བྱེད་དེ། དེ་ཡང་སྔགས་དང་སྨན་གྱི་མཐུས་སྤྲུལ་པའི་ཡན་ལག་དང་ཉིང་ལག་ཐམས་ཅད་ཀྱི་ཆ་ཤས་ཡོངས་སུ་རྫོགས་པའི་མཚན་ཉིད་ལང་ཚོ་གསར་ལ་བབ་ཅིང་མཛེས་པ་ཕུན་སུམ་ཚོགས་པ་ཡང་དག་པར་རྫོགས་ཤིང་གསལ་ལ་ཡིད་དུ་འོང་བའི་ ཁ་དོག་ཅན་འཇམ་ཞིང་མཉེན་པས་མཛེས་པར་གྱུར་པ་སྤྲུལ་པ་མཐོང་བས་དེའི་ཚེ་གཞན་འབའ་ཞིག་ལ་འདོད་པའི་ལྷའི་མདངས་བསྣུན་པའི་སེམས་ཀྱི་སྡུག་བསྔལ་སྐྱེ་བ་ནི་མ་ཡིན་ཏེ། འོན་ཀྱང་བདག་རང་ཉིད་ཀྱིས་འདི་སྤྲུལ་ལོ་ཞེས་དེའི་རང་བཞིན་ལ་མཁས་པ་དེས་ཀྱང་གནོད་པར་བྱ་བའི་ མཛེས་པ་ཕུན་སུམ་ཚོགས་པ་འདོད་པའི་བྱ་བ་ལ་མཁས་པའི་ཆགས་པའི་ལུས་མངོན་པར་སྤྲུལ་ཏེ། འདོད་པའི་བྱ་བ་མཆོག་གི་གནས་སྐབས་ཐོབ་པ་ན་དེས་ཇི་ལྟར་ཡང་སེམས་ངེས་པར་གཟུང་བར་མི་ནུས་ན། དེ་ཇི་ལྟར་ན་སྒྱུ་མ་ཉིད་དུ་ངེས་ན་ཡང་འཁོར་བའི་རྒྱུན་གཅོད་པར་འགྱུར་ཞེ་ན། འདི་སྤང་བའི་ཕྱིར་དེ་བྱེད་པ་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། ཁོ་བོ་ཅག་ལ་ཉེས་པ་འདིར་ཐལ་བར་འགྱུར་བ་མ་ཡིན་ཏེ། དེ་བྱེད་པ་ནི་སྒྱུ་མའི་བུད་མེད་སྤྲུལ་པ་པོ་ཡིན་ལ། གང་གི་ཕྱིར་མ་སྤངས་ཤིང་མ་བཟློག་པ་ཡིན་ནོ། །ཅི་ཞིག་མ་སྤངས་ཤེ་ན། ཤེས་བྱ་དང་། ཉོན་མོངས་བག་ཆགས་
Page: 341 ཏེ། ཤེས་བྱ་དང་ཉོན་མོངས་པའི་རང་བཞིན་དང་བཅས་པར་སྒྲོ་འདོགས་པ་ལས་ཞེན་པ་ལ་སོགས་པའམ། དངོས་པོར་སྒྲོ་བཏགས་པ་ཡིན་ཏེ། ཤེས་བྱའི་སྒྲིབ་པ་ཞེས་པའི་ཐ་ཚིག་གོ། །དེའི་དབང་གིས་ཐོག་མ་མེད་པའི་འཁོར་བར་སྐྱེ་བ་བརྒྱུད་པར་གོམས་པ་ལོག་པའི་རྣམ་པར་རྟོག་ པ་ལས་བྱུང་བ་དང་དེ་ས་བོན་དུ་གྱུར་པའི་སེམས་ཀྱི་རྒྱུན་གྱིས་འདུས་བྱས་པ་ཡིན་ནོ། །དེ་མ་སྤངས་པའི་ཕྱིར་རོ། །ཅི་སྟེ་ལན་འདི་ནི་རྣམ་པར་ཤེས་པར་སྨྲ་བ་ཙམ་ལ་ཡང་མཚུངས་པ་ཡིན་ཏེ། དེ་ལ་ཡང་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཡོད་ཀྱང་། གློ་བུར་བའི་ཉོན་མོངས་པའི་བག་ ཆགས་མ་སྤངས་པའི་ཕྱིར་ཐམས་ཅད་དེ་བཞིན་གཤེགས་པར་མི་འགྱུར་རོ་ཞེ་ན། འདི་ནི་མཚུངས་པ་མ་ཡིན་ཏེ། གང་གི་ཕྱིར་མེད་པའི་བདག་ཉིད་ཀྱི་དྲི་མ་ནི་འབྲས་བུའི་ཚོགས་པ་དང་བྲལ་བ་ནི་སྒྲིབ་པར་རིགས་པ་མ་ཡིན་ནོ་ཞེས་བརྗོད་ཟིན་པ་ཉིད་དོ། །ཁོ་བོ་ཅག་ལ་ནི་རང་བཞིན་མེད་ པ་ཉིད་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་ཡིན་པས་མཚུངས་པ་ཡིན་ཏེ། གང་གི་ཕྱིར་དེ་མ་སྤངས་པ་དེས་ན་རྒྱུ་འདི་ལས་དེ་མཐོང་དུས་ན། དེ་ཤེས་བྱའི་རང་བཞིན་དུ་མཐོང་སྟེ་དམིགས་པ་ཡིན་ལ། དེའི་དུས་ནའམ་སྒྱུ་མའི་བུད་མེད་དེ་མཐོང་བའི་དུས་ན་སྟེ་དམིགས་པའི་དུས་ནའོ། ། དེ་ཞེས་པ་ནི་ཉོན་མོངས་པའི་བག་ཆགས་མ་སྤངས་པའི་མཐོང་བ་པོའོ། །སྟོང་པའི་བག་ཆགས་ཉམ་ཆུང་ཞེས་པ་ལ། སྟོང་པ་སྟེ་དངོས་པོའི་དེ་ཁོ་ན་ཉིད་དམ་སྟོང་པ་ཉིད་ཅེས་ཚིག་བསྡུས་ཏེ་སྡེབ་སྦྱོར་གྱི་ངོར་དངོས་པོའི་རྐྱེན་བསུབས་ནས་སྟོང་པ་ཞེས་བསྟན་ཏོ། །བག་ཆགས་ ནི་འདུས་བྱས་པས་གཞག་པ་ཡིན་ལ། དེ་ཉམ་ཆུང་བ་ནི་ནུས་པ་དང་བྲལ་བ་ཡིན་ཏེ། བརྟགས་པའི་ངོ་བོ་མཐོང་བའི་ཕྱིར་རོ། །དེའི་ཕྱིར་དེའི་ཚེ་དངོས་པོ་སྟོབས་དང་ལྡན་པ་ཡིན་ནོ། །འོ་ན་ཇི་ལྟར་དེ་བཟློག་པར་འགྱུར་ཞེ་ན། སྟོང་ཉིད་ཅེས་པ་ལ་སོགས་པ་གསུངས་ཏེ། སྟོང་ཉིད་ ནི་སྒྱུ་མའི་རང་བཞིན་མེད་པ་ཉིད་ཡིན་ལ། བག་ཆགས་ནི་དེས་གཞག་པའི་ཤུགས་ཡིན་ཏེ། གོམས་པའི་སྟོབས་ཀྱིས་བརྟེན་པར་འགྱུར་ཞེས་པའི་ཐ་ཚིག་གོ། །དེས་ན་འགལ་བའི་རྐྱེན་གྱིས་སྤོང་བར་འགྱུར་ཏེ། མེ་དང་ཉེ་བར་གྱུར་པས་གྲང་བའི་རེག་པ་བཞིན་ཟློག་པར་བྱེད་
Page: 342 ༄༅། །དེ། ཅི་ཞིག་ཅེ་ན། དངོས་པོའི་བག་ཆགས་ཏེ། ཐོག་མ་མེད་པའི་འཁོར་བ་ནས་གོམས་པས་དངོས་པོར་འཛིན་ཅིང་ཞེན་པ་ནི་བག་ཆགས་ཡིན་ལ། དེ་ཡང་དག་པའི་དོན་ཡིན་པའི་ཕྱིར་དང་དངོས་པོའི་རང་བཞིན་ཡིན་པའི་ཕྱིར་དང་། གཞན་ནི་བརྫུན་ པ་ཡིན་པས་གློ་བུར་བ་ཡིན་པའི་ཕྱིར་རོ། །དངོས་པོ་ལ་མངོན་པར་ཞེན་པ་འམ། སྟོང་པ་ཉིད་དུ་མངོན་པར་ཞེན་པ་དག་མངོན་པར་ཞེན་པར་ཁྱད་པར་ཅུང་ཟད་ཀྱང་མེད་པ་མ་ཡིན་ནམ། དེ་ཡང་རྟོག་པ་ལས་མ་འདས་པའི་ཕྱིར་ཏེ། གང་། སྟོང་ཉིད་ལྟ་བ་ཐམས་ཅད་ ལས། །ངེས་པར་འབྱིན་པར་རྒྱལ་བས་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་གསོ་བྱ་མིན་པར་གསུངས། །ཞེས་གསུངས་པ་ཡིན་ནོ་ཞེ་ན། འདི་སྤང་བར་འདོད་ནས་ཅི་ཡང་མེད་ཅེས་པ་ལ་སོགས་པ་གསུངས་ཏེ། ཅུང་ཟད་ཅེས་པ་ནི་དངོས་པོའམ་སྟོང་པ་ཉིད་དོ། །མེད་ པ་ནི་ཡོད་པ་མ་ཡིན་ལ་ཡང་གི་སྒྲ་ནི་སྔ་མ་ལ་ལྟོས་པས་སྡུད་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་གོམས་པས་བག་ཆགས་དེ་སྤངས་པ་ཕྱི་ནས་སྟོང་པ་ཉིད་ཀྱི་བག་ཆགས་ཀྱང་སྤོང་བར་འགྱུར་ཏེ་བཟློག་པར་འགྱུར་རོ། །བསམ་པ་ནི་འདི་ཡིན་ཏེ་སྟོང་པ་ཉིད་རྟོགས་པ་ནི་དངོས་པོ་ལ་མངོན་པར་ ཞེན་པའི་གཉེན་པོ་ཡིན་པའི་ཕྱིར་སྤོང་བའི་ཐབས་སུ་གྱུར་པ་ཡིན་ལ། ཐབས་ལས་བྱུང་བ་རྟོགས་ནས་གང་གཟིངས་དང་འདྲ་བ་ཡིན་པའི་ཕྱིར་ཐབས་ཀྱང་ཕྱི་ནས་སྤང་བར་ཉམས་སུ་བླང་ངོ་། །འདི་ཉིད་གསུངས་པ། རྣམ་རྟོག་ཐམས་ཅད་སྤང་བའི་ཕྱིར། །སྟོང་ཉིད་བདུད་རྩི་བསྟན་པ་ཡིན། ། གང་ཞིག་དེ་རུ་འཛིན་པ་ཡང་། །འདི་ནི་ཁྱེད་ཀྱིས་སྤངས་པ་ལགས། །ཞེས་སོ། །དེ་ལྟར་གྱུར་ན་ཡང་གལ་ཏེ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་ཡིད་ལ་བྱེད་པ་གོམས་པ་ལས་སྟོང་པ་ཉིད་ཀྱི་བག་ཆགས་སྤོང་བར་འགྱུར་བ་ཡིན་པ་དེ་ལྟ་ན་ཡང་། དེ་གོམས་པས་ཡང་དངོས་པོ་མེད་པའི་ རྣམ་པར་རྟོག་པ་འཇུག་པ་བཟློག་པར་མི་ནུས་ཏེ། དེས་ན་ལྦ་བ་བཅུག་པ་ལས་མིག་འབྲས་འབྱུང་བ་བཞིན་དུ་ཁྱེད་ཀྱི་ཉེས་པ་དེ་བཞིན་དུ་གནས་པ་ཡིན་ནོ་ཞེ་ན། གང་ཚེ་ཞེས་པ་ལ་སོགས་པ་སྨོས་ཏེ། འདི་ཡང་དཔྱད་ན་གནས་པ་མ་ཡིན་ནོ་ཞེས་སྟོན་པར་བྱེད་དེ། གང་ཞིག་དངོས་པོ་མེད་
Page: 343 དོ་ཞེས་རབ་ཏུ་རྟོག་ཅིང་གང་གིས་དངོས་པོ་འགེགས་པར་བྱེད་ན་དེ་གང་གི་ཚེ་རྟོག་པ་ན་རབ་རིབ་ཅན་གྱིས་མཐོང་བའི་སྐྲའི་དོགས་པ་བཞིན་དུ་རང་བཞིན་མི་རྙེད་དེ། མི་འཐོབ་པོ། དེ་ཚེ་རྟེན་བྲལ་བ་ཞེས་པ་ལ། གང་གི་དངོས་པོ་འདི་ཡོངས་སུ་རྟོག་པ་ན་དེ་དང་འབྲེལ་པའི་དངོས་པོ་མེད་པའི་ཕྱིར་མི་ དམིགས་པ་ཡིན་ཏེ། མེད་པ་ཡིན་ནོ། །རྟོག་པས་བསྟན་པའི་ལུས་ཇི་ལྟར་བློའི་མདུན་ན་གནས་ཏེ། ཇི་ལྟར་འདི་བརྟགས་པས་བློའི་མདུན་དུ་སྣང་བར་འགྱུར། དངོས་པོ་རང་ཉིད་ཀྱིས་དངོས་པོ་མེད་པར་ལྡོག་པར་འགྱུར་རོ། །ཡང་ན་གཞན་དུ་བཤད་པར་བྱ་སྟེ། སྟོང་པ་ཉིད་ཀྱི་སྟོབས་ཀྱིས་གཞག་ པས་དངོས་པོའི་བག་ཆགས་ལྡོག་ཏུ་ཆུག་ན་ཡང་དེ་ལ་འགེགས་པ་མེད་པའི་ཕྱིར་དངོས་པོ་མེད་པའི་མངོན་པར་ཞེན་པ་གང་གིས་ལྡོག་པར་བྱེད་ཅེ་ན། གང་ཚེ་ཞེས་པ་ལ་སོགས་པ་གསུངས་ཏེ། གཞན་ཐམས་ཅད་ནི་སྔ་མ་བཞིན་ནོ། །འདི་ནི་འདིར་བསྡུས་པའི་དོན་ཡིན་ཏེ། དངོས་པོ་ ལ་མངོན་པར་ཞེན་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་སྤོང་བར་བརྗོད་ལ། སྟོང་པ་ཉིད་དེ་ཡང་སྟོང་པ་ཉིད་མངོན་དུ་བྱེད་པ་ལས་ཕྱི་ནས་སྤོང་བར་འགྱུར་རོ། །གང་ཡང་ཇི་ལྟར་ཡང་དངོས་པོར་རྟོག་པ་སྐྱེ་བར་འགྱུར་ན། དེ་ཡང་དེ་མ་ཐག་ཏུ་དཔྱོད་པར་འགྱུར་བས་བཟློག་པར་འགྱུར་ཏེ། དེ་ཉིད་ ཀྱི་ཕྱིར་རྣམ་པར་རྟོག་པའི་ཚོགས་དུ་མ་བཟློག་པའི་ཆེད་དུ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མར་ནང་སྟོང་པ་ཉིད་ལ་སོགས་པ་སྟོང་པ་ཉིད་བཅོ་བརྒྱད་རྒྱས་པར་གསུངས་ཏེ། སྟོང་པ་ཉིད་ནི་དངོས་པོ་ལས་གཞན་མ་ཡིན་ཏེ། དངོས་པོ་ཉིད་དེའི་རང་བཞིན་ཡིན་པའི་ཕྱིར་ རོ། །གཞན་དུ་ན་སྟོང་པ་ཉིད་ཆོས་རྣམས་ལས་ཐ་དད་པ་ཡིན་ན། ཆོས་རྣམས་དངོས་པོ་མེད་པར་མི་འགྱུར་ཏེ། དངོས་པོ་མེད་པ་ནི་དེའི་རང་བཞིན་ཡིན་ནོ་ཞེས་སྔར་བསྒྲུབས་པ་ཡིན་ནོ། །འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པ་གཞན་ཡང་རབ་འབྱོར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པ་ཡིད་ལ་བྱེད་པས་འདི་ལྟར་རྟོགས་ཏེ་གཟུགས་ཀྱི་སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ་ཉིད་མ་ཡིན་ཏེ་གཟུགས་ཉིད་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །ཚོར་
Page: 344 ༄༅། །བའི་སྟོང་པ་ཉིད་ཀྱིས་ཚོར་བ་སྟོང་པ་མ་ཡིན་ཏེ། ཚོར་བ་ཉིད་སྟོང་པའོ། །སྟོང་པ་ཉིད་ཚོར་བའོ། །འདུ་ཤེས་ཀྱི་སྟོང་པ་ཉིད་ཀྱིས་འདུ་ཤེས་སྟོང་པ་མ་ཡིན་ཏེ། འདུ་ཤེས་ཉིད་སྟོང་པའོ། །སྟོང་པ་ཉིད་འདུ་ཤེས་སོ། །འདུ་བྱེད་ཀྱི་སྟོང་པ་ཉིད་ཀྱིས་འདུ་བྱེད་སྟོང་ པ་མ་ཡིན་ཏེ། འདུ་བྱེད་ཉིད་སྟོང་པའོ། །སྟོང་པ་ཉིད་འདུ་བྱེད་དོ། །རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས་རྣམ་པར་ཤེས་པ་སྟོང་པ་མ་ཡིན་ཏེ། རྣམ་པར་ཤེས་པ་སྟོང་པའོ། །སྟོང་པ་ཉིད་རྣམ་པར་ཤེས་པའོ་ཞེས་རྒྱས་པར་རོ། །ཡང་། གང་ཞིག་རྟེན་ཅིང་འབྲེལ་པར་འབྱུང་། །དེ་ཉིད་ཁྱེད་ ཀྱིས་སྟོང་པར་བཞེད། །དངོས་པོ་རང་དབང་ཅན་མེད་ཅེས། །ཁྱེད་ཀྱིས་སེང་གེའི་སྒྲ་མཚུངས་མེད། །ཅེས་གསུངས་པ་ཡིན་ནོ། །དེ་ལྟར་ན་སྟོང་པ་ཉིད་ནི་ཆོས་རྣམས་ལས་ཐ་དད་པ་མ་ཡིན་ནོ། །དེ་ལྟ་བས་ན་སྟོང་པ་ཉིད་ལ་ཡང་མངོན་པར་ཞེན་པར་མི་བྱའོ། །དེ་ལྟར་རྣམ་པར་རྟོག་པ་ ཐམས་ཅད་ནུབ་པའི་ཕྱིར་སྒྲིབ་པ་མཐའ་དག་ལས་གྲོལ་བ་སྐྱེ་བོ་ཞེས་བསྟན་པའི་ཕྱིར། གང་ཚེ་དངོས་དང་ཞེས་པ་ལ་སོགས་པ་གསུངས་ཏེ། གང་ཚེ་དངོས་པོ་དོན་དམ་པར་ཡོད་པའི་རང་བཞིན་ཡོད་པ་མ་ཡིན་ཏེ། བློ་ནི་བློ་གྲོས་ཡིན་ལ་མདུན་ནི་སྔུན་ཏེ། ཡང་དག་པར་གནས་པ་ཡིན་ ནོ། །དངོས་མེད་ཀྱང་མ་ཡིན་ཏེ། དངོས་པོ་དང་བྲལ་བའི་མཚན་ཉིད་དངོས་པོ་མེད་པ་ཡང་མ་ཡིན་ནོ། །གང་ཚེ་བློའི་མདུན་ན་གནས་པ་དེ་ཚེ་རྣམ་པ་གཞན་མེད་པས་ཤེས་ཏེ། དགག་པ་དང་བསྒྲུབ་པ་གཞན་མེད་པའི་ཕྱིར་ཏེ། གཉི་ག་དང་གཉི་ག་མ་ཡིན་པའི་ཕྱོགས་གཉིས་པོ་འདི་ བསྒྲུབ་པ་དང་དགག་པའི་བདག་ཉིད་ཡིན་པའི་ཕྱིར་འདི་དག་ལས་མ་གཏོགས་པ་འདི་གཉིས་ཀྱི་ནང་དུ་འདུས་ལ་དེར་འདུས་པས་ཀྱང་རྟེན་མེད་པ་ཡིན་ཏེ། ཡོད་པ་དང་མེད་པ་དམིགས་པ་དང་བྲལ་བའི་ཕྱིར་རོ། །བློ་རབ་ཏུ་ཞི་བ་ཡིན་ལ་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བའི་ ཕྱིར་ཞི་བ་ཡིན་ཏེ། མེ་བཞིན་དུ་འདས་པ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །གལ་ཏེ་ཇི་ལྟར་རྣམ་པར་རྟོག་པ་མཐའ་དག་དང་བྲལ་བས་བསྐལ་པ་གྲངས་མེད་པ་ནས་འདོད་པའི་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པའི་སངས་རྒྱས་ཉིད་ཐོབ་ནས་བཅོམ་ལྡན་འདས་
Page: 345 ཀྱིས་གཞན་གྱི་དོན་མངོན་པར་རྫོགས་པར་བྱེད་པར་ཅི་ལྟར་འགྱུར་ཞེ་ན། འདིར་ཡིད་བཞིན་ནོར་བུ་ཞེས་པ་ལ་སོགས་པ་གསུངས་ཏེ། ཡིད་བཞིན་ནོར་བུ་ཞེས་པ་ནི་བསམས་པའི་འབྲས་བུ་སྟེར་བའི་རིན་པོ་ཆེའི་ཁྱད་པར་རོ། །དཔག་བསམ་གྱི་ཤིང་ཞེས་པ་ནི་བསམས་པའི་འབྲས་བུ་སྟེར་ བའི་ཤིང་གི་ཁྱད་པར་ཡིན་ཏེ། དེ་ཇི་ལྟར་རྣམ་པར་རྟོག་པ་མེད་ཀྱང་སྣོད་ཇི་ལྟ་བར་འཇིག་རྟེན་པ་རྣམས་ཀྱི་རེ་བ་ཡོངས་སུ་རྫོགས་པ་ཡིན་ཞིང་འདོད་པ་ཐོབ་པར་བྱེད་པ་ཡིན་ཏེ། དེ་བཞིན་རྒྱལ་བའི་སྐུར་སྣང་ངོ་། །ཞེས་པ་དང་འབྲེལ་ཏོ། །རྒྱལ་བ་ནི་བདུད་བཞི་ལས་རྒྱལ་བའི་ཕྱིར་རམ་སྡིག་ པའི་ཆོས་ལས་རྒྱལ་བས་རྒྱལ་བ་སྟེ། བཅོམ་ལྡན་འདས་སོ། །རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་མཛེས་པར་བྱས་པའི་ལུས་སོ། །དེ་བཞིན་དུ་སྟེ་རྣམ་པ་དེས་སྣང་སྟེ། རྣམ་པར་རྟོག་པ་ཐམས་ཅད་མེད་ཀྱང་གཞན་ལ་ཕན་པ་ དང་བདེ་བ་བསྒྲུབ་པར་ནུས་པ་རྟོགས་སོ། །ཡང་ཇི་ལྟར་ན་འདོད་པ་ཙམ་གྱིས་གྲུབ་པར་འགྱུར་ཞེ་ན། གདུལ་བྱ་སྨོན་ལམ་དག་གིས་ནི། །ཞེས་གསུངས་ཏེ། གདུལ་བྱའི་དབང་གིས་ཡིན་ཏེ། གང་སངས་རྒྱས་བཅོམ་ལྡན་འདས་རྣམས་གདུལ་བྱ་དེ་རྣམས་ཀྱི་འབྲས་བུའི་ཁྱད་པར་ཐོབ་པའི་རྒྱུ་ དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་དེའི་དབང་གིས་སོ། །སྨོན་ལམ་གྱི་དབང་གིས་ཏེ། གང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའི་གནས་སྐབས་ན་རྣམ་པ་དུ་མས་སེམས་ཅན་གྱི་དོན་བསྒྲུབ་པའི་སྨོན་ལམ་དེས་འཕངས་པའི་དབང་གིས་རྫ་མཁན་གྱི་འཁོར་ལོ་འཁོར་བའི་ཚུལ་ གྱིས་ལྷུན་གྱིས་གྲུབ་པའི་འཇུག་པས། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བསྒྲུབ་པར་འཐད་པ་ཡིན་ནོ། །གང་གི་ནུབ་མོ་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ནས་གང་དུ་མྱ་ངན་ལས་འདས་པའི་བར་འདིར་དེ་བཞིན་གཤེགས་པས་ཡི་གེ་གཅིག་ཀྱང་ མ་གསུངས་ཏེ། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ནི་རྟག་ཏུ་མཉམ་པར་གཞག་པ་ཡིན་ནོ། །གང་ཡང་ཡི་གེ་དང་དབྱངས་དང་སྒྲ་ནི་དེ་བཞིན་གཤེགས་པའི་ཞལ་དང་མཛོད་སྤུ་དང་། གཙུག་ཏོར་ལས་བྱུང་བའི་སྒྲ་སེམས་ཅན་དེ་རྣམས་ཀྱིས་ཐོས་སོ་ཞེས་པ་ལ་སོགས་པ་གསུངས་
Page: 346 ༄༅། །སོ། །ཡང་། ཏིང་འཛིན་དེ་ལ་མཉམ་གཞག་པ། །ཡིད་བཞིན་ནོར་བུ་བཞིན་དུ་གནས། །ཇི་ལྟར་འདོད་བཞིན་རྩིག་སོགས་ལས། །སྒྲོན་མའི་སྒྲ་ནི་འབྱུང་བ་ཡིན། །དེ་དག་ཤེས་པར་འདོད་དོན་རྣམས། །མི་རྣམས་ཀྱིས་ནི་ཐམས་ཅད་རྟོགས། །སྐལ་བ་ བཞིན་དུ་ཕན་པར་ཡང་། །མྱུར་དུ་ཐོབ་པར་འགྱུར་བ་ཡིན། །ཞེས་གསུངས་སོ། །བསྟོད་པ་བཞི་པ་ལས་ཀྱང་། །གཙོ་བོ་ཁྱེད་ཀྱིས་འགའ་ཞིག་ཏུ། །ཡི་གེ་གཅིག་ཀྱང་མ་གསུངས་ཏེ། །ཆོས་ཀྱི་ཆར་གྱིས་གདུལ་བྱ་ཡི། །འགྲོ་བ་མ་ལུས་ཚིམ་པར་མཛད། །ཅེས་གསུངས་སོ། །དེ་ལྟར་ ཐུན་མོང་མ་ཡིན་པའི་རྒྱུ་བཤད་ནས་ཡང་གཞན་དུ་རྒྱུའི་གནས་སྐབས་ཉིད་གང་ལྷུན་གྱིས་གྲུབ་པས་གཞན་གྱི་དོན་སྒྲུབ་པར་བྱེད་པའི་ནུས་པའི་འབྲས་བུ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་པའི་ཕྱིར། དཔེར་ན་ནམ་མཁའི་ལྡིང་གི་ནི། །ཞེས་པ་ལ་སོགས་པ་ གསུངས་ཏེ། དཔེར་ན་ནམ་མཁའ་ལྡིང་གི་ནི། །ཞེས་ཏེ། དུག་གི་དེ་ཁོ་ན་ཉིད་ཀྱི་རིག་པ་སྔགས་ཀྱི་ནུས་པ་ཐོབ་པས་ཤིང་གི་རང་བཞིན་ནམ་རྡོ་བའམ་གཞན་གྱི་ཡང་རུང་སྟེ། མཆོད་སྡོང་བསྒྲུབས་ན་སྔགས་ཀྱིས་མངོན་པར་སྦྱངས་ཏེ། ཁོ་བོ་མེད་ཀྱང་འདི་ཉིད་དུག་ལ་སོགས་པ་ཐམས་ཅད་ སེལ་བ་ལ་ནུས་པ་དང་ལྡན་པར་འགྱུར་རོ་ཞེས་ནས་འདས་པར་གྱུར་ཏེ། རང་ཉིད་བྱ་བ་དང་བྲལ་བར་འགྱུར་རོ། །མཆོད་སྡོང་དེ་ལ་དེས་སྔགས་བཏབ་སྟེ་མཁའ་ལྡིང་ཅན་དེ་འདས་ནས་ཡུན་རིང་ལོན་ཡང་སྟེ། ཡུན་རིང་པོར་བྱ་བ་དང་བྲལ་ཡང་དུག་ལ་སོགས་པ་ཞི་བར་བྱེད་ལ་སོགས་ཀྱི་སྒྲས་ ནི་གདོན་ལ་སོགས་པའི་རྣམ་པར་འགྱུར་བ་ཡང་འཇོམས་པར་བྱེད་དོ། །དེ་ལྟར་དཔེ་ཉེ་བར་བསྟན་ནས། དོན་ལ་སྦྱར་བའི་ཕྱིར་བྱང་ཆུབ་སྤྱོད་ཅེས་པ་ལ་སོགས་པ་གསུངས་ཏེ། དཔེར་ན་ཞེས་པའི་སྒྲས་དེ་བཞིན་དུ་ཞེས་པ་འདྲེན་པར་བྱེད་དེ། དེ་བཞིན་དུ་བྱང་ཆུབ་ལ་བྱང་ཆུབ་ཀྱི་རྒྱུ་མཚན་ སངས་རྒྱས་ཀྱི་ཆེད་ཀྱི་སྤྱོད་པ་ནི་བྱང་ཆུབ་ཀྱི་སྤྱོད་པའོ། །བྱང་ཆུབ་སེམས་དཔའ་འདས་གྱུར་ཀྱང་། །ཞེས་ཏེ། བྱང་ཆུབ་ནི་སངས་རྒྱས་ཉིད་ཡིན་ཏེ། གཅིག་དང་དུ་མ་དང་བྲལ་བ་སྐྱེ་བ་མེད་པ། འགག་པ་མེད་པ། ཆད་པ་མེད་པ། རྟག་པ་མེད་པ། སྤྲོས་པ་ཐམས་ཅད་དང་བྲལ་བ། ནམ་
Page: 347 མཁའ་དང་མཉམ་པ། ཆོས་ཀྱི་སྐུར་གྲགས་པ་ལ་དོན་དམ་པའི་དེ་ཁོ་ན་ཉིད་དུ་བརྗོད་དོ། །དེ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྟོང་པ་ཉིད་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་ལ་སོགས་པའི་སྒྲས་ཀུན་རྫོབ་ཀྱི་བདེན་པ་ལ་བརྩམས་ནས་བརྗོད་དོ། ། འདི་ཉིད་ལས་དགོངས་ནས། སངས་རྒྱས་རྣམས་ནི་ཆོས་ཉིད་བལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་པར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་སོ། །ཡང་། མཚན་ཉིད་མེད་ཅིང་མ་སྐྱེས་པ། །ངག་གི་ལམ་ནི་འདུས་མ་བྱས། །ནམ་མཁའ་དང་མཉམ་ བྱང་ཆུབ་སེམས། །བྱང་ཆུབ་གཉིས་མེད་མཚན་ཉིད་ཡིན། །ཞེས་གསུངས་ཏེ། དེ་ལ་སེམས་དཔའ་ནི་གང་གི་བསམ་པ་ཡིན་པ་དེ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་འདས་པར་གྱུར་ཀྱང་ངོ་། །ཡང་གི་སྒྲ་ནི་རིམ་པ་གཞན་དུ་ཡིན་ཏེ། མི་གནས་པའི་མྱ་ངན་ལས་འདས་པས་ དོན་དམ་པ་ཞི་བར་གྱུར་ཀྱང་ངོ་། །རྒྱུའི་གནས་སྐབས་ལོག་ཅིང་འབྲས་བུའི་གནས་སྐབས་ཐོབ་པ་ན་ཡང་ཞེས་པའི་དོན་ཏོ། །དེ་ལྟར་གཉི་གར་ཡང་རྟོག་པ་དང་ཐམས་ཅད་དུ་བྲལ་ཡང་གཞན་གྱི་དོན་སྒྲུབ་པ་ཉམས་པ་མེད་པར་བསྟན་པ་ཡིན་ནོ། །དེ་ལྟར་གྱུར་ན་ཡང་གལ་ཏེ་བཅོམ་ ལྡན་འདས་རྣམ་པར་རྟོག་པའི་དམིགས་པ་ཐམས་ཅད་དང་བྲལ་བས་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་བྱ་བ་འདས་པ་ཡིན་ཏེ། འོ་ན་ཇི་ལྟར་དེ་བཞིན་གཤེགས་པ་ལ་མཆོད་པ་འབྲས་བུ་ཆེན་པོར་བསྔགས་ཞེས་དོགས་ནས། སེམས་མེད་ཅེས་པ་ལ་སོགས་པ་སྨོས་ཏེ། ཀུན་ རྫོབ་ཀྱི་སེམས་དང་བྲལ་བའི་བཅོམ་ལྡན་འདས་ལ་མཆོད་པ་སྟེ་མཆོད་པ་བྱས་པ་ལས་ཤེས་པར་བྱེད་པའི་ཁྱད་པར་རོ། །ཇི་ལྟར་འབྲས་བུར་ལྡན་པར་འགྱུར་ཏེ་འབྲས་བུ་དང་བཅས་པར་འགྱུར། ལོངས་སྤྱོད་པར་བྱེད་པ་མེད་པ་དེ་ལ་སྦྱིན་པ་པོ་དང་སྦྱིན་བདག་རྣམས་ལ་ཇི་ལྟར་བསོད་ནམས་ སུ་འགྱུར་ཞེ་ན། འདི་ལ་ལན་ནི་གང་ཕྱིར་བཞུགས་པའམ་ཞེས་པ་ལ་སོགས་པ་གསུངས་ཏེ། མཚུངས་ཤིང་མཉམ་པ་ཉིད་དུ་བཤད་དེ་ལུང་ལས་བསྟན་ཏོ། །གང་གི་ཕྱིར་བཞུགས་པའམ། མྱ་ངན་ལས་འདས་པ་དེ་ལའང་དེའི་ཕྱིར་འབྲས་བུ་དང་ལྡན་པར་འགྱུར་རོ་ཞེས་སྦྱར་རོ། །ཞུགས་པ་
Page: 348 ༄༅། །པ་ནི་མྱ་ངན་ལས་མ་འདས་པ་ཡིན་ལ། མྱ་ངན་ལས་འདས་པ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་གྱུར་པ་ཡིན་ཏེ། བསོད་ནམས་ལ་ཁྱད་པར་ཡོད་པ་མ་ཡིན་ནོ། །བསམ་པ་ནི་འདི་ཡིན་ཏེ། བསོད་ནམས་ནི་རྣམ་པ་ཡིན་ལ། གཏོང་བ་དང་རྗེས་སུ་འབྲེལ་པ་ནི་ གཏོང་བ་ཉིད་ལས་གང་སྐྱེས་པའོ། །ཡོངས་སུ་ལོངས་སྤྱོད་པ་དང་རྗེས་སུ་འབྲེལ་པ་ནི་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་ལོངས་སྤྱོད་པ་ལས་གང་སྐྱེས་པའོ། །དེ་ལ་གལ་ཏེ་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ལ་ལེན་པ་མེད་པས་ཡོངས་སུ་ལོངས་སྤྱོད་པའི་བསོད་ནམས་སུ་མི་འགྱུར་ ཡང་གཏོང་བ་དང་ཡོངས་སུ་འབྲེལ་པ་གང་གིས་བཟློག་པར་བྱ། ཅི་སྟེ་ཡོངས་སུ་མ་བླངས་ན་གང་ལ་ཡང་ཇི་ལྟར་ཡོངས་སུ་གཏོང་བ་དང་འབྲེལ་པའི་བསོད་ནམས་སུ་འགྱུར་ཞེ་ན། ལེན་པ་པོ་ཡོད་ན་བསོད་ནམས་སུ་འགྱུར་ལ། མེད་ན་ནི་མ་ཡིན་ནོ་ཞེས་པ་རྒྱུ་ཅི་ཡིན། ཡང་ཅི་སྟེ་ལེན་ པ་པོ་འགའ་ཡང་མེད་པའི་ཕྱིར་རོ་ཞེ་ན། དེ་ནི་རྒྱུ་མ་ཡིན་པ་ཉིད་ཡིན་ཏེ། གང་ཕྱིར་ཞེས་ཏེ། བསོད་ནམས་གཞན་ཡོངས་སུ་ལེན་པ་ཉིད་ཀྱིས་འགྱུར་ན་བྱམས་པ་ཚད་མེད་པ་ལ་སོགས་པ་དང་ཡང་དག་པའི་ལྟ་བ་བསྒོམ་པ་ལ་བསོད་ནམས་མེད་པར་འགྱུར་རོ། །དེ་ལྟ་བས་ན་རང་གི་སེམས་ ཀྱི་མཐུས་གཞན་ཡོངས་སུ་ལེན་པ་མེད་པར་ཡང་བསོད་ནམས་ཡོད་པར་འདོད་པར་བྱ་སྟེ། དེས་ན་ཡོན་ཏན་དང་ལྡན་པ་འདས་པ་ལ་ཡང་དེ་ལ་གུས་པར་བྱས་པས་རང་གི་སེམས་ལ་བསོད་ནམས་སུ་འགྱུར་བ་ལ་འགལ་བ་མེད་དོ། །གཞན་ཡང་བསོད་ནམས་དང་སྡིག་པ་ཐམས་ཅད་ ཡོད་པ་དག་ལ་ལུང་དབང་པོ་ཉིད་དུ་ལུང་ལས་བཤད་ཅེས་ཏེ། འདིར་འཐད་པ་གཞན་གྱིས་ཅི་ཞིག་བྱ། ལུང་ལས་ཏེ་བཅོམ་ལྡན་འདས་ཀྱིས་བཀའ་ལས་ཡིན་ལ། འབྲས་བུ་ནི་བཅོམ་ལྡན་འདས་ལ་མཆོད་པ་བྱས་པས་ལོངས་སྤྱོད་ཆེན་པོ་ལ་སོགས་པའི་མཚན་ཉིད་རྟོགས་པར་འགྱུར་ རོ། །དེ་ལ་ཞེས་པ་ནི་མྱ་ངན་ལས་འདས་པའམ་མྱ་ངན་ལས་མ་འདས་པའི་བཅོམ་ལྡན་འདས་ལ་མཆོད་པའི་ཁྱད་པར་འདི་དག་ཡིན་ཏེ། ཁ་ཅིག་ནི་འབྲས་བུ་ཀུན་རྫོབ་ཡིན་ལ། ཁ་ཅིག་ནི་ཡང་འབྲས་བུ་དོན་དམ་པ་ཡིན་ནོ་ཞེས་འདོད་དོ། །འདི་ལྟར་དཔྱད་པ་བཏང་སྙོམས་སུ་བྱས་
Page: 349 ནས་ཁྱད་པར་དུ་བརྗོད་པར་བྱ་སྟེ། ཀུན་རྫོབ་བམ་དེ་ཉིད་དུའང་རུང་སྟེ། བསོད་ནམས་དང་སྡིག་པ་བྱས་པའི་འབྲས་བུ་བཅོམ་ལྡན་འདས་ཀྱི་བཀའ་ལས་རྟོགས་པ་ཡིན་ཏེ། དེ་ལ་ཡང་ཁྱེད་དང་ཁོ་བོ་ཅག་ལ་རྩོད་པ་མེད་པ་ཉིད་དོ། །དེ་ལ་འདི་བཅོམ་ལྡན་འདས་ཀྱིས་མེ་ཏོག་བརྩེགས་པའི་ གཟུངས་ལས། སེང་གེ་རྣམ་པར་རྩེ་བ་འགའ་ཞིག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་དང་ལྡན་པ་དེའི་ཕྱིར་དེ་ལ་མཆོད་པའི་རྣམ་པར་སྨིན་པ་དེ་ཡང་དཔག་ཏུ་མེད་པར་བྱའོ། །སེང་གེ་རྣམ་པར་རྩེ་བ་གང་ལ་ ལ་དག་དེ་བཞིན་གཤེགས་པ་བཞུགས་ཀྱང་རུང་། ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང་། མཆོད་པར་བྱེད་པ་དེ་དག་ཐམས་ཅད་ནི་འདི་ལྟ་སྟེ། ཐེག་པ་གསུམ་ལས་ཐེག་པ་གཅིག་གིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །སེང་གེ་རྣམ་པར་རྩེ་བ་གང་གིས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐོང་ནས་སེམས་དང་བར་འགྱུར་ལ། དང་བའི་སེམས་ཀྱིས་རྙེད་པ་དང་། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། སྙུན་གསོལ་དང་། ཡོ་བྱད་དང་། བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བསྟི་སྟང་དུ་བྱས་ཤིང་ རི་མོར་བྱས་ཏེ། མཆོད་ཅིང་རྗེད་ལ་རིམ་གྲོར་བྱས་པ་དང་། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་གྱི་མཆོད་རྟེན་ལ་མཆོད་པ་བྱ་བའི་རྣམ་པར་སྨིན་པ་ནི་མཉམ་པར་ཤེས་པར་བྱ་སྟེ། བྱེ་བྲག་གམ་ཐ་དད་དུ་བྱ་བ་དེ་བཞིན་ གཤེགས་པའི་མཆོད་པ་ལ་མེད་དོ་ཞེས་གསུངས་པ་ཡིན་ཏེ། གང་ཞིག་བཞུགས་ལ་མཆོད་པ་དང་། །མི་གནས་མྱ་ངན་འདས་པ་ལ། །སེམས་ནི་མཉམ་པར་དང་བ་ཡིས། །བསོད་ནམས་ལ་ནི་ཁྱད་པར་མེད། །ཡང་འདི་གསུངས་པ་ཡིན་ཏེ། གང་ཡང་སེང་གེ་རྣམ་པར་ རྩེ་བ་དེ་བཞིན་གཤེགས་པ་ལ་ལོ་བརྒྱའམ། ལོ་སྟོང་ཡང་རུང་སྟེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དང་། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་ལ། བྱང་ཆུབ་ཀྱི་སེམས་ཀྱིས་ཡང་དག་པར་
Page: 350 ༄༅། །ཟིན་པས་མེ་ཏོག་འགའ་འབུལ་ལམ། ཆུ་སྙིམ་པ་གང་ཙམ་འཐོར་རམ། བྱུག་པའི་ཐིག་ལེ་འདྲིའམ། མེ་ཏོག་གི་ཉལ་ཉིལ་འཕྱག་གམ། བྱུག་པ་འབུལ་ལམ། མར་མེ་འབུལ་ཞིང་ཕུལ་ནས་དགའ་བའི་སེམས་ཀྱིས་གོམ་པའི་གནས་སྐབས་འགའ་བོར་ ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་ལ་ཕྱག་འཚལ་ལོ་ཞེས་སྨྲ་བ་ཙམ་ལ་སེང་གེ་རྣམ་པར་རྩེ་བ་བསྐལ་པའམ། བསྐལ་པ་བརྒྱར་རམ། བསྐལ་པ་སྟོང་དུའམ། བསྐལ་པ་འབུམ་དུའམ། ངན་འགྲོ་ལོག་པར་ལྟུང་བར་འགྲོ་བར་འགྱུར་བ་དེའི་གནས་མེད་དེ། འདི་ལ་དོགས་པའམ་ ཡིད་གཉིས་སམ་ཐེ་ཚོམ་ཟ་བར་མི་བྱའོ་ཞེས་གསུངས་སོ། །འདི་ངེས་པར་ཁས་བླང་བར་བྱའོ་ཞེས། དཔེར་ན་བདེན་པའི་ཞེས་པ་ལ་སོགས་པ་གསུངས་ཏེ། བདེན་པའི་སངས་རྒྱས་ཏེ་དོན་དམ་པར་ཡོད་པའི་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནའོ། །འབྲས་བུར་བཅས་ ཞེས་པ་ནི་བསོད་ནམས་དང་བཅས་པ་ཡིན་ན་ཡང་ཇི་ལྟར་ཞེས་ཏེ་ཇི་ལྟ་བ་བཞིན་དུ་དཔེར་བརྗོད་པ་སྟོན་པར་བྱེད་དོ། །འདིར་དཔེར་བརྗོད་པ་ལུང་ལས་གཞན་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་མཆོད་པའི་འབྲས་བུ་ཡོད་པ་རྣམ་པ་ཐམས་ཅད་དུ་ལུང་ལས་གོ་ བར་བྱའོ། །སྟོང་ཉིད་བག་ཆགས་བསྒོས་པ་ལས། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་དེ་ལ། བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་རྣམས་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱིས་སྒྲིབ་པ་ཐམས་ཅད་སྤོང་བར་མི་བཟོད་པས་འཕགས་པའི་བདེན་པ་བཞི་མཐོང་བ་དང་བསྒོམ་པ་ནི་དེའི་ ཐབས་སུ་འདོད་པས། བདེན་པ་མཐོང་བས་ཞེས་པ་ལ་སོགས་པ་སྨོས་ཏེ། འཕགས་པའི་བདེན་པ་བཞི་པོ་རྣམས་ནི་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་གྱི་མཚན་ཉིད་རྣམས་ཡིན་ལ། མཐོང་བ་ནི་དམིགས་པ་ཡིན་ཏེ། མངོན་སུམ་དུ་བྱས་པས་ཞེས་པའི་ དོན་ཏོ། །མཐོང་བས་ཤེས་པ་ནི་མཚོན་པ་ཡིན་ཏེ། བསྒོམས་པས་ཤེས་པ་ཡང་བལྟ་བར་བྱའོ། །དེ་སྐད་དུ། བདེན་པ་མཐོང་དང་བསྒོམས་པ་ལས། །ཉོན་མོངས་སྤོང་བར་བཤད་པ་ཡིན། །ཞེས་བརྗོད་པ་ཡིན་ན། དེ་ལ་ཞུགས་པས་ཐོས་པ་དང་བསམ་པ་དང་ལྡན་པ་བསྒོམ་པ་
Page: 351 ལ་ཞུགས་པ། མི་གཙང་བ་དང་དབུགས་འབྱུང་བ་དང་རྔུབ་པ་དྲན་པ་དང་། དྲན་པ་ཉེ་བར་གཞག་པ་བསྒོམ་པ་གྲུབ་པའི་རིམ་པས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ཞེས་པ་རྣམ་པ་བཅུ་དྲུག་པོ་འདི་རྣམས་ཀྱིས་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་མཐོང་ སྟེ། དྲོ་བར་གྱུར་པ་ལ་སོགས་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་སྒོ་ནས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་སྐད་ཅིག་མ་བཅོ་ལྔའི་མཚན་ཉིད་ནི་མཐོང་བའི་ལམ་ཡིན་ལ། དེའི་རྗེས་ལ་བསྒོམ་པའི་ལམ་ཐོབ་པས་མཐོང་བ་དང་བསྒོམས་པས་སྤོང་བར་བྱ་བའི་ ཁམས་གསུམ་གྱི་ཉོན་མོངས་པ་དང་ཉེ་བའི་ཕུང་པོ་སྤངས་པས་ཟད་པ་དང་མི་སྐྱེ་བའི་ཤེས་པས་སྐྱེ་བར་འགྱུར་ཏེ། དེ་ལྟ་ན་འཕགས་པའི་བདེན་པ་རྣམས་མངོན་པར་རྟོགས་པའི་རིམ་པ་མདོར་བསྡུས་པ་ཡིན་ནོ། །འདིས་འཕགས་པའི་བདེན་པ་མཐོང་བ་ལས་གྲོལ་བར་བརྗོད་པ་ཡིན་ནོ། ། དེ་ལྟ་བས་ན་གྲོལ་བ་འདི་ཉིད་ཀྱིས་ཆོག་པས་སྟོང་ཉིད་མཐོང་བས་ཅི་ཞིག་བྱ་སྟེ། སྟོང་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མེད་པ་ཡིན་པ་མཐོང་བས་ཏེ་རྟོགས་པ་དང་མངོན་སུམ་དུ་བྱས་པས་སོ། །རེ་ཞིག་དགོས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ཐར་པའི་ཐབས་དེ་ལས་གཞན་ ཡོད་པའི་ཕྱིར་རོ་ཞེ་ན། འདི་ལ་གང་གི་ཕྱིར་ལུང་ལས་ཞེས་པ་ལ་སོགས་པ་གསུངས་ཏེ། ཐབས་གཞན་མེད་པ་དེའི་ཕྱིར་ཞེས་པའི་ཐ་ཚིག་གོ། །འདི་ཉིད་དོན་གྱི་དེ་ཁོ་ན་སྟེ། འདི་ལྟར་ཐམས་ཅད་ཉིད་དངོས་པོར་སྒྲོ་བཏགས་པ་དང་མ་བཏགས་པ་ཞེས་ངོ་བོ་གཉིས་སུ་འགྱུར་ རོ། །དེ་ལ་གང་མ་རིག་པས་འཕངས་པའི་སྒྲོ་བཏགས་པའི་ངོ་བོ་དེ་ནི་སྐྱེ་བོ་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་ལ། དེ་དམིགས་པའི་ཉོན་མོངས་པ་སྤང་བར་མི་འཐད་དེ། གཞན་དུ་བྱིས་པའི་སྐྱེ་བོ་ཐམས་ཅད་དེ་བཞིན་གཤེགས་པར་འགྱུར་རོ་ཞེས་སྔར་བསྟན་པའི་ཐལ་བར་འགྱུར་བ་ཡིན་ནོ། ། དེ་བས་ན་སྒྲོ་མ་བཏགས་པའི་དེ་ཁོ་ན་ཉིད་མི་དམིགས་པའི་སྦྱོར་བས་དེ་ཁོང་དུ་ཆུད་དེ། མི་ཤེས་པ་དང་ཟག་པ་ཟད་པའི་ཆེད་དུ་ནུས་པ་ཐོབ་པ་ཡིན་ཏེ། དེ་ཡང་ཤེས་རབ་ཀྱིས་རྣམ་པར་འབྱེད་པ་ན་ཆོས་ཐམས་ཅད་མི་དམིགས་པའི་མཚན་ཉིད་རྟོགས་པས་ཆོས་ཐམས་ཅད་ཀྱི་སྟོང་
Page: 352 ༄༅། །པ་ཉིད་ཁོ་ནས་རྣམ་པར་འཁྲུལ་པའི་སྒྲིབ་པ་ཐམས་ཅད་སྤོང་བའི་དོན་དུ་ནུས་པ་དང་ལྡན་པར་རྟོགས་པར་བྱའོ། །དེ་ལྟར་རིགས་པ་སྔར་བརྗོད་ལ་ཕྱིས་ཀྱང་སྟན་ལ་འབེབས་པར་འགྱུར་རོ། །ཡང་འདིར་ལུང་ཉིད་ཀྱིས་འདིའི་དོན་རྟོགས་པར་བྱ་བའི་ཕྱིར། གང་ ཕྱིར་ལུང་ལས་ལམ་འདི་ནི། མེད་པར་བྱང་ཆུབ་མེད་ཅེས་ལུང་ལས་གསུངས་ཏེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུགས་དངོས་ པོ་ཡོད་ཅེས་བྱ་བར་མི་སྒོམ་མོ། །ཚོར་བ་དངོས་པོ་ཡོད་ཅེས་བྱ་བར་མི་སྒོམ་མོ། །འདུ་ཤེས་དངོས་པོ་ཡོད་ཅེས་བྱ་བར་མི་སྒོམ་མོ། །འདུ་བྱེད་དངོས་པོ་ཡོད་ཅེས་བྱ་བར་མི་སྒོམ་མོ། །རྣམ་པར་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྒོམ་མོ་ཞེས་བྱ་བ་ནས། ལམ་གྱི་རྣམ་པ་ཤེས་པ་ཉིད་ དངོས་པོ་ཡོད་ཅེས་བྱ་བར་མི་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མི་སྒོམ་མོ། །བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་སྤངས་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྒོམ་མོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དངོས་པོའི་འདུ་ཤེས་ཅན་ལ་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་སྒོམ་པ་མེད་དོ་ཞེས་བྱ་བ་ནས། དངོས་པོའི་འདུ་ཤེས་ཅན་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་མེད་དོ། །དངོས་པོའི་འདུ་ཤེས་ཅན་ལ་ནང་སྟོང་པ་ཉིད་སྒོམ་པ་མེད་དོ་ཞེས་བྱ་བ་ནས། དངོས་པོའི་འདུ་ཤེས་ཅན་ལ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པ་མེད་དོ། ། དངོས་པོའི་འདུ་ཤེས་ཅན་ལ་མངོན་པར་ཤེས་པ་དྲུག་སྒོམ་པ་མེད་དོ་ཞེས་བྱ་བ་ནས། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་ པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྒོམ་པ་མེད་དོ་ཞེས་པ་ནས། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་སྤོང་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དངོས་པོ་ལ་འདི་བདག་གོ་ཞེས་བྱ་བར་མཐའ་གཉིས་ལ་ཆགས་ཏེ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་།
Page: 353 བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་འདི་ནི་བདག་གོ་ཞེས་མཐའ་གཉིས་ལ་ཆགས་པར་གྱུར་ཏོ། །ནང་སྟོང་པ་ཉིད་དང་ཞེས་བྱ་བ་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་མངོན་པར་ཤེས་པ་དྲུག་དང་ཞེས་པ་ནས། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ སྤངས་པ་ལ་འདི་ནི་བདག་གོ་ཞེས་བྱ་བར་མཐའ་གཉིས་ལ་ཆགས་པར་གྱུར་པས་དེ་ལ་ནི་ཐར་པ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དངོས་པོའི་འདུ་ཤེས་ཅན་ལ་སྦྱིན་པ་མེད་ཅེས་བྱ་བ་ནས། ཤེས་རབ་ཀྱང་མེད། ལམ་ཡང་མེད། ཡེ་ཤེས་ཀྱང་མེད། ཐོབ་པ་ཡང་མེད། མངོན་པར་རྟོགས་པ་ ཡང་མེད། མཐུན་པའི་བཟོད་པ་ཡང་མེད། གཟུགས་ཀྱང་ཡོངས་སུ་ཤེས་པ་མེད། ཚོར་བ་ཡང་ཡོངས་སུ་ཤེས་པ་མེད་ཅེས་པ་ནས། རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་ཡོངས་སུ་ཤེས་པ་མེད་ཅེས་པ་ནས། བདག་དང་། སེམས་ཅན་དང་། སྲོག་དང་། སྐྱེ་བ་པོ་དང་། གསོ་བ་དང་། སྐྱེས་ བུ་དང་། གང་ཟག་དང་། ཤེད་ཅན་དང་། ཤེད་བདག་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོའི་འདུ་ཤེས་ཀྱང་ཡོངས་སུ་ཤེས་པ་མེད་ཅེས་པ་ནས། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བ་ཡང་ཡོངས་སུ་ཤེས་པ་མེད་ན་དེ་ཐར་ པར་འགྱུར་བ་ལྟ་ག་ལ་འོང་ཞེས་གསུངས་སོ། །ཡང་དེ་ཉིད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་ བྱུང་བ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །མ་འོངས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་ འབྱུང་བ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ད་ལྟར་བྱུང་བའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ན་དེ་བཞིན་གཤེགས་པ་དགྲ་
Page: 354 ༄༅། །བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ སངས་རྒྱས་སོ། །འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་གང་ཇི་སྙེད་ཅིག་བྱུང་བ་དང་། མ་བྱོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་ གང་ཇི་སྙེད་ཅིག་འབྱུང་བ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་གང་ཇི་སྙེད་ཅིག་ཡོད་པ་དེ་དག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་བོ། །འཐོབ་ བོ། །འཐོབ་པར་འགྱུར་རོ། །ཞེས་པ་ནས་དགྲ་བཅོམ་པ་ཉིད་ཐོབ་བོ། །འཐོབ་བོ། །འཐོབ་པར་འགྱུར་རོ། །འདས་པའི་དུས་ཀྱི་རང་སངས་རྒྱས་གང་ཇི་སྙེད་ཅིག་འབྱུང་བ་དང་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ་རང་བྱང་ཆུབ་ཐོབ་བོ། །འཐོབ་བོ། ། འཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་ཐེག་པ་གསུམ་པོ་ཐམས་ཅད་རྒྱ་ཆེར་བསྟེན་ཏོ། །དེ་དག་ཀྱང་མཚན་མ་མེད་པའི་ཚུལ་དང་། སྐྱེ་བ་མེད་པའི་ཚུལ་དང་། འགག་པ་མེད་པའི་ཚུལ་དང་། ཀུན་ནས་ཉོན་མོངས་པ་མེད་པའི་ཚུལ་དང་། རྣམ་པར་བྱང་བ་མེད་པའི་ཚུལ་དང་ཞེས་པ་ཇི་སྲིད་དུ་འཇིག་རྟེན་གྱི་ཐ་སྙད་ཀྱིས་ཡིན་ཏེ་དོན་དམ་པའི་ཚུལ་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་བར་དུ་རྒྱས་པར་གསུངས་སོ། །གང་། སངས་རྒྱས་རྣམས་དང་རང་སངས་རྒྱས། །ཉན་ཐོས་རྣམས་ཀྱིས་ངེས་བསྟེན་པའི། །ཐར་ལམ་ གཅིག་པུ་ཁྱོད་ལགས་ཏེ། །གཞན་དུ་ངེས་པ་མ་མཆིས་སོ། །ཞེས་གསུངས་སོ། །ཐེག་པ་ཆེན་པོའི་ཚིག་འདི་མ་བཟོད་ནས། གལ་ཏེ་ཐེག་ཆེན་ཞེས་པ་ལ་སོགས་པ་སྨོས་ཏེ། ཀྱེ་སྟོང་པ་ཉིད་དུ་སྨྲ་བ་དེ་ཐེག་པ་ཆེན་པོ་ནི་བཀའ་ཉིད་དུ་ཁོ་བོ་ཅག་ལ་མ་གྲུབ་སྟེ། འདོད་པ་མ་
Page: 355 ཡིན་ལ་སྒྲུབ་པར་བྱེད་པ་ཉིད་དུ་དེ་བརྗོད་པ་ནི་ལེགས་པ་མ་ཡིན་ནོ། །འདིར་གཞན་དང་ལན་མཚུངས་པའི་སྒོ་ནས་སུན་དབྱུང་བའི་ཕྱིར། ཁྱོད་ཀྱི་ལུང་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཐེག་པ་ཆེན་པོ་དེ་མ་གྲུབ་ན་ཇི་ལྟར་ཏེ་རྣམ་པ་གང་གིས་ཁྱོད་ཀྱི་ལུང་བཅོམ་ལྡན་འདས་ ཀྱི་བཀར་གྲུབ། དེར་ལུང་ཉིད་དུ་སྒྲུབ་པར་བྱེད་པའི་ཚད་མ་ལྷག་པ་འགའ་ཞིག་ནི་མཐོང་བ་མ་ཡིན་ནོ། །གཞན་གྱིས་ལན་གང་ཕྱིར་ཞེས་བྱ་བ་ལ་སོགས་པ་བརྗོད་དེ། རྒྱུ་གང་གི་ཕྱིར་བདག་གི་ལུང་འདི་ལུང་ཉིད་དུ་གྲུབ་པ་ཁྱོད་དང་ཁོ་བོ་ཅག་གཉིས་ལ་ངེས་པ་ཡིན་ཏེ། བདག་གི་ ལུང་ལ་ཁྱེད་ཀྱང་ཐེག་པ་ཆེན་པོའི་རྗེས་སུ་འཇུག་པ་སངས་རྒྱས་ཀྱི་བཀའ་ཉིད་དུ་ལོག་པར་རྟོག་པ་ཡོད་པ་མ་ཡིན་ལ། དེ་ལྟ་བས་ན་འདི་གྲུབ་པ་ཡིན་ནོ། ཐེག་པ་ཆེན་པོ་ལ་ནི་བདག་གིས་ཡང་དག་པར་རྟོག་པ་ཡོད་པ་མ་ཡིན་པས། གང་གིས་ནི་ལན་འདིར་འགྱུར་བ་ཡིན་ཞེ་ན། གྲུབ་པའི་མཐའ་སྨྲ་བས་དང་པོ་ཁྱོད་ལ་འདིར་མ་གྲུབ་ཅེས་གསུངས་ཏེ། གལ་ཏེ་ཁྱོད་ཀྱིས་ལུང་ལུང་ཉིད་དུ་གཉི་ག་ལ་གྲུབ་པ་རྒྱུ་ཡིན་ན་དེའི་ཚེ་འདི་བརྗོད་པར་མི་བྱ་སྟེ། མ་གྲུབ་པའི་ཕྱིར་རོ། །གང་གི་ཕྱིར་ཁྱོད་ཉིད་ལ་འདི་ལུང་ཉིད་དུ་གྲུབ་པ་མ་ཡིན་ནོ། །གང་གི་ཚེ་ཞེ་ན། དང་ པོར་ཏེ། དེ་ཁས་ལེན་པ་ལས་དང་པོ་སྟེ་སྔོན་རོལ་དུའོ། །ཁས་བླངས་པ་ལས་དང་པོར་ཁྱོད་ལ་ཇི་ལྟར་ཡང་གྲུབ་པ་མ་ཡིན་ནོ། །དེ་ལྟ་བས་ན་གཉི་ག་ལ་གྲུབ་པ་ཞེས་པ་མ་གྲུབ་པའི་ཕྱིར་སྒྲུབ་པར་བྱེད་པ་མ་ཡིན་ནོ། །གལ་ཏེ་གཉི་ག་ལ་གྲུབ་པ་མ་གྲུབ་ན། འདི་ལྟར་ སྒྲུབ་པར་བྱེད་པ་འདི་ཡོད་པ་ཡིན་ཏེ། སངས་རྒྱས་ཀྱི་གསུང་རབ་ཉིད་དུ་བླ་མ་དང་སློབ་མ་བརྒྱུད་པ་ལས་བྱུང་བ་ཡིན་ལ། གང་ཡང་མདོ་སྡེ་ལ་འཇུག །འདུལ་བ་ལ་སྣང་བའི་རྒྱུ་མཚན་བླང་བར་བྱ་ཞིང་གུས་པར་བྱ་བར་བརྗོད་པ་ཡིན་ནོ། །དེར་ཞེས་པ་ནི་རང་གི་ལུང་ལ་ཡིན་ ལ་ཆོས་ཉིད་དང་མི་འགལ་བ་དེ་སངས་རྒྱས་ཀྱི་བཀའ་ཡིན་ཏེ། གཞན་ནི་མ་ཡིན་ནོ་ཞེ་ན། རྐྱེན་གང་གིས་ཞེས་པ་ལ་སོགས་པ་གསུངས་སོ། །རྐྱེན་ཏེ་རྒྱུ་མཚན་གང་གིས་འདི་ལ་ཡིད་ཆེས་པ་ཡིན་པ་དེ་ནི་དེ་སྐད་དུ། གང་གིས་རྐྱེན་གྱིས་ཡིད་ཆེས་པའི་རྒྱུ་མཚན་བླང་བར་
Page: 356 ༄༅། །བྱ་ཞིང་གུས་པར་བྱ་བར་བརྗོད་པ་ཡིན་ནོ། །དེར་ཞེས་པ་ནི་རང་གི་ལུང་ལ་ཡིན་ལ། རེ་ཞིག་ཡིན་ཡིད་ཆེས་པ་དེ་འབའ་ཞིག་འདིར་ཐེག་པ་ཆེན་པོ་ལ་ཡང་བྱོས་ཤིག་ཅེས་ཏེ། ཐེག་པ་ཆེན་པོ་ལ་ཡང་བརྗོད་པའི་ཡིད་ཆེས་པ་ཡོད་པའི་ཕྱིར་རོ། །འདི་ནི་ ཡང་སངས་རྒྱས་ཀྱི་བཀའ་ཐམས་ཅད་ལ་ཐུན་མོང་བའི་མཚན་ཉིད་མ་འཁྲུལ་བ་ཡིན་ནོ། །གང་ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས། བྱམས་པ་གཞན་ཡང་རྒྱུ་བཞིས་ནི་སྤོབས་པ་ཐམས་ཅད་ནི་སངས་རྒྱས་ཀྱིས་གསུངས་པར་རིག་པར་བྱའོ། །བཞི་གང་ཞེ་ན། བྱམས་པ་ འདི་ལ་སྤོབས་པ་དོན་དང་ལྡན་པ་ཡིན་གྱི་དོན་དང་མི་ལྡན་པ་མ་ཡིན་པ་དང་། ཆོས་དང་ལྡན་པ་ཡིན་གྱི། ཆོས་དང་མི་ལྡན་པ་མ་ཡིན་པ་དང་། ཉོན་མོངས་པ་ཟད་པར་བྱེད་པ་ཡིན་གྱི། ཉོན་མོངས་པ་འཕེལ་བར་བྱེད་པ་མ་ཡིན་པ་དང་། མྱ་ངན་ལས་འདས་པའི་ཡོན་ཏན་དང་། ཕན་ཡོན་སྟོན་ པ་ཡིན་གྱི་འཁོར་བའི་ཡོན་ཏན་དང་། ཕན་ཡོན་སྟོན་པར་བྱེད་པ་མ་ཡིན་ནོ། །བྱམས་པ་རྒྱུ་བཞི་པོ་འདི་དག་དང་ལྡན་ན་སྔར་བཞིན་དུ་རིག་པར་བྱའོ། །བྱམས་པ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་སུ་ཡང་རུང་སྟེ། རྒྱུ་བཞི་པོ་འདི་དག་གི་སྤོབས་ པས་སྤོབས་པའམ། སྤོབས་པར་འགྱུར་ཡང་རུང་སྟེ། དེ་ལ་རིགས་ཀྱི་བུའམ་བུ་མོ་དད་པ་ཅན་དག་གིས་དེ་དག་ལ་སངས་རྒྱས་སུ་འདུ་ཤེས་བསྐྱེད་པར་བྱ་ཞིང་། སྟོན་པར་འདུ་ཤེས་བྱས་ནས་དམ་པའི་ཆོས་ཉན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་ལེགས་པར་སྨྲས་པ་ གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་སངས་རྒྱས་ཀྱིས་གསུངས་པ་ཡིན་པའི་ཕྱིར་རོ། །བྱམས་པ་དེ་ལ་གང་ཟག་ལ་དང་བའི་ཕྱིར་འདི་དག་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་སྤོབས་པ་བཞི་པོ་དེ་དག་སྤོང་ཞིང་དེ་དག་ལ་མ་གུས་པ་སྐྱེད་པར་བྱེད་པ་དེས་ནི་སངས་ རྒྱས་ཀྱིས་གསུངས་པའི་སྤོབས་པ་ཐམས་ཅད་སྤངས་པ་ཡིན་ཏེ། ཆོས་སྤངས་ནས་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་མངོན་པར་འདུ་བྱེད་པས་ངན་སོང་དུ་འགྲོ་བར་འགྱུར་རོ། །བྱམས་པ་དེ་ལྟ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་ཅན་གང་
Page: 357 ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་ལས་ཡོངས་སུ་གྲོལ་བར་འདོད་པས། གང་ཟག་ལ་སྡང་བའི་ཕྱིར་ཆོས་ལ་སྡང་བར་མི་བྱའོ། །དེ་ལ་ཆོས་ཉིད་དང་མི་འགལ་བ་ཉིད་ནི་ཡང་དག་པའི་མཚན་ཉིད་ཡིན་ནོ། །གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཅིང་། །ཁམས་ གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང་། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན། །ཞེས་གསུངས་སོ། །འདི་ཐེག་པ་ཆེན་པོ་ལ་ཡོད་པས་ཇི་ལྟར་བླང་བར་བྱ་བ་མ་ཡིན་པར་འགྱུར། གང་དང་པོར་ཁྱོད་ལ་འདི་མ་གྲུབ་ཅེས་ པ་དེ་ལ་གཞན་གྱིས་ཁྱད་པར་བརྗོད་དེ། གང་གི་ཚེ་ཁྱོད་དང་ཁོ་བོ་ཅག་གཉི་ག་ལ་གྲུབ་པ་ཞེས་མི་སྨྲའོ། །འོན་ཀྱང་འུ་བུ་ཅག་ལས་གཞན་པ་གཉི་ག་ལ་གྲུབ་པའི་བདག་ཉིད་ལུང་ནི་བླང་བར་བྱ་བ་ཡིན་ལ། ཐེག་པ་ཆེན་པོ་ནི་མ་ཡིན་ཏེ། དེ་ལས་བཟློག་པ་ཡིན་པའི་ཕྱིར་ལ་དེས་ན་བླང་ བར་བྱ་བ་མ་ཡིན་ནོ་ཞེ་ན། གཞན་གཉིས་འདོད་པས་བདེན་ན་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། གལ་ཏེ་འུ་བུ་ཅག་རྩོད་པ་དང་བཅས་པའི་ཕྱིར་འུ་བུ་ཅག་ལས་གཞན་པ་གང་སུ་དག་གཉི་ག་ལ་གྲུབ་པ་དེ་དག་འདོད་ཅིང་མངོན་པར་འདོད་པ་དང་ཡང་དག་པར་འདོད་པའི་བར་དུ་སྟེ་དེ་བདེན་ པ་ཇི་ལྟ་བའི་དོན་ཡིན་ཞིང་ཁས་བླངས་པ་ན་རིག་བྱེད་སོགས་ཀྱང་བདེན་པར་འགྱུར་ཏེ། རིག་བྱེད་ཀྱི་ངག་སྐུལ་བར་བྱེད་པའི་མཚན་ཉིད་ཀྱང་བདེན་པར་འགྱུར་ཏེ། སོགས་པའི་སྒྲས་གཟེགས་ཟན་ལ་སོགས་པའི་ཚིག་ཀྱང་བདེན་པར་འགྱུར་ལ་བརྫུན་པ་མ་ཡིན་པར་འགྱུར་ཏེ། དེ་ཡང་རྒོལ་བ་དང་ཕྱིར་རྒོལ་བ་དག་ལས་གཞན་གཉི་གས་འདོད་པ་སྲིད་པའི་ཕྱིར་ཁྱེད་ལ་བླང་བར་བྱ་བར་འགྱུར་རོ། །དེ་ལྟ་བས་ན་འདི་ལ་ནི་ཁྱད་པར་ཡོད་པ་མ་ཡིན་ནོ། །དེ་ལྟར་གྱུར་ན་ཡང་ཁོ་བོ་ཅག་གི་ལུང་ལ་སངས་རྒྱས་ཀྱི་བཀའ་ཉིད་དུ་རྩོད་པ་ཡོད་པ་མ་ཡིན་ལ། ཐེག་པ་ ཆེན་པོ་ལ་ནི་མ་ཡིན་པ་དེས་ན་དེ་ནི་བླང་བར་བྱ་བ་ཡིན་ལ་ཅིག་ཤོས་ལ་ནི་མ་ཡིན་ནོ་ཞེས་དོགས་ནས། ཐེག་ཆེན་རྩོད་བཅས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྩོད་པ་དང་བཅས་པ་ནི་ལོག་པར་རྟོག་པ་དང་བཅས་པ་ཡིན་ཏེ་ཁ་ཅིག་ནི་སངས་རྒྱས་ཀྱི་བཀའ་ཉིད་ཀྱིས་
Page: 358 ༄༅། །འཇུག་པའི་ཡན་ལག་ཏུ་འདོད་ལ། ཁ་ཅིག་ནི་ཕྱིན་ཅི་ལོག་གི་སྒྲོ་བཏགས་པ་ཉིད་དུ་འདོད་དེ། རྒྱུ་དེའི་ཕྱིར་གལ་ཏེ་གཟུང་བར་བྱ་བ་མ་ཡིན་ནོ་ཞེ་ན། དེའི་ཚེ་ལུང་དོར་བྱར་འགྱུར་ཏེ་རང་གི་ལུང་ཡང་དོར་བར་བྱ་སྟེ། དེ་ཡང་འཇུག་པའི་ཡན་ལག་མ་ ཡིན་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། མུ་སྟེགས་ཏེ་དཔྱོད་པ་པ་ལ་སོགས་པ་རྣམས་དང་རྩོད་པ་དང་བཅས་པ་ཡིན་ལ་ལོག་པར་རྟོག་པ་སྲིད་པའི་ཕྱིར་དོར་བར་བྱ་བར་རིགས་སོ། །མུ་སྟེགས་ཅན་འབའ་ཞིག་དང་ནི་མ་ཡིན་ཏེ། འོན་ཀྱང་རང་གི་སྡེ་པ་དང་ཡང་ཡིན་ནོ་ཞེས་རང་ དང་ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་བསྟན་པ་ནི་སྡེ་པ་བཞི་ལས་བཅྭ་བརྒྱད་དུ་གྱེས་པ་ཡིན་ཏེ། དེ་ལ་སྡེ་པ་གཅིག་ལ་ཡང་དུ་མར་གྱེས་པ་སྲིད་པའི་ཕྱིར་རང་གི་སྡེ་པ་ལས་ཡང་ཕན་ཚུན་དུ་རྩོད་པ་སྲིད་པ་རང་ཞེས་ཏེ། རང་གི་སྡེ་པའི་ནང་གི་གྱེས་པའི་ཁྱད་ པར་ལ་གནས་པ་ཡིན་ལ། གཞན་གྱི་ཞེས་པ་ནི་སྡེ་པ་གཞན་ལ་གནས་པ་ཡིན་ཏེ། དང་གི་སྒྲས་ནི་སྔ་མ་དང་ཕྱི་མའི་དོན་སྡུད་པ་ཡིན་ནོ། །རྩོད་བཅས་ཡིན་ཕྱིར་ལུང་དོར་བར་བྱའོ་ཞེས་འབྲེལ་ཏེ་ཁྱོད་ཀྱིས་ཁས་བླངས་པའི་ལུང་ལས་གཞན་གྱི་ལུང་། ལུང་གི་ཁྱད་པར་དེ་ ཡང་རྩོད་པ་དང་བཅས་པ་ཡིན་པའི་ཕྱིར་ཁས་བླངས་པར་འོས་པ་མ་ཡིན་ནོ། །ཁྱོད་ཀྱིས་ལུང་ཡང་གཞན་ལ་ལྟོས་ནས་རྩོད་པ་དང་བཅས་པ་ཡིན་ཏེ། སྤང་བར་བྱ་བ་ཉིད་དུ་རིགས་པ་མཚུངས་པ་ཡིན་ནོ། །ཡང་ན་རང་ཞེས་པ་ནི་གྱེས་པ་གཅིག་ལ་གནས་པའི་མདོ་སྡེ་དང་། མངོན་པ་ཕན་ཚུན་དུ་རྩོད་པ་དང་བཅས་པའི་ཕྱིར་མདོ་སྡེ་དང་འདུལ་བ་དང་ཆོས་མངོན་པ་ཡོངས་སུ་དོར་བར་རིགས་ཏེ། གྱེས་པ་གཅིག་ལ་གནས་པ་མདོ་སྡེ་པ་ལ་སོགས་པ་ལ་ཕན་ཚུན་དུ་རྩོད་པ་ཡོད་པ་ཡིན་ནོ། །གཞན་ཞེས་པ་ནི་སྡེ་པ་གཅིག་ལ་གནས་པ་ལ་གྱེས་པ་གཞན་ ཡིན་ནོ། །འདིས་ནི་གང་བླ་མ་བརྒྱུད་པའི་རིམ་པས་སངས་རྒྱས་ཀྱི་བཀའ་ཡིན་ནོ་ཞེས་བརྗོད་པ་དེ་འདི་ཉིད་ཀྱིས་བསལ་བ་ཡིན་པར་རིག་པར་བྱའོ། །དྲན་པ་མ་ཉམས་པའི་མན་ངག་དང་ལྡན་པ་རྣམས་ལ་ཕན་ཚུན་དུ་རྩོད་པར་རིགས་པ་མ་ཡིན་ནོ། །ཐམས་ཅད་མཁྱེན་
Page: 359 པའི་བཀའ་རྣམས་ལ་ཕན་ཚུན་གནོད་པ་ཡོད་པ་མ་ཡིན་ནོ། །མདོ་སྡེ་དང་ཆོས་མངོན་པ་དང་། འདུལ་བ་རྣམས་ལ་ཕན་ཚུན་དག་གཅིག་པ་ཉིད་དུ་ཁྱེད་ལ་སྲིད་པ་མ་ཡིན་ལ། དེ་ལ་ཇི་ལྟར་མདོ་སྡེ་ལ་སོགས་པ་དང་མཐུན་པ་སངས་རྒྱས་ཀྱི་བཀའ་རྒྱུ་མཚན་དུ་བརྗོད་པ་དེ་ལྟ་བས་ན་ཅུང་ཟད་ ཀྱང་མ་ཡིན་ནོ། །དེ་ལྟར་ན་ལན་དང་སུན་འབྱིན་པ་མཚུངས་པར་བརྗོད་ནས་ཡང་གཞན་གྱིས་བླངས་པ་ལ་ཁྱད་པར་གྱི་སྒོ་ནས་སུན་འབྱིན་པ་བརྗོད་པའི་ཕྱིར། བསྟན་རྩ་ཞེས་པ་ལ་སོགས་པ་གསུངས་པས་ཉེ་བར་རྩོམ་པ་ཡིན་ཏེ། བསྟན་པ་ནི་བཅོམ་ལྡན་འདས་ཀྱིས་ཕན་པ་དང་ཕན་པ་ མ་ཡིན་པ་ལེན་པ་དང་ཡོངས་སུ་སྤོང་བ་སྟོན་པའི་མཚན་ཉིད་དོ། །དེ་ལ་ཡང་དགེ་སློང་རྩ་བ་ཡིན་ནོ། །ཡང་ན་ལུང་ལ་ལོག་པར་རྟོགས་པ་ཞར་ལ་བསལ་ནས། བདེན་པ་མཐོང་བས་གྲོལ་འགྱུར་གྱི། །སྟོང་ཉིད་མཐོང་བས་ཅི་ཞིག་བྱ། །ཞེས་གང་བརྗོད་པ་དེ་སུན་དབྱུང་བའི་ཕྱིར། བསྟན་རྩ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྟན་པ་ནི་འདི་ནི་བྱ་བའོ་འདི་ནི་མི་བྱའོ་ཞེས་བཀའ་ལ་གཞོལ་བ་ལ་དགེ་སློང་ཉིད་རྩ་བ་ཡིན་ཏེ་དེ་ལ་དགེ་སློང་གི་དངོས་པོ་ཉིད་དགེ་སློང་ཡིན་ལ། དེ་ཉིད་རྩ་བ་ཡིན་ཏེ། གང་གི་རྩ་བ་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་གནས་པ་ཡིན་ པའི་ཕྱིར་རོ། །ཇི་ལྟར་རྩ་བ་བརྟན་པའི་ཤིང་ཡུན་རིང་དུ་གནས་པ་ཉམས་སུ་མྱོང་བ་ན་སྡོང་བུ་དང་། ཡལ་ག་དང་། ཡལ་ག་ཕྲེའུ་དང་། ལོ་མ་དང་། འབྲས་བུ་དང་། གྲིབ་མས་གདུང་བ་སེལ་བར་བྱེད་པ་ལ་སོགས་པ་ཉེ་བར་མཁོ་བ་ལ་ནུས་པ་དང་ལྡན་པར་འགྱུར་རོ་ཞེས་ གྲགས་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་བསྟན་པ་ཡང་དཔག་བསམ་གྱི་ཤིང་དགེ་སློང་ཉིད་ཀྱི་རྩ་བ་ལ་བརྟེན་ནས་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། གཟུགས་ མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དང་། བྱང་ཆུབ་ཀྱི་ཕྱོགས་རྣམས་དང་མཐུན་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དང་། དགེ་སློང་གི་འབྲས་བུ་ཕུན་སུམ་ཚོགས་པ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་སོགས་པ་རྣམས་ཀྱིས་ཉོན་མོངས་པའི་གདུང་བ་
Page: 360 ༄༅། །ལ་སོགས་པ་སེལ་ནུས་པར་འགྱུར་རོ། །དེ་ལྟར་ན་དགེ་སློང་ཉིད་རྩ་བ་དང་ཆོས་མཚུངས་པ་ཡིན་ཏེ། དེ་ལ་མིང་གི་དགེ་སློང་དང་། ཁས་འཆེ་བའི་དགེ་སློང་དང་། སློང་བའི་ངང་ཚུལ་གྱི་དགེ་སློང་དང་། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་ པའི་དགེ་སློང་དང་། ཉོན་མོངས་པ་བཅོམ་པས་དགེ་སློང་སྟེ། དེ་ལྟར་ན་དགེ་སློང་ནི་རྣམ་པ་ལྔ་ཡིན་ནོ། །དེ་ལས་བཞི་པ་དང་ལྔ་པ་གཉིས་ནི་མཆོག་ཡིན་ལ། གཞན་རྣམས་ནི་མི་མཚུངས་པ་ཙམ་གྱི་བརྗོད་བྱ་ཡིན་པའི་ཕྱིར་རོ། །དེ་ལས་གཉིས་པོ་ཡང་བསྟན་པ་གནས་པའི་རྒྱུ་ ཉིད་དུ་འགལ་བ་ཡིན་ནོ། དེ་ལ་ཡང་ཉོན་མོངས་པ་བཅོམ་པའི་དགེ་སློང་ཉིད་གཙོ་བོ་ཡིན་ཏེ། དེ་ཉིད་འདིར་བཟུང་ལ། དེའི་དངོས་པོ་དགེ་སློང་ཉིད་ཡིན་ལ། དེ་ཡང་འཕགས་པའི་བདེན་པ་མཐོང་བ་དེས། དེ་ལྟར་འཐད་པར་འགྱུར་བ་མ་ཡིན་ནོ། །དགེ་སློང་ཉིད་ནི་ཉོན་མོངས་པ་ བཅོམ་པ་ཡིན་ཏེ་ཉོན་མོངས་པ་སྤངས་པ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །ཀྱང་གི་སྒྲ་ནི་བཤད་པ་གཞན་སྡུད་པ་སྟེ་ཐར་པ་ཉིད་དུ་འཇུག་ལ་གང་གི་ཕྱིར་དགེ་སློང་དེ་ཉིད་དཀའ་བས་གནས་པ་ཡིན་ཏེ། སྟོང་པ་མཐོང་བ་ཉིད་མེད་པར་འཚམ་པ་མ་ཡིན་ལ་བདེན་པ་མཐོང་བ་འབའ་ ཞིག་གིས་རིགས་པ་མ་ཡིན་ལ། དེ་ལྟ་བས་ན་བདེན་པ་མཐོང་བས་གྲོལ་བ་མ་ཡིན་ཏེ། དེས་ན་བརྗོད་པར་མི་བྱའོ་ཞེས་བསམས་པ་ཡིན་ནོ། །ཇི་ལྟར་དཀའ་བས་གནས་པ་ཡིན་ཞེ་ན། སེམས་ནི་དམིགས་པར་བཅས་རྣམས་ཀྱི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམིགས་ དང་བཅས་པ་སྟེ་དངོས་པོ་ལ་མངོན་པར་ཞེན་པས་འཇུག་པ་ནི་དམིགས་པ་དང་བཅས་པ་ཡིན་ཏེ། དེ་ནི་དེ་ལྟ་བུར་གྱུར་པའི་སེམས་ཡིན་ནོ། །གང་རྣལ་འབྱོར་པ་དེ་རྣམས་ཀྱི་ཡིན་པ་དེ་ལ་དེ་རྣམས་ཀྱི་ཞེས་བརྗོད་པར་བྱའོ། །གང་གི་ཕྱིར་སྡུག་བསྔལ་ལ་སོགས་པའི་བདེན་ པ་དེ་རྣམས་ཀྱིས་ཉོན་མོངས་པ་དང་བྲལ་བ་ལ་ཡང་དངོས་པོ་ཉིད་དུ་དམིགས་པས་ཞེས་ཁྱེད་འདོད་པ་ཡིན་ལ། དེའི་ཕྱིར་དམིགས་པ་དང་བཅས་པར་ལྟ་བ་རྣམས་ལ་དཀའ་བར་གནས་པ་ཡིན་ནོ། །སེམས་དམིགས་པ་དང་བྲལ་བ་རྣམས་ལ་ནི་མ་ཡིན་ནོ། །གང་སླར་
Page: 361 བརྗོད་པ་བདེན་པ་མཐོང་བས་གྲོལ་ཞེས་བརྗོད་པ་དེ་ལ་བརྟག་པར་བྱ་སྟེ། བདེན་པ་མཐོང་བ་རྣམ་པ་གཉིས་སྲིད་ལ། དོན་དམ་པའམ་ཀུན་རྫོབ་པོ། །དེ་ལ་གལ་ཏེ་བརྟག་པ་དང་པོ་ལྟར་ན་དེའི་ཚེ་ཁོ་བོ་ཅག་ལ་ལོག་པར་རྟོགས་པ་མེད་དེ། ཁོ་བོ་ཅག་གི་ཕྱོགས་གཙོ་བོ་ཡིན་པའི་ ཕྱིར་ལ། ཁོ་བོ་ཅག་རྣམས་ཀྱི་ཆོས་ཐམས་ཅད་དོན་དམ་མཐོང་བར་ཁས་བླངས་པའི་ཕྱིར་རོ། །འོན་ཏེ་གཉིས་པ་ཡིན་ན་དེ་ལ་མི་བཟོད་དེ། རིགས་པ་དང་འགལ་བའི་ཕྱིར་ཏེ། ཀུན་རྫོབ་ཀྱི་བདེན་པ་མཐོང་བས་གྲོལ་བ་ནི་རིགས་པ་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ གྲོལ་བར་ཐལ་བར་འགྱུར་བའི་ཕྱིར་ལ། འདི་ལྟར་ལུང་དང་རིགས་པ་དག་གིས་དེ་ཁོ་ན་ཉིད་དང་དེ་ཁོ་ན་མ་ཡིན་པ་རྣམ་པར་ཕྱེ་བའི་ཕྱིར། དོན་དམ་པའི་བདེན་པ་ཉིད་ཀྱིས་ཉོན་མོངས་པ་སྤོང་བའི་དོན་དུ་ངེས་པ་ཡིན་ཏེ། ཀུན་རྫོབ་ཀྱིས་ནི་མ་ཡིན་ནོ། །དེ་ཡང་ཆོས་ཐམས་ ཅད་མི་དམིགས་པའི་མཚན་ཉིད་ཡིན་ལ། དེ་མེད་པར་ཉོན་མོངས་པ་ལྡོག་པར་འཐད་པ་མ་ཡིན་ནོ། །ཇི་སྲིད་དུ་དངོས་པོ་ལ་མངོན་པར་ཞེན་པ་དེ་སྲིད་དུ་རྣམ་པར་རྟོག་པ་ལྡོག་པ་མ་ཡིན་ལ། ཇི་སྲིད་དུ་རྣམ་པར་རྟོག་པ་ཡོད་པ་དེ་སྲིད་དུ་ནུས་པ་ཉམས་པ་མ་ཡིན་ཏེ། ཉོན་མོངས་པའི་ སེམས་ཀྱི་རྒྱུན་གནས་པ་ཡིན་ལ། ཇི་སྲིད་དུ་ཉོན་མོངས་པ་ཡོད་པ་དེ་སྲིད་དུ་ལས་ཀྱིས་སྤྲུལ་པའི་སྐྱེ་བ་བརྒྱུད་པས་རབ་ཏུ་གནས་པ་ཡིན་ཏེ། འཁོར་བ་ཡང་མཆོག་ཏུ་ཉམས་པ་མེད་པར་མཐའ་ཡས་པར་འཇུག་གོ། །དེའི་ཕྱིར་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཁོ་ན་མ་རིག་པའི་ གཉེན་པོ་ཡིན་པའི་ཕྱིར་འཁོར་བའི་རྒྱུན་གཅོད་པའི་རྒྱུར་གཏོགས་པར་བྱས་ལ། བདེན་པ་མཐོང་བ་འབའ་ཞིག་གིས་ནི་མ་ཡིན་ནོ། །འདི་ཉིད་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས། སྟོང་ཉིད་མཐོང་བས་གྲོལ་འགྱུར་གྱི། །སྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་གསུངས་སོ། ། ཇི་ལྟར་འཕགས་པའི་བདེན་པ་རྣམས་ནི་བདེན་པ་གཉིས་སུ་འདུས་པ་ཡིན་ཏེ། དེ་བཞིན་དུ་སྔར་བསྟན་པ་ཉིད་ཡིན་ནོ། །དེ་ལྟར་ན་ཤིན་ཏུ་སྤྲོས་པས་ཆོག་གོ། །གཞན་ཡང་སེམས་ནི་དམིགས་པར་བཅས་རྣམས་ཀྱི། །མྱ་ངན་ལས་འདས་པ་ཡང་དཀའ་བར་གནས། །ཞེས་
Page: 362 ༄༅། །ཏེ། །དགེ་སློང་འབའ་ཞིག་ནི་མ་ཡིན་ལ་འོན་ཀྱང་མྱ་ངན་ལས་འདས་པ་ཡང་ཡིན་ནོ་ཞེས་འང་གི་དོན་ཡིན་ཏེ། མྱ་ངན་ལས་འདས་པ་ཉོན་མོངས་པ་དང་བྲལ་བས་ཕུང་པོ་ལྷག་མ་མེད་པར་དཀའ་བར་གནས་པ་ཡིན་ཏེ། འཐད་པ་མ་ཡིན་ནོ། །དེ་ལ་རེ་ཞིག་དགེ་ སློང་ཉིད་མི་འཐད་པར་ཉོན་མོངས་པ་སྤངས་པས་ཞེས་པ་ལ་སོགས་པ་གསུངས་ཏེ། གལ་ཏེ་འཕགས་པའི་བདེན་པ་མཐོང་བས་ཉོན་མོངས་པ་སྤོང་བར་འགྱུར་ན། དེ་ལས་གྲོལ་བའི་ངོ་བོ་སྐྱེ་བར་འགྱུར་ཏེ། དེའི་ཚེ་དེ་མ་ཐག་ཏུ་ཉོན་མོངས་སྤངས་པའི་ཕྱིར། དེ་མ་ཐག་ཉིད་དུ་གྲོལ་བར་ འགྱུར་བ་ཉིད་དོ། །སུ་ཞིག་གིས་ཀྱང་གཞན་དུ་ཡིན་ནོ་ཞེས་སྨྲ་བ་འདི་ཡང་ཡོད་པ་མ་ཡིན་ཏེ། ཅིའི་ཕྱིར་འདི་ལྟར་ཡིན་ཞེ་ན། ཉོན་མོངས་མེད་ཀྱང་ཞེས་པ་ལ་སོགས་པ་གསུངས་ཏེ། མཐོང་ཞིང་རྟོགས་པའི་ལུང་ལས་ཏེ་གང་གི་ཕྱིར་ཉོན་མོངས་པ་དེ་རྣམས་སྤངས་ན་ཡང་ འཕགས་པ་མཽད་གལ་གྱི་བུ་དང་། འཕགས་པ་སོར་ཕྲེང་ཅན་ལ་སོགས་པ་རྣམས་ལ་ནུས་པ་སྟེ་འབྲས་བུ་འབྱིན་པའི་ནུས་པ་ཡོད་པ་དེ་ལྟ་བས་ན་དེ་མ་ཐག་ཏུ་གྲོལ་བ་ཡོད་པ་མ་ཡིན་ནོ། །གང་གིས་ནུས་པ་མཐོང་ཞེ་ན། ལས་ཀྱིས་ཏེ་དགེ་བ་དང་མི་དགེ་བའི་མཚན་ཉིད་ཅན་ གྱིའོ། །གང་ཡིན་ཞེ་ན། སྔར་འཕགས་པ་མ་ཡིན་པའི་གནས་སྐབས་ན་ཉོན་མོངས་པ་དང་བཅས་པའོ། །ཉོན་མོངས་པ་མེད་ཀྱང་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཉོན་མོངས་མེད་ཀྱང་ཞེས་གསུངས་ཏེ། ལྷན་ཅིག་བྱེད་པའི་ཉོན་མོངས་པ་དང་བྲལ་ན་ཡང་ལས་ཀྱི་ནུས་པ་ མཐོང་བ་ཡིན་ནོ། །ཅི་སྟེ་ཡང་བདེན་པ་མཐོང་བ་ལས་མ་རིག་པ་སྤོང་བ་ཡིན་ཏེ། དེ་སྤངས་པ་ལས་འདུ་བྱེད་ལ་སོགས་པ་སྤོང་བའི་རིམ་པས་སྲེད་པ་ཡང་སྤོང་བར་འགྱུར་བ་ཡིན་ལ། སྲེད་པ་དང་ཕྱིན་ཅི་ལོག་དང་ལྡན་པ་ནི་སླར་སྐྱེ་བའི་རྒྱུ་མཚན་ཡིན་ཏེ། དེའི་ཕྱིར་དེ་དག་བྲལ་ བས་ཤུན་ཕྲགས་མེད་པའི་ས་བོན་བཞིན་དུ་ལས་ཡོད་ན་ཡང་ཅུང་ཟད་ཀྱང་ཉམས་པ་མེད་པ་ཡིན་ནོ། །དེ་སྐད་དུ་ཡང་། ལོག་ཤེས་དང་ནི་ངེས་སྐྱེད་སྲེད། །བཅས་པའི་སེམས་ཀྱི་དབང་གིས་ནི། །དམན་པའི་གནས་སུ་སྐྱེ་བ་ཡིན། །དེ་སྤངས་པས་ནི་སྐྱེ་བ་མེད། །ཅེས་
Page: 363 གསུངས་ཏེ། ཡང་ན་སྲེད་པ་ཉིད་འབའ་ཞིག་ཡང་སྲིད་ཀྱི་རྒྱུ་ཡིན་ཏེ། ཀུན་འབྱུང་བ་རྒྱུ་ཡིན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལ་ཀུན་འབྱུང་བ་འཕགས་པའི་བདེན་པ་གང་ཞེ་ན། གང་སྲེད་པ་ནི་གང་འབྱུང་བ་ལ་མངོན་པར་དགའ་བ་དང་། འདོད་ཆགས་དང་བཅས་པས་དེ་དང་དེ་ ལ་མངོན་པར་དགའ་བ་ཡིན་ཏེ། འདི་ལྟ་སྟེ་འདོད་པའི་སྲེད་པ་དང་། སྲིད་པའི་སྲེད་པ་དང་། ལོངས་སྤྱོད་ཀྱི་སྲེད་པ་ཡིན་ནོ། །དེ་ལྟར་ན་གང་སྲེད་པ་མེད་པ་དེ་ལ་རྒྱུ་ཀུན་འབྱུང་བ་སྤངས་ཤིང་མེད་པའི་ཕྱིར་ཡང་སྐྱེ་བ་སྲིད་པ་མ་ཡིན་ནོ་ཞེས་གསུངས་སོ། །གཞན་གྱི་བསམ་པ་བླངས་ནས། རེ་ཞིག་ཉེར་ལེན་ཞེས་པ་ལ་སོགས་པ་གསུངས་ཏེ། མ་རིག་པ་སྤངས་པས་སྲེད་པ་ཡང་སྲིད་ཀྱི་ཉེ་བར་ལེན་པའི་རྒྱུ་ཡིན་པ་མེད་ཅིང་། ཡོད་པ་མ་ཡིན་ཏེ་ཞེ་ན་ཞེས་གལ་ཏེ་བསྟན་ཞིང་ངེས་པར་བྱེད་ནའོ། །དེའི་ཚེ་འདི་སྐད་བརྗོད་པར་མི་བྱ་སྟེ། གང་གི་ཕྱིར་དམིགས་པ་དང་བཅས་པའི་ལྟ་བ་པ་རྣམས་ལ་ མ་རིག་པ་སྤོང་བ་ཉིད་འཐད་པ་མ་ཡིན་ཏེ། དེ་ཡོད་པས་སྲེད་པ་སྤངས་པ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཡིན་དུ་ཆུག་ན་ཡང་ཡང་འདི་ལྟར་བརྗོད་པར་བྱ་སྟེ། སྲེད་པ་འདི་ཞེས་པ་ལ་སོགས་པ་གསུངས་པ་ལ། ཉོན་མོངས་ཅན་མ་ཡིན་པ་ཡོད་ན་སྟེ། ཉོན་མོངས་པ་དང་མཚུངས་པར་མི་ ལྡན་པའི་སྲེད་པ་འདི་ཁྱེད་ཀྱི་རྣལ་འབྱོར་པ་རྣམས་ལ་མེད་པ་ཇི་ལྟར་སྲིད་དེ་ཅི་སྟེ་མེད། ཇི་ལྟ་བུ་ཞེ་ན། རྨོངས་པ་བཞིན་དུ་སྟེ། ཉོན་མོངས་པ་ཅན་མ་ཡིན་པའི་ཤེས་པ་བཞིན་དུའོ། །འདིས་ཀྱང་སྲིད་པ་སྤང་བར་མི་ནུས་སོ་ཞེས་ཚོར་བའི་རྐྱེན་གྱིས་ཞེས་པ་ལ་སོགས་པ་གསུངས་ཏེ། རེག་ པའི་རྐྱེན་གྱིས་ཚོར་བ་ཡིན་ལ་ཚོར་བའི་རྐྱེན་གྱིས་སྲེད་པ་ཡིན་ཏེ། སྲེད་པའི་རྒྱུ་ཚོར་བ་དེ་ཡང་ཡོད་པ་མིན་པས་ཉམས་པ་མེད་པའི་རྒྱུ་ཡོད་ན་དེའི་འབྲས་བུ་ཡོད་པ་མ་ཡིན་ནོ་ཞེས་ཇི་ལྟར་བརྗོད་པར་ནུས། ཁ་ན་མ་ཐོ་བ་མེད་པའི་ཚོར་བ་མེད་ན་ཡང་སྲེད་པ་ཡོད་པ་མ་ཡིན་ནོ་ཞེ་ན། དངོས་པོ་ལ་མངོན་པར་ཞེན་པ་ཅན་ལ་ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱང་འགྲུབ་པ་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེའི་ཕྱིར་གལ་ཏེ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་ཀྱང་སྲེད་པ་ཁས་མི་ལེན་པ་དེ་ལྟ་ན་ཡང་སྟོང་པ་ཉིད་མཐོང་བ་དང་བྲལ་བས་རིགས་པའི་སྟོབས་ཀྱིས་ཐོབ་པ་
Page: 364 ༄༅། །ཡིན་ནོ། །འདིར་འདི་ནི་བསྡུས་པའི་དོན་ཡིན་ཏེ། གང་གི་ཚེ་རྒྱུད་གྲོལ་བ་ཡིན་ན་ཡང་ལས་འབྲས་བུས་སྟེར་བ་ལ་ནུས་པ་དང་ལྡན་པར་མཐོང་བ་ཡིན་ལ། སྲེད་པ་ཡང་ཚོར་བ་ཡོད་པ་ཡིན་པ་ན་དེའི་ཚེ་ཉོན་མོངས་པ་སྤངས་པ་ལ་ཡང་ཐེ་ཚོམ་ཟ་བས་ཇི་ལྟར་གྲོལ་བར་ ངེས་པར་བྱ། དེ་ལྟ་བས་ན་སྟོང་པ་ཉིད་མེད་པར་དགེ་སློང་ཉིད་ལེགས་པར་གནས་པར་སྣང་བར་འགྱུར་ཞེས་པའོ། །གང་། སེམས་ནི་དམིགས་པར་བཅས་རྣམས་ཀྱིས། །མྱ་ངན་འདས་པའང་དགའ་བས་གནས། །ཞེས་པ་དེ་བརྗོད་པའི་ཕྱིར། དམིགས་པ་དང་ནི་ཞེས་པ་ལ་སོགས་པ་ གསུངས་ཏེ། དམིགས་པ་དང་བཅས་པ་ནི་ཉེ་བར་དམིགས་པ་དང་བཅས་པའི་སེམས་ཀྱིས་སོ། །གནས་པ་ནི་ཞེན་པའོ། །འགའ་ཞིག་ལ་ནི་མངོན་པར་ཞེན་པའི་གནས་འཕགས་པའི་བདེན་པ་ལ་སོགས་པ་དེ་དང་དེ་ལའམ། དེ་བསྒོམས་པའི་འབྲས་བུ་རྣམས་ལ་ཞེན་པ་སྲིད་པས་ ཡང་སྐྱེ་བ་ལྡོག་པ་ནི་མ་ཡིན་ནོ། །ཡང་སྐྱེ་བ་སྲིད་པ་རྣམས་ལ་ཇི་ལྟར་མྱ་ངན་ལས་འདས་པ་ཡང་ཐེ་ཚོམ་མི་ཟ་བར་འགྱུར། དེའི་ཕྱིར་བརྗོད་པའི་སྟོང་པ་ཉིད་མྱ་ངན་ལས་འདས་པའི་རྒྱུ་ཡིན་པར་བརྗོད་པའི་ཕྱིར། སྟོང་པ་ཉིད་དང་བྲལ་བའི་ཞེས་པ་ལ་སོགས་པ་གསུངས་ཏེ། སྟོང་པ་ཉིད་ མེད་པར་སེམས་ཏེ་རྣམ་པར་ཤེས་པ་དམིགས་པ་དང་བཅས་པའོ། །འགགས་པ་ནི་དམིགས་པ་ལ་ཞེན་པའི་ཞགས་པས་བསྡམས་པར་འགྱུར་བའོ། །ཡང་སྐྱེ་བར་འགྱུར་ཏེ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་དུས་ཅུང་ཟད་ཅིག་ཏུ་ལོན་ན་ཡང་སླར་སྐྱེ་བ་དང་ལྡན་པར་འགྱུར་རོ། །ཡང་གང་དུ་ ཡང་འདི་ལྟ་བུ་མཐོང་ཞེ་ན། ཇི་ལྟར་ཤེས་མེད་པའི་ཞེས་པ་ལ་སོགས་པ་གསུངས་ཏེ། དཔེར་ན་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་ན་དུས་རེ་ཞིག་སེམས་དང་སེམས་ལས་བྱུང་བ་ལོག་ན་ཡང་སླར་ཡང་སྐྱེ་བར་འགྱུར་ཏེ། དེ་བཞིན་དུ་གཞན་དུ་ཡང་ངོ་ ཤེས་པའི་དོན་ཏོ། །འདི་ནི་ཉེ་བར་མཚོན་པ་ཡིན་ཏེ། དཔེར་ན་འགོག་པའི་སྙོམས་པར་འཇུག་པ་བཞིན་ནོ་ཞེས་ཀྱང་བལྟ་བར་བྱའོ། །ཡང་ན་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་ནས་འདུ་ཤེས་མེད་པའི་ལྷ་རྣམས་སུ་སྐྱེས་པ་ན་བསྐལ་པ་བརྒྱ་ཕྲག་དུ་མར་
Page: 365 ཇི་སྲིད་འགགས་པར་གྱུར་ན་ཡང་སྙོམས་པར་འཇུག་པའི་རྣམ་པར་སྨིན་པ་ཡོངས་སུ་རྫོགས་པ་ན་སེམས་དང་སེམས་ལས་བྱུང་བ་སླར་སྐྱེ་བ་དེ་བཞིན་ནོ། །གང་གི་ཕྱིར་སྟོང་པ་ཉིད་མེད་པར་དགེ་སློང་ཉིད་དང་མྱ་ངན་ལས་འདས་པ་མི་འཐད་དེ། དེ་ལ་གཉི་ག་དོན་དུ་གཉེར་བ་རྣམས་ཀྱིས་སྟོང་པ་ ཉིད་བསྒོམ་པར་བྱའོ་ཞེས་དེས་ན་སྟོང་པ་ཉིད་ཅེས་པ་ལ་སོགས་པ་གསུངས་སོ། །རྒྱུ་གང་མེད་པ་ན་ཡང་སྟོང་པ་ཉིད་དང་འབྲེལ་པའི་སེམས་སྐྱེ་བར་འགྱུར་ཏེ། རྒྱུ་དེས་ན་ཡང་མྱ་ངན་ལས་འདས་པ་ལ་སོགས་པ་དོན་དུ་གཉེར་བས་སྟོང་པ་ཉིད་བསྒོམ་པར་བྱའོ། །དེ་བསྒོམ་པ་ནི་ཉོན་མོངས་པ་ སྤངས་པ་དང་། མྱ་ངན་ལས་འདས་པ་ཡང་ཐོབ་པར་འགྱུར་གྱི། གཅིག་ཏུ་བདེན་པ་ལ་སོགས་པ་བསྒོམ་པས་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །དམིགས་པ་དང་བཅས་པའི་ཕྱིར་རོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་ལས། རབ་འབྱོར་འདི་ཇི་སྙམ་དུ་སེམས། རྒྱུན་དུ་ཞུགས་པ་འདི་སྙམ་དུ་བདག་ གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ་སྙམ་དུ་སེམས་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་ཅི་ལ་ཡང་ཞུགས་པ་མ་མཆིས་པའི་སླད་དུ་སྟེ། དེས་ན་རྒྱུན་དུ་ཞུགས་པ་ཞེས་བགྱིའོ། །གཟུགས་ ལ་ཡང་མ་ཞུགས། སྒྲ་ལ་མ་ལགས། དྲི་ལ་མ་ལགས། རོ་ལ་མ་ལགས། རེག་བྱ་ལ་མ་ལགས། ཆོས་རྣམས་ལ་ཡང་མ་ཞུགས་ཏེ། དེས་ན་རྒྱུན་དུ་ཞུགས་པ་ཞེས་བགྱིའོ། །བཅོམ་ལྡན་འདས་གལ་ཏེ་རྒྱུན་དུ་ཞུགས་པ་དེ་འདི་སྙམ་དུ་བདག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པོ་སྙམ་ དུ་སེམས་པར་གྱུར་ན་དེ་ཉིད་དེའི་བདག་ཉིད་དུ་འཛིན་པར་འགྱུར་ལགས་སོ། །སེམས་ཅན་དུ་འཛིན་པ་དང་། སྲོག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པར་འགྱུར་ལགས་སོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དགྲ་བཅོམ་པ་ འདི་སྙམ་དུ་བདག་གིས་དགྲ་བཅོམ་པ་ཉིད་ཐོབ་པོ་སྙམ་དུ་སེམས་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །ཅིའི་སླད་དུ་ཞེ་ན། གང་དགྲ་བཅོམ་པ་ཞེས་བགྱི་བའི་ཆོས་དེ་གང་ཡང་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་གལ་ཏེ་དགྲ་
Page: 366 ༄༅། །བཅོམ་པ་འདི་སྙམ་དུ་བདག་གིས་དགྲ་བཅོམ་པ་ཉིད་ཐོབ་བོ་སྙམ་དུ་སེམས་པར་གྱུར་ན། དེ་ཉིད་དེའི་བདག་ཏུ་འཛིན་པར་འགྱུར་ལགས་སོ། །སེམས་ཅན་དུ་འཛིན་པ་དང་། སྲོག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པར་འགྱུར་བ་ལགས་སོ་ཞེས་པར་བསྒྲེ་བར་ བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་མི་གནས་པར་སེམས་བསྐྱེད་པར་བྱའོ། །ཅི་ལ་ཡང་མི་གནས་པར་སེམས་བསྐྱེད་པར་བྱའོ། །གཟུགས་ལ་ཡང་མི་གནས་པར་སེམས་བསྐྱེད་ པར་བྱའོ། །སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ལ་ཡང་མི་གནས་པར་སེམས་བསྐྱེད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་སྟོང་པ་ཉིད་ནི་བྱང་ཆུབ་ཀྱི་ལམ་ཡིན་ནོ་ཞེས་གནས་སོ། །གང་ཞིག་མདོ་སྡེ་ལ་འཇུག་ཚིག །ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་ ནི་འགའ་ཞིག་གིས་བསྣན་པ་ལྟ་བུར་མཚོན་པར་བྱ་སྟེ། སྐབས་སུ་བབ་པ་མ་ཡིན་པའི་ཕྱིར་ལུང་ལ་ལོག་པར་རྟོག་པར་སྤྱད་པའི་སྐབས་སུ་ཡིན་ནོ། །བསྟན་རྩ་དགེ་སློང་ཉིད་ཡིན་ནོ། །ཞེས་བྱ་བ་ལ་སོགས་པའི་ལུང་རྣམས་ལ་རྩོད་པ་ལས་སྐབས་གཞན་ཡིན་པའི་ཕྱིར་སྔ་མ་ཉིད་དུ་ བརྗོད་པར་རིགས་སོ། །འདིས་བརྗོད་མ་ཐག་པའི་རྩོད་པ་ཡང་བརྗོད་པའི་སྐབས་སུ་ནི་གཞུང་རྩོམ་པ་པོ་སྐབས་སུ་བབ་པ་ལ་མི་མཁས་པར་འགྱུར་ཏེ་རྐྱེན་གང་གིས་ནི་ཞེས་བྱ་བ་ལ་སོགས་པས་སྔར་བརྗོད་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་བརྗོད་པའི་ཕྱིར་རོ། །འོད་སྲུངས་ཆེན་ པོ་ཞེས་པ་ལ་སོགས་པའི་ཚིག་མ་འབྲེལ་པའི་ཕྱིར་གཞུང་རྩོམ་པ་པོས་སྦྱར་བ་མ་ཡིན་ནོ་ཞེས་ངེས་སོ། །དེ་ལྟ་བས་ན་འདི་བཅུག་པ་ཉིད་ཡིན་ནོ། །དེ་ལྟར་གྱུར་ན་ཡང་ཇི་ལྟར་དམིགས་པ་དང་བཅས་པའི་སེམས་ལ་ཞེན་པ་སྲིད་པའི་ཕྱིར་ཐར་པ་མེད་པར་འགྱུར་ན། དེ་བཞིན་དུ་སྟོང་པ་ཉིད་ ལ་ཡང་འཇིགས་པ་སྐྱེ་བར་འགྱུར་ཏེ། །དེ་ལྟ་བས་ན་གཉི་ག་སྤངས་ཏེ་འཁོར་བ་ན་གནས་པ་ཉིད་མཆོག་ཡིན་པར་རིགས་སོ་ཞེས། ཆགས་འཇིགས་ལས་ནི་མ་གྲོལ་བ་ལས་ཞེས་ཏེ་ཆགས་པ་ནི་ཞེན་པ་ཡིན་ལ། འཇིགས་པ་ནི་སྟོང་པ་ཉིད་ཀྱི་སྒྲ་ཐོས་པས་སྐྲག་པ་སྟེ། དེའི་
Page: 367 དོན་མ་ཤེས་པའི་ཕྱིར་རོ། །ཆགས་འཇིགས་ཞེས་པ་ནི་ཟླས་དབྱེ་བའི་བསྡུ་བ་ཡིན་ནོ། །དེའི་ཕྱིར་གཉི་གའི་ཕྱོགས་སྤངས་ནས་འཁོར་བ་སྟེ་ཁམས་གསུམ་པའི་རང་བཞིན་འགྲུབ་སྟེ། གནས་པའི་གནས་སྐབས་སྐྱེ་བར་འགྱུར་རོ། །ནིའི་སྒྲས་ནི་ཉེས་པ་སྤང་བའི་དོན་དུ་སྟེ། འདི་ནི་སྟོང་པ་ཉིད་ཁས་ལེན་པ་ལ་ཉེས་པར་འགྱུར་ཏེ། སྐྱོན་ཐུན་མོང་མ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། མ་གྲོལ་བས་ཞེས་གཏན་ཚིགས་ཀྱི་དོན་གྱི་གསུམ་པ་སྟེ། ཐར་པ་མེད་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །འདི་ཇི་ལྟ་བུ་ཞེ་ན། སྡུག་བསྔལ་ཅན་ཞེས་ཏེ། འགྲོ་བ་ ལྔའི་འཁོར་བ་རྣམས་སུ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱིས་གདུངས་པར་གྱུར་པས་གནས་པའོ། །ཇི་ལྟར་ཞེ་ན། དོན་དུ་ཞེས་ཏེ་དོན་གྱི་ཡུལ་ལའོ། །རྨོངས་པས་ཞེས་ཏེ་མ་རིག་པས་ཡིན་ལ། དམིགས་པའི་ཞེན་པས་ཞེས་པའི་དོན་ཏོ། །དེའི་ཕྱིར་འདི་ནི་སྟོང་པ་ཉིད་ཀྱི་འབྲས་ བུ་ཡིན་ཏེ། གང་གིས་སླར་ཡང་མྱ་ངན་ལས་འདས་ནས་འཁོར་བར་གནས་པར་འགྱུར་བའོ། །བསམ་པ་ནི་འདི་ཡིན་ཏེ། ཇི་ལྟར་སྟོང་པ་ཉིད་མེད་པར་དམིགས་པ་ཅན་གྱི་ལྟ་བས་གྲོལ་བར་མི་འགྱུར་ལ། དེ་བཞིན་དུ་ཡུལ་ལ་ཆགས་པའི་བདེ་བའི་སེམས་ཆོས་ཐམས་ཅད་ ཀྱི་སྟོང་པ་ཉིད་ཀྱིས་འཇིགས་ཤིང་སྐྲག་སྟེ། སྡར་བའི་བྱིས་པ་རྣམས་འཁོར་བ་ཉིད་དུ་གནས་པ་མཆོག་གོ་ཞེས་སེམས་པས་ཞི་བའི་བདེ་བ་ལས་ཕྱིར་ཕྱོགས་ཏེ། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་བས་སླར་ཡང་དེ་ཉིད་ལ་གནས་པ་ཡིན་པས་འདི་ཅི་ཞིག་བསྒྲུབས་ཞེས་ སོ། །གཞན་དག་གིས་ནི། ཆགས་དང་འཇིགས་མཐའ་ལས་གྲོལ་བས། །ཞེས་པའི་ཚིག་ཏུ་སེམས་པས་འདི་ལྟར་སེམས་པར་བྱེད་དེ། ཞེན་པའི་རྒྱུ་ཡིན་པའི་ཕྱིར་ཆགས་པ་ནི་ཞེན་པའི་གནས་སོ། །འཇིགས་པའི་རྒྱུ་ཡིན་པའི་ཕྱིར་འཇིགས་ཤིང་སྐྲག་པའི་གནས་སོ། ། དེ་དག་ཉིད་མཐའ་ཡིན་ཏེ་ཆགས་པ་དང་འཇིགས་པའི་གནས་ཡིན་ལ། རྟག་པ་དང་ཆད་པའི་མཐའ་ཞེས་པའི་དོན་ཏོ། །འདི་ལྟར་རྟག་པའི་ལྟ་བ་ལས་ཆགས་པ་དང་། ཆད་པའི་ལྟ་བ་སྐྲག་པ་དག་སྐྱེ་བར་འགྱུར་རོ། །དེ་དག་ལས་གྲོལ་བ་ནི་གྲོལ་བས་ཞེས་སྔ་མ་བཞིན་དུ་
Page: 368 ༄༅། །གསུམ་པའོ། །གང་ཞིག་དོན་དམ་པར་དཔྱད་པས་རྟག་པའི་མཐའ་སྤངས་ཤིང་། ཀུན་རྫོབ་ཀྱི་བདེན་པ་ཁས་བླངས་པས་ཆད་པའི་མཐའ་སྤངས་པས་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་སྤངས་པའི་ཕྱིར་དབུ་མའི་རྟོག་པ་འདི་བསྟན་པར་འགྱུར་རོ། ། དེ་ལྟར་ན་ཅི་ཞིག་འཐོབ་པར་འགྱུར་ཞེ་ན། འཁོར་བར་གནས་པ་གྲུབ་པ་ནི། །ཞེས་གསུངས་ཏེ། ཤེས་རབ་ཀྱིས་འཁོར་བའི་ཉེས་པས་མ་གོས་པ་དང་། སྙིང་རྗེས་གཞན་དབང་དུ་གྱུར་པས་འཁོར་བ་ཡང་གྲུབ་པར་འགྱུར་ཏེ། གནས་པ་ནི་ཡང་དག་པར་གནས་པའོ། །ཅིའི་ཕྱིར་ཞེ་ན། སྡུག་ བསྔལ་ཅན་གྱི་དོན་དུ་སྟེ། སྡུག་བསྔལ་གྱིས་སྡུག་བསྔལ་བར་གྱུར་པའི་སྡུག་བསྔལ་ཅན་འཁོར་བ་པའི་དོན་དུ་དེའི་སྡུག་བསྔལ་ལས་གདོན་པར་འདོད་པས་སོ། །ཅི་སྟེ་འཁོར་བ་པའི་དོན་དམ་པར་ཡོད་པ་མ་ཡིན་ཏེ། དེ་ཇི་ལྟར་གནས་པ་ཡིན་ཞེ་ན། རྨོངས་པས་ཏེ་ཕྱིན་ཅི་ལོག་གིས་ཡིན་ལ། སེམས་ཅན་ཀུན་རྫོབ་ལ་དམིགས་པས་སོ། །འདི་ཡང་། སྡུག་བསྔལ་ཉེ་བར་ཞི་དོན་དུ། །འབྲས་བུ་རྨོངས་པ་བཟློག་མི་བྱ། །ཞེས་འདིར་ཕྱིར་གསལ་བར་བྱེད་པར་འགྱུར་རོ། །དེ་ལྟ་བས་ན་སྟོང་པ་ཉིད་ཀྱི་འབྲས་བུ་ནི་འདི་ཡིན་ཏེ། གང་སྙིང་རྗེས་འཁོར་བར་གནས་ན་ཡང་སྟོང་པ་ཉིད་ མཐོང་བས་འཁོར་བའི་ཉེས་པས་མི་གོས་པ་ཡིན་ནོ། །འདི་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་ཏེ་སྟོང་པ་ཉིད་ཀྱི་འབྲས་བུ་ཡིན་ལ། སྟོང་པ་ཉིད་མེད་ན་འདི་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་འཁོར་བ་ཇི་སྲིད་དུ་སེམས་ཅན་གྱི་དོན་གནས་པར་འདོད་པ་རྣམས་ཀྱིས་སྟོང་པ་ཉིད་ བསྒོམ་པར་བྱའོ། །འདི་དག་ཐམས་ཅད་མཇུག་བསྡུ་བའི་སྒོ་ནས་བཤད་པའི་ཕྱིར། དེ་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ནི་འདི་ཡིན་ལ། ལྟར་ནི་བརྗོད་པའི་རིམ་པས་ཡིན་ཏེ། སྟོང་པ་ཉིད་ལ་སྐྲག་པས་འཁོར་བ་ན་གནས་པའི་མཚན་ཉིད་ཡིན་ནོ་ཞེས་སྟོང་པ་ཉིད་ ཕྱོགས་ལ་སུན་འབྱིན་པ་ནི་འཐད་པ་མ་ཡིན་ཏེ། འཆད་པར་འགྱུར་བས་ལན་འདེབས་པའི་ཕྱིར་རོ། །འདི་ལྟར་དང་པོའི་ཕྱོགས་ལ་སྦྱར་བར་བྱ་སྟེ། གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ན་སྟེ་ཐེ་ཚོམ་མི་ཟ་བར་སྟོང་པ་ཉིད་བསྒོམ་པར་བྱ་བ་ཉིད་ཡིན་ལ། ཐེ་ཚོམ་མི་ཟ་བ་སྟེ་ཐེ་ཚོམ་དང་
Page: 369 བྲལ་བ་དང་། སོམ་ཉི་དང་བྲལ་བས་སོ། །དེ་ལྟར་གནས་པས་བསྒོམ་པར་བྱ་བ་ཉིད་དེ་གོམས་པར་བྱ་བ་ཉིད་དོ། །སྟོང་པ་ཉིད་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དེ། རང་བཞིན་གྱིས་མི་དམིགས་པའི་སྦྱོར་བས་སོ། །འདིས་ནི་གང་ལམ་འདི་མེད་པར། །ཞེས་པའི་མཇུག་བསྡུ་བར་ གྱུར་པ་ཡིན་ནོ། །ཡང་སྟོང་པ་ཉིད་མཐོང་བས་ཅི་ཞིག་བྱ་ཞེས་སྨྲས་པ་དེ་ལ་སྟོང་པ་ཉིད་ཀྱི་ཁྱད་པར་བརྗོད་པ་ཉོན་མོངས་ཤེས་བྱའི་ཞེས་པ་ཡིན་ཏེ། ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་ཡིན་ལ། ཤེས་བྱ་ནི་རྣམ་པ་ལྔ་ཡིན་ཏེ། སྒྲིབ་ཅེས་པའི་སྒྲ་ནི་གཉི་ག་དང་འབྲེལ་ཏོ། །ཉོན་ མོངས་པ་རྣམས་ཉིད་སྒྲིབ་པ་ཡིན་ལ། ཤེས་བྱ་ལ་ནི་སྒྲིབ་པར་བྱེད་པས་སྒྲིབ་པ་རྣམས་སོ་ཞེས་རྣམ་པར་ཕྱེ་ནས་སྦྱར་བར་བྱ་སྟེ། ཤེས་བྱ་ཉིད་ལ་སྒྲོ་བཏགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །སྒྲིབ་པ་དེ་ཉིད་ནི་མུན་པ་ལྟར་མུན་པ་ཡིན་ཏེ། དངོས་པོའི་དེ་ཁོ་ན་ཉིད་ལ་སྒྲིབ་ པར་བྱེད་པའི་ཕྱིར་རོ། །དེའི་གཉེན་པོ་ནི་སྤོང་བའི་གཉེན་པོ་ཡིན་ནོ། །ཉིད་ཅེས་པ་ནི་གང་གི་ཕྱིར་ཏེ། སྟོང་པ་ཉིད་ཡིན་པས་དེའི་ཕྱིར་མྱུར་ཞིང་མགྱོགས་པར་ཐམས་ཅད་མཁྱེན་པ་སྟེ་སངས་རྒྱས་ཉིད་ལ་འདོད་ཅིང་མངོན་པར་འདོད་པ་གང་གིས་ཡིན་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། ། ཐམས་ཅད་མཁྱེན་པ་ལ་འདོད་པས་ཞེས་ཐམས་ཅད་མཁྱེན་པ་འདོད་པའོ། །དེ་ཇི་ལྟར་སྒོམ་མི་བྱེད་ཅེས་ཏེ། སྟོང་པ་ཉིད་དེ་ཇི་ལྟར་སྒོམ་པར་མི་བྱེད་དེ་གོམས་པར་མི་བྱེད། འོན་ཀྱང་འབད་པ་ཆེན་པོས་བསྒོམ་པར་བྱ་བ་ཉིད་དོ། །གང་ཡང་བརྗོད་པ། སྐྲག་པས་སྟོང་པ་ཉིད་ལ་ འཇུག་པར་མི་འགྱུར་རོ་ཞེས་པ་དེ་ཡང་རིགས་པ་མ་ཡིན་པར། དངོས་གང་སྡུག་བསྔལ་སྐྱེད་བྱེད་པ། །ཞེས་པ་ལ་སོགས་པ་གསུངས་ཏེ། ཕྱོགས་གཉིས་པ་ལ་སླར་ཡང་འདི་ལྟར་སྦྱར་བར་བྱ་སྟེ། སྟོང་པ་ཉིད་ལ་ཕན་ཡོན་འདི་ཡོད་པ་ཡིན་ཏེ། འོན་ཀྱང་དང་པོ་ཉིད་དུ་དེ་ལ་ སྐྲག་པས་འཇུག་པར་མི་འགྱུར་རོ་ཞེ་ན། དངོས་གང་སྡུག་བསྔལ་ཞེས་པ་ལ་སོགས་པ་གསུངས་ཏེ། དངོས་པོ་གང་སྡུག་བསྔལ་སྐྱེད་པར་བྱེད་ཅིང་གདུང་བར་བྱེད་པའི་དངོས་པོ་དེ་ལས་འཇིགས་ཤིང་སྐྲག་པ་སྐྱེ་སྟེ་འབྱུང་བར་འགྱུར་ན་ཡང་། སྟོང་པ་ཉིད་ནི་སླར་ཡང་སྡུག་
Page: 370 ༄༅། །བསྔལ་དེ་ཞི་བར་བྱེད་པ་ཡིན་ཏེ་འཁོར་བ་པོ་ཐམས་ཅད་ཀྱི་སྡུག་བསྔལ་སྤོང་བར་བྱེད་པ་ཡིན་ནོ། །དེ་ལས་ཏེ་སྟོང་པ་ཉིད་དེ་ལ་ཇི་ལྟར་ཞེས་ཏེ་མི་འཇིགས་པའི་གནས་ལས་སྡར་བར་གྱུར་པའི་སྐྱེ་བོ་འཇིགས་པ་ཇི་ལྟར་སྐྱེ་བར་འགྱུར་ཏེ། ཡོན་ཏན་ཐམས་ཅད་ཀྱི་འབྱུང་ གནས་ཡིན་པའི་ཕྱིར་དེ་ལ་དགའ་བ་ཉིད་དུ་རིགས་སོ་ཞེས་བསམས་པ་ཡིན་ནོ། །བདག་ཏུ་འཛིན་པ་ལས་བྱུང་ཞིང་ངར་འཛིན་པ་ལས་སྐྱེས་པར་གྱུར་པ་ལས་ནི་འཇིགས་པ་ཡིན་ཏེ། དེ་ཁོ་ན་ཉིད་མ་རིག་པ་རྣམས་ལ་སྐྱེ་བར་འགྱུར་རོ། །དེ་ཡང་བདག་ཏུ་བརྟགས་པས་སྒྲོ་བཏགས་ པའི་ངོ་བོ་ཞེས་ངར་འཛིན་པ་ཡང་དེ་ལ་མེད་པའི་ཕྱིར་གནས་མ་ཡིན་ནོ་ཞེས་བསྟན་པའི་དོན་དུ་གལ་ཏེ་བདག་ཅེས་པ་ལ་སོགས་པ་གསུངས་ཏེ། ཅི་ཡང་རུང་ལས་འཇིགས་པ་ནི་འཇིགས་པའི་གནས་ལས་ཏེ་འཇིགས་པར་འགྱུར་མོད། ནམ་གྱི་ཚེ་ཞེ་ན། གལ་ཏེ་བཞེས་པ་ཅུང་ཟད་ངའོ་ སྙམ་པའི་བདག་ཅེས་པའི་ཡུལ་དུ་བརྗོད་པ། བདག་ཅེས་པ་བདག་ཏུ་འཛིན་པའི་ཤེས་པས་རིགས་པར་བྱ་བ་འབའ་ཞིག་སྟེ་ཅུང་ཟད་ཅིག་ཡོད་པར་གྱུར་ན་དེའི་ཚེ་འཇིགས་པར་རིགས་པ་ཉིད་ཡིན་ཏེ། གང་གི་ཚེ་ཡང་བདག་ཉིད་ཅུང་ཟད་ཀྱང་དངོས་པོ་ཡོད་པ་དཔྱོད་པར་ན་བདག་ཅུང་ ཟད་སྒྲ་དང་རྣམ་པར་རྟོག་པ་ལས་གཞན་པ་གལ་ཏེ་ཡོད་པར་གྱུར་ན། དེའི་ཚེ་བདག་གང་ཞེས་འདི་མེད་པའི་ཕྱིར་འཇིགས་པར་འགྱུར་ཏེ། སྐྱེ་བར་འགྱུར་ན་འདི་ལྟར་དཔྱད་པས་འཇིགས་པ་ཞི་བར་འགྱུར་རོ་ཞེས་བསམས་པ་ཡིན་ནོ། །དེ་སྐད་དུ་ཡང་། བདག་ཡོད་མ་ཡིན་འབྱུང་ འགྱུར་མིན། །བདག་གི་བ་མེད་ཡོད་མི་འགྱུར། །འདི་ལྟར་བྱིས་པ་སྐྲག་འགྱུར་ཏེ། །མཁས་པ་ཡི་ནི་འཇིགས་པ་ཟད། །ཅེས་གསུངས་སོ། །ཇི་ལྟར་ཡང་བདག་ཤེས་པའི་ཡུལ་དུ་གྱུར་པས་རྟོགས་པ་ཙམ་གྱིས་ཉེ་བར་བསྟན་པའི་ཕྱིར་མེད་པ་དེ་ལྟར་བསྟན་པར་བཤད་པས། སྐྲ་ དང་སེན་མོ་ཞེས་པ་ལ་སོགས་པ་གསུངས་ཏེ། སོ་དང་སྐྲ་སེན་བདག་མིན་ཏེ། །འདི་དག་སོ་སོ་ལ་བདག་ཏུ་ཤེས་པའི་ཡུལ་དུ་འགྱུར་བ་མ་ཡིན་ནོ། །བདག་ནི་རུས་པ་ཁྲག་མ་ཡིན་ཏེ། རུས་པ་དང་ཁྲག་གཉིས་པོ་འདི་ཡང་བདག་མ་ཡིན་ནོ། །སྣབས་མིན་བད་ཀན་བདག་མིན་ཏེ། །
Page: 371 སྣབས་དང་བད་ཀན་བདག་མ་ཡིན་ལ། །ཆུ་སེར་ནི་རྨའི་རློན་པ་ཡིན་ཏེ། རྣག་ནི་རྨར་ཁྲག་ཡོངས་སུ་སྨིན་པའོ། །དེ་དག་ཀྱང་བདག་མ་ཡིན་ནོ། །བདག་ནི་ཞག་དང་རྔུལ་མ་ཡིན་ཏེ། ཞེས་པ་ལ། ཞག་ནི་ལུས་ཀྱི་སྣུམ་ཡིན་ལ། །རྔུལ་ནི་རབ་ཏུ་རྔུལ་བའོ། །ཚིལ་ནི་ཁམས་བཞི་པ་ཡིན་ཏེ་འདི་དག་ཀྱང་བདག་མ་ ཡིན་ནོ། །ནང་ཁྲོལ་ཡང་ནི་བདག་མིན་ཏེ། །ཞེས་པ་ལ། ནང་ཁྲོལ་དང་ནི་གྲགས་པ་ཉིད་དེ། དེ་ཡང་བདག་མ་ཡིན་ནོ། །ཞག་ཀྱང་བདག་མ་ཡིན་ནོ། །བདག་ནི་ཕྱི་ས་གཅིན་མ་ཡིན་ཏེ། ཡོངས་སུ་གྲགས་པ་དེ་ཉིད་ཀྱང་བདག་མ་ཡིན་ནོ། །ཤ་དང་རྒྱུས་པ་བདག་ཡིན་ཏེ། རྩ་རྒྱུས་ནི་རྒྱུས་པ་ཡིན་ལ། དྲོ་བ་ནི་ལུས་ཀྱི་མེའི་ ཁམས་ཡིན་ཏེ་འདི་ཡང་བདག་མ་ཡིན་ནོ། །རླུང་ཡང་བདག་མ་ཡིན་ཏེ། རླུང་ནི་འབྱུང་བ་དང་རྔུབ་པའི་དབུགས་ཀྱི་མཚན་ཉིད་ཡིན་ལ་དེ་ཡང་བདག་མ་ཡིན་ནོ། །བུ་ག་དགུ་ཡང་བདག་མིན་ཏེ། །བུ་ག་དགུ་ནི་མིག་ལ་སོགས་པ་རྣམས་ཡིན་ལ། དེ་དག་ཀྱང་བདག་མ་ཡིན་ནོ། །རྣམ་ཤེས་ དྲུག་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་རྣམས་ཏེ། དེ་རྣམས་ཀྱང་རྣམ་ཀུན་དུ་སྟེ། རྣམ་པ་ཐམས་ཅད་དུ་བདག་མ་ཡིན་ཏེ་སོ་སོར་རམ་འདུས་པ་བདག་མ་ཡིན་ནོ། །སོ་ལ་སོགས་པ་འདུས་པའི་བདག་ཉིད་ལ་བདག་ཏུ་དམིགས་ལ། དེ་ཡང་སོ་སོར་ བདག་ཏུ་ཤེས་པས་རིག་པར་འགྱུར་བ་མ་ཡིན་ཏེ། སོ་སོར་བདག་ཏུ་འཛིན་པའི་ཤེས་པའི་ཡུལ་དུ་དེ་རྣམས་མེད་པའི་ཕྱིར་རོ། །གཞན་དག་ལ་ཡང་སྐྲ་ལ་སོགས་པ་རེ་རེ་ལ་ཡང་བདག་ཏུ་ཤེས་པས་རིག་པར་བྱ་བ་མ་ཡིན་ལ་བསྡུས་པ་དེ་ཉིད་འབའ་ཞིག་ཡིན་ཏེ་སྔར་བཞིན་ནོ། །དེ་རྣམས་བསྡུས་ པ་ལ་ཡང་གཅིག་སྲིད་པ་མ་ཡིན་ཏེ། དེ་འགེགས་པར་འགྱུར་བའི་ཕྱིར་རོ། །དུ་མ་བསྡུ་བ་ཡང་ཤེས་པ་གཅིག་གི་ཡུལ་དུ་རིགས་པ་མ་ཡིན་ལ། དུ་མ་རྣམས་ལ་ཡང་གཅིག་ཏུ་འཛིན་པའི་ཤེས་པ་མ་འཁྲུལ་པར་ཡང་རིགས་པ་མ་ཡིན་ནོ། །འཁྲུལ་པ་ལ་དེ་ཁོ་ན་ཉིད་ཀྱི་རྣམ་པར་གཞག་པ་ ཡང་རིགས་པ་མ་ཡིན་ནོ། །དེ་ལྟ་བས་ན་བདག་གོ་ཞེས་པ་འདི་ནི་བརྟགས་པ་ཙམ་ཉིད་དེ། སྟོང་ཞིང་དངོས་པོ་མེད་པ་ཡིན་ནོ་ཞེས་ངེས་སོ། །འདི་ཡང་བསླབ་པ་ཀུན་ལས་བཏུས་པར་མི་སྡུག་པ་བསྒོམ་པའི་སྐབས་སུ་བཤད་པ་ཡིན་ཏེ། འདི་ལྟ་སྟེ་ལུས་འདི་ལ་སྐྲ་དང་། སྤུ་དང་། སེན་མོ་དང་།
Page: 372 ༄༅། །སོ་དང་། རྔུལ་དང་། དྲི་མ་དང་། པགས་པ་དང་། ཤ་དང་། རུས་པ་དང་། རྒྱུས་པ་དང་། རྩ་དང་། མཁལ་མ་དང་། སྙིང་དང་། མཆིན་པ་དང་། གློ་བ་དང་། རྒྱུ་མ་དང་། གཉེ་མ་དང་། ཕོ་བ་དང་། སུལ་མངས་དང་། ལོང་ཀ་དང་། མཆེར་པ་དང་། ཕྱི་ས་དང་། མཆི་ མ་དང་། མིག་རྡུལ་དང་། སྣབས་དང་། ངར་སྣབས་དང་། ཞག་དང་། ཆུ་སེར་དང་། རྐང་དང་། ཚིལ་དང་། མཁྲིས་པ་དང་། བད་ཀན་དང་། རྣག་དང་། ཁྲག་དང་། གླད་པ་དང་། གླད་རྒྱས་དང་། གཅིན་དག་ཡོད་དེ། དངོས་པོ་དེ་དག་ལ་བྱང་ཆུབ་སེམས་དཔའ་ཡོངས་སུ་རྟོག་པའི་རང་བཞིན་ཅན་ཡིན་ཏེ་ཞེས་གསུངས་ པའོ། །དེ་ཡང་ལུས་རྗེས་སུ་དྲན་པའི་མཐར་ཕྱིས་སྟོན་པར་འགྱུར་རོ། །དེ་ལྟར་ན་ངར་འཛིན་པ་ལ་ནི་ཡུལ་མེད་པ་ཉིད་དོ། །གལ་ཏེ་དེ་ལྟར་ན་ཡང་སྒྲ་ལ་སོགས་པ་རྣམས་ངར་འཛིན་པའི་རིག་པར་བྱ་བ་གལ་ཏེ་ཡིན་པར་འགྱུར་བ་དེ་ལྟར་ན་ཡང་འདི་ནི་ཡུལ་མེད་པར་མི་འགྱུར་ཏེ། གང་གི་ཕྱིར་ནང་ གི་བྱེད་པ་དང་ལྡན་པའི་སྐྱེས་བུ་ངར་འཛིན་པའི་སྤྱོད་ཡུལ་ཉིད་དུ་ཁོ་བོ་ཅག་གིས་འདོད་དོ་ཞེས་རིགས་པ་ཅན་ལ་སོགས་པ་རྣམས་བརྗོད་དོ། །དེ་ཡང་མི་འཐད་དེ། གང་གི་ཕྱིར་བདག་ནི་དཀར་ཤམ་དང་སྐེམ་པ་དང་། རིད་པ་དང་འགྲོ་བའོ་ཞེས་པ་ལ་སོགས་པའི་རྣམ་པར་དཔྱོད་པའི་བདག་ཉིད་ དུ་ཤེས་པ་འདི་ལ་སྣང་བ་ཡིན་ཏེ། ཕ་རོལ་པོ་རྣམས་ཀྱིས་འདི་དག་ལ་བདག་ཏུ་འདོད་པ་མ་ཡིན་ལ་རྣམ་པ་གཞན་པའི་ཤེས་པས་གཞན་འཛིན་པ་ནི་མི་རིགས་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་ཡང་དེ་དང་ལྡན་པ་འདི་ནི་འདིའོ་ཞེས་མཚན་ཉིད་ཡིན་པར་གཞན་རྣམས་ཀྱིས་བརྗོད་པ་ཡིན་ ཏེ། དེ་ལ་རིགས་པ་ཅན་གྱིས་རྟག་པ་དང་། ཐམས་ཅད་ལ་ཁྱབ་པ་དང་། སྲོག་ཆགས་སོ་སོ་ལ་ཐ་དད་པ་དང་། སེམས་པ་མེད་པ་དང་། སེམས་པ་དང་འབྲེལ་པས་སེམས་པ་ཅན་དང་། བདེ་བ་ལ་སོགས་པ་ཡོན་ཏན་རྒྱུའི་རྟེན་དང་། དགེ་བ་དང་མི་དགེ་བའི་ལས་ཀྱི་བྱེད་པ་པོ་དང་། དེའི་ འབྲས་བུ་ལོངས་སྤྱོད་པ་པོ་དང་། འཇིག་རྟེན་ཕ་རོལ་དུ་འགྲོ་བ་ཞེས་པ་ལ་གཏུགས་པར་བདག་འདོད་དེ། རིགས་པ་ཅན་བཞིན་དུ་བྱེ་བྲག་པ་ཡང་འདོད་པ་ཡིན་ལ། གཞན་དག་འདི་ལྟར་བདག་འདོད་དེ། །འདོད་པ་ལ་སོགས་པ་ཡི་རྟེན། །རང་ཉིད་སེམས་པ་མེད་པ་དང་། །དེ་བཞིན་
Page: 373 རྟག་དང་ཀུན་དུ་སོན། །དགེ་དང་མི་དགེའི་ལས་བྱེད་དང་། །དེའི་འབྲས་ལ་ནི་ལོངས་སྤྱོད་དང་། །སེམས་དང་འབྲེལ་པས་སེམས་ལྡན་ཏེ། །རང་གི་ངོ་བོས་མ་ཡིན་ནོ། །ཞེས་བརྗོད་དོ། །ཡང་རྒྱལ་དཔོག་པས་ནི་ལྡོག་པ་དང་རྗེས་སུ་འགྲོ་བའི་བདག་ཉིད་དང་། བློའི་གཟུགས་སུ་ཡོངས་སུ་ འགྱུར་བ་དང་། སེམས་པ་དང་ལྡན་པའི་ངོ་བོར་བདག་ཉིད་འདོད་དོ། །སེམས་པ་དང་ལྡན་པ་དེ་ཡང་བློའི་རང་བཞིན་ཡིན་ལ། དེ་ཡང་འཇུག་པ་དང་ལྡོག་པ་དག་ནི་མ་ཡིན་ལ། དེ་གཉིས་ཀའི་རྗེས་སུ་འགྲོ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ལྟར་འཁྱིལ་བའི་སྦྲུལ་ལོག་སྟེ་དྲང་པོའི་ གནས་སྐབས་སུ་གྱུར་པ་ན་སྦྲུལ་ཉིད་ནི་གཉི་ག་ལ་ཡང་རྗེས་སུ་འཇུག་པ་ཡིན་ནོ། །ཇི་སྐད་དུ། གཞན་གྱིས་བདག་གི་མཚན་ཉིད་དང་། །ལྡོག་དང་རྗེས་འགྲོའི་བདག་ཉིད་དང་། །སེམས་ལྡན་བློ་ཡི་མཚན་ཉིད་དེ། །སེམས་དང་ལྡན་པའི་ངོ་བོར་འདོད། །དཔེར་ན་སྦྲུལ་ནི་འཁྱིལ་པའི་ སྐབས། །དོར་ནས་དེའི་རྗེས་དྲང་པོ་ཡི། །གནས་སྐབས་སུ་ནི་འགྱུར་སྲིད་དོ། །སྦྲུལ་ཉིད་ལྡོག་པར་མི་འགྱུར་རོ། །དེ་བཞིན་བདག་གི་རང་བཞིན་ཡང་། །རྟག་པ་དང་ནི་སེམས་ལྡན་དང་། །གཟུགས་ནི་མ་ལུས་དང་འབྲེལ་དང་། །ཀུན་གྱི་རྗེས་སུ་འགྲོ་བའང་ཡིན། །ཞེས་བརྗོད་དེ་འདི་ ནི་ཁྱད་པར་རོ། །གཞན་ཐམས་ཅད་ནི་སྔ་མ་དང་འདྲའོ། །རྒྱལ་བ་པས་རྒྱལ་དཔོག་པའི་བཞིན་དུ་སེམས་དང་བཅས་པའི་བདག་ཏུ་འདོད་དེ། རྫས་དང་རྣམ་གྲངས་ཀྱི་ངོ་བོ་ཇི་ལྟར་རིགས་པར་རྗེས་སུ་འགྲོ་བ་དང་། ལྡོག་པའི་བདག་ཉིད་ཡིན་ཏེ། དེ་ལྟར་ཡང་། རྒྱལ་དཔོག་པ་བཞིན་རྒྱལ་བ་ པས། །སེམས་ཀྱི་མཚན་ཉིད་རྒྱུ་དང་ནི། །རྫས་དང་རྣམ་གྲངས་ངོ་བོ་ཡིས། །ལྡོག་དང་རྗེས་འགྲོའི་བདག་ཉིད་ཅན། །ཞེས་བརྗོད་དོ། །སེར་སྐྱ་པས་ནི་རྟག་པ་དང་ཁྱབ་པ་དང་ཡོན་ཏན་དང་བྲལ་བ་དང་། རང་ཉིད་སེམས་པ་ཅན་དུ་བདག་འདོད་དེ་བློ་དང་འབྲེལ་པས་ནི་མ་ཡིན་ལ། བློ་ནི་ རང་ཉིད་རིག་པ་མེད་པའི་ཕྱིར་རོ། །རང་གི་ངོ་བོ་ནི་སེམས་པ་དང་ལྡན་པའི་ངོ་བོ་ཡིན་ནོ་ཞེས་བརྗོད་པའི་ཕྱིར་རོ། །འབྲས་བུའམ་འགའི་ཡང་རང་ཉིད་བྱེད་པ་པོ་མ་ཡིན་ཞིང་། དེའི་འབྲས་བུ་ལོངས་སྤྱོད་པ་པོ་ཡང་མ་ཡིན་ཏེ། བྱ་བ་དང་བྲལ་བའི་ཕྱིར་རོ། །རང་བཞིན་ཉིད་བྱེད་པ་པོ་ཡིན་
Page: 374 ༄༅། །ཏེ། བདག་དེ་ལ་འབྲས་བུ་སྟོབས་པར་བྱེད་པ་ཡིན་ནོ། །ཡང་ཕྱིན་ཅི་ལོག་གི་དབང་གིས་འདི་ཉིད་ལ་དེར་སྒྲོ་འདོགས་པ་ཡིན་ནོ། །འདི་ལྟར་ཡང་གང་གི་ཚེ་སྐྱེས་བུའི་སྒྲ་ལ་སོགས་པ་ནི་ཡུལ་ལ་ལོངས་སྤྱོད་པའི་རྣམ་པར་འདོད་པ་སྐྱེ་བར་འགྱུར་ཏེ། དེའི་ཚེ་ རང་བཞིན་གྱིས་སྐྱེས་བུའི་འདོད་པ་ཡོངས་སུ་ཤེས་ནས་སྐྱེས་བུ་དང་སྦྱོར་བར་བྱེད་དོ། །དེ་ནས་སྒྲ་ལ་སོགས་པ་འབྱིན་པར་བྱེད་དོ། །ཡིད་ཀྱིས་བྱིན་གྱིས་བརླབས་པའི་ཉན་པ་ལ་སོགས་པའི་འཇུག་པ་རྣམས་ཀྱིས་ཡོངས་སུ་གཟུང་བའི་སྒྲ་ལ་སོགས་པའི་ཡུལ་རྣམས་ལ་བློ་ཞེན་པར་བྱེད་ དོ། །དེ་ནས་བློ་ཞེན་པའི་དོན་ལ་སྐྱེས་བུས་སེམས་པར་བྱེད་དོ། །དེ་བཞིན་དུ་སེམས་དང་ལྡན་པའི་ངོ་བོ་ཡིན་པའི་ཕྱིར་ཡོན་ཏན་དང་བྲལ་བ་ཡིན་ལ་ཁྱབ་པའི་ཕྱིར་བྱ་བ་མེད་པ་ཡིན་ཏེ། གྲངས་ཅན་གྱི་སྐྱེས་བུའི་ཁྱད་པར་ཡིན་ནོ། །དེ་སྐད་དུ་ཡང་། གཞན་དག་བློ་ཡི་རང་བཞིན་ ལས། །སེམས་པ་ཅན་ནི་ཐ་དད་འདོད། །བདག་གི་གཉུག་མའི་གཟུགས་ཉིད་ནི། །སེམས་པ་ཅན་དུ་དེ་རྣམས་རྟོག །གཙོ་བོ་ཡིས་ནི་གཏད་པ་ཡི། །འབྲས་ལ་ལོངས་སྤྱོད་འབའ་ཞིག་ཡིན། །བྱེད་པ་པོ་ཉིད་དེ་ལ་མེད། །རང་བཞིན་ཉིད་ལ་དེ་འདོད་དོ། །ཞེས་སོ། །ཡོན་ ཏན་འདི་རྣམས་རང་བཞིན་འཇུག་པ་ལས། །སེམས་པ་ཅན་ལ་མུན་བསྒྲིབས་ཕྱིན་ཅི་ལོག །རྩ་རྩེ་འགུགས་པ་ཙམ་ལ་དབང་མེད་ཀྱང་། །བདག་གིས་བྱས་ཞེས་མི་ཤེས་ན་ཡང་སེམས། །ཞེས་བརྗོད་དོ། །རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བས་ཀྱང་སྲོག་ཆགས་མ་ལུས་པའི་རྒྱུད་ལ་ཡོད་ པ་དང་གཅིག་པུ་ཉིད་དང་། ཁྱབ་པ་དང་རྟག་པའི་ཤེས་པར་འདོད་དོ། །དེ་རྣམ་པར་གྱུར་པ་ཉིད་ཀྱི་ས་དང་ཆུ་དང་མེ་དང་རླུང་ལ་སོགས་པ་མ་ལུས་པར་འགྲོ་བ་འདི་སྣང་བ་ཡིན་ལ། དེའི་རང་བཞིན་ཉིད་ཀྱང་བདག་ཉིད་ཡིན་ཏེ། ཕྱི་རོལ་ནི་མ་ཡིན་ལ། ཆ་ཤས་ཅན་དང་རྡུལ་ཕྲ་རབ་ལ་སོགས་པ་ཅུང་ ཟད་ནི་གཟུང་བར་བྱ་བ་མ་ཡིན་ལ། རྟག་དང་ཤེས་པའི་རྣམ་འགྱུར་འདི། །ས་དང་མེ་དང་ཆུ་སོགས་ནི། །བདག་ཡིན་དེ་ཡི་བདག་ཉིད་ཅེས། །གཞན་གྱིས་ཡང་དག་བརྗོད་པ་ཡིན། །གཟུང་བའི་མཚན་ཉིད་དང་ལྡན་པ། །འདོད་ན་ཅུང་ཟད་ཡོད་མ་ཡིན། །འདི་ནི་རྣམ་ཤེས་ཡོངས་གྱུར་ཏེ། །
Page: 375 དེས་ན་ཐམས་ཅད་ཡང་དག་མཐོང་། །ཞེས་བརྗོད་པ་ཡིན་ནོ། །ཡང་གང་ཟག་ཏུ་སྨྲ་བ་ནང་གི་མུ་སྟེགས་ཅན་རྣམས་ཀྱིས་ཕུང་པོ་རྣམས་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་གང་ཟག་པའི་བདག་འདོད་དེ། གཞན་དུ་ན་མུ་སྟེགས་ཅན་གྱི་གྲུབ་མཐའ་ལ་མངོན་པར་ཞེན་པའི་ལྟ་བར་འགྱུར་ རོ། །འདིར་ཡང་། བདེར་གཤེགས་པ་འགའ་ཁ་ཅིག་ནི། །གཞན་ཡང་བདག་ཏུ་རབ་རྗོད་བྱེད། །ཅེས་བརྗོད་པ་ཡིན་ནོ། །དེའི་ཕྱིར་ཇི་ལྟར་ན་བདག་ངར་འཛིན་པའི་ཤེས་པའི་ཡུལ་དུ་འགྱུར་ཏེ། རང་རང་གི་ངོ་བོས་དེ་ལ་མི་སྣང་བའི་ཕྱིར་ལ་དེ་ཇི་ལྟར་ན་ངར་འཛིན་པའི་ཤེས་པའི་ཡུལ་དུ་ བདག་སྣང་བར་འགྱུར། དེ་ལྟ་བས་ན་འདི་ནི་སྣང་བར་རྟོག་པ་ཙམ་སྟེ་ཡུལ་མེད་པར་སྐྱེ་བ་ཡིན་ནོ་ཞེས་གནས་པ་ཡིན་ནོ། །དེ་ནི་སེམས་ཀྱིས་རང་བཞིན་གྱི་བདག་ཏུ་སྨྲ་བ་གྲངས་ཅན་ལ་སོགས་པ་རྣམས་རྣམ་པར་ཤེས་པ་དྲུག་པོ་རྣམས་ལ་བདག་འགེགས་པ་མ་བཟོད་ནས་བརྗོད་པ། སྒྲ་ ལ་སོགས་པའི་ཤེས་པ་སེམས་ཀྱིས་བདག་ཉིད་ལ་བདག་ཉིད་དུ་ཁོ་བོ་ཅག་གིས་བརྗོད་དེ། དེ་ཇི་ལྟར་ན་འདིའི་འདོད་པས་འགེགས་ཞེས་རྗོད་པར་བྱེད་ཅེ་ན། དེ་ལྟར་གཞན་གྱི་བསམ་པ་བླངས་ནས་གྲུབ་པའི་མཐའ་སྨྲ་བས་ཐལ་བར་འགྱུར་བར་བརྗོད་པའི་ཕྱིར་གལ་ཏེ་སྒྲའི་ཤེས་ཞེས་པ་ལ་ སོགས་པ་གསུངས་ཏེ། གལ་ཏེ་སྒྲའི་ཤེས་པའི་བདག་ཉིད་ཡིན་ནོ། །དེ་རྟག་པ་ཡིན་པའི་ཕྱིར་སྒྲའི་ཤེས་པ་རྟག་པར་འགྱུར་ལ། དེ་ཚེ་སྒྲ་དེ་ཡོད་པ་དང་མེད་པའི་དུས་ན་ཡང་རྟག་ཏུ་འཛིན་པར་འགྱུར་ཏེ། སྒྲ་འཛིན་པའི་རང་བཞིན་དེ་ཡོད་པ་དང་མེད་པའི་དུས་ན་རྟག་ཏུ་འཇུག་པའི་ཕྱིར་རོ། །གཞན་ དུ་ན་དེ་རྟག་པ་ཉིད་ཉམས་པར་འགྱུར་རོ། །འདི་ལྟར་འགྱུར་བ་ཉིད་དོ་ཞེ་ན། ཤེས་བྱ་མེད་ན་ཞེས་པ་ལ་སོགས་པ་གསུངས་ཏེ། ཤེས་བྱ་ཉིད་ནི་བདག་ཏུ་ཉེ་བར་གནས་པ་ཡིན། སྒྲ་ནི་རེས་འགའ་བ་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་དུ་མངོན་པས་བསལ་བ་མ་ཡིན་ནོ། །དེའི་ཕྱིར་དེ་མེད་ པའི་དུས་ན་ཤེས་བྱ་མེད་པ་སྟེ་ཡུལ་མེད་པ་ན་ཤེས་པ་དེས་ཅི་ཞིག་རིག་པར་བྱ་སྟེ་ཅི་ཞིག་ཤེས་པར་བྱ། གང་གི་སྒྲས་ནི་མེད་པའི་དུས་ལ་འདྲི་བའི་ཁྱད་པར་ལ་འཇུག་གོ། །གང་ཤེས་པར་བྱ་བས་སྟོང་ན་ཡང་ཤེས་པར་ཇི་ལྟར་བརྗོད་དེ། མངོན་པར་རྗོད་པར་བྱེད། ཤེས་བྱ་ཤེས་པས་ནི་
Page: 376 ༄༅། །ཤེས་པར་བརྗོད་ལ་དེ་མེད་ན་ཇི་ལྟར་ཤེས་པ་ཡིན་ཞེས་དགོངས་སོ། །དེ་ཉིད་གལ་ཏེ་ཤེས་མེད་ཅེས་པ་ལ་སོགས་པ་གསུངས་ཏེ། གང་ཡུལ་མི་ཤེས་པ་དེ་ལྟ་ན་ཡང་གལ་ཏེ་ཤེས་པར་བརྗོད་ན་དེའི་ཚེ་ཤེས་པ་མེད་པའི་རང་བཞིན་གྱི་ཤིང་ཡང་ཤེས་པར་ ཐལ་བར་འགྱུར་རོ། །གང་གིས་ན་མི་ཤེས་པར་འགྱུར་བ་དེས་ཉེས་པ་བྱས་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན། དཔེར་ན་ཡུལ་ཡོངས་སུ་ཤེས་པ་མེད་ཅིང་ཤེས་པར་མི་འགྱུར་བ་དེ་བཞིན་དུ་གཞན་ཡང་མི་འགྱུར་རོ་ཞེ་ན། དེས་ན་ཞེས་པ་ལ་ སོགས་པ་གསུངས་ཏེ། གང་གིས་ཡུལ་མེད་པར་ཤེས་པར་མ་གྱུར་པའི་རྒྱུ་དེས་ནའོ། །ཤེས་བྱ་ཉེ་བར་གནས་པ་མེད་པ་སྟེ། ཉེ་བ་མ་ཡིན་པ་ནི་རུང་བའི་ཡུལ་ན་མི་གནས་པ་ཤེས་པར་བྱ་བ་ནི་གཟུང་བའི་ཡུལ་གང་གི་ཡིན་པ་དེ་ལ་དེ་སྐད་ཅེས་བརྗོད་པར་བྱ་སྟེ། ཤེས་པ་མེད་དེ་ཡོད་པ་མ་ཡིན་ནོ། །ངེས་ པ་ནི་གཅིག་ཏུ་འདི་ལ་ལྟོས་པའི་ཕྱིར་རོ། །དེ་ལྟར་གྱུར་པ་ཡང་སྒྲ་རྟག་པ་ཡོད་པ་མ་ཡིན་པའི་ཕྱིར་སྒྲའི་ཤེས་པ་ཡུལ་མི་ཉེ་བ་མ་ཡིན་ཏེ། བརྒྱ་ལ་མི་འཛིན་པ་ནི་གསལ་བ་རེས་འགའ་ཡིན་པའི་ཕྱིར་ཐལ་བར་འགྱུར་བ་བརྗོད་པའི་ཉེས་པ་ཡོད་པ་མ་ཡིན་ནོ་ཞེ་ན། འདི་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ཤེས་ པ་གང་གིས་ཡོངས་སུ་གཅད་པར་བྱ་བའི་ངོ་བོ་གསལ་བ་ཞེས་བརྗོད་ལ་དེར་རྟག་ཏུ་ཉེ་བ་མ་ཡིན་པའི་ཡུལ་ཡིན་པས་འཛིན་པར་བྱེད་པ་ཤེས་པ་མ་ཡིན་པར་བརྗོད་པར་བྱའོ། །སྒྲ་ནི་རྟག་ཏུ་ཡོད་པ་དང་མེད་པར་བརྗོད་པར་འདོད་པ་མ་ཡིན་ཏེ། ཤེས་པ་ནི་བརྒྱ་ལ་འཛིན་པར་བྱེད་པ་མ་ཡིན་པར་ཞེས་པ་འདི་ཉིད་ ཀྱིས་བསྒྲུབ་བྱ་འགྲུབ་བོ། །དེ་ལྟ་བས་ན་ཤེས་པར་བྱ་བ་མི་ཉེ་བ་འདིས་ཤེས་པ་འཛིན་པར་བྱེད་པ་མ་ཡིན་པར་སྒྲུབ་བོ། །གང་གི་ངོ་བོས་ཤེས་པའི་གཟུང་བར་བྱ་བའི་ཡུལ་དེ་རྟག་ཏུ་ཉེ་བ་མ་ཡིན་པས་ན་ཐལ་བར་འགྱུར་བ་བརྗོད་པའི་ཉེས་པ་ཇི་ལྟར་མི་འགྱུར། སྒྲ་ཇི་ལྟར་རྟག་ཏུ་ཡོད་པ་མ་ཡིན་པར་གཞུང་ མངས་པའི་འཇིགས་པས་མ་བརྗོད་དོ། །གཞན་ཡང་གལ་ཏེ་སྒྲ་ཤེས་པ་ཉིད་བདག་ཡིན་ན་དེའི་ཚེ་འཛིན་པའི་བདག་ཉིད་ཡིན་པའི་ཕྱིར་དེ་གཟུགས་ལ་འཛིན་པར་མི་འགྱུར་རོ། །དེ་ནི་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་དེ་ཉིད་གཟུགས་འཛིན་པར་འདོད་དོ་ཞེ་ན། འདི་ལ་དེ་ཉིད་ཀྱིས་ཞེས་པ་ལ་སོགས་པ་
Page: 377 གསུངས་ཏེ། དེ་ཉིད་ནི་སྒྲའི་ཤེས་པ་ཉིད་ཡིན་ཏེ། གལ་ཏེ་གཟུགས་ཤེས་པར་འདོད་ན་དེའི་ཚེ་ཐོས་པ་ཡང་ཅི་སྟེ་མིན། དེའི་ཚེ་སྟེ་གཟུགས་འཛིན་པའི་དུས་ན་ཅི་སྟེ་ཐོས་པ་མ་ཡིན། སྒྲ་ཡང་ཅིའི་ཕྱིར་ན་མི་འཛིན་ཏེ། སྒྲའི་ཤེས་པ་ཡིན་པའི་ཕྱིར་རོ། །འོན་ཏེ་སྒྲ་མི་ཉེ་བ་དེའི་ཕྱིར་ན་དེའི་ཤེས་པ་སྟེ་ སྒྲ་དེའི་ཤེས་པ་ཡང་མེད་ཅིང་ཡོད་པ་མ་ཡིན་ཏེ། འདི་ལྟར་སྒྲའི་ཤེས་པ་ཉིད་དུ་དེ་མི་འགྱུར་རོ་ཞེས་པའི་དོན་ཏོ། །གཞན་ཡང་གལ་ཏེ་སྒྲའི་ཤེས་པ་ཡིན་ན་དེའི་ཚེ་གཟུགས་འཛིན་པའི་བདག་ཉིད་མི་འཐད་དོ་ཞེས་བསྟན་པའི་ཕྱིར་སྒྲ་འཛིན་ཞེས་པ་ལ་སོགས་པ་གསུངས་ཏེ། སྒྲ་འཛིན་རང་བཞིན་ནི་སྒྲ་འཛིན་པའི་ རང་གི་ངོ་བོ་ཡིན་ཏེ། སྒྲའི་འཛིན་པ་པོ་ཞེས་པའི་ཐ་ཚིག་གོ། །གང་ཞིག་ཤེས་པ་དེ་སྒྲ་འཛིན་པ་གཟུགས་འཛིན་པའི་བདག་ཉིད་དུ་ཇི་ལྟར་འགྱུར་ཏེ། ཅུང་ཟད་ཀྱང་མ་ཡིན་ཏེ། ཆ་ཤས་མེད་པ་གཅིག་ལ་གཟུགས་གཉིས་མི་རིགས་པའི་ཕྱིར་རོ། །ཅི་སྟེ་དཔེར་ན་གཅིག་འགའ་ཞིག་ལ་ལྟོས་ནས་ཕ་ཡིན་ ལ། འགའ་ཞིག་ལ་ལྟོས་ཏེ། དེ་ཉིད་དུ་བུ་ཡིན་པར་འགྱུར་ལ། དེ་བཞིན་དུ་སྐབས་སུ་བབ་པ་ལ་ཡང་གཟུགས་གཉིས་པོ་དག་གཅིག་ཏུ་འགྱུར་རོ་ཞེ་ན། གཅིག་ནི་ཕ་དང་ཞེས་པ་ལ་སོགས་པ་གསུངས་ཏེ། གཅིག་ཁོ་ན་ཕ་ཡིན་ཏེ་སྐྱེད་པ་པོ་ཡིན་ལ་བུ་ཡང་བསྐྱེད་པར་བྱ་བ་ཡིན་ཏེ། དེ་ཉིད་འདི་ཡིན་ཞེས་ པ་ནི་བརྟགས་པ་ཡིན་ནོ། །དེ་ཡང་དེ་ལ་ལྟོས་པ་ནི་བརྟགས་པར་རྣམ་པར་གཞག་པར་བྱ་སྟེ། ཡང་དག་ཉིད་མིན་དེ་དོན་དམ་པ་མ་ཡིན་ལ། གཅིག་གི་རང་བཞིན་ཉིད་གཉི་གའི་རང་བཞིན་དུ་རྟོགས་པའི་སྒྲོ་བཏགས་པ་ཡིན་ཏེ་གཟུགས་ཐ་དད་པས་ཡང་གཅིག་ཉིད་དེ་བཞིན་དུ་སྒྲ་སྣ་ཚོགས་པར་སྒྲ་སྣ་ཚོགས་ ཀྱིས་བརྗོད་པར་བྱ་བ་མིན་ནོ། །དངོས་པོ་པའི་རང་བཞིན་གཉིས་གཅིག་ཏུ་སྦྱར་བར་བྱ་བ་ཡིན་ལ། དེ་ཡང་ནམ་ཡང་རིགས་པ་མ་ཡིན་ནོ། །རང་བཞིན་གཉིས་ཐ་དད་པ་ཡིན་པས་དངོས་པོ་ཡང་གཉིས་སུ་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་ཇི་ལྟར་དངོས་པོ་གཅིག་གཉིས་ཡིན་པ་ལ་དཔེའི་ཆོས་ ཅན་ཡོད་པ་མ་ཡིན་ནོ། །གང་ཡང་བརྟགས་པས་ཡོད་པ་དེ་ནི་སྐབས་སུ་བབ་པ་ལ་མཁོ་བ་མ་ཡིན་ཏེ། འདི་ནི་ཅུང་ཟད་ཀྱང་མ་ཡིན་ནོ། །འདིའི་ཕྱིར་ཡང་འདི་དོན་དམ་པར་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འདི་ལྟར་སྙིང་སྟོབས་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ཡང་ཁྱོད་ཀྱིས་ཁས་
Page: 378 ༄༅། །བླང་བར་བྱ་སྟེ། གྲངས་ཅན་གྱི་གཞུང་ལུགས་ཀྱིས་འགྲོ་བ་ཡོན་ཏན་གསུམ་གྱི་བདག་ཉིད་ཡིན་ལ། དེའི་ཕྱིར་སྙིང་སྟོབས་དང་རྡུལ་དང་མུན་པ་ཡང་ཞེས་ཚིག་ཕྲད་བསྡུས་པ་ནི་སྡུད་པའི་དོན་ཏོ། །འདི་ལྟར་ཞེས་ཏེ་གང་གི་ཕྱིར་ཡོན་ཏན་འདི་རྣམས་རང་གི་ངོ་བོས་གནས་པ་ ཡིན་ཏེ། སོ་སོར་རམ་བསྡུས་ནས་སོ། །དེ་ལྟ་བས་ན་དོན་དམ་པར་ཕ་ཡང་མ་ཡིན་ལ། བུ་ཡང་མ་ཡིན་ཏེ། ཐམས་ཅད་དུ་ཡོན་ཏན་གཅིག་ཁོ་ནར་ཡོད་པ་ཡིན་ནོ། །དོན་ནི་འདི་ཡིན་ཏེ། བུའི་གནས་སྐབས་ན་གང་ཞིག་སྙིང་སྟོབས་དང་རྡུལ་དང་མུན་པའི་མཚན་ཉིད་ཀྱིས་ཡོན་ཏན་དེ་ཉིད་སྐྱེད་པར་བྱེད་པའི་དངོས་པོར་ ཡང་འགྱུར་ཏེ། དེས་ན་སྔ་མ་དང་ཕྱི་མའི་དུས་དག་ཏུ་ཁྱད་པར་མེད་པའི་དངོས་པོ་ཡིན་ནོ། །དེ་ལྟ་བས་ན་དེ་ལ་ལྟོས་ནས་ཕ་དང་བུ་རུ་བརྗོད་པར་བྱ་སྟེ། དེ་ལ་ཁྱད་པར་ནི་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་འདི་ནི་རྟག་པ་ཉིད་ཀྱི་ཐ་སྙད་ཡིན་ནོ། །གལ་ཏེ་ཡང་གཟུགས་འཛིན་པའི་དུས་ན་ཡང་སྒྲ་འཛིན་པའི་ ཤེས་པ་དེ་གཅིག་ཉིད་ཡིན་ན་དེའི་ཚེ་དེའི་རང་བཞིན་དམིགས་པར་འགྱུར་ན་དམིགས་པ་ཡང་མ་ཡིན་ནོ། །དེ་ལྟ་བས་ན་དེ་འཛིན་པའི་བདག་ཉིད་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ནི་སྒྲ་འཛིན་ཞེས་པ་ལ་སོགས་པ་གསུངས་ཏེ། སྒྲ་འཛིན་དང་ལྡན་པ་ནི་འབྲེལ་བ་ཡིན་ལ་ནིའི་སྒྲས་ནི་ཁྱད་པར་ བརྗོད་པ་ཡིན་ནོ། །རང་བཞིན་དེ་ནི་གཟུགས་འཛིན་པ་པོ་ཡིན་ཏེ། ཤེས་པ་དེ་མཐོང་བ་མ་ཡིན་ཏེ། རྟོགས་པ་མ་ཡིན་ནོ། །དེའི་ཕྱིར་དེའི་ཚེ་སྒྲ་འཛིན་པའི་བདག་ཉིད་དེ་ཡོད་པ་མ་ཡིན་ནོ་ཞེས་ངེས་པར་བྱའོ། །དེ་ལྟར་གྱུར་ན་ཡང་གལ་ཏེ་རྟོགས་པར་མ་གྱུར་པ་དེ་ལྟ་ན་ཡང་དེ་ཉིད་དེ་ཡིན་ནོ་ཞེ་ན། དེ་ལྟར་ན་ཇི་ལྟར་གཟུགས་འཛིན་པར་འགྱུར་ཞེ་ན། དེ་ཉིད་ཅེས་པ་ལ་སོགས་པ་སྨོས་ཏེ། དེ་ཉིད་སྒྲ་ཤེས་པ་ཡིན་ལ་གཞན་གྱི་གཟུགས་ཀྱི་རང་བཞིན་གཟུགས་འཛིན་པའི་བདག་ཉིད་ཀྱི་གཟུགས་འཛིན་པ་ཡིན་ནོ་ཞེས་པ་ནི་ལྷག་མའོ། །དེ་ཇི་ལྟ་བུར་ཆོས་མཐུན་པས་ཆོས་མཐུན་པ་ཡིན་ཞེ་ན། གར་མཁན་ལྟ་བུ་ཞེས་ཏེ། ཇི་ལྟར་གཞན་གར་གྱི་དུས་ན་གར་གྱི་ས་གཞིར་སོང་སྟེ། གར་མཁན་གཅིག་པུ་ཉིད་སྣ་ཚོགས་པའི་གཟུགས་ཀྱིས་འཇུག་པ་དེ་བཞིན་དུ་སྐབས་སུ་བབ་པ་ལ་ཡང་ཉེས་པ་མེད་དོ་ཞེ་ན། འདི་ལ་བརྗོད་པ། དེ་ཡང་རྟག་པ་མིན་ཏེ་ཞེས་ཏེ། མི་རྟག་པ་ཡིན་ལ་སྔ་མའི་
Page: 379 རང་བཞིན་ཡོངས་སུ་དོར་ནས་ངོ་བོ་གཞན་ཐོབ་པ་ཡིན་ནོ། །སྔ་མ་དང་ཕྱི་མ་དག་རང་བཞིན་གཅིག་པ་ཉིད་མ་ཡིན་ཏེ། གར་མཁན་སྣ་ཚོགས་པའི་གཟུགས་ཡིན་པའི་ཕྱིར་རོ། །གཞན་དུ་ན་དེའི་གཟུགས་གཉིས་པོ་ཡང་གཅིག་ཏུ་སེམས་ལ་སྣང་བར་འགྱུར་རོ། །དེའི་ཕྱིར་བསྒྲུབ་བྱ་མེད་ པའི་དཔེ་ལྟར་སྣང་བ་ཡིན་ནོ། །འོན་ཏེ་དེ་ལྟ་ན་ཡང་དངོས་པོ་དེ་དེ་ཉིད་ཀྱི་རང་བཞིན་སླར་ཡང་གཞན་དང་གཞན་དུ་སྐྱེ་ཞིང་འགག་པ་དེས་ན་ཉེས་པ་འདི་མེད་དོ་ཞེ་ན། འདི་ལ་གལ་ཏེ་ཚུལ་གཞན་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ཉིད་ནི་བདག་གམ་གར་མཁན་ནོ། །ཚུལ་གཞན་ནི་རང་བཞིན་ གཞན་ཡིན་པར་གལ་ཏེ་བརྗོད་ནའོ། །དེའི་ཚེ་གཅིག་པུ་འདི་ཉིད་སྔོན་མེད་པ་སྟེ། འདི་ནི་སྔར་མ་བྱུང་བ་སྔར་མ་མཐོང་བ་འདི་ལྟ་བུའི་གཅིག་པ་ཡིན་ནོ། །དེའི་དངོས་པོ་གཞན་སྐྱེས་པ་ན་ཡང་གཅིག་པ་ཉིད་ཡིན་ཞིང་ཐ་མི་དད་པའི་བདག་ཉིད་ཡིན་ན་འདི་ལྟར་དེ་ཉིད་འདི་ཡིན་ནོ་ཞེས་པ་དང་། ཡང་གཞན་གྱི་ངོ་བོ་ཡིན་ནོ་ཞེས་དེ་ཉིད་གཞན་ཉིད་ཡིན་པར་བརྗོད་ན་ཕན་ཚུན་འགལ་བའི་ཆོས་གཉིས་པོ་འདི་གཅིག་རིགས་པ་མ་ཡིན་ནོ། །གང་གིས་དེ་སྐྱེ་བ་དང་འགག་པར་འགྱུར་བ་ན་ཡང་དངོས་པོ་ལ་དེ་དག་མི་འགྱུར་བ་དངོས་པོ་ཞེས་བྱ་བ་རང་བཞིན་ངོ་བོ་ལས་གཞན་མ་ཡིན་ནོ། །དེ་ཐ་མི་ དད་པའི་རང་བཞིན་སྐྱེ་བ་དང་འགག་པ་དག་གི་དངོས་པོ་དེའི་གནས་སྐབས་སུ་རིགས་པ་ཡང་མ་ཡིན་ཏེ། ཐ་དད་པ་མ་ཡིན་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཐ་དད་པ་ལ་འབྲེལ་པ་གྲུབ་པ་མ་ཡིན་ནོ་ཞེས་བསམས་པ་ཡིན་ནོ། །དེ་ལྟར་གྱུར་ན་ཡང་གལ་ཏེ་བདག་འདི་རང་བཞིན་གཉིས་སུ་བདེན་ པ་ཡིན་ན་ཐལ་བ་འདིར་འགྱུར་བ་སྟེ། འོན་ཀྱང་འདིའི་རང་བཞིན་གཉུག་མ་བོར་ནས་གཞན་གྱི་ངོ་བོ་དེ་ཁོ་ན་ཉིད་མ་ཡིན་པ་ཡིན་པའི་ཕྱིར། དེས་ན་ཐལ་བར་འགྱུར་བ་བརྗོད་པ་ཡོད་པ་མ་ཡིན་ནོ་ཞེས་པའི་དོགས་པས། གལ་ཏེ་ཚུལ་ཞེས་པ་ལ་སོགས་པ་གསུངས་ཏེ། གཞན་གྱི་གཟུགས་དེའི་ ཡུལ་གྱི་ཁྱད་པར་ཅན་ཤེལ་གྱི་རྡོ་བཞིན་དུ་འདི་གཅིག་པ་ཡིན་ནོ་ཞེས་གལ་ཏེ་ཟེར་ན། དེ་ལྟར་ན་དེའི་རང་བཞིན་སྨོས་ཞེས་ཏེ། རང་བཞིན་གཉུག་མའོ། །དེའི་བདག་གི་ངོ་བོའི་དེ་ཁོ་ན་ཉིད་བརྗོད་ཅིང་སྨྲ་བར་གྱིས་ཤིག །དེའི་གཟུགས་གཞན་ཡོད་པ་ཉིད་ཡིན་ཏེ། དེ་གང་ཞེ་ན། ཤེས་པ་ཉིད་ཅེ་ན་
Page: 380 ༄༅། །ཞེས་ཏེ། ཤེས་པའི་བདག་ཉིད་དེ་དུས་སྔ་མ་དང་ཕྱི་མ་ལ་རྗེས་སུ་འགྲོ་བ་ཅན་ནི་དེའི་གཉུག་མའི་རང་བཞིན་ཅན་ཏེ། གཞན་ནི་ཅི་ཞིག་བརྗོད་པར་བྱ། དེའི་གཟུགས་ཀྱི་སྔ་མ་དང་ཕྱི་མ་དག་ཏུ་གཟུགས་གཞན་དང་འབྲེལ་པ་ན་ཡང་ཤེལ་བཞིན་དུ་འདི་གཅིག་པ་ཡིན་ནོ་ཞེས་ གལ་ཏེ་ཟེར་ནའོ། །དེ་ལྟར་ན་སྐྱེས་བུ་ཀུན་གཅིག་ཏུ་ཐལ་བར་འགྱུར་ཏེ། དེ་ལྟར་ན་དེ་ཤེས་པ་ཉིད་དུ་ཐུན་མོང་བའི་ཆོས་ཡིན་པས་སོ། །དཔེར་ན་སྔ་མ་དང་ཕྱི་མའི་དུས་ཀྱི་སྒྲ་དང་གཟུགས་ཀྱི་ཤེས་པ་དག་དེའི་རྣམ་པ་ཐ་དད་པས་ཐ་དད་པ་ཡིན་ན་ཡང་གཅིག་ཡིན་པ་དེ་ལྟར་ན་སེམས་ཅན་ཀུན་ཏེ། སྲོག་ཆགས་ ཀྱི་རྒྱུད་དུ་གཏོགས་པ་རྣམས་བདག་གཅིག་ཏུ་ཐལ་བར་འགྱུར་བ་ཐོབ་པར་འགྱུར་ལ། དངོས་པོ་ཐ་དད་ན་ཡང་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟར་ན་ཡང་ཐལ་བ་འདིར་འགྱུར་བ་ཡིན་ཏེ་ཞེས་བསྟན་པའི་ཕྱིར། སེམས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་བར་སྐབས་ཀྱི་ཐ་དད་པའི་རྒྱུ་ མཚན་གྱི་ཁྱད་པར་སྤངས་ནས་རྣམ་པ་ཅུང་ཞིག་ལ་བརྟེན་ནས་གཅིག་ཏུ་བརྗོད་ནས། དེའི་ཚེ་སེམས་དང་ལྡན་པ་སྐྱེས་བུའི་ཆོས་དང་སེམས་མེད་པའི་རང་བཞིན་གྱི་ཆོས་སོ། །ཀྱང་གི་སྒྲས་ནི་ཉེས་པ་གཞན་སྡུད་པ་ཡིན་ཏེ། དེ་རྣམས་ཀྱང་གཅིག་ཅིང་ཐ་དད་པ་མེད་པའི་དངོས་པོར་འགྱུར་རོ། །ཇི་ལྟར་ ཞེ་ན། སེམས་དང་ལྡན་པ་དང་། མི་ལྡན་པ་དེ་དག་གང་གི་ཕྱིར་ཏེ་རྒྱུ་མཚན་གང་གིས་ཡོད་པ་སྟེ། བདོག་པ་དེ་ཡང་དངོས་པོ་རྣམས་ཀྱི་གཉུག་མའི་གཟུགས་སུ་མཚུངས་པ་སྟེ་གཉིས་པོ་དང་འདྲ་བ་ཡིན་ནོ། །ཅི་སྟེ་འདི་ལ་ཡང་དངོས་པོ་ཐ་དད་ན་ཡང་འདྲ་བའི་རྒྱུ་མཚན་གྱིས་གཅིག་པ་ཉིད་ཡིན་ ཏེ་དེ་ལྟ་བས་ན་གང་འདོད་པའི་དངོས་པོ་བསྒྲུབས་པས་ཉེས་པ་མེད་དོ་ཞེ་ན། གང་ཚེ་བྱེ་བྲག་ཅེས་པ་ལ་སོགས་པ་སྨོས་ཏེ། ཉེས་པ་གཞན་བསལ་བར་བྱེད་པས་འང་གི་སྒྲ་ཡིན་ནོ། །བྱེ་བྲག་ནི་ཐ་དད་པའི་དངོས་པོ་ཐམས་ཅད་ངེས་པ་མེད་པས་གང་གི་ཚེ་ལོག་པ་ཡིན་ཞིང་མི་བདེན་པ་གཉུག་ མའི་གཟུགས་ཡིན་པ་དེའི་ཚེ་འདྲ་བའི་རྟེན་གང་ཡིན་ཏེ། གང་ལ་བརྟེན་ནས་འདྲ་བར་རྣམ་པར་གཞག་པར་བྱེད། ཁྱད་པར་ཡོད་ན་ཡང་ཆོས་མཐུན་པ་ཅུང་ཟད་ཙམ་གྱིས་འདྲ་བར་འགྱུར་རོ། །ཁྱད་པར་མེད་ན་ཡང་དེ་ཉིད་དུ་འགྱུར་ལ། འདྲ་བ་ནི་མ་ཡིན་ཏེ། བ་ལང་དང་བ་མེན་དག་ལ་ཁྱད་
Page: 381 པར་ཉམས་སུ་མྱོང་བ་མེད་ན་བ་མེན་བ་ལང་དང་འདྲ་བར་མི་འགྱུར་ཏེ། འོན་ཀྱང་བ་ལང་ཉིད་དུ་འགྱུར་རོ། །དེའི་ཕྱིར་བྱེ་བྲག་ཉིད་འདྲ་བའི་རྟེན་ཡིན་ལ་དེ་ཡང་གང་གི་ཚེ་དོན་དམ་པར་མི་འགྱུར་ན། དེའི་ཚེ་གང་འདྲ་བར་འགྱུར་ཏེ། མཚུངས་པའི་རྣམ་པ་ཉིད་སྐྱེས་བུའང་གཞན་དག་ལ་བརྟེན་པའི་རྒྱུ་མཚན་དུ་ གྱུར་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེའི་ཕྱིར་དངོས་པོ་ལ་གཅིག་ཉིད་དུ་འགྱུར་བ་ཡིན་ཏེ། ཁྱེད་ཀྱི་འདྲ་བས་བྱས་པ་ནི་མ་ཡིན་ལ། དེ་ཇི་ལྟར་ན་གྲུབ་པ་ལ་སྒྲུབ་པའི་ཕྱིར་ཉེས་པ་མེད་དོ་ཞེས་རྗོད་པར་བྱེད། དེ་བཞིན་དུ་སེར་སྐྱ་པ་དང་། རྒྱལ་དཔོག་པས་ཡོངས་སུ་བརྟགས་པའི་ སེམས་ཀྱི་རང་བཞིན་གྱི་བདག་ཡོད་པར་མ་གྲུབ་པོ། །རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བས་བརྟགས་པ་ལ་ཡང་ཇི་ལྟར་སྲིད་པས་སུན་དབྱུང་བ་བརྗོད་པར་བྱའོ། །ད་ནི་རིགས་པ་ཅན་ལ་སོགས་པས་བརྟགས་པའི་སེམས་མེད་པའི་བདག་གི་ཡོད་པའི་ཐ་སྙད་དགག་པའི་ཆེད་དུ་སེམས་མེད་པ་ཡང་ཞེས་ པ་ལ་སོགས་པ་གསུངས་ཏེ། སེམས་དང་ལྡན་པའི་བདག་རེ་ཞིག་བརྗོད་པའི་རིགས་པ་མི་འཐད་ལ། སེམས་མེད་ཀྱང་བདག་མ་ཡིན་པར་བསྟན་པའི་ཆེད་དུ་མིན་ཏེ་ཞེས་ཏེ། མི་རིགས་སོ་ཞེས་པ་ནི་འང་གི་སྒྲའི་དོན་ཏེ། ཅིའི་ཕྱིར་ཞེ་ན། སེམས་མེད་ཕྱིར་ཏེ། སེམས་དང་མི་ལྡན་པའི་ཕྱིར་རོ། ། སེམས་མེད་པ་གང་གི་ཡིན་པ་དེ་ནི་སེམས་མེད་པའོ། །དེ་ལྟ་བས་ན་སེམས་མེད་པ་དེའི་ཕྱིར་ཞེས་པའི་དོན་ཏོ། །ཇི་ལྟ་བུ་ཞེ་ན། སྣམ་སོགས་བཞིན་ཞེས་ཏེ། ཇི་ལྟར་སྣམ་བུ་དང་། ཤིང་དང་རི་ལ་སོགས་པ་རྣམས་སེམས་དང་བྲལ་བའི་ཕྱིར་བདག་མ་ཡིན་པ་དེ་བཞིན་དུ་མངོན་པར་འདོད་པ་ཡང་སྟེ་ ལས་དང་བྱེད་པ་པོ་ལ་སོགས་པ་རྣམས་སུ་ཁས་བླངས་པའི་ཕྱིར་རོ། །གཞན་དུ་ན་དེས་ཅུང་ཟད་ཀྱང་དགོས་པ་ཡོད་པ་མ་ཡིན་ནོ། །སེམས་མེད་པ་ཡང་དེར་རིགས་པ་མ་ཡིན་ཏོ། དཔེར་ན་སྣམ་བུ་ལ་སོགས་པ་ཡིན་ནོ། །གལ་ཏེ་ཡང་འདིའི་རང་ཉིད་སེམས་དང་ལྡན་པ་མ་ཡིན་པ་དེ་ལྟར་ན་ ཡང་བློའི་སེམས་ཀྱིས་སེམས་དང་ལྡན་པར་བྱེད་དེ། དེས་ན་ཉེས་པ་འདི་མེད་ཅེས་གཞན་གྱི་བསམ་པས་སྲིད་པས་འོན་ཏེ་སེམས་དང་ལྡན་པའི་ཕྱིར། ཤེས་ན་ཞེས་སྨོས་ཏེ། འོན་ཏེ་ཞེས་པ་ནི་འདྲི་བའོ། །འོན་ཏེ་བདག་འདི་སེམས་དང་ལྡན་པའི་ཕྱིར་ཏེ། བློ་དང་འདུལ་བ་ལས་རང་ཉིད་སེམས་དང་མི་
Page: 382 ༄༅། །ལྡན་པ་ན་ཡང་ཤེས་པར་འགྱུར་ནའོ། །ཤེས་པར་བྱེད་པས་ན་ཤེས་པ་ཡིན་ནོ། །དེ་ལྟར་ཁས་ལེན་པ་ན་མི་ཤེས་འཇིགས་པར་ཐལ་ཏེ། གང་གི་ཚེ་འདི་ལྟར་ར་རོ་བ་དང་བརྒྱལ་བ་ལ་སོགས་པའི་གནས་སྐབས་ན་སེམས་དང་ལྡན་པ་ལོག་པ་ན་བདག་ཉིད་མི་ཤེས་ པ་སྟེ། ཅུང་ཞིག་ཀྱང་མི་ཤེས་པ་དེའི་ཚེ་འཇིགས་པར་འགྱུར་ཏེ། སྔར་སེམས་དང་ལྡན་པ་དང་འབྲེལ་པའི་རང་བཞིན་ཡོངས་སུ་གཏོང་བས་ཡོངས་སུ་འཇིགས་པར་ཐལ་བར་འགྱུར་རོ། །ཅི་སྟེ་སེམས་དང་འབྲེལ་པ་དང་མ་འབྲེལ་པའི་དུས་ན་རང་བཞིན་གཅིག་ཉིད་ཡིན་པས་ཉེས་པ་མེད་དོ་ཞེས་ཕ་རོལ་པོའི་ དགོས་པས་ཅི་སྟེ་བདག་ལ་ཞེས་པ་ལ་སོགས་པ་སྨོས་ཏེ། ཅི་སྟེ་སེམས་དང་ལྡན་པ་སྐྱེ་བ་དང་འགག་པ་དག་འགྱུར་བ་མེད་པ་ཉིད་ཡིན་ཏེ། མ་སྐྱེས་པ་དང་མ་འགགས་པའི་རང་བཞིན་ཉིད་བདག་ཡིན་ནོ་ཞེས་སོ། །གལ་ཏེ་དེ་ལྟར་ན་སེམས་པས་དེ་ལ་ཅི་ཞིག་བྱ་སྟེ། སེམས་པ་དང་བྲལ་བ་དུས་ཐམས་ ཅད་དུ་འགྱུར་བ་མེད་པར་གནས་ན། བདག་འདི་སེམས་དང་ལྡན་པའི་བློ་དང་འདུ་བས་ཅི་ཞིག་བྱས་ལ། ཁྱད་པར་ལྷག་པ་ཅི་ཞིག་བསྒྲུབས་ཏེ་ཅུང་ཟད་ཀྱང་མ་ཡིན་ནོ། །བློ་དང་འདུ་བ་ཡིན་ན་ཡང་སྔར་གྱི་རང་བཞིན་དེ་ལྟ་བུ་ཉིད་མ་ཉམས་པའི་གནས་སྐབས་ཉིད་ཡིན་པས་བདག་ནི་སེམས་དང་བཅས་ པ་ཉིད་ཡིན་ནོ། །དེ་ལྟར་གནས་ན་ཡང་ཁྱོད་ཀྱིས་ཅི་ཞིག་བསྒྲུབ་པ་ཡིན་ཞེས། དེ་ལྟར་སེམས་མེད་ཅེས་པ་ལ་སོགས་པ་གསུངས་ཏེ། མི་ཤེས་པ་ནི་ཕན་པ་དང་མི་ཕན་པ་ཅུང་ཟད་ཀྱང་ཤེས་པར་མི་བྱ་བ་ཡིན་ལ། བྱ་བ་དང་བྲལ་བ་ནི་བྱ་བ་ལས་ཕྱི་རོལ་དུ་གྱུར་པ་ཡིན་ཏེ། བྱ་བ་མེད་པའོ། །དེ་ནི་ཕྱིར་ བཅོས་པ་ཐམས་ཅད་དང་བྲལ་ཞིང་། བྱ་རྒྱུ་ཐམས་ཅད་ལ་ཁྱད་པར་མི་བྱེད་པའོ། །ཡང་ན་ལུས་ཐམས་ཅད་ལ་ནུས་པ་དང་བྲལ་བའམ་འགྲོ་བ་ལ་སོགས་པའི་བྱ་བས་སྟོང་པ་ཡིན་ཏེ། ནམ་མཁའ་སྐབས་སུ་བབ་པ་ལ་ཉེ་བར་མཁོ་བ་མ་ཡིན་པའི་ཕྱིར་ན་ནམ་མཁའ་དང་འདྲ་བ་ཡིན་ཏེ། འདི་ལྟར་ཡིན་ པ་ན་བདག་ནི་བདག་ཉིད་ཀྱི་རང་བཞིན་ཏེ། རྣམ་པར་གཞག་ཅིང་རྣམ་པར་གཞག་པ་ཡིན་ནོ། །འདི་ཡང་རང་གི་འདོད་པ་ལ་མཇུག་སྡུད་པ་ཡིན་ཏེ། ཇི་ལྟར་རང་བཞིན་མེད་པ་ཉིད་ཀྱིས་བྱ་བ་ཐམས་ཅད་ཀྱིས་སྟོང་པ་ལ་བརྟགས་པ་ཙམ་གྱིས་ནམ་མཁའ་བཞིན་དུ་བདག་ཀྱང་ཡིན་ནོ་ཞེས་པའི་
Page: 383 དོན་ནམ། གཞན་གྱི་འདོད་པ་ཡིན་ཏེ། ཇི་ལྟར་ལས་དང་བྱེད་པ་ལ་སོགས་པ་ལ་ཡིན་པའི་ངོ་བོ་ནི་ནམ་མཁའ་ཡིན་ཏེ། སེམས་པ་མེད་པའི་ཕྱིར་དང་། བྱ་བ་མེད་པའི་ཕྱིར་རོ། །ད་ནི་ཡང་གཞན་དུ་བདག་འགེགས་པར་བྱེད་པའི་གནོད་པ་བསྟན་པར་འདོད་ནས་གཞན་གྱི་གཞུང་ལུགས་དགོད་པ་ནི། གལ་ཏེ་བདག་ ནི་ཡོད་མིན་ན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་འཇིག་རྟེན་ཕ་རོལ་པོ་འགའ་ཡང་མེད་པར་འགྱུར་ན། དེའི་ཚེ་བདག་འཇིག་རྟེན་ཕ་རོལ་དུ་འགྲོ་བ་ཡོད་པ་མ་ཡིན་ཞིང་མེད་ན་ལས་འབྲས་འབྲེལ་པར་མི་རིགས་ཏེ། ལས་ནི་དགེ་བ་དང་མི་དགེ་བ་ཡིན་ལ། འབྲས་བུ་ནི་དེ་ཉིད་འདོད་པ་དང་མི་འདོད་པ་ ཡིན་ནོ། །དེ་དང་འབྲེལ་པའམ་ལས་བྱས་པ་འབྲས་བུ་དང་འབྲེལ་པ་ཡིན་ནོ། །གང་ཉིད་ཀྱིས་ལས་བྱས་པ་དེ་ཉིད་ཀྱིས་དེའི་འབྲས་བུ་ཐོབ་པ་ཡིན་ཏེ། གཞན་གྱིས་ནི་མ་ཡིན་ལ། དེ་ཅིས་འཐད་པ་ཡིན་ཏེ། མི་རིགས་ཤིང་འཐད་པ་མ་ཡིན་ནོ། །འཇིག་རྟེན་ཕ་རོལ་དུ་ལས་དང་འབྲས་བུ་འབྲེལ་པ་ནི་འདོད་པ་ཡང་ཡིན་ ནོ། །འདི་ལ་ཡང་བདེ་བར་གཤེགས་པ་པ་རྣམས་དང་ཡང་རྩོད་པ་མེད་དོ། །དེ་ལྟར་ཡང་མདོ་ལས། འདི་ཉིད་ཀྱིས་བྱས་པའི་ལས་ཇི་ལྟར་གཞན་གྱིས་མྱོང་བར་འགྱུར། དགེ་སློང་དག་བྱས་ཤིང་བསགས་པའི་ལས་ནི་སའི་ཁམས་ལ་སྨིན་པར་འགྱུར་བ་མ་ཡིན། ཆུའི་ཁམས་ལ་མ་ཡིན། མེའི་ཁམས་ལ་མ་ཡིན། རླུང་གི་ཁམས་ལ་མ་ཡིན། ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་འདི་ཉིད་ལ་སྨིན་པ་ཡིན་ནོ་ཞེས་རྒྱས་པར་གསུངས་པ་ཡིན་ནོ། །ཡང་གསུངས་པ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་ཞིང་ཚོགས་དང་དུས། །རྙེད་ནས་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་ངེས་པར་འགྱུར། ། ཞེས་སོ། །དེ་ལྟ་བས་ན་ལས་དང་འབྲས་བུ་འབྲེལ་པ་ཁྱེད་ཀྱིས་ཀྱང་སྤང་བ་མ་ཡིན་ལ། དེ་ལྟ་བས་ན་ངེས་པར་བདག་ཁས་བླང་བར་བྱ་སྟེ། གཞན་དུ་ན་འདི་ཐམས་ཅད་མི་རིགས་པར་འགྱུར་ཏེ། བདག་མེད་ན་ལས་དང་འབྲས་བུ་འབྲེལ་པར་ཇི་ལྟར་འཐད་པར་འགྱུར་ཞེས། ལས་བྱས་ནས་ནི་ཞེས་པ་ལ་ སོགས་པ་སྨོས་སོ། །ནིའི་སྒྲས་ནི་གང་གི་ཕྱིར་ཏེ། དགེ་བ་དང་མི་དགེ་བའི་མཚན་ཉིད་ཀྱི་ལས་བྱས་ཏེ། ལས་བསྐྱེད་ནས་ཞིག་པ་ན་ཞེས་ཏེ། ཞིག་ཅིང་ལས་བྱེད་པ་འགགས་པ་ན་འབྲས་བུ་ག་ལ་འགྱུར་ཏེ། བདག་མེད་པ་ན་འཇིག་རྟེན་ཕ་རོལ་དུ་འགྲོ་བ་སུ་ཡང་མེད་པའི་ཕྱིར་རོ། །གང་གི་སེམས་
Page: 384 ༄༅། །ཀྱི་སྐད་ཅིག་མས་བྱས་པའི་ལས་དེ་སྐད་ཅིག་མ་ཡིན་པས་དེ་ལས་བྱས་པའི་དུས་ཉིད་ན་འགགས་པའི་ཕྱིར་ལས་བྱས་པའི་འབྲས་བུ་བདེ་འགྲོའམ། ངན་འགྲོ་ལ་བདེ་བ་དང་སྡུག་བསྔལ་འཇིག་རྟེན་པ་གང་གི་ཡིན་པར་འགྱུར་ཞིང་སྐྱེ་བར་ཏེ། གང་གི་ཡང་མ་ཡིན་ནོ། །འཇིག་ རྟེན་ཕ་རོལ་དུ་ཡང་ལས་བྱས་པ་ཉིད་ཀྱི་འབྲས་བུ་དང་ལྡན་པ་གཞན་འགའ་ཞིག་སྐྱེས་པའི་ཕྱིར་རོ། །དེ་ལྟར་ན་བྱས་པ་ཆུད་ཟ་ཞིང་། མ་བྱས་པ་དང་ཕྲད་པར་འགྱུར་རོ། །འདི་ནི་མཚོན་པ་ཙམ་ཡིན་ཏེ། དྲན་པ་དང་ངོ་ཤེས་ཀྱི་ཤེས་པ་དང་། ཐེ་ཚོམ་དང་། ངེས་པ་དང་། རང་གི་བཅོལ་བ་ལེན་པ་དང་། མཐོང་བའི་དོན་ལ་ངོ་མཚར་དང་བྲལ་བ་དང་། རྒྱུ་དང་འབྲས་བུ་ཉིད་དང་དེ་རྟོགས་པའི་ཚད་མ་དང་། བཅིངས་པ་དང་། ཐར་པ་ལ་སོགས་པ་དག་ཏུ་ཡང་མི་འགྱུར་རོ་ཞེ་ན་སྟེ་གལ་ཏེ་དེ་ལྟར་འདོད་ན། དེ་རིགས་པ་མ་ཡིན་ནོ་ཞེས་བྱ་བ། འབྲས་བཞི་ཞེས་པ་ལ་སོགས་པ་གསུངས་ཏེ། ཁྱོད་དང་ཁོ་ བོ་ཅག་གཉིས་ལ་སྟེ། བདག་ཏུ་སྨྲ་བ་ཁྱེད་དང་། བདག་མེད་པར་སྨྲ་བ་ངེད་ཅག་ལ་གྲུབ་ཅིང་ངེས་པ་ཡིན་ནོ། །ཅི་ཞིག་གྲུབ་ཅེ་ན། བྱ་བ་འབྲས་བུ་བཞི་ཐ་དད་པར་གསུངས་ཏེ། ལས་ནི་བྱ་བ་ཡིན་ཏེ། འཇིག་རྟེན་འདི་ལའོ། །འཇིག་རྟེན་ཕ་རོལ་དུ་དེའི་འབྲས་བུའོ། །གཞི་ཐ་དད་པ་དེ་དག་ལ་སྟེ། རྟེན་ སྣ་ཚོགས་དེ་དག་ལ་གྲུབ་པོ། །འདི་ལྟར་ཡང་ལུས་ངག་གིས་སྐྱེ་བ་དེ་ཉིད་ལ་ལས་བྱེད་པ་ནི་མ་ཡིན་ཏེ། དེ་ཉིད་ཀྱིས་འཇིག་རྟེན་ཕ་རོལ་དུ་འབྲས་བུ་ལ་ལོངས་སྤྱོད་པ་ཡིན་ནོ། །དེའི་ཕྱིར་ལས་བྱེད་པ་གཞན་ཉིད་ཡིན་ལ། ལོངས་སྤྱོད་པ་པོ་ཡང་གཞན་ཡིན་ནོ། །དེ་ལྟ་བས་ན་གཞི་ཐ་དད་པ་ལ་ བྱ་བ་དང་འབྲས་བུ་དག་ཏུ་འགྱུར་ལ་འདི་ལ་ཡང་འུ་བུ་ཅག་ལ་རྩོད་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་གྱུར་ན་ཡང་བདག་དེའི་བྱ་བ་མེད་པར་དེ་ཉིད་བྱེད་པ་པོ་ཉིད་དང་། ལོངས་སྤྱོད་པ་པོ་ཉིད་དག་ཏུ་མི་འགྱུར་རོ་ཞེ་ན། འདི་ལ་བརྗོད་པ་དེར་བདག་བྱེད་པ་མེད་ཅེས་པ་ལ་སོགས་པ་གསུངས་ཏེ། བྱེད་པ་མེད་པ་ ནི་བྱེད་པ་དང་བྲལ་བ་ཡིན་ལ། དེ་ལ་ཞེས་པ་ནི་ལས་བྱེད་པ་དང་འབྲས་བུ་ལ་ལོངས་སྤྱོད་པ་དག་ལའོ། །བདག་བྱེད་པ་མེད་པ་ཉིད་ནི་སེམས་པ་མེད་པའི་ཕྱིར་དང་། རྟག་པའི་ཕྱིར་གང་ལ་ཡང་བྱེད་པ་ལ་ནུས་པ་ཡོད་པ་མ་ཡིན་ནོ། །གང་ཡང་བརྗོད་པ། ཤེས་པ་ཙམ་སོགས་གང་འབྲེལ་པ། །དེ་
Page: 385 ལ་བྱེད་པ་པོ་ཉིད་བརྗོད། །བདེ་དང་སྡུག་བསྔལ་སོགས་རིགས་པ། །འདུ་བ་ལས་ནི་ཟ་བ་པོ། །ཞེས་སོ། །དེ་ཡང་བརྗོད་པའི་རིམ་པས་སྔ་མ་དང་ཕྱི་མའི་དུས་དག་ཏུ་མི་གཡོ་བའི་རང་བཞིན་དུ་རིགས་པ་མ་ཡིན་ནོ། །རྒྱུ་དེས་ན་འདིར་ནི་བདག་ལ་བྱེད་པ་མེད་པ་ཉིད་ཡིན་ལ། རྩོད་པ་ནི་རྣམ་པར་རྩོད་ པ་ཡིན་ལ་གང་དོན་དེ་ཁས་བླངས་ལ་ནི་དོན་མེད་ཅིང་འབྲས་བུ་མེད་པ་ཡིན་ཏེ། དེ་ལ་དེ་ཉེ་བར་མཁོ་བ་མ་ཡིན་པའི་ཕྱིར་རོ། །མ་ཡིན་ནམ་ཞེས་པ་ནི་གཞན་ལ་བོད་པའི་ཚིག་གོ། །གལ་ཏེ་བདག་མེད་ན་འོ་ན་ཇི་ལྟར་བྱས་པ་ཆུད་ཟོས་པ་ལ་སོགས་པའི་ཉེས་པར་མི་འགྱུར། དེ་ལྟ་བས་ན་རྩོད་ པ་དོན་མེད་པ་མ་ཡིན་ནོ་ཞེ་ན། འདི་ལ་རྒྱུ་ལྡན་ཞེས་བྱ་བ་གསུངས་ཏེ། གང་རྒྱུ་དང་ལྡན་པ་ནི་ལས་དང་ལྡན་པ་ཡིན་ལ་དེ་ཉིད་འབྲས་བུ་དང་ལྡན་པ་ཡིན་ཏེ། འབྲས་བུ་དང་བཅས་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་མཐོང་བ་དེ་ནི་སྲིད་པ་མ་ཡིན་ལ་དམིགས་པ་མ་ཡིན་ཏེ། གང་གི་ཕྱིར། འཇིག་རྟེན་འཆི་ བ་གཞན་ཉིད་ལ། །སྐྱེ་བ་ཡང་ནི་གཞན་ཉིད་དོ། །དེའི་ཕྱིར་རྒྱུ་དང་ལྡན་པ་འབྲས་བུ་དང་བཅས་པ་མ་ཡིན་ནོ། །འོ་ན་འདི་ཉིད་ཀྱིས་ནི་བྱས་པའི་ལས། །གཞན་གྱིས་ཇི་ལྟར་མྱོང་བར་འགྱུར། །ཞེས་བརྗོད་པ་དེ་ཇི་ལྟར་རྟོགས་པར་བྱ་ཞེ་ན། འདི་ལ་རྒྱུད་གཅིག་ལ་ནི་ཞེས་པ་ལ་སོགས་པ་གསུངས་ ཏེ། རྒྱུད་གཞན་དང་གཞན་སྐད་ཅིག་མ་དུ་མ་བརྒྱུད་པའི་མཚན་ཉིད་འབྲས་བུ་དང་རྒྱུའི་དངོས་པོས་འཇུག་པ་འབའ་ཞིག་ལ་བརྟེན་ནས་དུ་མ་རྣམས་ལ་འཇིག་རྟེན་པའི་ཞེན་པས་གཅིག་ཉིད་དུ་སྒྲོ་བཏགས་པ་ཉིད་ཀྱི་རྒྱུ་མཚན་གྱིས་བྱེད་པ་པོ་དང་ཟ་བ་པོ་ཞེས་བསྟན་པ་ཡིན་ནོ། །ལས་བྱེད་པ་པོ་གང་ཡིན་ པ་དེ་ཉིད་ལོངས་སྤྱོད་པ་པོ་ཡང་ཡིན་ནོ་ཞེས་བསྟན་པ་འདི་གདུལ་བྱའི་བསམ་པའི་དབང་གིས་བཅོམ་ལྡན་འདས་ཀྱིས་བསྟན་པ་ཡིན་ལ། གཞན་དུ་ན་སྐྱེ་བོས་ལས་དང་འབྲས་བུ་རྒྱུན་ཆད་པར་སེམས་ལ་རེ་ཞིག་སེམས་ཅན་འཇིག་རྟེན་གཉི་གའི་རྗེས་སུ་འཇུག་པར་བཤད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ དེ་ཉིད་དུ་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་འདི་ཉིད་སྨིན་པར་འགྱུར་རོ་ཞེས་གསུངས་སོ། །དེ་བཞིན་དུ་སེམས་པའི་ལས་ཀྱིས་བསམས་པས་བསམས་པའི་ལས་ཡིན་ནོ་ཞེས་གསུངས་པས་སོ། །དེ་སྐད་དུ་གསུངས་པ། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེ། །ལས་ནི་སེམས་པ་དང་དེས་བྱས། །
Page: 386 ༄༅། །སེམས་པ་ཡིད་ཀྱི་ལས་ཡིན་ཏེ། །དེས་བསྐྱེད་ལུས་དང་ངག་གི་ལས། །ཞེས་སོ། །གཞན་ཡང་སེམས་ཅན་འཇིག་རྟེན་སྣོད་ཀྱི་འཇིག་རྟེན་ནི། །སྣ་ཚོགས་སེམས་ཉིད་ཀྱིས་ནི་སྤྲུལ་པ་ཡིན། །ལས་ནི་སེམས་ལས་མ་གཏོགས་ཡོད་མིན་དང་། །འགྲོ་བ་མ་ལུས་ སེམས་ལས་སྐྱེ་བར་གསུངས། །ཞེས་སོ། །དེ་ལྟ་བས་ན་སེམས་ལས་མ་གཏོགས་པའི་ལས་གཞན་ནི་ཡོད་པ་མ་ཡིན་ལ། དེ་ཡང་དགེ་བ་དང་མི་དགེ་བའི་སེམས་སྐྱེས་ནས་འགག་པ་ན་རང་གི་ཉེ་བར་ལེན་པ་ལས་བྱུང་བའི་སེམས་ཀྱི་སྐད་ཅིག་ལ། དགེ་བ་དང་མི་དགེ་བ་ལ་སོགས་པའི་འདུ་བྱེད་པའི་ བག་ཆགས་འཇོག་གོ། །དེ་ཡང་དེས་གཞག་པའི་བག་ཆགས་གཞན་དང་གཞན་དེས་མངོན་པར་འདུ་བྱས་པའི་སྐད་ཅིག་མ་གཞན་དང་གཞན་རྒྱུན་མ་ཆད་པས་འཇུག་པ་ན་ཡོངས་སུ་གྱུར་པའི་ཁྱད་པར་ཉེ་བར་སྐྱེའོ། །ལས་ཀྱི་ཁྱད་པར་དང་རྗེས་སུ་མཐུན་པ་དེ་ལྟ་བུའི་རྣམ་པ་བདེ་བ་ལ་སོགས་པའི་རང་ བཞིན་གྱི་སེམས་ཀྱི་བདག་ཉིད་ཀྱི་འབྲས་བུ་འཇིག་རྟེན་ཕ་རོལ་དུ་སྐྱེད་པར་བྱེད་དོ་ཞེས་བརྗོད་དོ། །དཔེར་ན་དེ་ནི་ས་དང་ས་བོན་ལ་སོགས་པ་ཕན་ཚུན་ཚོགས་པའི་རྐྱེན་གྱི་ཁྱད་པར་ལས་ཐོབ་པའི་ཁྱད་པར་དུ་གྱུར་པས་སྐད་ཅིག་མ་དང་པོ་ལས་བསྐྱེད་པའི་རང་གི་ཉེ་བར་ལེན་པའི་འབྲས་བུར་གྱུར་པ་སྐད་ ཅིག་མ་གཉིས་པར་གྱུར་པའི་ཚོགས་པ་ལ་འབྲས་བུ་བསྐྱེད་པའི་རྗེས་སུ་མཐུན་པའི་ཁྱད་པར་སྐྱེད་པར་གྱུར་ནས་ཕྱི་མ་ཕྱི་མ་ཁྱད་པར་དུ་འབྱུང་བའི་རྒྱུད་ཡོངས་སུ་གྱུར་པའི་ཁྱད་པར་ལས་མཐའི་སྐད་ཅིག་མའི་མཚན་ཉིད་ཕུལ་དུ་བྱུང་བ་སྐྱེད་པ་ཐོབ་བོ། །ས་བོན་དང་རྗེས་སུ་མཐུན་པའི་སཱ་ལུ་དང་། ཀོ་ཊ་བའི་མྱུ་གུ་སྐྱེད་པར་བྱེད་དེ། ཇི་ལྟར་ཡང་རྒྱ་སྐྱེགས་ཀྱི་ཁུ་བས་ཡོངས་སུ་བསྒོས་པ་མ་ཏུ་ལུང་ག་ལ་སོགས་པའི་ས་བོན་བཏབ་པས་དེ་མངོན་པར་འདུ་བྱས་པ་རྒྱུད་པས་འཇུག་པ་མེ་ཏོག་ལ་སོགས་པ་རྣམས་དམར་པོར་འབྱུང་བ་ཡིན་ནོ། །དེ་ལ་ཅུང་ཟད་ཀྱང་སྔ་མ་དང་ཕྱི་མའི་དུས་སུ་གཅིག་འཇུག་པ་ནི་མ་ ཡིན་ནོ། །དགེ་བ་དང་མི་དགེ་བ་དང་མཚུངས་པ་ལ་ཡང་རྣམ་པར་རྟོག་པས་གཞག་པའི་ཕྱིར་ཉེ་བར་དགོད་པ་ནི་མི་རིགས་སོ། །དེ་ལྟར་ཡང་། གང་གི་རྒྱུད་ནི་འདི་ཉིད་ལ། །ལས་ཀྱི་བག་ཆགས་གཞག་པ་ལས། །འབྲས་བུ་དེ་ཉིད་ལ་འགྱུར་ཏེ། །རས་བལ་དམར་པོ་ཇི་བཞིན་ནོ། །དེ་ལྟ་བས་ན་ས་
Page: 387 བོན་ལ་སོགས་པ་རྣམས་ལ་བདག་མེད་ན་ཡང་འབྲས་བུ་སོ་སོར་ངེས་པ་ཡིན་ཏེ་དེས་སྐྱེ་བ་ཡང་རིམ་གྱིས་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་སྐབས་སུ་བབ་པ་ལ་ཡང་འཇིག་རྟེན་ཕ་རོལ་དུ་འགྲོ་བ་གཅིག་པུ་གཅིག་མེད་ན་ཡང་རྒྱུ་དང་འབྲས་བུའི་དངོས་པོའི་ངེས་པ་ཉིད་ཀྱི་ཕྱིར་འབྲས་བུའི་ངེས་པ་ཉིད་ཡིན་ཏེ། ལས་དང་ཉོན་མོངས་པས་འདུས་བྱས་པའི་རྒྱུད་མ་ཆད་པར་འཇུག་པས་འཇིག་རྟེན་ཕ་རོལ་དུ་འབྲས་བུ་ཐོབ་པར་འགྱུར་བར་བརྗོད་དོ། །དེའི་ཕྱིར་མ་བྱས་པ་དང་ཕྲད་པར་བྱས་པ་ཆུད་ཟོས་པའི་ཉེས་པ་མེད་དོ། །དེའི་ཕྱིར་བདག་མེད་ཀྱང་ལས་དང་འབྲས་བུའི་འབྲེལ་པར་མི་འཐད་པ་མེད་དོ། །ཇི་ལྟར་ཡང་བདག་ ཡོད་པར་མི་འཐད་པ་དེ་ལྟར་སྤྲོས་ན་ཤིན་ཏུ་རྒྱས་པར་འགྱུར་བས། འདིར་རྒྱས་པར་མ་བརྗོད་དོ། །དེ་ལྟར་ཡང་། བདག་མེད་ཕུང་པོ་ཙམ་ཉིད་ལ། །ཉོན་མོངས་ལས་ཀྱིས་མངོན་དུ་བྱས། །སྲིད་པ་བར་མའི་རྒྱུད་ཀྱིས་ནི། །མར་མེ་བཞིན་དུ་མངལ་དུ་འཇུག །ཅེས་གསུངས་སོ། །གང་ཟག་ ཏུ་སྨྲ་བ་དེ་རྣམས་ཀྱིས་ཀྱང་དེ་ཉིད་དང་གཞན་དུ་འགེགས་པའི་ཕྱོགས་ཁས་བླངས་པའི་ཕྱིར་རང་ཉིད་ཀྱིས་དངོས་པོ་དགག་པ་ཡིན་ཏེ། དངོས་པོ་ནི་འདི་ཉིད་དང་གཞན་གྱི་ཁྱད་པར་ལས་མ་འདས་པའི་ཕྱིར་རོ། །ཕན་ཚུན་སྤངས་པ་དང་ལྡན་པ་གཅིག་དགག་པ་ནི་གཞན་སྤངས་པ་མེད་ན་མེད་པའི་ཕྱིར་རོ། ། ཁུར་ཁྱེར་བ་ལ་སོགས་པའི་མདོ་སྡེ་ཡང་དོན་འདི་ལ་གསལ་བ་ཡིན་ནོ། །དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་དགོངས་ཏེ་གསུངས་པ་མི་ཤེས་པ་རྣམས་ཀྱིས་འདི་ཡོངས་སུ་བརྟགས་པ་ཡིན་ཏེ། དངོས་པོར་ཡོད་པ་ནི་མ་ཡིན་ནོ། །དངོས་པོས་བླངས་པ་ན་ཡང་གཞན་མ་ཡིན་ནོ་ཞེས་བདག་བཀག་པ་ ཉིད་ཀྱིས་བསལ་བ་ཡིན་ནོ། །དེ་ལྟ་བས་ན་འདིར་ཁྱད་པར་དུ་བཀག་པ་མ་ཡིན་ནོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལས་ཡོད་ན་འབྲས་བུ་ཡོད་ཀྱི་བྱེད་པ་པོ་ནི་མ་དམིགས་སོ། །ཕུང་པོ་འདི་བོར་ནས་ཕུང་པོ་གཞན་ཉེ་བར་ལེན་པ་ཆོས་ཀྱི་བརྡར་བྱས་པ་ལས་གཞན་ནི་མེད་ དོ། །འདིར་ཡང་འདི་ཆོས་ཀྱི་བརྡ་ཡིན་ཏེ། འདི་ལྟ་སྟེ་འདི་ཡོད་པས་ན་འདི་འབྱུང་བར་འགྱུར་ཞིང་། འདི་སྐྱེས་པས་ན་འདི་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན་བཅོམ་ལྡན་འདས་ཉིད་ཀྱིས་རྐྱེན་འདི་པ་ཙམ་གྱི་མཚན་ཉིད་རྒྱུ་དང་འབྲས་བུའི་དངོས་པོ་ཡང་བསྟན་པ་ཉིད་ཡིན་ནོ། །འདི་
Page: 388 ༄༅། །ཡང་རྒྱུན་ཅིག་ཅེས་པས་ཐ་སྙད་ཇི་ལྟ་བ་བཞིན་དུ་མ་བརྟགས་པའི་ངོ་བོར་བསྟན་པ་ཉིད་དེ། རྒྱུད་ཀྱི་ཚིགས་གིས་ནི་རྐྱེན་འདི་པ་ཙམ་ཁས་བླངས་པའི་ཕྱིར་རོ། །གཞན་དུ་རྒྱུད་ཉིད་མེད་པར་འགྱུར་རོ། །དེས་ན་དངོས་པོ་ལ་གྲུབ་པའི་རྒྱུ་དང་འབྲས་བུའི་དངོས་པོ་ལ་ཡོད་ པའི་སྐྱོན་གྱིས་གོས་པ་མ་ཡིན་ནོ། །འདི་ཉིད་སློབ་དཔོན་གྱི་ཞལ་སྔ་ནས་ཀྱང་གསུངས་པ་ཡིན་ཏེ། ཐམས་ཅད་ནུས་པ་མེད་ཅེ་ན། །ས་བོན་སོགས་ནི་མྱུག་སོགས་ལ། །ནུས་མཐོང་གལ་ཏེ་དེ་ཀུན་རྫོབ། །འདོད་ན་ཇི་ལྟར་དེ་ལྟར་འགྱུར། །ཞེས་གསུངས་སོ། །རྒྱུ་དང་འབྲས་བུའི་དངོས་པོ་ སོ་སོར་ངེས་པ་ཉིད་ཀྱིས་དྲན་པ་མེད་པ་ཡང་སྤངས་པ་ཡིན་ནོ། །གཅིག་རྗེས་སུ་འགྲོ་བའི་བདག་ནི་ཡོད་པ་མ་ཡིན་པའི་ཕྱིར་དྲན་པ་པོ་འགའ་ཞིག་ཀྱང་འདིར་ཡོད་པ་མ་ཡིན་ཏེ། འོན་ཀྱང་སྒྲོ་བཏགས་པའི་དབང་གིས་དྲན་པ་འབའ་ཞིག་ཙམ་ཡིན་ནོ། །དངོས་པོའི་ཡུལ་དྲན་པར་བྱ་བ་ཡང་འདིར་དྲན་པ་པོ་ མེད་ན་ཡང་ཉམས་པར་འགྱུར་བ་མ་ཡིན་ནོ། །ཉམས་སུ་མྱོང་བའི་དངོས་པོ་ལ་རྣམ་པར་ཤེས་པའི་རྒྱུད་ལ་དྲན་པའི་ས་བོན་གཞག་པ་ལས་དུས་ཕྱིས་ཏེ་ཡོངས་སུ་སྨིན་པའི་རྒྱུ་ལས་དྲན་ཞེས་བྱ་བའི་འབྲས་བུ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་ངོ་ཤེས་པ་ལ་སོགས་པ་ཡང་བལྟ་བར་བྱའོ། །དེ་ལྟར་ ན་ཤིན་ཏུ་མངས་པས་འཇིགས་པས་སོ་སོར་འདིར་བརྗོད་པ་མ་ཡིན་ནོ། །དེ་བསྒྲུབས་པ་ནི་གཞན་དུ་རྒྱས་པར་བཤད་པས་དེར་གོ་བར་བྱའོ། །འདི་ཐམས་ཅད་ནི་ཀུན་རྫོབ་ཀྱི་བདེན་པ་ལས་བརྩམས་ཏེ་བསྒྲུབ་པ་ཡིན་ནོ། །དོན་དམ་པར་ཆོས་ཐམས་ཅད་རང་བཞིན་མེད་པ་ཡིན་པའི་ཕྱིར་ དང་། རྣམ་པར་རྟོག་པ་ཐམས་ཅད་རྒྱུན་ཆད་པའི་ཕྱིར་ཅུང་ཟད་ཀྱང་སྐྱེ་བ་དང་། འགག་པ་དང་། རྒྱུ་དང་འབྲས་བུ་བདག་དང་བཅས་པ་དང་། བདག་མེད་པ་ཡོད་པ་མ་ཡིན་ནོ། །རྣམ་པར་དཔྱད་པ་ན་ལས་དང་འབྲས་བུ་ཡོད་པ་མ་ཡིན་ལ། འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་དུ་ཅུང་ཟད་ཀྱང་ཡོད་ པ་མ་ཡིན་ཏེ་རྟོག་པས་སྤྲུལ་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ཐམས་ཅད་གཟུགས་བརྙན་དང་མཚུངས་པ་ཡིན་ཏེ། རང་བཞིན་མེད་པ་སྐྱེ་ཞིང་འགག་པ་དང་། རྒྱུ་དང་འབྲས་བུ་དང་། བདག་དང་བཅས་པ་དང་། བདག་མེད་པ་དང་། རྟག་པ་དང་མི་རྟག་པར་བརྗོད་དོ། །རྨི་ལམ་བཞིན་དུ་ལས་དང་།
Page: 389 བྱེད་པ་པོ་དང་། དེའི་འབྲས་བུ་ལོངས་སྤྱོད་པ་པོ་དང་། འཇིག་རྟེན་འདི་དང་། འཇིག་རྟེན་ཕ་རོལ་དང་། བདེ་འགྲོ་དང་། ངན་འགྲོར་འགྲོ་བ་ཡང་ཡིན་ཏེ། རྟོག་པ་རྣམས་མ་སྤངས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཐམས་ཅད་ལེགས་པར་གནས་པ་ཡིན་ཏེ། གང་འཆད་པར་འགྱུར་བ། དེ་ལྟར་འགག་པ་ཡོད་མིན་ཞིང་། ། དངོས་པོ་ཡང་ཡོད་མིན་དེའི་ཕྱིར། །འགྲོ་བ་འདི་དག་ཐམས་ཅད་ནི། །རྟག་ཏུ་མ་སྐྱེས་མ་འགགས་ཉིད། །འགྲོ་བ་རྨི་ལམ་ལྟ་བུ་སྟེ། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡང་ཡིན་ཏེ། བྱེད་པ་རང་དབང་ལས་ཀྱང་ནི། །ཐ་སྙད་དུ་ནི་ཁྱེད་ཀྱིས་གསུངས། །ཕན་ ཚུན་ལྟོས་ནས་གྲུབ་པ་ནི། །གཉིས་པོ་དེ་དག་བཞེད་པ་ཡིན། །བྱེད་པོ་མེད་ཅིང་ཟ་བ་མེད། །བསོད་ནམས་ཡོད་མིན་རྐྱེན་འབྱུང་བ། །བརྟེན་ནས་འབྱུང་བ་མ་སྐྱེས་ཤེས། །ཚིག་གི་དབང་པོ་ཁྱེད་ཀྱིས་གསུངས། །ཞེས་སོ། །ཇི་ལྟར་ན་ཆོས་ཐམས་ཅད་བདག་མེད་པ་ལ་ལས་དང་འབྲས་བུ་འབྲེལ་པ་ མི་འགལ་བ་ཡང་ཡིན་ལ། རང་བཞིན་མེད་པ་ཡང་ཡིན་ཏེ། ཇི་ལྟར་མཐོང་བའི་ཆོས་མི་འགལ་བ་ཡང་ཡིན་ཏེ། དེ་ལྟར་ཡང་ཡབ་དང་སྲས་མཇལ་བ་ལས་གསུངས་པ་ཡིན་ཏེ། ཅི་སྐད་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ ལྡན་པ་ཡང་མིག་གིས་གཟུགས་མཐོང་ན་བཏང་སྙོམས་སུ་འགྱུར་བ་རྣམས་ལ་ཡང་མངོན་པར་ཞེན་པར་འགྱུར་ཏེ། མངོན་པར་ཞེན་ནས་ཤིན་ཏུ་རྨོངས་པར་འགྱུར་རོ། །ཤིན་ཏུ་རྨོངས་ནས་ཀུན་ནས་ཉོན་མོངས་པར་འགྱུར་རོ། །ཀུན་ནས་ཉོན་མོངས་ནས་གཏི་མུག་ལས་བྱུང་བའི་ལས་ ལུས་ཀྱིས་ནི་རྣམ་པ་གསུམ། ངག་གིས་རྣམ་པ་བཞི། ཡིད་ཀྱིས་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་ན་དེ་ཡང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ་བྲལ་ཞིང་རྣམ་པར་འགྱུར་བ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན་ཏེ། ལྷོ་ཕྱོགས་དང་། ནུབ་ ཕྱོགས་དང་། བྱང་ཕྱོགས་དང་། འོག་དང་། སྟེང་དང་། ཕྱོགས་མཚམས་རྣམས་སུ་བརྟེན་ཏེ་གནས་པ་ཡང་མ་ཡིན་ནོ། །འདི་ན་མ་ཡིན། ཕ་གི་ན་མ་ཡིན། བར་དོ་ན་མ་ཡིན་ཏེ། དུས་གཞན་ན་འཆི་བའི་དུས་དང་། ཚོད་ཉེ་བར་གནས་པའི་ཚེ་སྲོག་གི་དབང་པོ་འགགས་ཏེ། ཚེ་ཡོངས་
Page: 390 ༄༅། །སུ་ཟད་ཅིང་དེ་དང་སྐལ་བ་འདྲ་བའི་ལས་རྣམས་ཀྱང་ཟད་ནས། རྣམ་པར་ཤེས་པ་ཐ་མ་འགགས་པའི་ཚེ། འདི་ལྟ་སྟེ་དཔེར་ན་ཉལ་ཉལ་བ་ལས་སད་པས་ཡུལ་གྱི་བཟང་མོ་ཡིད་ཀྱིས་དམིགས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་ མའི་དབང་དང་། ལས་དམིགས་པ་དེ་དང་རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་དེ་འབྱུང་བ་སྟེ། དམྱལ་བའམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ནམ། ལྷ་མ་ཡིན་གྱི་ཚོགས་སམ། མི་རྣམས་སམ། ལྷ་རྣམས་སུ་དང་པོའི་རྣམ་པར་ ཤེས་པ་སྐྱེ་བར་འགྱུར་ཏེ། རྣམ་པར་ཤེས་པ་དང་པོ་སྐྱེ་བའི་ཆར་གཏོགས་པ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་བ་དང་འདྲ་བར་འབྱུང་ངོ་། །དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགགས་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་ སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་སྟེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོ་བ་ཡང་མེད་ལ། འཆི་འཕོ་བ་དང་། སྐྱེ་བར་མངོན་པ་ཡང་ཡོད་དོ། །རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་ཐ་མ་དེ་སྐྱེ་བའི་ཚེ་ གང་ནས་ཀྱང་མི་འོང་། འགག་པའི་ཚེ་གང་དུ་ཡང་མི་འགྲོའོ། །ལས་དེ་ཡང་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང་། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །རྣམ་པར་ཤེས་པ་དང་པོ་དེ་ཡང་སྐྱེ་བའི་ཚེ་གང་ནས་ཀྱང་མི་འོང་། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་མེད་པའི་ཕྱིར་ཏེ། རྣམ་པར་ཤེས་པའི་ཐ་མ་ནི་རྣམ་པར་ཤེས་པ་ཐ་མས་སྟོང་། ལས་ནི་ལས་ཀྱིས་སྟོང་། རྣམ་པར་ཤེས་པ་དང་པོ་ནི་རྣམ་པར་ཤེས་པ་དང་པོས་སྟོང་། འཆི་འཕོ་ནི་འཆི་འཕོས་སྟོང་། སྐྱེ་བ་ནི་སྐྱེ་བས་སྟོང་ལ། ལས་རྣམས་འབྲས་བུ་མེད་པར་མི་འགྱུར་བར་ཡང་མངོན་ཞིང་རྣམ་ པར་སྨིན་པ་མྱོང་བར་མངོན་པ་ཡང་ཡོད་དེ། དེ་ལ་མིང་གི་བརྡ་ཙམ་གཏོགས་པར་བྱེད་པ་པོའམ། ཟ་བ་པོ་གང་ཡང་མེད་དོ་ཞེས་རྒྱས་པར་གསུངས་སོ། །དེ་བཞིན་དུ་ཞེ་སྡང་དང་གཏི་མུག་གི་ལས་རྣམས་ཀྱིས་འདུས་བྱས་པ་ཇི་ལྟར་རིག་པར་བརྗོད་པར་བྱའོ། །སཱ་ལུ་ལྗང་པའི་མདོ་ལས་ཀྱང་
Page: 391 གཞན་ཡང་དེ་ཁོ་ན་མི་རྟོགས་ཤིང་ལོག་པར་ཤེས་ཏེ་མི་ཤེས་པ་ནི་མ་རིག་པའོ། །དེ་ལྟར་མ་རིག་པ་ཡོད་ན་འདུ་བྱེད་རྣམ་གསུམ་མངོན་པར་འགྲུབ་སྟེ། བསོད་ནམས་སུ་ཉེ་བར་འགྲོ་བ་དང་། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བ་དང་། མི་གཡོ་བར་ཉེ་བར་འགྲོ་བའོ། །དེ་ལ་བསོད་ནམས་སུ་ཉེ་བར་ འགྲོ་བའི་འདུ་བྱེད་རྣམས་ལས་བསོད་ནམས་སུ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་ཏེ། འདི་དག་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱའོ། །བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་ དུ་འགྱུར་ཏེ། འདི་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱའོ། །མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་མི་གཡོ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་ཏེ། འདི་ཉིད་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱའོ། །མིང་དང་གཟུགས་རྣམ་པར་ འཕེལ་བས་སྐྱེ་མཆེད་དྲུག་གི་སྒོ་ནས་བྱ་བ་བྱེད་པ་རྣམས་འབྱུང་སྟེ། དེ་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱའོ། །སྐྱེ་མཆེད་དྲུག་པོ་དག་ལས་རེག་པའི་ཚོགས་དྲུག་འབྱུང་སྟེ། དེ་ནི་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱའོ། །ཇི་ལྟ་བུར་རེག་པ་འབྱུང་བ་དེ་ལྟ་བུར་ ཚོར་བ་འབྱུང་སྟེ། དེ་ནི་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱའོ། །ཚོར་བའི་བྱེ་བྲག་དེ་དག་མྱོང་བ་དང་། མངོན་པར་དགའ་བ་དང་། ལྷག་པར་ཞེན་པ་དང་། ལྷག་པར་ཞེན་ནས་འདུག་པ་དེ་ནི་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱའོ། །མྱོང་བ་དང་། མངོན་པར་དགའ་བ་དང་། ལྷག་པར་ཞེན་ནས་ འདུག་པ་ལས་བདག་སྡུག་པའི་ངོ་བོ་དང་། བདེ་བའི་ངོ་བོ་དང་འབྲལ་བར་མ་གྱུར་ཅིག་སྙམ་དུ་ཡོངས་སུ་མི་གཏོང་བར་ཕྱིར་ཞིང་སྨོན་པ་འདི་ནི་སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱའོ། །དེ་ལྟར་སྨོན་ཅིང་ཡང་སྲིད་པ་སྐྱེ་བའི་ལས་ལུས་དང་ངག་དང་ཡིད་ཀྱིས་ཀུན་ནས་སློང་བ་དེ་ནི་ལེན་པའི་རྐྱེན་ གྱིས་སྲིད་པ་ཞེས་བྱའོ། །ལས་དེ་ལས་སྐྱེས་པའི་ཕུང་པོ་ལྔ་གང་ཡིན་པ་དེ་ནི་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱའོ། །སྐྱེས་ནས་མངོན་དུ་གྲུབ་པའི་ཕུང་པོ་རྣམས་ཀྱི་འཕེལ་བ་ཡོངས་སུ་སྨིན་པ་དང་། འཇིག་པར་འགྱུར་བ་དེ་ནི་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱའོ། །གཞན་ལའང་
Page: 392 ༄༅། །འདྲེའོ། །དེ་ལ་རྣམ་པར་ཤེས་པ་ནི་ས་བོན་གྱི་རང་བཞིན་གྱིས་རྒྱུ་བྱེད་དོ། །ལས་ནི་ཞིང་གི་རང་བཞིན་གྱིས་རྒྱུ་བྱེད་དོ། །མ་རིག་པ་དང་སྲེད་པ་ནི་ཉོན་མོངས་པའི་རང་བཞིན་གྱིས་རྒྱུ་བྱེད་དོ། །དེ་ལ་ལས་དང་ཉོན་མོངས་པ་དག་ནི་ས་བོན་རྣམ་པར་ཤེས་ པ་བསྐྱེད་དོ། །དེ་ལ་ལས་ནི་ས་བོན་རྣམ་པར་ཤེས་པའི་ཞིང་གི་བྱ་བ་བྱེད་དོ། །སྲེད་པ་ནི་ས་བོན་རྣམ་པར་ཤེས་པ་བརླན་པར་བྱེད་དོ། །མ་རིག་པ་ནི་ས་བོན་རྣམ་པར་ཤེས་པ་འདེབས་ཏེ། རྐྱེན་འདི་དག་མེད་ན་ས་བོན་རྣམ་པར་ཤེས་པ་མངོན་པར་འགྲུབ་པར་མི་འགྱུར་རོ། །དེ་ལ་ལས་ཀྱང་ འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པའི་ཞིང་གི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །སྲེད་པ་ཡང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པ་བརླན་པར་བྱའོ་སྙམ་དུ་མི་སེམས་སོ། །མ་རིག་པ་ཡང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པ་གདབ་བོ་སྙམ་དུ་མི་སེམས་སོ། ། ས་བོན་རྣམ་པར་ཤེས་པ་ཡང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མི་སེམས་ཏེ། འོན་ཀྱང་ས་བོན་རྣམ་པར་ཤེས་པ་ལས་ཀྱི་ཞིང་ལ་བརྟེན་པ་སྲེད་པའི་རླན་གྱིས་བརླན་པ་མ་རིག་པའི་ལུད་ཀྱིས་བྲན་པ་སྐྱེ་བ་ན་སྐྱེ་བའི་གནས་ཉིང་མཚམས་སྦྱོར་བ་མའི་མངལ་དེ་དང་དེར་མིང་དང་ གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་སྟེ། མིང་དང་གཟུགས་ཀྱི་མྱུ་གུ་དེ་ཡང་བདག་གིས་མ་བྱས། གཞན་གྱིས་མ་བྱས། གཉི་གས་མ་བྱས། དབང་ཕྱུག་གིས་མ་བྱས། དུས་ཀྱིས་མ་བསྒྱུར། རང་བཞིན་ལས་མ་བྱུང་། བྱེད་པ་ལ་རག་ལས་པ་མ་ཡིན། རྒྱུ་མེད་པ་ལས་ཀྱང་མ་སྐྱེས་ཏེ། འོན་ཀྱང་ཕ་དང་མ་ཕྲད་པ་དང་། དུས་དང་ལྡན་པ་དང་། རྐྱེན་གཞན་ཡང་ཚོགས་ན་བདག་པོ་མེད་པའི་ཆོས་བདག་གི་མེད་པ་འཛིན་པ་མེད་པ་ནམ་མཁའ་དང་མཚུངས་པ། སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་ལ་རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་སྐྱེ་བའི་གནས་ཉིང་མཚམས་སྦྱོར་བ་མའི་མངལ་དེ་ དང་དེར་མྱོང་བ་དང་ལྡན་པའི་ས་བོན་རྣམ་པར་ཤེས་པ་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་བསྒྲུབ་པོ། །གཞན་ལ་ཡང་བསྒྲེའོ། །དེ་ལ་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་མི་འཕོ་མོད་ཀྱི། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་ལས་ཀྱི་འབྲས་བུ་མངོན་པ་ཡང་ཡོད་དོ། །གཞན་
Page: 393 ལ་ཡང་བསྒྲེའོ། །འདི་ལྟ་སྟེ་དཔེར་ན་མེ་ནི་རྒྱུ་དང་རྐྱེན་མ་ཚང་ན་མི་འབར་གྱི་རྒྱུ་དང་རྐྱེན་ཚོགས་པ་ལས་འབར་རོ། །དེ་བཞིན་དུ་བདག་པོ་མེད་པའི་ཆོས་བདག་གི་མེད་པ་འཛིན་པ་མེད་པ་ནམ་མཁའ་དང་མཚུངས་པ་སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་པ་རྒྱུ་དང་རྐྱེན་དུ་མས་མ་ཚང་བ་མེད་པའི་ ཕྱིར་སྐྱེ་བའི་གནས་ཉིང་མཚམས་སྦྱོར་བ་མའི་མངལ་དེ་དང་དེར་ས་བོན་རྣམ་པར་ཤེས་པ་ལས་དང་ཉོན་མོངས་པ་རྣམས་ཀྱིས་བསྐྱེད་པའི་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་བསྒྲུབས་ཏེ། དེ་ལྟར་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པར་བལྟའོ། །དེ་ལ་ནང་གི་རྟེན་ཅིང་ འབྲེལ་པར་འབྱུང་བ་རྣམ་པ་ལྔར་བལྟ་སྟེ། ལྔ་གང་ཞེ་ན། རྟག་པར་མ་ཡིན་པ་དང་། ཆད་པར་མ་ཡིན་པ་དང་། འཕོ་བར་མ་ཡིན་པ་དང་། རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བ་དང་དེ་དང་འདྲ་བའི་རྒྱུད་དུའོ། །ཇི་ལྟར་རྟག་པར་མ་ཡིན་ཞེ་ན། གང་གི་ཐ་མ་འཆི་བའི་ཕུང་པོ་རྣམས་ཀྱང་ གཞན་ལ་སྐྱེ་བའི་ཆར་གཏོགས་པ་རྣམས་ཀྱང་གཞན་ཏེ། ཐ་མ་འཆི་བའི་ཕུང་པོ་གང་ཡིན་པ་དེ་ཉིད་སྐྱེ་བའི་ཆར་གཏོགས་པ་རྣམས་ཡིན་གྱི། ཐ་མ་འཆི་བའི་ཕུང་པོ་རྣམས་ཀྱང་འགག་པ་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་ཀྱང་འབྱུང་བས་དེའི་ཕྱིར་རྟག་པ་མ་ཡིན་ནོ། །ཇི་ལྟར་ཆད་པར་མ་ ཡིན་ཞེ་ན། ཐ་མའི་འཆི་བའི་ཕུང་པོ་རྣམས་སྔོན་འགགས་པ་ལས་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་འབྱུང་བ་མ་ཡིན། མ་འགགས་པ་ལས་ཀྱང་མ་ཡིན་གྱི་ཐ་མའི་འཆི་བའི་ཕུང་པོ་རྣམས་ཀྱང་འགགས་ལ་དེ་ཉིད་ཀྱི་ཚེ་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་སྲང་མདའི་མཐོན་དམན་ བཞིན་དུ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་ཆད་པར་མ་ཡིན་ནོ། །ཇི་ལྟར་འཕོ་བར་མ་ཡིན་ཞེ་ན། སེམས་ཅན་གྱི་རིགས་མི་འདྲ་བས་ན་དེ་སྐལ་བ་མཉམ་པའི་སྐྱེ་བ་སྐྱེ་བར་གྲུབ་པས་དེའི་ཕྱིར་འཕོ་བ་མ་ཡིན་ནོ། །ཇི་ལྟར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་ཞེ་ན། ལས་ཆུང་ངུ་བྱས་པ་ ལས་འབྲས་བུ་ཆེན་པོ་རྣམ་པར་སྨིན་པ་མྱོང་སྟེ། དེའི་ཕྱིར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་བོ། །ཇི་ལྟར་དེ་དང་འདྲ་བའི་རྒྱུད་ཡིན་ཞེ་ན། ཇི་ལྟར་མྱོང་བར་འགྱུར་བའི་ལས་བྱས་པ་དེ་ལྟ་བུར་མྱོང་བར་འགྱུར་བའི་རྣམ་པར་སྨིན་པ་མྱོང་བས་དེའི་ཕྱིར་དེ་དང་འདྲ་བའི་
Page: 394 ༄༅། །རྒྱུད་དོ། །དེ་ལྟར་ན་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྣམ་པ་ལྔ་ཡིན་ནོ་ཞེས་རྒྱ་ཆེར་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་བདག་ལ་སོགས་པ་མེད་ཀྱང་ལས་དང་འབྲས་བུའི་འབྲེལ་པ་མ་ཉམས་པར་མདོ་ལས་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པ་ཡིན་ནོ་ ཞེས་བསྟན་པར་འགྱུར་རོ། །དེ་ལྟར་ན་གཅིག་པུ་ཞིག་གཉི་གར་འགྲོ་བ་ཡོད་པ་མ་ཡིན་པ་ཡང་ཅུང་ཟད་ཀྱང་འགལ་བ་མེད་དོ། །གལ་ཏེ་ཇི་ལྟར་ཡང་བདག་མེད་ན་འོ་ན། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་ལེགས་པར་དུལ་བ་ཡིས། ། མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་ཚིགས་སུ་བཅད་པ་ཇི་ལྟར་གསུངས་ཤེ་ན། སེམས་ཉིད་བདག་ཏུ་འཛིན་པའི་རྟེན་ཡིན་པའི་ཕྱིར་འདི་ལ་བདག་གི་སྒྲར་གསུངས་པ་ཡིན་ནོ། །མདོ་སྡེ་གཞན་དུ། སེམས་འདུལ་བ་ནི་ལེགས་པ་སྟེ། །སེམས་འདུལ་བས་ནི་བདེ་བ་འཐོབ། ། ཅེས་སེམས་འདུལ་བ་གསུངས་པའི་ཕྱིར་རོ། །དེ་ཡང་བདག་ཏུ་ལྟ་བའི་མངོན་པར་ཞེན་པར་གྱུར་པ་ལ་གཞན་དུ་བདག་འཛིན་པ་རྣམ་པར་རྟོག་པ་སྤོང་བའི་དོན་དུ་དྲང་བའི་དོན་གྱིས་ཀུན་རྫོབ་ཏུ་སེམས་ལ་བདག་ཅེས་བསྟན་པ་ཡིན་ཏེ། དོན་དམ་པར་མ་ཡིན་ནོ། །འདིས་ནི་འཕགས་པ་ལང་ཀར་ གཤེགས་པར་གསུངས་པ། གང་ཟག་རྒྱུད་དང་ཕུང་པོ་དང་། །རྐྱེན་དང་རྒྱུ་དང་དེ་བཞིན་དུ། །གཙོ་བོ་དབང་ཕྱུག་བྱེད་པ་པོ། །སེམས་ཙམ་ཉིད་དུ་ང་སྨྲའོ། །ཞེས་པས་དེ་ཡང་བསྒྲུབ་པར་འགྱུར་བ་ཡིན་ནོ། །གང་གི་ཕྱིར་དེས་ཀྱང་གཞན་དུ་གང་ཟག་ཏུ་མངོན་པར་ཞེན་པ་དགག་པའི་ཆེད་དུ་ གསུངས་པ་ཡིན་ཏེ། སེམས་དོན་དམ་པར་ཡོད་པ་ཁོ་ནར་གསུངས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ཕུང་པོ་ལ་སོགས་པ་རྣམས་ལ་བདག་བསྟན་པ་ཡང་དྲང་བའི་དོན་ཡིན་ནོ། །དེའི་ཕྱིར་དངོས་པོ་ལ་སེམས་ཀྱང་ངའོ་སྙམ་ནས་ཤེས་པའི་ཡུལ་མ་ཡིན་ནོ། །སེམས་དོན་དམ་པར་ཡོད་པ་ ཡིན་པ་དེ་ལྟ་ན་ཡང་དངོས་པོ་ལ་དེ་ངར་འཛིན་པའི་སྤྱོད་ཡུལ་མ་ཡིན་ནོ་ཞེས་ཉེ་བར་བསྟན་པའི་ཕྱིར། འདས་དང་ཞེས་པ་ལ་སོགས་པ་གསུངས་སོ། །ཡོངས་སུ་བརྟག་པ་ཉེ་བར་བཟུང་ནས་སེམས་ནི་རྣམ་པ་གསུམ་དུ་སྲིད་དེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའོ། །དེ་ལ་
Page: 395 འདས་པ་དང་། མ་འོངས་པ་ནི་ཞིག་པ་དང་། མ་སྐྱེས་པ་ཡིན་ལ། དེའི་སེམས་ནི་བདག་ཡིན་ཏེ། བདག་ཏུ་མཐོང་བའི་ཡུལ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ནི་གང་གི་ཕྱིར་གྱི་དོན་ཏེ། འདས་པ་དང་མ་འོངས་པའི་སེམས་དེ་ནི་དེ་ལྟར་ཡོད་པ་མ་ཡིན་ཏེ། ཞིག་པ་དང་མ་སྐྱེས་པའི་ཕྱིར་རོ། །གང་ འདས་པ་དེ་ནི་ཟད་ཅིང་འགགས་ལ་བྲལ་ཞིང་ཡོངས་སུ་གྱུར་པ་ཡིན་ནོ། །གང་མ་འོངས་པ་དེ་ནི་མ་ཐོབ་པ་ཡིན་ནོ། །དེ་ལྟར་ན་ད་ལྟར་བྱུང་བའི་སེམས་བདག་ཏུ་འགྱུར་ཞེས། འོན་ཏེ་སྐྱེས་ཞེས་པ་ལ་སོགས་པ་གསུངས་ཏེ། ཇི་ལྟར་སྐྱེས་པའི་ད་ལྟར་བྱུང་བའི་སེམས་བདག་ཡིན་པ་དེ་ལྟར་ཡང་ འཐད་པ་མ་ཡིན་ཏེ། གང་གི་ཕྱིར་དེ་ནི་ཞིག་ནའང་བདག་མེད་དེ། ཡང་འདི་ལ་ད་ལྟར་བྱུང་བའི་སེམས་ཞིག་སྟེ། སྐད་ཅིག་མ་གཉིས་པ་ལ་འདས་ན་ཡང་བདག་ཡོད་པ་མ་ཡིན་ལ། ཡང་ཕྱི་ནས་སྔར་འཛིན་པའི་སེམས་ཀྱང་ཞིག་པར་འགྱུར་ཏེ། ད་ལྟར་བྱུང་བ་གནས་པར་དམིགས་ པ་མ་ཡིན་ནོ། །དེ་ལྟ་བས་ན་གང་གིས་དམིགས་པར་འགྱུར་བའི་སེམས་ཇི་ལྟར་དམིགས་པར་འགྱུར། དེ་ལྟ་བས་ན་སེམས་དམིགས་པ་ཡང་ཡོད་པ་མ་ཡིན་ལ། དམིགས་པ་མེད་པ་ཉིད་དུ་ངར་འཛིན་པ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་བདག་མེད་དེ་བདག་ཡོད་པ་མ་ཡིན་ལ། དུས་གསུམ་དུ་ འབྱུང་བའི་སེམས་ཉིད་དེའི་ཡུལ་ཡིན་པའི་ཕྱིར་རོ། །སེམས་བདག་ཏུ་འཛིན་པའི་ཡུལ་མ་ཡིན་པར་བསྒྲུབས་ནས། མཇུག་བསྡུ་བའི་ཕྱིར། དཔེར་ན་ཆུ་ཤིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཆུ་ཤིང་གི་སྡོང་པོ་སྟེ། ཆུ་ཤིང་སྡོང་བུའི་དུམ་བུའོ། །ཕྱེ་ཞིང་སོ་སོར་ཆ་ཤས་སུ་ ཕྱེ་སྟེ་རྣམ་པར་གཞིག་པ་བྱས་ན་དངོས་པོ་ཅུང་ཟད་ཡོད་པ་ཡང་མི་རྙེད་དེ། དེ་བཞིན་དུ་བདག་ཡོད་པར་འགྱུར་བ་ཡང་མ་ཡིན་ལ། ཆུ་ཤིང་བཞིན་དུ་འགྱུར་རོ། །བདག་ཀྱང་བདག་ཏུ་འཛིན་པའི་ཤེས་པའི་ཡུལ་དུ་གྱུར་པ་ཡོད་པར་གྱུར་པ་མ་ཡིན་ཏེ། ཡོད་པ་མ་ཡིན་པའི་མོ་གཤམ་གྱི་བུ་ དང་འདྲའོ། །འདི་ལ་ཁྱད་པར་ཅུང་ཟད་ཡོད་པ་མ་ཡིན་ནོ་ཞེས་དགོངས་པ་ཡིན་ནོ། །ཇི་ལྟར་ཞེ་ན། བཙལ་ཞིང་བརྟགས་ཏེ་ངེས་པར་དཔྱད་པ་ནའོ། །གཞན་ཡང་བདག་ལ་གནོད་པར་བྱེད་པ་དགག་པའི་ཆེད་དུ་ཐལ་བར་འགྱུར་བ་བརྗོད་པ། གལ་ཏེ་སེམས་ཞེས་པ་ལ་སོགས་པ་གསུངས་
Page: 396 ༄༅། །ཏེ། གལ་ཏེ་རྣམ་པ་ཐམས་ཅད་དུ་སེམས་ཅན་དང་། བདག་དང་གང་ཟག་རྣམ་པར་དཔྱད་པ་ན་ཡོད་མིན་ཏེ། མེད་ན་དེའི་ཚེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྙིང་རྗེ་ཞིང་བརྩེ་བ་བསྒོམ་པར་བྱ་སྟེ། སེམས་ཅན་མེད་པར་གང་ལ་དམིགས་ནས་འཇུག་པར་འགྱུར། སྙིང་ རྗེ་ཡང་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་པ་ཡིན་ཏེ། དེ་སྔོན་དུ་སོང་བའི་ཚོགས་རྒྱུར་གྱུར་པའི་སྦྱིན་པ་ལ་སོགས་པ་ལ་འཇུག་པའི་ཕྱིར་རོ། །དེ་ལྟ་བས་ན་སྙིང་རྗེ་སྔོན་དུ་སོང་བའི་སངས་རྒྱས་དང་ཆོས་ཐམས་ཅད་རབ་ཏུ་འཇུག་པ་ཡིན་ནོ། །དེ་ལྟར་ཡང་འཕགས་པ་ཆོས་ཡང་དག་ པར་སྡུད་པ་ལས་གསུངས་པ་ཡིན་ཏེ། དེས་ན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་མང་པོ་རྣམས་ལ་བསླབ་པར་མི་བགྱིའོ། །བཅོམ་ལྡན་ འདས་བྱང་ཆུབ་སེམས་དཔས་ཆོས་ཤིན་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་གཅིག་རབ་ཏུ་གཟུང་ཞིང་རབ་ཏུ་རྟོགས་པར་བགྱིས་ན་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་དུ་མཆིས་པ་ལགས་སོ། །ཆོས་གཅིག་པོ་ གང་ཞེ་ན། འདི་ལྟ་སྟེ་སྙིང་རྗེ་ཆེན་པོའོ། །བཅོམ་ལྡན་འདས་སྙིང་རྗེ་ཆེན་པོས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་མཐིལ་དུ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་གང་དུ་མཆིས་ པ་དེར་དཔུང་གི་ཚོགས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་གང་དུ་མཆིས་པ་དེར་ཡང་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་སྲོག་གི་དབང་པོ་མཆིས་ན་དབང་པོ་གཞན་རྣམས་འབྱུང་ བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་སྙིང་རྗེ་ཆེན་པོ་མཆིས་ན་བྱང་ཆུབ་པར་བྱེད་པའི་ཆོས་གཞན་རྣམས་ཀྱང་འབྱུང་བར་འགྱུར་རོ། །འཕགས་པ་ག་ཡ་མགོ་རི་ལས་ཀྱང་། འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་གང་ལ་བརྩམ་པར་བྱ་ཞིང་། གང་ལ་
Page: 397 བརྟེན་པར་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ནི་སྙིང་རྗེ་ཆེན་པོ་ལ་བརྩམས་ཏེ། སེམས་ཅན་ལ་བརྟེན་པའོ་ཞེས་རྒྱ་ཆེར་གསུངས་སོ། །དེ་ལྟ་བས་ན་ངེས་པར་དང་པོར་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཁས་བླང་བར་བྱ་སྟེ། སྡུག་བསྔལ་ བའི་སེམས་ཅན་ལ་བརྟེན་ནས་དེ་འབྱུང་བར་འགྱུར་བས་སོ། །སེམས་ཅན་མེད་ན་དེར་མི་འགྱུར་རོ་ཞེ་ན་ཞེས་པ་ནི་གལ་ཏེ་དེ་ལྟར་སེམས་ནའོ། །དེའི་ཚེ་འདི་བརྗོད་པར་མི་བྱའོ་ཞེ་ན། འབྲས་བུ་དོན་དུ་ཞེས་པ་ལ་སོགས་པ་གསུངས་ཏེ། དགོས་པ་ནི་མངོན་པར་འདོད་པའི་བསྒྲུབ་བྱ་སྟེ། སྐྱེས་བུའི་ དོན་ཞེས་བརྗོད་དོ། །དེའི་དོན་དུ་ཁས་བླངས་པས་སྟེ། དེས་ན་ཁས་བླང་བར་བྱའོ། །རྨོངས་པས་ཀུན་རྫོབ་ཏུ་བཏགས་པ་གང་ཡིན་པ་སྟེ། སྒྲོ་བཏགས་པ་ཡིན་ལ། སེམས་ཅན་དེ་ལའོ་ཞེས་པའི་དོན་ཏོ། །འདི་ལྟར་ཡང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་ཞིང་། སྒྲིབ་པ་ཐམས་ཅད་ལས་ རྣམ་པར་གྲོལ་བ་སྐྱེས་བུ་མཆོག་གི་དོན་ཡིན་པས་སངས་རྒྱས་ཉིད་འདིར་བསྒྲུབ་པར་བྱའོ། །དེ་ཡང་ཆོས་ཐམས་ཅད་ཀྱི་མི་དམིགས་པ་དང་བྲལ་ནས་ཐོབ་པར་མི་འགྱུར་རོ། །དེ་ཡང་ཤེས་རབ་ཕུལ་དུ་ཕྱིན་པས་འགྲུབ་པར་འགྱུར་རོ། །དེ་ཡང་གུས་ཤིང་བར་མ་ཆོད་པ་ཡུན་རིང་པོར་ གོམས་པར་བྱས་པ་ལས་སྐྱེ་བར་འགྱུར་རོ། །དེ་རྩོམ་པ་ཡང་སྙིང་རྗེའི་དབང་གིས་འབྱུང་བར་འགྱུར་ཏེ། དེ་ཡང་དང་པོར་སྡུག་བསྔལ་བའི་སེམས་ཅན་རྣམས་ལ་འཇུག་པ་ན་ཚོགས་ཀྱི་རྒྱུ་རྩོམ་པར་འགྱུར་རོ། །དེ་ལྟར་ན་འབྲས་བུའི་དོན་དུ་རྨོངས་པ་ཀུན་རྫོབ་ཀྱི་བདེན་པའི་ངོ་བོ་ཁས་བླངས་ པ་ཡིན་ནོ། །དེའི་ཕྱིར་དང་པོར་སེམས་ཅན་ལ་དམིགས་པ་ཉིད་ཀྱི་སྙིང་རྗེ་ཡིན་ལ། དེ་ནས་གཞན་དོན་ལ་དམིགས་པ་དང་། དམིགས་པ་མེད་པ་ཡིན་ནོ། །བསམ་པ་ནི་འདི་ཡིན་ཏེ་རྣམ་པ་ཐམས་ཅད་དུ་སེམས་ཅན་ཡོད་པ་མ་ཡིན་ལ། ཕུང་པོ་ལ་སོགས་པ་རྣམས་ལ་ཀུན་རྫོབ་ཏུ་བདག་གི་ སྒྲས་བརྗོད་དོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་དག་བདག་ཅེས་ཡང་དག་པར་མཐོང་བས་ཕུང་པོ་ལྔ་པོ་འདི་རྣམས་ཉིད་མཐོང་བ་ཡིན་ནོ་ཞེས་གསུངས་པ་དེའི་ཕྱིར་གལ་ཏེ་ཡང་ཤེས་རབ་ཀྱིས་དཔྱད་ན་དོན་དམ་པར་སེམས་མི་དམིགས་པ་ཡིན་ཏེ། དེ་
Page: 398 ༄༅། །ལྟར་ན་ཡང་ཀུན་རྫོབ་ཏུ་འགེགས་པ་མ་ཡིན་ནོ། །ཇི་སྐད་དུ། གང་གིས་ཤེས་རབ་དོན་དམ་དང་ནི་ཀུན་རྫོབ་ཐུགས་རྗེ་བསྟེན་པར་བཞེད། །ཁྱེད་ནི་འགྲོ་བ་རང་བཞིན་མེད་པར་ཇི་ལྟར་དོན་ལ་འཇལ་བར་འགྱུར། །གང་གི་ཚེ་ན་སྟོབས་བཅུ་སྐྱེད་པར་མཛད་མ་ཐུགས་རྗེ་དང་ ལྡན་པ། །དེ་ཚེ་ཁྱོད་ནི་བུ་སྡུག་བསྔལ་ལ་ཕ་བཞིན་འགྲོ་ལ་བརྩེ་བར་འགྱུར། །ཞེས་གསུངས་སོ། །བསྟོད་པ་བཞི་པ་ལས་ཀྱང་། མགོན་ཁྱོད་སེམས་ཅན་འདུ་ཤེས་ལ། །རྣམ་པ་ཀུན་ཏུ་འཇུག་མ་ཡིན། །སེམས་ཅན་སྡུག་བསྔལ་གྱིས་ཉེན་ལ། །ཁྱོད་ནི་ཤིན་ཏུ་ཐུགས་རྗེའི་བདག ། ཅེས་གསུངས་སོ། །དེ་ལྟ་བས་ན་གཟུགས་ལ་སོགས་པ་རྣམས་ལ་འདི་ལྟར་ཀུན་རྫོབ་ཀྱི་བདེན་པའི་སྒྲས་བརྗོད་དེ། དེ་བས་ན་སྙིང་རྗེ་ནི་ཡུལ་མེད་པ་མ་ཡིན་ནོ། །ཅི་སྟེ་དོན་དམ་པར་སེམས་ཅན་མེད་ན་གང་གི་འབྲས་བུ་ཡིན། དེས་ན་དེ་བསྒྲུབ་པའི་དོན་དུ་འགའ་ཞིག་འཇུག་པར་ འགྱུར་ཞེས་བསམས་ནས། སེམས་ཅན་མེད་འབྲས་ཞེས་པ་ལ་སོགས་པ་སྨོས་ཏེ། སེམས་ཅན་མེད་ན་ཞེས་པ་ནི་གང་གི་ཚེ་སེམས་ཅན་མེད་ནའོ། །དེའི་ཚེ་གཅིག་རྗེས་སུ་འགྲོ་བ་མེད་པས་གཟུགས་ལ་སོགས་པ་རྣམས་སྐྱེས་ནས་ཞིག་པའི་ཕྱིར་འབྲས་བུ་སུའི་ཡིན། སུའི་ཡང་མ་ཡིན་ ནོ་ཞེས་པའི་དོན་ཏོ། །བདེན་ཞེས་ཁས་ལེན་པ་ཡིན་ཏེ། འདི་དེ་ལྟར་ཡིན་ནོ། །འདོད་ཅེས་པ་ནི་འདི་ལྟར་ཁོ་བོ་ཅག་འདོད་པ་ཉིད་དེ། ཅུང་ཟད་ཅིག་ཀྱང་དོན་དམ་པར་འབྲས་བུ་ཡོད་པ་མ་ཡིན་ཏེ། ཆོས་ཐམས་ཅད་བདག་པོ་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་དེ་བསྒྲུབ་པའི་དོན་དུ་དང་པོར་ ཅིའི་ཕྱིར་འཇུག་ཅེ་ན། འདིར་ནི་ཞེས་ཏེ་འདི་ལྟ་བུའི་སྤྱོད་པ་ནི་འབྲས་བུ་དེ་དོན་དུ་གཉེར་བས་རྨོངས་པས་བྱ་བ་དང་ལྡན་པ་ཡིན་ནོ། །བདག་གི་འདི་ཁོ་ན་འབྲས་བུར་འགྱུར་རོ་ཞེས་གཅིག་ཏུ་ཞེན་པས་སེམས་ཅན་མེད་ན་ཡང་ཀུན་རྫོབ་ཏུའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ལས་མ་གཏོགས་ པ་སྒྱུ་མའི་རང་བཞིན་ཉིད་ཀྱིས་ཆོས་ཐམས་ཅད་ལ་དངོས་པོ་ལ་འདོད་པ་མེད་པའི་ཕྱིར་རོ། །ཇི་སྐད་དུ། འདོད་པ་མེད་པ་སྟོང་པ་ཉིད། །སྒྱུ་མ་བཞིན་དུ་རྐྱེན་ལས་འབྱུང་། །མགོན་པོ་ཁྱོད་ཀྱིས་ཆོས་རྣམས་ནི། །རང་བཞིན་མེད་པར་རབ་ཏུ་བསྟན། །ཞེས་གསུངས་སོ། །
Page: 399 དེ་ལྟ་བས་ན་ཀུན་རྫོབ་ཉིད་དུ་འབྲས་བུའི་དོན་དུ་བྱ་བ་དང་ལྡན་པ་ཡིན་ནོ། །ཅི་སྟེ་ཡང་གཏི་མུག་མ་རིག་པའི་རང་བཞིན་ཡིན་པས་རྣམ་པ་ཐམས་ཅད་དུ་བླང་བར་བྱ་བ་མ་ཡིན་པ་ཡིན་ཏེ། ཇི་ལྟར་ན་སླར་ཡང་དེ་ཉིད་ཁས་ལེན་པར་བྱེད་ཅེ་ན། སྡུག་བསྔལ་ཞེས་པ་ལ་སོགས་པ་གསུངས་ཏེ། རྨོངས་པ་ནི་རྣམ་པ་གཉིས་ཏེ། འཁོར་བར་འཇུག་པའི་རྒྱུ་དང་། དེ་ཉེ་བར་ཞི་བའི་རྒྱུའོ། །དེ་ལ་གང་འཁོར་བའི་རྒྱུ་ཡིན་པ་དེ་ནི་སྤང་བར་བྱ་བ་ཉིད་དོ། །གང་གཞན་ནི་སྡུག་བསྔལ་བརྒྱུད་པ་ཉེ་བར་ཞི་བར་བྱ་བའི་དོན་དུ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་སྐྱེ་བ་ལ་སོགས་པ་གདུང་པ་ལྡོག་པའི་ རྒྱུ་མཚན་ཡིན་ལ། འབྲས་བུ་རྨོངས་པ་སྟེ། འབྲས་བུ་དོན་དམ་པའི་བདེན་པའི་མཚན་ཉིད་རྟོགས་པའི་ཆེད་དུ་ཡིན་ལ། རྨོངས་པ་དེ་ཡང་བཟློག་པར་མི་བྱ་སྟེ། དགག་པར་མི་བྱ་བ་ཡིན་ལ། བླང་བར་བྱ་བ་ཉིད་ཡིན་ཏེ། དོན་དམ་པ་ལ་མཁོ་བ་ཡིན་པའི་ཕྱིར་རོ། །བསམ་པ་ནི་འདི་ཡིན་ ཏེ། དགོས་པ་དེ་ཡང་ཆེན་པོ་རྣམས་ཀྱིས་བདག་ཉིད་བདེ་བ་འདོད་པས་ལེགས་པ་མ་ཡིན་ལ། འོན་ཀྱང་སེམས་ཅན་ཐམས་ཅད་ཀྱི་མཐར་ཐུག་པའི་སྡུག་བསྔལ་ཐམས་ཅད་བཅད་པའི་དོན་དུ་ཡིན་ཏེ། དེ་ཡང་ཐབས་སུ་གྱུར་པ་དོན་དམ་པར་རྟོགས་པ་ཡིན་ནོ། །དེའི་ཡང་ཐབས་སུ་ གྱུར་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ཏེ། ཀུན་རྫོབ་མེད་པར་དོན་དམ་པ་མི་རྟོགས་པའི་ཕྱིར་རོ། །དེ་ལྟར་ན་སྡུག་བསྔལ་ཉེ་བར་ཞི་བའི་དོན་ནི་རྨོངས་པའི་འབྲས་བུ་ཡིན་ནོ། །འབྲས་བུ་འདི་ནི་དགོས་པའི་དོན་དུ་མ་དཔྱད་པར་ཞེས་པའི་སྐབས་སུ་སྔར་བསྟན་པ་ཉིད་ཡིན་ཏེ། སླར་ ཡང་འདི་སྤྲོས་ནས་བརྗོད་པ་ཡིན་ནོ། །གལ་ཏེ་དེ་ལྟར་ན་ཡང་། ཇི་ལྟར་སྡུག་བསྔལ་ཞི་བའི་རྒྱུ་ཡིན་པའི་ཕྱིར་འབྲས་བུ་རྨོངས་པའི་མ་རིག་པའི་རང་བཞིན་ཁས་ལེན་པ་དེ་བཞིན་དུ་བདག་ཏུ་རྨོངས་པ་ཡང་གཞག་པར་བྱ་སྟེ། དེའི་རྒྱུ་ཡིན་པའི་ཕྱིར་ལ། དེ་ཇི་ལྟར་བདག་འགེགས་པར་ འབད་པའི་སྒོ་ནས་བྱེད། དེ་ཡོད་ན་བདག་བསྒོམས་པས་ངར་འཛིན་པ་ཟད་པའི་ཕྱིར་འཁོར་བ་བཟློག་པར་འགྱུར་ལ། དེ་ལྟ་བས་ན་བདག་མེད་པ་བསྒོམས་པས་ཅི་ཞིག་བྱ་ཞེ་ན། སྡུག་བསྔལ་རྒྱུ་ཡི་ཞེས་པ་ལ་སོགས་པ་གསུངས་ཏེ། ཇི་ལྟར་འབྲས་བུ་རྨོངས་པ་སྡུག་བསྔལ་ཞི་བའི་རྒྱུ་
Page: 400 ༄༅། །དེ་བཞིན་དུ་གཉིས་པ་བདག་ཏུ་རྨོངས་པ་ནི་མ་ཡིན་ནོ། །དེ་ཡོད་པས་ན་ངར་འཛིན་པ་ཟད་པར་མི་འགྱུར་བའི་ཕྱིར་རོ། །སླར་ཡང་བདག་ཏུ་རྨོངས་པར་འགྱུར་ཏེ། བདག་མེད་པ་ལ་ཕྱིན་ཅི་ལོག་ཏུ་མཐོང་བའི་ཕྱིར་རོ། །སླར་ང་རྒྱལ་འཕེལ་བར་འགྱུར་ཏེ། འཕེལ་ བ་ཉེ་བར་སྐྱེ་བར་འགྱུར་རོ། །ཇི་ལྟ་བུར་གྱུར་པ་ཞེ་ན། སྡུག་བསྔལ་གྱི་རྒྱུ་སྟེ་སྡུག་བསྔལ་བའི་འཁོར་བའི་སྡུག་བསྔལ་གསུམ་གྱི་འཁོར་བའི་རྒྱུ་སྟེ་བྱེད་པའི་རྒྱུ་ཡིན་ལ། ངར་འཛིན་པ་ཟད་པ་ལས་ཀྱང་སྡུག་བསྔལ་ཞི་བར་འདོད་དོ། །བདག་ཏུ་ལྟ་བ་ཡོད་ན་ཇི་ལྟར་འདི་ལྡོག་པར་འགྱུར་ ཏེ། རྒྱུའི་ནུས་པ་མ་ཚང་བ་མེད་པ་ལ་འབྲས་བུ་ལྡོག་པ་མི་རིགས་པའི་ཕྱིར་རོ། །དེས་ན་སྡུག་བསྔལ་ཀྱང་མི་ལྡོག་གོ། །འདི་ལྟར་ཡང་བདག་མཐོང་བས་འདུས་བྱས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་བདག་གོ་ཞེས་ཞེན་པའི་དྲན་པ་སྐྱེ་བར་འགྱུར་རོ། །དེས་ན་སྡུག་ བསྔལ་ཕྱིར་བཅོས་པར་འདོད་ཅིང་། བདེ་བ་འདོད་པའི་ཉེས་རྣམས་བསྒྲིབས་ནས་དེ་དོན་དུ་གཉེར་བས་ཡོན་ཏན་དུ་སྒྲོ་བཏགས་པས་དེ་བསྒྲུབ་པ་རྣམས་ལ་འཇུག་སྟེ། ཁོ་བོ་ལ་ཕན་པ་བྱེད་པའོ་ཞེས་བློ་སྐྱེ་བར་འགྱུར་རོ། །ང་དང་བདག་ཅེས་མཐོང་བའི་ཕྱིར་གེགས་བྱེད་པའི་ཞེ་སྡང་ དུ་འགྱུར་ལ། དེས་ན་སྡུག་བསྔལ་མཐའ་དག་གི་རྒྱུ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཉིད་ཐོབ་ཅིང་རྒྱས་པར་འཇུག་གོ། །དེ་ལྟར་ན་བདག་ཏུ་རྨོངས་པ་རབ་ཏུ་འཇུག་པས་སྡུག་བསྔལ་གྱི་རྒྱུ་ངར་འཛིན་པར་འགྱུར་རོ། །དེ་སྐད་དུ། སློབ་དཔོན་གྱི་ཞལ་སྔ་ནས། གང་ཞིག་ ང་ཞེས་བདག་མཐོང་བ། །དེ་ལ་རྟག་པ་ཉིད་དུ་ཆགས། །ཆགས་པས་བདེ་ལ་སྲེད་འགྱུར་ཞིང་། །སྲེད་པས་སྐྱོན་རྣམས་སྦེད་པར་བྱེད། །ཡོན་ཏན་མཐོང་བ་ཡོངས་སུ་སྲེད། །ང་ཡི་ཞེས་དེའི་སྒྲུབ་བྱེད་ལེན། །དེས་ན་ཇི་སྲིད་བདག་སྔོན་ཆགས། །དེ་སྲིད་དེ་ནི་འཁོར་བ་ཡིན། ། བདག་ཡོད་ན་ནི་གཞན་དུའང་ཤེས། །བདག་གཞན་ལ་ཆགས་འཛིན་དང་སྡང་། །འདི་དག་དང་ནི་ཀུན་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་གསུངས་སོ། །འདི་ལྟར་བདག་ལ་ཆགས་པའི་ངར་འཛིན་པ་བཟློག་པར་ནུས་པ་མ་ཡིན་ནོ། །དེ་ལས་ཀྱང་བཟློག་
Page: 401 མེད་ཅེ་ན་ཞེས་པ་ལས། དེ་ལས་ཀྱང་ཞེས་བྱ་བ་ནི་བདག་མཐོང་བ་ལས་ཀྱང་ངོ་། །བཟློག་མེད་པ་ནི་བཟློག་པར་མི་ནུས་པའོ། །གལ་ཏེ་བདག་ཏུ་འཛིན་པ་ཡིན་ན། དེའི་ཚེ་བདག་མེད་དུ་བསྒོམས་པས་མཆོག་ཡིན་ནོ། །བདག་མེད་པ་ནི་གང་ཟག་ལ་སོགས་པ་དང་བྲལ་བ་ཡིན་ལ། བསྒོམ་པ་ནི་གོམས་པའོ། །མཆོག་ནི་གཙོ་བོ་ཡིན་ཏེ། བདག་ཏུ་ལྟ་བའི་མི་འཇུག་པ་ན་ངར་འཛིན་པ་ལྡོག་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདི་ཡང་རེ་ཞིག་བཞག་ནས་ཕྱི་ནས་སྤོང་བར་འགྱུར་ཏེ། དངོས་པོར་དམིགས་པ་ཡིན་པའི་ཕྱིར་རོ། །འདི་ལྟར་ཡང་བསྒོམ་པ་རབ་ཀྱི་མཐར་ཕྱིན་ པ་ལས། མངོན་སུམ་དུ་བདག་མེད་པ་མཐོང་བའི་ཕྱིར་དེ་དང་འགལ་བའི་འཇིག་ཚོགས་ལ་ལྟ་བ་ལྡོག་པར་འགྱུར་རོ། །དེ་ལོག་ན་ཡང་གཅིག་ཏུ་རྗེས་སུ་འགྲོ་བ་མཐོང་བ་མེད་པའི་ཕྱིར་ཕྱི་མ་དང་སྔ་མ་ངོ་བོས་སྟོང་པའི་སྐད་ཅིག་ཙམ་མཐོང་བ་ཡིན་ནོ། །དེ་ལྟ་བས་ན་སྔ་མ་དང་ཕྱི་མར་སྒྲོ་འདོགས་པ་ དང་བྲལ་བས་བདག་ལ་མ་འོངས་པའི་བདེ་བ་སྒྲུབ་པར་བྱེད་པ་གཞན་ཅུང་ཟད་ཀྱང་མཐོང་བ་མ་ཡིན་ནོ། །དེ་ལྟ་བས་ན་དེ་ཡུལ་འགའ་ལ་ཡང་ཆགས་པ་སྐྱེ་བར་མི་འགྱུར་རོ། །དེ་དང་འགལ་བ་ལ་ཞེ་སྡང་བ་ཡང་མ་ཡིན་ཏེ། ཞེན་པ་མེད་པ་ཉིད་ཡིན་པས་སོ། །གནོད་པ་བྱེད་པ་ལ་ལེན་དུ་ གནོད་པ་བྱེད་པའི་གནས་སུ་མཐོང་བ་ཡང་མ་ཡིན་ཏེ། གང་གིས་གང་ལ་གནོད་པ་བྱེད་པ་གཉིས་པོ་དེ་དག་ལ་ཡང་སྐད་ཅིག་མ་གཉིས་པ་མེད་པའི་ཕྱིར་རོ། །གཞན་གྱིས་གནོད་པ་བྱེད་པ་ལ་རྟོགས་པ་དང་ལྡན་པས་དགྲ་གཞན་འཇོམས་པར་བྱེད་པ་རིགས་པ་མ་ཡིན་ནོ། །གང་ལ་དེས་ བྱས་པ་དེ་ལ་ཡང་ངོ་། དེ་ལྟར་འདོད་ཆགས་ལ་སོགས་པ་ལོག་པ་དང་། གཞན་དེ་ལས་བྱུང་བའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་སྐྱེ་བར་མི་འགྱུར་རོ། །དངོས་པོ་ལ་ནི་གནོད་པར་བྱ་བ་དང་གནོད་པར་བྱེད་པ་ཡོད་པ་མ་ཡིན་ཏེ། ཡང་ན་འདི་ལ་བརྟེན་ནས་འདི་སྐྱེའོ་ཞེས་རྟེན་ཅིང་ འབྲེལ་པར་འབྱུང་བ་ལས་དམིགས་པས་སོ། །འདི་ལྟར་ཡང་གང་ཟག་གིས་སྟོང་པ་དང་། འཇིག་ཚོགས་ལ་ལྟ་བའི་ལོག་པ་ལ་ཉོན་མོངས་པ་སྤྱོད་པར་མི་འགྱུར་ཏེ། རྩ་བ་བཅད་པའི་ཕྱིར་རོ། །ཇི་སྐད་དུ་འཕགས་པ་དེ་བཞིན་གཤེགས་པ་གསང་བའི་མདོ་ལས། ཞི་བའི་བློ་གྲོས་
Page: 402 ༄༅། །འདི་འདི་ལྟ་སྟེ། ཤིང་གི་རྩ་བ་བཅད་པའི་ཡལ་ག་དང་ལོ་མ་དང་འདབ་མ་ཐམས་ཅད་སྐམ་པར་འགྱུར་རོ། །ཞི་བའི་བློ་གྲོས་དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བ་ཉེ་བར་ཞི་བས་ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ་ཞེས་གསུངས་སོ། །དེ་ ལྟ་བས་ན་བདག་མེད་པ་བསྒོམ་པ་མཆོག་ཡིན་ནོ། །ཞར་ལ་བྱུང་བ་རྫོགས་སོ།། །།དེ་ནི་ཡང་བདག་ཏུ་འཛིན་པའི་ཡུལ་སྤྱོད་པ་ལ་འཇུག་གོ། །དེ་ལྟར་འགྱུར་མོད། གལ་ཏེ་དེ་ལྟར་ན་ཡང་བདག་དཔྱད་པས། བོང་བུའི་རྭ་དང་འདྲ་བར་བདག་འཛིན་པའི་ཡུལ་ མེད་པ་དེ་ལྟ་ན་ཡང་ཡན་ལག་ཅན་གྱི་ལུས་དེའི་ཡུལ་དུ་འགྱུར་རོ་ཞེ་ན། འདི་ལ་ལུས་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། ལུས་ཀྱང་རྣམ་པར་དཔྱད་པས་གཅིག་པ་ཉིད་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་སྟོན་པར་བྱེད་དེ། འདི་ལྟར་ཡང་ལག་པ་དང་རྐང་པ་ལ་སོགས་པའི་ཆ་ཉིད་འབའ་ ཞིག་མཐོང་སྟེ། ལུས་གཅིག་ཅེས་པའི་མཐོང་བ་མ་ཡིན་ནོ། །དེ་རྣམས་ལས་གཞན་པའི་ལུས་པོ་ཡང་རིག་པ་མ་ཡིན་ནོ། །གང་གི་ཕྱིར་ལུས་ནི་རྐང་པ་མིན་ཏེ། རྐང་པ་དག་མ་ཡིན་ནོ། །བྱིན་པ་ཡང་ལུས་སུ་མི་འགྱུར་ལ། བརླ་ཡང་མིན་ཏེ། བྱིན་པའི་ཕྱོགས་ཀྱི་ཁྱད་པར་ནི་ ལུས་མ་ཡིན་ནོ། །རྐེད་པ་ཡང་མ་ཡིན་ནོ། །རྐེད་པ་ཡང་ལུས་མ་ཡིན་པ་ཁོ་ནའོ། །ལྟོ་བ་ཡང་མ་ཡིན་ཏེ། གསུས་པ་ཡང་མ་ཡིན་ནོ། །རྒྱབ་འདི་ཡང་ལུས་མ་ཡིན་ཏེ། ལུས་འདི་ནི་རྒྱབ་མ་ཡིན་པ་ཉིད་དོ། །བྲང་ཡང་མ་ཡིན་ཏེ། བྲང་གི་དཀྱིལ་འཁོར་ཡང་ལུས་མ་ཡིན་ནོ། ། དཔུང་པ་ཡང་མ་ཡིན་ཏེ། དཔུང་པ་དེ་ཡང་ལུས་སུ་མི་འགྱུར་རོ། །ལག་པ་ཡང་མ་ཡིན་ཏེ། ལག་པ་དག་ལུས་མ་ཡིན་ནོ། །རྩིབ་ལོགས་འདི་ཡང་ལུས་མ་ཡིན་ཏེ། འདིའི་རྩིབ་ལོགས་དག་ཀྱང་ལུས་མ་ཡིན་ནོ། །མཆན་ཁུང་ཡང་མ་ཡིན་ནོ། །ལག་པའི་རྩ་ཡང་ལུས་མ་ ཡིན་ནོ། །འཕྲག་པའི་མཚན་ཉིད་ཀྱང་མ་ཡིན་ཏེ། ཕུང་པོའི་རང་བཞིན་ལུས་མ་ཡིན་ནོ། །མགྲིན་པ་ཡང་ལུས་མ་ཡིན་ཏེ། སྐེ་མ་ཡིན་ནོ། །མགོ་བོ་ཡང་ལུས་མ་ཡིན་ཏེ། མགོ་བོའི་ལུས་སུ་མི་འགྱུར་རོ། །རྐང་པ་ལ་སོགས་པ་ཡང་འཆད་པར་འགྱུར་བའི་བརྟགས་
Page: 403 པས་རྡུལ་ཕྲ་རབ་ཀྱང་མི་གནས་པའི་ཕྱིར་རོ། །ལག་པ་དང་རྐང་པ་ལ་སོགས་པ་གཞན་ཞིག་བཅད་ན་ལུས་པོ་ཞིག་པས་ཤི་བར་ཐལ་བར་འགྱུར་བའི་ཕྱིར་དང་། གཞན་གྱིས་ཁས་བླངས་པ་མེད་པའི་ཕྱིར་ལུས་འདི་རྣམས་སོ་སོར་བདག་མ་ཡིན་ནོ། །དེ་བཞིན་དུ་གང་གི་ཚེ་ལུས་འདི་རྣམས་ སོ་སོའི་རང་བཞིན་མ་ཡིན་པས་འདི་དག་བསྡུས་པ་ཙམ་ལུས་ཡིན་ནོ། །འདི་ལ་ལུས་ནི་གང་ཞིག་ཡིན་ཞེས་ཏེ། ཡང་འདི་ལ་སྟེ་རྐང་པ་ལ་སོགས་པའི་དབྱེ་བ་འདི་རྣམས་མདུན་གནས་ཤིང་ལུས་སུ་རྟོགས་པའི་རྒྱུ་མཚན་འདི་རྣམས་ལ་གང་ཞིག་ལུས་སུ་འགྱུར་ཏེ། ཅུང་ཟད་ཀྱང་མ་ཡིན་ལ། གཅིག་ཀྱང་ངེས་པར་དཔྱད་པ་ན་ལུས་ཀྱི་བདག་ཉིད་གང་ཡང་མི་དམིགས་སོ་ཞེས་པའི་ཐ་ཚིག་གོ། །འོན་ཏེ་དེ་ལྟ་ན་ཡང་འདི་ལྟར་རྐང་པ་ལ་སོགས་པ་རྣམས་སོ་སོར་ལུས་སུ་བརྗོད་པར་བྱ་བ་མ་ཡིན་གྱི། འོན་ཀྱང་ཡན་ལག་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཡིན་པའི་ཕྱིར་ཡན་ལག་ཅན་དང་། ཡན་ལག་ཐམས་ཅད་ལ་འཇུག་པར་འགྱུར་རོ་ཞེ་ན། །འདི་ལ་གལ་ཏེ་འདི་ཞེས་པ་ལ་སོགས་པ་གསུངས་ཏེ། ཡན་ལག་ཐམས་ཅད་ལ་འདི་འཇུག་པ་ན་ཕྱོགས་གཅིག་གིས་འཇུག་གམ། དུས་གཅིག་ཏུ་བདག་ཉིད་ཐམས་ཅད་ཀྱིས་འཇུག །དེ་ལ་གལ་ཏེ་ལག་པ་དང་རྐང་ པ་ལ་སོགས་པ་ཡན་ལག་ཐམས་ཅད་ལ་ལུས་འདི་སྟེ་ཡན་ལག་ཅན་གྱི་ལུས་འདིའོ། །ཕྱོགས་རེ་ཡིས་ནི་གནས་གྱུར་ན། །ཞེས་ཏེ། ཆ་འགའ་ཞིག་གིས་ཆ་ཤས་འགའ་ཞིག་ལ་ཁྱབ་པར་འགྱུར་ན་བདག་ཉིད་ཐམས་ཅད་ཀྱིས་ཐམས་ཅད་ལ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེའི་ ཚེ་འདི་སྐད་བརྗོད་པར་མི་བྱ་སྟེ། གང་གི་ཕྱིར་གང་གི་ཕྱོགས་གཅིག་ཉིད་ཀྱིས་ཆ་ཤས་རྣམས་ལ་འཇུག་པ་ན་དེ་རྣམས་ལ་ཡང་ཕྱོགས་རེ་རེ་ལ། གཞན་གྱི་ཕྱོགས་གཅིག་གིས་འཇུག་གམ། བདག་ཉིད་ཐམས་ཅད་ཀྱིས་འཇུག་ཅེས་རྣམ་པར་རྟོག་པ་མི་ལྡོག་གོ། །དེ་ལ་ཡང་སླར་ ཕྱོགས་གཅིག་གིས་འཇུག་པའི་རྣམ་པར་བརྟག་པ་ཐུག་པ་མེད་པར་ལྡོག་པར་མི་འགྱུར་རོ། །གཞན་ཡང་དེ་ལ་གོ་སྐབས་མེད་པ་ཉིད་ཀྱི་ཕྱིར་ཆ་ཤས་རྣམས་ལ་འཇུག་པ་མ་ཡིན་ནོ་ཞེ་ན། ཆ་ཤས་རྣམས་ཞེས་པ་ལ་སོགས་པ་གསུངས་ཏེ། ཆ་ཤས་རྣམས་ཏེ་དུམ་བུ་རྣམས་ཆ་
Page: 404 ༄༅། །ཤས་རང་རང་གི་གནས་པ་ལ་གནས་པར་འགྱུར་ཏེ། རྣམ་པར་གནས་པ་ཡིན་ལ། དངོས་པོ་རྣམས་རང་རང་གི་གནས་པ་ཡིན་པའི་ཕྱིར་རོ། །དེ་རང་ཉིད་གང་ན་གནས་ཞེས་པ་ནི་དེ་ཡན་ལག་ཅན་རང་ཉིད་གང་ན་གནས་ཞེས་པ་མི་རིག་གོ། །འོན་ཏེ་རྣམ་ པར་རྟོག་པ་གཉིས་པ་ཡིན་ན། དེ་ལ་བདག་ཉིད་ཀུན་གྱིས་ཞེས་པ་ལ་སོགས་པ་གསུངས་ཏེ། བདག་ཉིད་ཐམས་ཅད་ཀྱང་འཇུག་པ་སྲིད་པ་ན་ཆ་ཤས་རྣམས་ལ་སྐབས་མེད་པའི་ཕྱིར། དེ་ཡང་གང་དུ་རང་ཉིད་གནས་ཞེས་ཐལ་བར་འགྱུར་བ་གེགས་མེད་པར་འཇུག་གོ། །དེ་ལྟར་ ན་ཡང་སླར་ཡང་གཞན་བརྗོད་པར་བྱ་སྟེ། བདག་ཉིད་ཀུན་གྱིས་ཏེ་དངོས་པོ་ཐམས་ཅད་ཀྱིས་ཡིན་ཏེ། ཕྱོགས་གཅིག་གིས་མ་ཡིན་པའོ། །ཐམས་ཅད་དུ་ལག་པ་ལ་སོགས་པ་ཡན་ལག་ཐམས་ཅད་ལའོ། །སོགས་པའི་སྒྲས་རྐང་པ་ལ་སོགས་པའི་རྣམས་ལ་ཡིན་ཏེ། གནས་ ཤིང་ཡན་ལག་ཅན་གྱི་ལུས་གལ་ཏེ་འབྲེལ་བ་ཡིན་ཞེ་ན། དེའི་ཚེ་སླར་ཡང་ཉེས་པ་གཞན་འདིར་འགྱུར་རོ་ཞེས་བསྟན་པའི་ཕྱིར། ལག་སོགས་ཞེས་པ་ལ་སོགས་པ་གསུངས་ཏེ། ལུས་ཞེས་པ་ནི་ཡན་ལག་ཅན་གྱི་ལུས་ཡིན་ལ། དེ་རྙེད་པ་དེ་ཉིད་དུ་འགྱུར་ཏེ། དེའི་གྲངས་ ཡོངས་སུ་བཅད་པ་དེ་ཉིད་ཐོབ་པར་འགྱུར་རོ། །ཇི་ཙམ་དུ་ཞེ་ན། ཇི་སྙེད་པ་སྟེ། ལག་པ་ལ་སོགས་པ་དེ་རྣམས་ནི། ལག་པ་དང་རྐང་པ་ལ་སོགས་པ་ཡན་ལག་ཇི་སྙེད་པ་དེ་རྣམས་སུ་འགྱུར་ཏེ། དེའི་གྲངས་ཡོངས་སུ་བཅད་པ་རྣམས་དང་དེ་འབྲེལ་པའི་ཡན་ལག་ཅན་རྣམས་ ཀྱང་དེ་སྙེད་པ་རྣམས་སུ་འགྱུར་ཏེ། དེ་ཆ་ཤས་མེད་པ་ཉིད་ཐམས་ཅད་ཀྱིས་དེ་རྣམས་ལ་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེ་དུ་མ་དང་འབྲེལ་ལས་དུ་མ་ཡིན་པའི་ཕྱིར་གཞན་དུ་གཅིག་ཏུ་འགྱུར་བ་མ་ཡིན་ནོ། །ཐལ་བར་འགྱུར་བ་འདི་དུ་མ་ཡུལ་གཅིག་ཏུ་འཇུག་པའི་ཕྱོགས་ལ་ཡང་སྦྱར་ བར་བྱ་སྟེ། དེ་བཞིན་དུ་ཁ་བསྒྱུར་བ་དང་། མ་བསྒྱུར་བ་དང་། བསྒྲིབས་པ་དང་། མ་བསྒྲིབས་པ་དང་། གཡོ་བ་དང་། མི་གཡོ་བ་ལ་ཡང་ཇི་ལྟར་རིགས་པར་བརྗོད་པར་བྱའོ། །དེ་ལྟར་ན་མངོན་སུམ་ལ་སོགས་པའི་ཚད་མས་རྟོགས་པར་བྱ་བའི་ལུས་ཡོད་པ་མ་ཡིན་ཏེ། གནོད་པར་བྱེད་པའི་
Page: 405 བརྗོད་མ་ཐག་པ་ཡོད་པས་ཞེས་བསྒྲུབ་པའི་དོན་དུ་མཇུག་བསྡུ་བ། ཕྱི་དང་ནང་ན་ཞེས་པ་ལ་སོགས་པ་གསུངས་ཏེ། ནང་གི་བྱེད་པའི་སྐྱེས་བུ་ནི་སྔར་བཀག་པའི་ཕྱིར་རོ། །ཤ་དང་ཁྲག་ལ་སོགས་པ་རྣམས་རྣམ་པར་དཔྱད་པའི་ཕྱིར། དེ་ནི་ནང་གི་ལུས་མ་ཡིན་ནོ་ཞེས་ཏེ། ད་ནི་ཡང་ཡན་ ལག་ཅན་དགག་པའི་ཕྱིར་ཕྱི་རོལ་ཏེ་མངོན་སུམ་ལ་སོགས་པའི་སྤྱོད་ཡུལ་དུ་གྱུར་པའི་ཕྱི་རོལ་དུ་ས་མ་ཡིན་ནོ། །དེ་ལྟར་ན་ཇི་ལྟར་ན་ལུས་ལག་པ་ལ་སོགས་པ་རྣམས་ལ་རྣམ་པར་གཞག་པར་བྱེད། འོན་ཏེ་ལག་པ་ལ་སོགས་པ་ལས་ཐ་དད་པར་འགྱུར་རོ་ཞེ་ན། ལག་སོགས་ཞེས་པ་ ལ་སོགས་པ་གསུངས་ཏེ། ལག་པ་ལ་སོགས་པའི་ཡན་ལག་རྣམས་ལས་གཞན་ཐ་དད་པ་དམིགས་པའི་མཚན་ཉིད་དུ་གྱུར་པ་ཡོད་པ་མ་ཡིན་ཏེ། དམིགས་པ་མ་ཡིན་ནོ། །ལག་པ་ལ་སོགས་པ་འབའ་ཞིག་དམིགས་པ་ཡིན་ནོ། །དེ་ལྟར་ན་གང་ཡན་ལག་ལ་སོགས་པའི་རང་ བཞིན་མ་ཡིན་ལ། དེ་ལ་བརྟེན་པའི་འབྲེལ་པ་ཡང་མེད་དོ། །ནང་ཡང་ཡོད་པ་མ་ཡིན་ནོ། །དེ་ལ་ཐ་དད་ཡང་ཡོད་པ་མ་ཡིན་ནོ། །དེ་ཞེས་ཏེ་ལུས་སོ། །ཇི་ལྟར་ཉིད་དུ་ཡོད་མིན་ཞེས་ཏེ། ཇི་ལྟར་ཞེས་པ་ནི་ཇི་ལྟར་ཡང་ལུས་མ་དམིགས་པ་ན་དེ་ཡོད་པ་མ་སྲིད་པ་ཉིད་ཀྱིས་འདྲི་བར་བྱེད་ དོ། །ཇི་ལྟར་རྣམ་པ་གང་གིས་ཞེས་སོ། །ཀྱེ་ཞེས་རྣམ་པར་དཔྱོད་པའོ། །ཡོད་ཅེས་ཏེ། དེ་ཡོད་པ་རྣམ་པར་གཞག་པའོ། །གང་གི་ཚེ་འདི་ལྟར་རྣམ་པར་དཔྱད་པས་ལུས་རྣམ་པར་གཞག་པར་མི་ནུས་པ་དེའི་ཚེ། མེད་པ་ཉིད་དུ་དེ་ལ་ཐ་སྙད་བྱའོ་ཞེས་མཇུག་བསྡུ་བའི་ཕྱིར། དེས་ ན་ཞེས་པ་ལ་སོགས་པ་གསུངས་ཏེ། དེས་ན་ལུས་མེད་ཅེས་པ་ནི་གང་གི་ཕྱིར་རྣམ་པར་དཔྱད་པ་བརྗོད་པས་མ་དམིགས་པ་དེའི་ཕྱིར་དམིགས་པའི་མཚན་ཉིད་དུ་གྱུར་པའི་མ་དམིགས་པ་ལས་ལུས་ཡོད་པ་མ་ཡིན་ནོ། །གལ་ཏེ་མེད་ན་འོ་ན་ཇི་ལྟར་ལག་པ་ལ་སོགས་པ་ རྣམས་ལ་ལུས་ཀྱི་བློར་འགྱུར་ཞེ་ན། རྨོངས་ལས་ཞེས་པ་ལ་སོགས་པ་གསུངས་ཏེ། རྨོངས་ལས་ནི་མ་རིག་པའི་དབང་ལས་སོ། །ཀྱང་ཞེས་པ་ལག་པ་ལ་སོགས་པ་རྫས་གཅིག་དང་བྲལ་བ་རྣམས་ལ་ལུས་ཀྱི་བློར་འགྱུར་ཏེ། དོན་དམ་པར་ནི་མ་ཡིན་ནོ། །ཡང་ན་ཀྱང་གི་སྒྲ་
Page: 406 ༄༅། །ནི་ངེས་པར་གཟུང་བ་ཡིན་ཏེ། འདི་ལྟར་ཡང་འཁོར་བ་ཐོག་མ་མེད་པ་ནས་འཇུག་པ་སྐྱེ་བ་བརྒྱུད་པར་ལོག་པར་གོམས་པ་བསགས་པའི་དབང་གིས་དངོས་པོ་ཇི་ལྟར་གནས་པའི་དེ་ཁོ་ན་ཉིད་རབ་ཏུ་རྟོགས་ཀྱང་དེ་ལས་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པའི་རྣམ་ པར་རྟོག་པ་སྐྱེ་བར་འགྱུར་རོ། །དེ་དང་ཉེ་བར་འབྲེལ་པས་འཇིག་རྟེན་ན་ལུས་ལ་སོགས་པའི་ཐ་སྙད་འདི་འཇུག་སྟེ། དོན་དམ་པར་ནི་མ་ཡིན་ནོ། །ཇི་ལྟར་གཞན་དུ་མི་འགྱུར་ཞེ་ན། འདི་ལ་གསུངས་པ། དབྱིབས་སུ་བཀོད་པ་སྟེ། ལག་པ་དང་རྐང་པ་ལ་སོགས་པའི་ དབྱིབས་སུ་དགོད་པ་ལའོ། །དེ་ཉིད་ཀྱི་ཁྱད་པར་གཞན་ལ་ཐ་དད་པའོ། །འཁྲུལ་པའི་རྒྱུ་ཞེས་ལག་པ་ལ་སོགས་པ་ཉིད་ལ་ཡིན་གྱི། ཐམས་ཅད་ལ་ནི་མ་ཡིན་ཏེ། ཡུལ་སོ་སོར་ངེས་པ་ཉིད་འཁྲུལ་པའི་འདོད་པས་ཇི་ལྟ་བུར་ཞེ་ན། མཐོ་ཡོར་ལ་ནི་མི་བློ་བཞིན་ནོ་ཞེས་ཏེ། ཇི་ལྟར་མཐོ་ ཡོར་ལ་མིའི་རང་བཞིན་མེད་ཀྱང་སྐྱེས་པ་དང་མཚུངས་པའི་གྱེན་དུ་འགྲེང་བ་ལ་སོགས་པའོ། །དབྱིབས་ཀྱི་ཁྱད་པར་དམིགས་པ་དང་ལྡན་པ་ན་རིང་པོ་ནས་ཁྱད་པར་ཁོང་དུ་མ་ཆུད་པ་གཞན་གྱི་ཁྱད་པར་འགའ་ཞིག་གི་འཁྲུལ་པས་སྐྱེས་བུའི་བློར་འགྱུར་རོ། །དེ་བཞིན་དུ་སྐབས་སུ་བབ་པ་ལ་ ཡང་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ལྟར་ན་ཡང་ཇི་ལྟར་ཡང་འདི་ཉིད་ལ་བརྟེན་ཏེ་རྨོངས་པ་ཉིད་ཀྱིས་ལུས་ཀྱི་བློ་ཡིན་ལ། དངོས་པོ་མ་ཡིན་ཞེས་པས་ཇི་ལྟར་ཞེ་ན། འདི་ལ་ཇི་སྲིད་རྐྱེན་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ཇི་སྲིད་དུ། གང་དུས་ཀྱི་མཚམས་སུ་བཅད་པའི་རྐྱེན་རྣམས་ཏེ། རྒྱུ་རྣམས་ཡིན་ལ། ས་ལ་སོགས་པའི་ཁམས་དྲུག་དང་། རེག་པ་ལ་སོགས་པའི་སྐྱེ་མཆེད་དྲུག་དང་། ཡིད་ཀྱི་ཉེ་བར་རྒྱུ་བ་བཅྭོ་བརྒྱད་ཀྱི་བདག་ཉིད་ལས་ལ་རག་ལས་པའི་ཚོགས་ཀྱི་བསྒྲུབ་པ་དུས་དེ་སྲིད་ཀྱི་མཚམས་སུ་ལུས་ནི་སྐྱེས་བུ་ལྟ་བུ་སྟེ། དཔེར་ན་སྐྱེས་བུའི་རང་བཞིན་ གྱིས་དོན་དམ་པར་སྟོང་པ་ཡང་ཡོངས་སུ་བརྟགས་པའི་ངོ་བོ་སྐྱེས་བུའི་རང་བཞིན་དུ་རབ་ཏུ་སྣང་བ་དང་ཐ་སྙད་ཀྱང་བྱེད་དོ། །འདི་ནི་མཚོན་པ་ཙམ་ཡིན་ཏེ། བུད་མེད་བཞིན་དུ་ཞེས་བལྟ་བར་བྱའོ། །སྔར་གྱི་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་ན་མ་ཡིན་ལ། ཕྱི་ནས་ཀྱང་མ་ཡིན་ཏེ།
Page: 407 རྣམ་པར་འཐོར་བའི་ཕྱིར་རོ། །ཐལ་བ་ལ་སོགས་པའི་གནས་སྐབས་ན་ཡང་མ་ཡིན་ཏེ། གཉུག་མའི་རང་བཞིན་མེད་པའི་ཕྱིར་རོ། །འདིར་འདི་དང་ཡང་མཚུངས་པར་བསྟན་པའི་ཕྱིར། དེ་བཞིན་ཞེས་པ་ལ་སོགས་པ་གསུངས་ཏེ། དཔེར་ན་རྐྱེན་ཚོགས་པར་ཡོད་པའི་ལུས་སྐྱེས་བུ་བཞིན་དུ་ སྣང་ལ། དེ་མེད་པ་ན་མི་སྣང་ལ། དེ་བཞིན་དུ་སྟེ་ཇི་ལྟར་ལག་པ་ལ་སོགས་པ་ཇི་སྲིད་དུ་རྐྱེན་ཚོགས་པ་དེ་སྲིད་དུ་ལུས་ནི་ལག་པ་ལ་སོགས་པར་སྣང་སྟེ། རྟོག་པའི་དབང་གིས་རབ་ཏུ་སྣང་ལ། དོན་དམ་པར་ནི་མ་ཡིན་ནོ། །དེ་ལྟ་བས་ན་ལུས་ཀྱི་བློ་ནི་ཚོགས་པ་ཚང་བ་ལ་འགྱུར་ལ། དེ་མ་ཚང་ན་མ་ཡིན་ནོ། །དེ་ལྟ་བས་ན་རྨོངས་པ་ཉིད་ལས་ལག་པ་ལ་སོགས་པ་ལ་ལུས་ཀྱི་བློ་ཡིན་ནོ་ཞེས་ངེས་སོ། །འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། རྐྱེན་གྱི་ཚོགས་པ་འདི་དང་འདི་ཡོད་པ་ན་དངོས་པོ་དེ་དང་དེ་མེད་པར་ཡང་འགྱུར་རོ། །དེ་ཁོ་ན་ཉིད་མཐོང་བ་པོ་ནི་འཁྲུལ་ པའི་དབང་གིས་རྣམ་པར་རྟོག་པ་འདི་སྐྱེ་བར་འགྱུར་རོ། །དེའི་དབང་གིས་དབྱིབས་ཀྱི་ཁྱད་པར་རྣམས་ལ་བུད་མེད་དང་སྐྱེས་པ་ལ་སོགས་པའི་ལུས་ཀྱི་ཐ་སྙད་འཇུག་པར་འགྱུར་རོ། །དེ་ལྟ་བས་ན་ཐལ་བ་ལ་སོགས་པའི་གནས་སྐབས་ན་ཚོགས་པ་མ་ཚང་བས་ལྡོག་པར་འགྱུར་ རོ། །དེ་ལྟ་བས་ན་ལུས་ལ་སོགས་པའི་ཐ་སྙད་དངོས་པོ་པ་ནི་མ་ཡིན་ནོ་ཞེས་འཆགས་པར་འགྱུར་རོ། །དེ་སྐད་དུ་ཡང་། གང་ཞིག་གནས་སྐབས་སྤང་བ་ཡི། །ལུས་ཀྱི་རང་བཞིན་སྨྲ་བར་བྱ། །མེར་མེར་པོ་དང་ཐལ་བ་ལས། །དེ་མེད་ཕྲ་མོ་དངོས་པོ་ཡིས། །དེ་རགས་ སྤངས་པས་གནས་ཤེ་ན། །རང་ཉིད་བསྟན་དུ་མེད་པར་འཐོབ། །ལུས་སུ་བརྗོད་པར་ཇི་ལྟར་འགྱུར། །ཞེས་བརྗོད་དོ། །དེ་སྐད་དུ། གང་གི་རྒྱུ་ནི་སྲིད་འགྱུར་བ། །རྐྱེན་ནི་མེད་ན་གནས་མིན་ཏེ། །རྐྱེན་དང་བྲལ་བས་བྲལ་འགྱུར་ལ། །དེ་ཡོད་ཅེས་ནི་ཇི་ལྟར་རྟོག །ཅེས་ གསུངས་སོ། །གཞུང་ཁ་ཅིག་ལས། ཇི་སྲིད་རྐྱེན་ཚོགས་དེ་སྲིད་དུ། །ཤིང་ནི་སྐྱེས་པ་ལྟར་སྣང་བ། །ཞེས་སོ། །དེ་ལ་བཤད་པ་ནི་འདི་ཡིན་ཏེ། ཇི་སྲིད་དུ་ཕྱིན་ཅི་ལོག་གི་ཤེས་པ་ཚོགས་པ་དེ་སྲིད་དུ་སྡོང་དུམ་ལ་སྐྱེས་བུ་བཞིན་དུ་རྟོགས་པ་ཡིན་ཏེ། སྡོང་དུམ་གྱི་རང་བཞིན་
Page: 408 ༄༅། །ལ་སྐྱེས་པ་ལྟར་ཏེ་སྐྱེས་བུ་བཞིན་དུ་རྟོགས་པ་ཡིན་ནོ། །དེ་མེད་ན་ནི་མ་ཡིན་ཏེ། དེ་བཞིན་དུ་ལག་པ་ལ་སོགས་པ་ལའོ། །ཇི་སྲིད་དུ་རྐྱེན་ཚོགས་པ་དེ་སྲིད་དུ་ལག་པ་ལ་སོགས་པ་འདི་ལ་ལུས་སུ་སྣང་སྟེ། རབ་ཏུ་གསལ་བ་ཡིན་ལ། ཕྱི་ནས་ནི་མ་ ཡིན་ནོ། །དེའི་ཕྱིར་གཏི་མུག་ཉིད་ལས་ལུས་ཀྱི་བློ་ཡིན་ནོ་ཞེས་ངེས་པ་ཡིན་ནོ། །གལ་ཏེ་ལུས་མེད་ན་ཡང་ལག་པ་དང་རྐང་པ་རྣམས་ཀྱི་ཡན་ལག་རྣམས་མངོན་སུམ་གྱིས་མཐོང་བའི་ཕྱིར་དགག་པར་མི་ནུས་སོ་ཞེས་དགོངས་ནས། ལག་པ་ལ་སོགས་པ་རྣམས་ལ་གཞན་གྱིས་བརྟགས་ པའི་རང་བཞིན་ཉིད་དོ་ཞེས་བསྟན་པའི་ཕྱིར། དེ་བཞིན་སོར་མོའི་ཞེས་པ་ལ་སོགས་པ་གསུངས་ཏེ། ཇི་ལྟར་རྣམ་པར་དཔྱད་པ་ན་ལུས་མེད་པ་དེ་བཞིན་དུ་ལག་པ་དང་རྐང་པ་ལ་སོགས་པ་ཡང་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་སོར་མོ་རྣམས་ཀྱི་ཚོགས་ཏེ་བསྡུས་པ་རྣམས་ཡིན་ལ། སོར་མོ་རྣམས་ཞེས་པ་ཉེ་བར་མཚོན་པ་ཡིན་ཏེ། རྟིང་པ་ལ་ཡང་བལྟ་བར་བྱའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །དེ་ལྟ་བས་ན་དེའི་རང་བཞིན་ཞེས་པའི་དོན་ཏོ། །རྐང་པ་ཡང་གང་ཞིག་ཡིན་འགྱུར་ཏེ། དེ་དག་བསྡུས་པ་མ་གཏོགས་པར་རྣམ་པར་དཔྱད་པ་ན་ཅུང་ཟད་ཀྱང་མ་ཡིན་ནོ་ ཞེས་དགོངས་སོ། །སོར་མོའི་ཚོགས་ཀྱང་རང་བཞིན་གཅིག་པ་མ་ཡིན་ནོ་ཞེས་གསུངས་པ། དེ་ཡང་ཞེས་པ་ལ་སོགས་པ་སྟེ། དེ་ཡང་ནི་སོར་མོའི་ཚོགས་ཀྱང་ངོ་། །རྣམ་པར་དཔྱད་པ་ན་དངོས་པོར་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཚིགས་ཀྱི་ཚོགས་རྣམས་བསྡུས་པ་ཡིན་ པའི་ཕྱིར་རོ། །གང་ཞིག་ཡིན་ཞེས་པའི་རང་བཞིན་དང་འབྲེལ་ཏེ། ཚིགས་ཀྱང་སོ་སོར་དངོས་པོ་མ་ཡིན་ནོ་ཞེས་གསུངས་པ་ཚིགས་ཀྱང་ཞེས་ཏེ་དངོས་པོ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཆ་ཕྱེ་བས་སོ། །རང་གིས་ཏེ་བདག་ཉིད་ཀྱིས་ཆ་ཤས་རྣམས་ཕྱེ་བས་ཏེ་རྣམ་པར་ཕྱེ་བས་སོ། ། ཆ་ཡང་དེ་ཁོ་ན་ཉིད་དུ་མེད་དོ་ཞེས་གསུངས་པ། ཆ་ཡང་སྟེ་རྡུལ་ཕྲ་རབ་ཕྱེ་བས་སོ། །ཆ་ནི་ཚོགས་ཀྱི་ཆའོ། །ཡང་ནི་རྡུལ་ཕྲ་རབ་ཕྱེ་བས་ཏེ། རྡུལ་ཕྲ་རབ་ཀྱི་ཆའི་རྣམ་པར་ཕྱེ་བས་ཕྱིར་བཏགས་པ་ཉིད་ཀྱི་རྡུལ་ཕྲ་རབ་རྣམས་ཀྱང་སོ་སོར་དོན་དམ་པར་ཡོད་པ་མ་ཡིན་ནོ་ཞེས་གསུངས་པ། རྡུལ་
Page: 409 དེ་ལ་ཡང་ཆའི་དབྱེ་བ་ཡིས་ཞེས་ཏེ། ཕྱོགས་ནི་ཤར་དང་ནུབ་དང་ལྷོ་དང་བྱང་དང་སྟེང་དང་འོག་གི་ཕྱོགས་རང་བཞིན་རྣམས་ཏེ་དབྱེ་བའི་ས་སྣ་ཚོགས་པའི་ཕྱིར་རོ། །དེ་ནི་རྣམ་པར་དབྱེ་བས་ཕྱེ་བ་ཉིད་ཀྱི་རྡུལ་ཕྲ་རབ་རྣམས་ཆ་དྲུག་ཏུ་འགྱུར་རོ། །ཕྱོགས་དབྱེ་སྟེ་ཕྱོགས་རེ་རེ་སོ་སོ་ན་གནས་པ་ སྣ་ཚོགས་པའི་གཟུགས་ཀྱི་ཆ་རྡུལ་ཕྲ་རབ་རྣམས་དེ་ལས་ཕྱེ་བས་དེའི་རང་བཞིན་གནས་པ་མ་ཡིན་ནོ། །ཕྱོགས་ཀྱི་ཆ་དབྱེ་བ་གང་ལ་ཡོད་ཀྱང་དེ་ལ་གཅིག་ཏུ་མི་རིགས་སོ་ཞེས་པས་སོ། །འདི་ལྟར་ཡང་ཤར་དང་ནུབ་ལ་སོགས་པའི་ཕྱོགས་གནས་པའི་རྡུལ་ཕྲ་རབ་ལ་མངོན་པར་ཕྱོགས་ པ་གང་ཡིན་པའི་རྡུལ་ཕྲ་རབ་དབུས་ན་གནས་པའི་རང་བཞིན་གྱི་རྡུལ་ཕྲ་རབ་དེ་གཅིག་ཉིད་ཡིན་ནམ། གཞན་དང་གཞན་ཡིན། གལ་ཏེ་གཅིག་ཡིན་ནོ་ཞེས་པའི་ཕྱོགས་ཡིན་ན་དེའི་ཚེ་བསྐོར་བར་གནས་པའི་རྡུལ་ཕྲ་རབ་ཐམས་ཅད་གཅིག་ཏུ་ཐལ་བར་འགྱུར་རོ། །གང་གི་ཕྱིར་ཤར་ ཕྱོགས་ན་གནས་པའི་རྡུལ་ཕྲ་རབ་ཀྱི་ཡུལ་དེ་མེད་པར་ནུབ་ཕྱོགས་ལ་སོགས་པ་ན་གནས་པའི་རྡུལ་ཕྲ་རབ་ཤར་གྱི་ཡུལ་ན་གནས་པའི་མངོན་པར་ཕྱོགས་པའི་ངོ་བོའི་མངོན་པར་ཕྱོགས་པར་མི་འགྱུར་རོ། །གཞན་དུ་ན་རང་བཞིན་ཐ་དད་པར་ཐལ་བར་འགྱུར་བས་ཡུལ་གཅིག་ན་ གནས་པ་ཡང་ཡིན་ནོ། །དེ་ཁོངས་སུ་འདུས་པ་མེད་པ་ན་ཤར་ཕྱོགས་ན་གནས་པ་མ་ཡིན་ནོ། །རྡུལ་ཕྲ་རབ་གཞན་དང་གཞན་དག་དང་། རྡུལ་ཕྲ་རབ་བདག་ཉིད་ཐམས་ཅད་དང་འབྲེལ་པས་དེའི་རང་བཞིན་དུ་འདུས་པའི་ཕྱིར་རྫས་རྡུལ་ཕྲ་རབ་ཙམ་དུ་འགྱུར་རོ། །དེ་ལྟར་ཡིན་ན་ ཡང་བསགས་པའི་ངོ་བོའི་ངོ་བོ་ལ་སོགས་པར་མི་འགྱུར་རོ། །དེའི་ཕྱིར་ས་ལ་སོགས་པ་རྣམས་ཀྱི་ཚོགས་འདོད་པ་རྣམས་ཀྱི་ཕྱོགས་གཉིས་པ་ཉིད་ཁས་བླང་བར་བྱའོ། །དེའི་ཚེ་ཡང་གཞན་དང་གཞན་དྲུག་པོ་རྣམས་དང་དུས་གཅིག་ཏུ་འབྲེལ་པས་དབུས་ན་གནས་པའི་རྡུལ་ཕྲ་རབ་ཆ་ དྲུག་ཏུ་འགྱུར་རོ། །དེ་དང་དེ་ན་གནས་པའི་རྡུལ་ཕྲ་རབ་གཞན་དང་གཞན་དག་འབྲེལ་པས་རྡུལ་ཕྲ་རབ་དེའི་རང་བཞིན་ཐ་དད་པའི་ཕྱིར་འདི་ལྟར་རྡུལ་ཕྲ་རབ་ཀྱང་གཅིག་ཏུ་མི་འཐད་དོ། །དེ་ལྟར་ཡང་སློབ་དཔོན་གྱི་ཞལ་སྔ་ནས། །དྲུག་གིས་ཅིག་ཅར་སྦྱར་བས་ན། །ཕྲ་རབ་
Page: 410 ༄༅། །རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་གསུངས་སོ། །དེ་རྣམས་ཀྱང་ཆ་ཕྲ་བ་རྣམས་ཡིན་ནོ། །དེ་བཞིན་དུ་དཔྱད་པ་ན་བདག་མེད་པ་ཉིད་ཀྱི་ནམ་མཁའི་རང་བཞིན་དུ་རྟོགས་པར་བྱེད་པས། ཕྱོགས་ དབྱེ་ཡང་ཞེས་པ་ལ་སོགས་པ་གསུངས་ཏེ། ཕྱོགས་ཀྱི་དབྱེ་བ་ཡང་ཕྱོགས་ཀྱི་དབྱེ་བ་རྡུལ་ཕྲ་རབ་རྣམས་ཀྱི་རྡུལ་ཕྲ་རབ་ཀྱི་ཆ་ཡང་སྔར་བཞིན་དུ་ཆ་དྲུག་ཏུ་ཕྱེ་བ་ན་ཅི་ཞིག་ཡིན་པར་འགྱུར་ཏེ། དངོས་པོ་ཅུང་ཟད་ཀྱང་མ་ཡིན་ནོ། །སྔ་མ་ཐམས་ཅད་ལ་སྦྱར་བར་བྱའོ། །ཅིའི་ཕྱིར་ཞེ་ན། ཆ་ཤས་ དང་བྲལ་བའི་ཕྱིར་ཏེ། ཆ་མེད་པའི་ཕྱིར་རོ། །དེའི་ཕྱིར་མངོན་པར་ཕྱེ་བ་དང་། རང་བཞིན་མེད་པ་ཉིད་ཀྱིས་ནམ་མཁའ་སྟོང་པ་ཉིད་ཡིན་ནོ། །དེ་རྒྱུ་དེས་ན་རྡུལ་ཡང་མེད་དོ། །རྡུལ་ཕྲ་རབ་མེད་པའི་ཕྱིར་འདི་ལྟར་ལག་པ་ལ་སོགས་པ་ཡང་རྣམ་པར་དཔྱད་པས་རང་བཞིན་མེད་པར་བལྟ་བར་བྱའོ། ། དེས་ན་ལུས་ཀྱང་དོན་དམ་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། གཅིག་དང་དུ་མ་དང་བྲལ་བར་བསྟན་པའི་ཕྱིར་རོ། །དེ་ལྟར་ན་ཡང་སྐྲ་ལ་སོགས་པ་རྣམས་བདག་ཀྱང་མ་ཡིན་ལ་སེམས་ཀྱང་མ་ཡིན་ཞིང་། ལུས་དངོས་པོ་ལ་ངར་འཛིན་པའི་ཡུལ་མ་ཡིན་ནོ། །དེ་ལྟ་བས་ན་མ་རིག་ པས་ཀུན་ནས་བསླང་བའི་བདག་ཉིད་ཀྱིས་བདག་ལ་སོགས་པ་ལ་ཡོད་པ་མ་ཡིན་ཡང་བདག་ཅེས་འཇུག་པར་འགྱུར་བས། ཤེས་པ་ནི་ཡུལ་མེད་པ་ཉིད་དུ་སྐྱེ་བར་འགྱུར་རོ། །དེས་ནི་ཇི་སྐད་དུ། བདག་ཉིད་གང་ཡང་ཡོད་མིན་པས། །འཇིགས་པར་འགྱུར་བ་སུ་ཞིག་ཡིན། །ཞེས་ པས་བསྒྲུབས་པ་ཡིན་ནོ། །འདི་དག་ཐམས་ཅད་ཀྱིས་ལུས་དྲན་པ་ཉེ་བར་གཞག་པ་བསྟན་པར་འགྱུར་རོ། །གང་གསུངས་པ་ཆོས་ཡང་དག་པར་སྡུད་པ་ལས། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཉིད་འདི་ལྟར་ལུས་འདི་ནི་རྐང་པ་དང་། རྐང་སོར་དང་། བྱིན་པ་དང་། བརླ་དང་། བཅུ་དྲུག་མདོ་དང་། ལྟོ་བ་དང་། ལྟེ་བ་དང་། སྒལ་ཚིགས་དང་། སྙིང་དང་། རྩིབ་ལོགས་དང་། རྩིབ་མ་དང་། ལག་པ་དང་། ལག་ངར་དང་། དཔུང་པ་དང་། ཐལ་གོང་དང་། མཇིང་པ་དང་། འགྲམ་པ་དང་། དཔྲལ་བ་དང་། མགོ་བོ་དང་། མགོ་བོའི་ཐོད་པ་འདུས་
Page: 411 པ་ཙམ་སྟེ་ལས་འབྱུང་བའི་བྱེད་པས་བསགས་པ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་། ཀུན་ཏུ་རྟོག་པ་དང་རྣམ་པར་རྟོག་པ་ཐ་དད་པ་བརྒྱ་སྟོང་གི་གནས་སུ་གྱུར་པའོ། །འདིར་རྫས་མང་པོ་འདུས་པ་འདི་ལྟ་སྟེ། སྐྲ་དང་། སྤུ་དང་། སེན་མོ་དང་། སོ་དང་། རུས་པ་དང་། པགས་པ་དང་། ཤ་དང་། ཤའི་ཕྱི་དང་། རྒྱུས་པ་དང་། ཚིལ་དང་། ཞག་དང་། ཆུ་སེར་དང་། མཆེར་པ་དང་། གཅིན་དང་། ཕྱི་ས་དང་། ཕོ་བ་དང་། ལོང་ཀ་དང་། ཁྲག་དང་། སྣབས་དང་། མཁྲིས་པ་དང་། རྣག་དང་། མཆིལ་མ་དང་། གླད་པ་དང་། གླད་རྒྱས་རྣམས་ཏེ། དེ་ལྟར་ན་རྫས་ མང་པོ་འདུས་པ་ཡིན་ན་འདི་ལ་ལུས་ཞེས་ཇི་སྐད་དུ་བྱ་སྙམ་དུ་ལུས་དྲན་པ་ཉེ་བར་འཇོག་གོ། །དེ་སོ་སོར་རྟོག་པ་ན་འདི་སྙམ་དུ་སེམས་ཏེ། ལུས་འདི་ནི་ནམ་མཁའ་དང་མཚུངས་སོ་སྙམ་ནས་དེ་ལུས་ལ་ནམ་མཁའ་ལྟར་དྲན་པ་ཉེ་བར་འཇོག་གོ། །དེ་ཐམས་ཅད་ནམ་མཁའ་ལྟར་ མཐོང་ངོ་། །དེ་ལུས་ཡོངས་སུ་ཤེས་པའི་ཕྱིར་ཡང་གང་དུ་ཡང་དྲན་པ་མི་འཇུག་གོ། །རྣམ་པར་མི་འཇུག་གོ། །རྣམ་པར་མི་འཕྲོའོ་ཞེས་འབྱུང་ངོ་། །ཡང་གསུངས་པ། ལུས་འདི་ནི་སྔོན་གྱི་མཐའ་ནས་ཀྱང་མ་འོངས། ཕྱི་མའི་མཐའ་ཡང་མི་འཕོ། སྔོན་གྱི་མཐའ་དང་ཕྱི་ མའི་མཐའ་ལས་ཀྱང་མི་གནས་ཏེ། གཞན་དུ་ན་ཡང་དག་པ་མ་ཡིན་པའི་ཕྱིན་ཅི་ལོག་ལས་བྱུང་བ་བྱེད་པ་པོ་དང་། ཚོར་བ་པོ་མེད་པ། ཐོག་མ་དང་ཐ་མ་དང་དབུས་མེད་པ། རྩ་བ་གནས་པ་མེད་པ། བདག་པོ་མེད་པ། ང་ཡི་བ་མེད་པ། ཡོངས་སུ་འཛིན་པ་མེད་པ་སྟེ། ཚིགས་ ཞེས་བྱ་བ་དང་། ལུས་ཞེས་བྱ་བ་དང་། ལོངས་སྤྱོད་ཅེས་བྱ་བ་དང་། གནས་ཞེས་བྱ་བ་དང་། རོ་ཞེས་བྱ་བ་དང་། སྐྱེ་མཆེད་ཅེས་བྱ་བ་ནི་གློ་བུར་གྱི་ཐ་སྙད་རྣམས་ཀྱི་ཐ་སྙད་བཏགས་པའོ། །ལུས་འདི་ནི་སྙིང་པོ་མེད་པ་སྟེ། ཕ་མའི་ཁུ་བ་དང་། ཁྲག་ལས་བྱུང་བའི་མི་ གཙང་བ་རུལ་པ། རང་བཞིན་གྱིས་དྲི་མི་ཞིམ་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལས་འཇིགས་པ་དང་། སྒྱིད་ལུག་པའི་རྐུན་པོས་དཀྲུགས་པ། རྟག་ཏུ་འཇིགས་པས་འབྲུལ་བ་བྲལ་བ། རྣམ་པར་འཐོར་བ། རྣམ་པར་འཇོམས་པའི་ཆོས་ཅན། ནང་ཐ་དད་
Page: 412 ༄༅། །པ་བརྒྱ་སྟོང་གི་ཚང་ངོ་སྙམ་དུ་ལུས་དྲན་པ་ཉེ་བར་འཇོག་གོ་ཞེས་འབྱུང་ངོ་། །དེ་བཞིན་དུ་གང་གི་ཚེ་རྣམ་པར་དཔྱད་པ་ན་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་ནམ་མཁའ་དང་འདྲ་བར་རྣམ་པ་ཐམས་ཅད་དུ་ལུས་ཡིན་ན། དེའི་ཚེ་ལོག་པ་ཉིད་ཀྱི་དངོས་པོའི་དེ་ཁོ་ ན་ཉིད་དུ་སྒྲོ་བཏགས་ནས། འདོད་ཆགས་ལ་སོགས་པ་བསྐྱེད་པས་བྱིས་པ་རྣམས་འཁོར་ཉེ་བར་འཕེལ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཞེས་པ་སྟེ་བརྗོད་པའི་རིམ་པས་སོ། །རྨི་ལམ་ལྟ་བུ་ནི་རྨི་ལམ་ལ་དམིགས་པ་ ཉིད་ཀྱི་དངོས་པོ་ལ་ཡིད་མི་བདེ་བའི་གནས་ལ་སུ་ཞིག་ཆགས་པར་འགྱུར་ཏེ། གང་ཞིག་ཞེན་པར་འགྱུར། འདི་ཡང་མཚོན་པ་ཙམ་ཡིན་པའི་ཕྱིར་སུ་ཞིག་ཞེ་སྡང་བར་འགྱུར་ཞིང་སུ་ཞིག་རྨོངས་པར་འགྱུར་ཞེས་ཀྱང་རིག་པར་བྱའོ། །དེ་བཞིན་དུ་ཡིད་བདེ་བའི་གནས་རྣམས་ལ་མིག་དག་ གིས་གཟུགས་སྣ་ཚོགས་མཐོང་ནས་ཆགས་པ་སྐྱེ་བར་འགྱུར་རོ། །ཡིད་མི་བདེ་བའི་གནས་རྣམས་ལ་མིག་དག་གིས་གཟུགས་རྣམས་སུ་མཐོང་ནས་ཞེ་སྡང་སྐྱེ་བར་འགྱུར་རོ། །བཏང་སྙོམས་ཀྱི་གནས་རྣམས་ལ་མིག་དག་གིས་གཟུགས་རྣམས་མཐོང་ནས་གཏི་མུག་སྐྱེ་ བར་འགྱུར། །གང་དེ་དག་ཡིད་དང་རྗེས་སུ་མི་མཐུན་པ་མེད་པའི་གཟུགས་དང་རྗེས་སུ་མཐུན་པར་སྤྱོད་དེ། དེས་འདི་ལ་ཆགས་པ་སྐྱེ་བར་འགྱུར་རོ། །ཡིད་དང་རྗེས་སུ་མི་མཐུན་པའི་གཟུགས་རྣམས་ལ་ནི་མི་མཐུན་པར་སྤྱོད་དེ། དེས་འདི་ལ་ཞེ་སྡང་སྐྱེ་བར་འགྱུར་རོ། ། རྗེས་སུ་མཐུན་པར་ཡང་མ་ཡིན། རྗེས་སུ་མི་མཐུན་པ་ཡང་མ་ཡིན་པ་རྣམས་ལ་རྨོངས་པས་སྤྱོད་དེ། དེས་འདི་ལ་གཏི་མུག་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་སྒྲ་ལ་སོགས་པ་རྣམས་ལ་རྣམ་པ་གསུམ་དུ་དམིགས་ཤིང་ཉམས་སུ་མྱོང་བ་སྔར་བཞིན་ནོ། །དེ་ལ་གང་དཔྱོད་ ལྡན་སུ་ཞིག་ཅེས་ཏེ། ཤིན་ཏུ་ཡང་མིག་གི་སྐྱེ་མཆེད་ཀྱི་རང་བཞིན་གྱིས་སྟོང་ངོ་། །དེས་སྔོན་གྱི་མཐའ་ཡང་མི་དམིགས་ལ། ཕྱི་མའི་མཐའ་ཡང་མི་དམིགས་ཤིང་། དབུས་ཀྱང་མི་དམིགས་ཏེ། རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །དེ་བཞིན་དུ་རྣ་བ་ལ་སོགས་
Page: 413 པ་གཞན་ལ་ཡང་རིག་པར་བྱའོ། །དེ་བཞིན་དུ་ཤིན་ཏུ་ཡང་གཟུགས་ཀྱི་སྐྱེ་མཆེད་གཟུགས་ཀྱི་རང་བཞིན་གྱིས་སྟོང་ངོ་ཞེས་སྔར་བཞིན་ནོ། །དེ་བཞིན་དུ་སྒྲ་ལ་སོགས་པ་ཡང་བརྗོད་པར་བྱའོ། །དེ་ལྟར་ན་དབང་པོ་རྣམས་ནི་སྒྱུ་མ་ལྟ་བུ་ཡིན་ལ། ཡུལ་རྣམས་ནི་རྨི་ལམ་ལྟ་ བུ་གང་གི་ཡིན་པ་དེ་ལ་ཇི་ལྟར་འདོད་ཆགས་ལ་སོགས་པ་སྐྱེ་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དཔྱོད་ལྡན་ཞེས་ཏེ། དཔྱོད་པ་པོ་མཁས་པ་དེ་བཞིན་དུ་འདི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་མཐོང་བ་སུ་ཞིག་ཆགས་པར་འགྱུར་ཏེ། སྡང་ བའམ་རྨོངས་པར་འགྱུར། འདི་ཡང་རྨི་ལམ་ན་མཐོང་བའི་ཡུལ་གྱི་བཟང་མོ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་དཔེ་གསུངས་པ་ཉེ་བར་བསྟན་པར་བྱའོ། །ལུས་མེད་ན་ཡང་བུད་མེད་ལ་སོགས་པ་རྟོགས་པས་ཀྱང་ཆགས་པར་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ལུས་ ཞེས་པ་ལ་སོགས་པ་གསུངས་ཏེ། ཀྱང་གི་སྒྲས་ནི་གཏན་ཚིགས་སྡུད་པའོ། །གང་གི་ཕྱིར་བུད་མེད་ལ་སོགས་པ་བརྟགས་པས་ཆགས་པར་མི་འགྱུར་རོ། །གང་གི་ཚེ་ལུས་འདི་ལྟར་བརྗོད་པའི་རིགས་པས་མེད་དེ། རང་བཞིན་མེད་པ་དེའི་ཚེ་ལུས་མེད་པའི་ཕྱིར་ བུད་མེད་གང་ཞིག་ཡིན་ཏེ། ཆགས་བྱེད་མ་གང་ཞིག་ཆགས་པར་བྱ་བ་ཉིད་ཀྱི་སྐྱེས་བུ་ལ་ཇི་ལྟར་ཆགས་པར་འགྱུར། སྐྱེས་བུ་ཡང་གང་ཞིག་ཡིན་ཏེ། ཆགས་པ་པོ་གང་ཞིག་དགའ་བར་བྱ་བ་ཉིད་ཀྱི་བུད་མེད་ལ་ཆགས་པར་འགྱུར། བུད་མེད་ཀྱང་བདག་ཉིད་ལ་ བུད་མེད་ཅེས་བརྟགས་ནས་ཕ་རོལ་གྱི་སྐྱེས་བུ་ལ་སྐྱེས་བུ་ཞེས་ཆགས་པ་སྐྱེད་པར་བྱེད་དོ། །དེ་བཞིན་དུ་སྐྱེས་བུ་ཡང་བདག་ཉིད་ལ་སྐྱེས་བུ་ཞེས་བརྟགས་ནས། བུད་མེད་ལ་བུད་མེད་ཅེས་བརྟགས་ནས་ཆགས་པ་སྐྱེད་དོ། །ལུས་མེད་ན་ཡང་བུད་མེད་ལ་བུད་མེད་ཅེས་ ཡོད་པ་མ་ཡིན་ནོ། །སྐྱེས་པ་ལ་སྐྱེས་པ་ཡོད་པ་མ་ཡིན་ནོ། །གང་ཡང་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། བུད་མེད་ཡོད་པ་མ་ཡིན་ཞིང་སྐྱེས་པ་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་ལུས་པོ་མེད་པ་ལ་བུད་མེད་ལ་སོགས་པར་བརྟགས་པས་བྱས་པའི་ཆགས་པར་རིགས་པ་
Page: 414 ༄༅། །མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་མཚན་མ་དང་བྲལ་བའོ། །ཇི་ལྟར་འདི་གཙོར་བསྟན་པ་དེ་བཞིན་དུ་ཕྲེང་བ་དང་ཙནྡན་ལ་སོགས་པ་ལ་ཡང་རིག་པར་བྱའོ། །དེ་བཞིན་དུ་ཞེ་སྡང་དང་གཏི་མུག་གི་ཡུལ་ཡང་ངོ་། །དེ་སྐད་དུ་ཡབ་དང་ སྲས་མཇལ་བ་ལས་བསྟན་ཏེ། རྒྱལ་པོ་ཆེན་པོ་སྐྱེས་བུ་གང་ཟག་འདི་ནི་ཁམས་དྲུག་པ། རེག་པའི་སྐྱེ་མཆེད་དྲུག་པ། ཡིད་ཀྱི་ཉེ་བར་འཁོར་བ་བཅོ་བརྒྱད་པ་སྟེ། སྐྱེས་བུ་འདི་ནི་ཁམས་དྲུག་པ་གང་སྨྲས་པ་དེ་ཅི་ལ་བརྟེན་ཏེ་སྨྲས་ཤེ་ན། རྒྱལ་པོ་ཆེན་པོ་ཁམས་དྲུག་ནི་འདི་དག་གོ། ། དྲུག་གང་ཞེ་ན། འདི་ལྟ་སྟེ། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་སོ། །རྒྱལ་པོ་ཆེན་པོ་དེ་དག་ནི་ཁམས་དྲུག་སྟེ། སྐྱེས་བུ་འདི་ཁམས་དྲུག་པོ་ཞེས་གང་ངས་སྨྲས་པ་དེ་ནི་དེ་ལ་བརྟེན་ཏེ་ སྨྲས་སོ། །སྐྱེས་བུ་འདི་ནི་རེག་པའི་སྐྱེ་མཆེད་དྲུག་པའོ་ཞེས་གང་སྨྲ་བ་དེ་ཅི་ལ་བརྟེན་ཏེ་སྨྲ་ཞེ་ན། རྒྱལ་པོ་ཆེན་པོ་རེག་པའི་སྐྱེ་མཆེད་དྲུག་ནི་འདི་དག་སྟེ། དྲུག་གང་ཞེ་ན། གཟུགས་རྣམས་ལ་བལྟ་བའི་ཕྱིར་མིག་གི་རེག་པའི་སྐྱེ་མཆེད་དང་། སྒྲ་རྣམས་ལ་ཉན་པའི་ཕྱིར་རྣ་བའི་རེག་པའི་སྐྱེ་ མཆེད་དང་། དྲི་རྣམས་ལ་སྣོམ་པའི་ཕྱིར་སྣའི་རེག་པའི་སྐྱེ་མཆེད་དང་། རོ་རྣམས་ལ་མྱང་བའི་ཕྱིར་ལྕེའི་རེག་པའི་སྐྱེ་མཆེད་དང་། རེག་བྱ་རྣམས་ལ་རེག་པའི་ཕྱིར་ལུས་རེག་པའི་སྐྱེ་མཆེད་དང་། ཆོས་རྣམས་རྣམ་པར་ཤེས་པའི་ཕྱིར་ཡིད་རེག་པའི་སྐྱེ་མཆེད་དོ། །རྒྱལ་པོ་ཆེན་ པོ་དེ་དག་ནི་རེག་པའི་སྐྱེ་མཆེད་དྲུག་སྟེ། སྐྱེས་པ་འདི་ནི་རེག་པའི་སྐྱེ་མཆེད་དྲུག་པའོ་ཞེས་གང་སྨྲས་པ་དེ་ནི་དེ་ལ་བརྟེན་ཏེ་སྨྲས་སོ། །རྒྱལ་པོ་ཆེན་པོ་སྐྱེས་བུ་འདི་ནི་ཡིད་ཀྱི་ཉེ་བར་འཁོར་བ་བཅོ་བརྒྱད་པོ་ཞེས་གང་སྨྲས་པ་དེ་ཅི་ལ་སྟེ་སྨྲས་ཤེ་ན། རྒྱལ་པོ་ཆེན་པོ་ཡིད་ཀྱི་ཉེ་བར་འཁོར་ བ་བཅོ་བརྒྱད་ནི་འདི་དག་སྟེ། བཅོ་བརྒྱད་གང་ཞེ་ན། འདི་ལ་མིག་གིས་གཟུགས་མཐོང་བ་ན་ཡིད་བདེ་བ་དང་། ཡིད་མི་བདེ་བ་དང་། བཏང་སྙོམས་སུ་འགྱུར་བར་གཟུགས་ལ་ཉེ་བར་སྤྱོད་དོ། །དེ་བཞིན་དུ་རྣ་བ་ལ་སོགས་པ་ལ་ཡང་བརྗོད་པར་བྱའོ། །རྒྱལ་པོ་ཆེན་པོ་བཅོ་བརྒྱད་པོ་དེ་ལ་
Page: 415 གང་དག་ཡིད་བདེ་བ་ཉེ་བར་སྤྱོད་པ་དྲུག་དང་། གང་དག་ཡིད་མི་བདེ་བར་ཉེ་བར་སྤྱོད་པ་དྲུག་དང་། གང་དག་བཏང་སྙོམས་སུ་གྱུར་པ་ཉེ་བར་སྤྱོད་པ་དྲུག་པོ་དེ་དག་གཅིག་ཏུ་བསྡུས་ནས་ཡིད་ཀྱི་ཉེ་བར་སྤྱོད་པ་བཅོ་བརྒྱད་དུ་འགྱུར་རོ། །རྒྱལ་པོ་ཆེན་པོ་བཅོ་བརྒྱད་པོ་དེ་དག་ནི་ཡིད་ཀྱི་ཉེ་བར་སྤྱོད་ པ་སྟེ། དེ་བཞིན་དུ་སྦྱར་ཏེ། རྒྱལ་པོ་ཆེན་པོ་གང་གི་སའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ། ལུས་འདི་ལ་ནང་གི་ཁང་ན་སྲ་བ་དང་། མཁྲང་བའི་རྣམ་པ་དང་། ཉེ་བར་འགྱུར་བ་དང་། ཟིན་པའོ། །དེ་ཡང་གང་ཞེ་ན། འདི་ལྟ་སྟེ། སྐྲ་དང་། སྤུ་དང་། སེན་མོ་དང་། ཞེས་པ་ལ་སོགས་ པའོ། །རྒྱལ་པོ་ཆེན་པོ་ཕྱི་རོལ་གྱི་སའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ་ཕྱི་རོལ་གྱི་སྲ་བ་དང་མཁྲང་བའི་རྣམ་པ་དང་། ཉེ་བར་མ་གྱུར་པ་དང་། མ་ཟིན་པ་འདི་ནི་ཕྱི་རོལ་གྱི་སའི་ཁམས་ཞེས་བྱའོ། །རྒྱལ་པོ་ཆེན་པོ་དེ་ལ་ནང་གི་སའི་ཁམས་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་། འགག་པའི་ཚེ་གང་དུ་ཡང་སོགས་པར་མི་འགྲོའོ། །རྒྱལ་པོ་ཆེན་པོ་བུད་མེད་ནང་དུ་བདག་ནི་བུད་མེད་དོ་ཞེས་རྟོག་ཅིང་། དེ་ནང་དུ་བུད་མེད་ཅེས་བརྟགས་ནས་ཕྱི་རོལ་དུ་སྐྱེས་པ་ཞེས་རྟོག་གོ། །དེའི་ཕྱི་རོལ་དུ་སྐྱེས་པ་སྐྱེས་པ་ཞེས་བརྟགས་ནས་ཆགས་པར་འགྱུར་ཏེ། ཕྱི་རོལ་གྱི་སྐྱེས་ པ་དང་ཕྲད་པར་འདོད་དོ། །སྐྱེས་པ་ཡང་ནང་དུ་བདག་སྐྱེས་པ་ཞེས་རྟོག་སྟེ། དེ་ནང་དུ་བདག་ནི་སྐྱེས་པ་ཞེས་བརྟགས་ནས། ཕྱི་རོལ་དུ་བུད་མེད་ལ་བུད་མེད་ཅེས་རྟོག་གོ། །ཕྱི་རོལ་དུ་བུད་མེད་ལ་བུད་མེད་ཅེས་བརྟགས་ནས་ཆགས་པར་འགྱུར་ཏེ། ཕྱི་རོལ་གྱི་བུད་མེད་དང་ཕྲད་པར་ འདོད་དོ། །ཕྲད་པར་འདོད་པས་ཕྲད་པར་འགྱུར་རོ། །ཕྲད་པའི་རྐྱེན་གྱིས་མེར་མེར་པོ་སྐྱེ་བར་འགྱུར་བའི་དུས་དེ་ཡོད་དོ། །རྒྱལ་པོ་ཆེན་པོ་གང་ལ་ཀུན་དུ་བརྟགས་པ་དང་། གང་ཀུན་དུ་རྟོག་པ་དེ་གཉིས་ཀ་ཡང་མེད་དོ། །བུད་མེད་ལ་ནི་བུད་མེད་མེད་དོ། །སྐྱེས་པ་ལ་ནི་སྐྱེས་པ་མེད་དོ། ། དེ་ལྟར་མེད་ཅིང་ཡང་དག་པ་མ་ཡིན་པར་ཀུན་དུ་རྟོག་པ་སྐྱེས་ཏེ། ཀུན་དུ་རྟོག་པ་དེ་ཡང་ངོ་བོ་ཉིད་ཀྱིས་མེད་དོ། །ཀུན་དུ་རྟོག་པ་ཇི་ལྟ་བ་བཞིན་དུ་ཕྲད་པ་དང་། མེར་མེར་པོ་ཡང་ངོ་བོ་ཉིད་ཀྱིས་མེད་དོ། །གང་ངོ་བོ་ཉིད་ཀྱིས་མེད་པ་དེ་ཇི་ལྟར་སྲ་བ་སྐྱེ་བར་འགྱུར་རོ། །རྒྱལ་པོ་ཆེན་
Page: 416 ༄༅། །པོ་དེ་ལྟར་ཀུན་དུ་རྟོག་པ་ཤེས་པར་བྱས་ནས་སྲ་བ་ཉིད་རྟོགས་པར་བྱ་སྟེ། ཅི་ནས་སྲ་བ་ནི་སྐྱེ་བའི་ཚེ་གང་ནས་ཀྱང་མི་འོང་བར་ཤེས་པར་བྱའོ། །རྒྱལ་པོ་ཆེན་པོ་འདི་ལྟར་གང་ལུས་འདི་དུར་ཁྲོད་ཀྱི་མཐར་འགྱུར་བའི་དུས་དེ་ཡོད་དེ། དེའི་སྲ་བ་དེ་འཇིག་ ཅིང་འགག་པར་འགྱུར་བའི་ཚེ་ཤར་ཕྱོགས་སུ་མི་འགྲོ། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། སྟེང་དང་། འོག་དང་། ཕྱོགས་མཚམས་རྣམས་སུ་ཡང་མི་འགྲོ་སྟེ། རྒྱལ་པོ་ཆེན་པོ་ནང་གི་སའི་ཁམས་ནི་དེ་ལྟར་བལྟའོ། །སྔ་མ་བཞིན་དུ་དེ་ལ་རྒྱལ་པོ་ཆེན་པོ་དེ་ལྟར་སའི་ ཁམས་ཏེ་འབྱུང་བ་ཡང་སྟོང་། སའི་ཁམས་འཇིག་པ་དང་། འབྱུང་བ་ཡང་ངོ་བོ་ཉིད་ཀྱིས་སྟོང་ངོ་། རྒྱལ་པོ་ཆེན་པོ་སའི་ཁམས་ནི་ཐ་སྙད་ཙམ་མ་གཏོགས་པར་སའི་ཁམས་ཉིད་མི་དམིགས་ཏེ། ཐ་སྙད་དེ་ཡང་བུད་མེད་མ་ཡིན། སྐྱེས་པ་མ་ཡིན་གྱི། རྒྱལ་པོ་ཆེན་པོ་དེ་ལྟར་དེ་ཡང་དག་པ་ཇི་ ལྟ་བ་བཞིན་གྱི་ཤེས་རབ་ཀྱིས་རྟོགས་ཤིག་ཅེས་གསུངས་སོ། །དེས་ན་ཅི་ཞིག་ལ་དཔྱད་པར་བྱ་སྟེ། དཔྱད་པར་བྱ་བའི་ཡུལ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་དཔྱད་པ་དང་བྲལ་བའོ་ཞེས་སོ། །དེ་ལྟར་ལུས་དྲན་པ་ཉེ་བར་གཞག་པ་བསྟན་ནས། ཚོར་བ་དྲན་པ་ཉེ་བར་གཞག་ པ་བསྟན་པའི་ཕྱིར། ཚོར་བ་རྣམ་པར་དཔྱད་པ་གསུངས་སོ། །ཚོར་བ་ནི་རྣམ་པ་གསུམ་སྟེ། བདེ་བའི་ཚོར་བ་དང་། སྡུག་བསྔལ་གྱི་ཚོར་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བའོ། །དེ་ལ་གཟུགས་བཞིན་དུ་ཚོར་བ་ཡང་དོན་དམ་པར་ཡོད་པ་མ་ཡིན་ནོ། །ཇི་ལྟར་ ཞེ་ན། གལ་ཏེ་སྡུག་བསྔལ་དེ་བདེ་བ་མ་ཡིན་པའི་མྱོང་བ་ཡིན་ལ། དེ་ཉིད་དུ་སྟེ་དོན་དམ་པར་ཡོད་པ་ཡིན་ན་དེའི་ཚེ་རབ་དགའ་ལ་མི་གནོད་དེ། དགའ་བ་དང་ལྡན་པའི་རྣམས་ཅིའི་ཕྱིར་ན་སྡུག་བསྔལ་བར་མི་འགྱུར། བདེ་བ་ཡང་གལ་ཏེ་དོན་དམ་པར་ཡོད་ན། དེའི་ཚེ་མྱ་ངན་གདུང་ སོགས་ལ་སྟེ། སོགས་པའི་སྒྲས་ནི་འདོད་པ་དང་། འཇིགས་པ་དང་། སྨྱོས་པ་ལ་སོགས་པས་གདུངས་པ་ལའོ། །ཞིམ་སོགས་ནི་གལ་ཏེ་བདེ་བ་ཡིན་ནའོ། །ཞིམ་པ་ལ་སོགས་པ་ནི་རོ་མཆོག་གི་བཟའ་བ་དང་བཏུང་བ་ལ་སོགས་པའོ། །སོགས་པའི་སྒྲས་ནི་མེ་ཏོག་དང་
Page: 417 ཙནྡན་ལ་སོགས་པའི་བདེ་བ་བཟུང་སྟེ། བདེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །གལ་ཏེ་བདེ་བ་ཡིན་ན་ཅི་སྟེ་དགའ་བར་མི་བྱེད། གལ་ཏེ་དངོས་པོ་ཡོད་པའི་རང་བཞིན་ནོ། །བརྒྱ་ལ་ཡང་བཟློག་པར་སྤྲོ་བ་ཡང་མ་ཡིན་ནོ། །དེ་ལྟ་བས་ན་བདེ་བ་དང་སྡུག་བསྔལ་མྱོང་བར་བྱ་བ་ནི་རྟོགས་པས་ གཞག་པ་ཉིད་ཡིན་ནོ། །དེ་བརྗོད་པ་ནི་ཅི་སྟེ་རབ་དགའ་ལ་མི་གནོད་ཅེས་སོ། །དེ་ལ་གཞན་གྱིས་ལན་འདེབས་པ་ནི་སྟོབས་དང་ལྡན་པ་ཞེས་སྨོས་སོ། །རབ་ཏུ་དགའ་བའི་གནས་སྐབས་ན། སྡུག་བསྔལ་རྣམ་པ་ཐམས་ཅད་དུ་མེད་པ་ནི་མ་ཡིན་ཏེ། འོན་ཀྱང་ཕུལ་དུ་བྱུང་བའི་འཇུག་ པའི་བདེ་བས། མི་མངོན་པར་བྱས་པ་ལས་ཡོད་ཀྱང་ཉམས་སུ་མྱོང་བ་མ་ཡིན་ནོ། །སྟོབས་དང་ལྡན་པ་ནི་ཤིན་ཏུ་སྟོབས་དང་ལྡན་པས་སོ། །ཟིལ་མནན་ཕྱིར་ནི་མངོན་པར་ཟིལ་གྱིས་མནན་ཅིང་ཉེ་བར་བཅོམ་པས་སོ། །དེ་གལ་ཏེ་ཡོད་ན་ཡང་བདེ་བ་མྱོང་བ་མ་ཡིན་ཏེ། རིག་པར་བྱ་བ་ མ་ཡིན་ནོ་ཞེས་བརྗོད་དོ། །དེའི་ཚེ་འདི་ནི་རིགས་པ་མ་ཡིན་ནོ་ཞེས། གང་ཞིག་ཉམས་མྱོང་ཞེས་པ་ལ་སོགས་པ་སྨོས་ཏེ། མྱོང་བ་ཉིད་ནི་ཚོར་བའི་རང་བཞིན་ཉིད་དོ། །ཇི་ལྟར་ཏེ་རྣམ་པ་གང་གིས་སོ། །བདེ་བ་བདེ་བའི་གསལ་བ་གང་ཞིག་ཉམས་མྱོང་བ་དག་ཉིད་མིན་ན་སྟེ། གང་ གིས་ཉམས་སུ་མྱོང་བའི་རང་བཞིན་མ་ཡིན་ནའོ། །མྱོང་བར་བྱེད་པས་མྱོང་བ་ཞེས་བརྗོད་དོ། །མྱོང་བ་ནི་ཉམས་སུ་མྱོང་བ་ཞེས་བྱ་བའི་ཚིག་ལས་སོ། །གལ་ཏེ་ཡང་མྱོང་བར་བྱ་བ་མ་ཡིན་པ་ཡང་མྱོང་བར་འགྱུར་ན། དེའི་ཚེ་ཅུང་ཟད་ཀྱང་མྱོང་བ་མ་ཡིན་པ་མེད་པར་ཐལ་བར་འགྱུར་རོ། ། འོན་ཏེ་དེ་ལྟར་ན་ཡང་རྣམ་པ་ཐམས་ཅད་དུ་མ་མྱོང་བ་ནི་མ་ཡིན་ཏེ། འོན་ཀྱང་ཉམས་སུ་མྱོང་བ་ན་ཡང་ཕྲ་བས་ཉམས་སུ་མ་མྱོང་བ་དང་འདྲ་བ་ཡིན་ནོ་ཞེ་ན། སྡུག་བསྔལ་ཞེས་པ་ལ་སོགས་པ་སྨོས་ཏེ། ཕྲ་མོ་ཉིད་དེ་ཉེ་བར་མཚོན་པ་ཉིད་ཀྱིས་སོ། །སྡུག་བསྔལ་ཡོད་ཅིང་བདོག་ པའོ། །འོ་ན་བདེ་བ་སྟོབས་དང་ལྡན་པ་འདི་ལ་ཅི་ཞིག་བྱ་ཞེ་ན། འདི་ཡི་རགས་པ་གསལ་ཡིན་ནམ། །ཞེས་ཏེ། རབ་ཏུ་དགའ་བའི་གནས་སྐབས་ན་རབ་ཏུ་འཇུག་པའོ། །སྟོབས་དང་ལྡན་པའི་བདེ་བས་རགས་ཤིང་སྟོབས་དང་ལྡན་པས་སྡུག་བསྔལ་འདི་བསལ་ཞིང་ཟིལ་
Page: 418 ༄༅། །གྱིས་མནན་པ་མ་ཡིན་ནམ་ཞེས་པ་ནི་གཞན་ལ་འབོད་པའོ། །ཀྱེ་གལ་ཏེ་ཁྱོད་དེ་ལྟར་འདོད་ན། ཕྲ་བ་ཞེས་བྱ་བའི་སྡུག་བསྔལ་བདེ་བ་ཉམས་སུ་མྱོང་བའི་དུས་ན། ཅུང་ཞིག་ཀྱང་དམིགས་པ་མ་ཡིན་ཏེ། དེས་ན་ཅི་ཞིག་དེའི་ཕྲ་བ་ཡིན་ཞེས་བརྗོད་པར་བྱ་ཞེ་ན། འོན་ཏེ། དེ་ནི་དེ་ལས་གཞན་དགའ་ཙམ། །ཞེས་ཏེ། དེ་ལས་ནི་ཕུལ་དུ་བྱུང་བའི་བདེ་བ་ལས་སོ། །གཞན་དགའ་ཙམ་ནི་གཉིས་པ་བདེ་བ་ཙམ་སྟེ། ཤིན་ཏུ་ཆུང་བའི་བདེ་བའི་ཆ་ཙམ་དུ་གྱུར་པ་སྟེ། སྡུག་བསྔལ་ཕྲ་བར་འགྱུར་རོ་ཞེས་གལ་ཏེ་མངོན་པར་འདོད་དོ་ཞེ་ན། ཅི་སྟེ་དེའང་ དེའི་ཕྲ་ཉིད་དེ། གཞན་རབ་ཏུ་དགའ་བ་ཙམ་བདེ་བ་འདིའི་ཕྲ་བ་ཙམ་ཡིན་ན་སྡུག་བསྔལ་བ་མ་ཡིན་ཏེ། དགའ་བ་བདེ་བའི་རིགས་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྡུག་བསྔལ་གྱི་ཕྲ་བ་ཉིད་ནི་བདེ་བ་མྱོང་བའི་རང་བཞིན་གྱི་དུས་ན་མེད་དོ་ཞེས་ངེས་པ་ཡིན་ནོ། །དེ་ལྟར་ན་ཡང་སྡུག་བསྔལ་ནི་ བརྟགས་པས་གློ་བུར་བ་ཡིན་ཏེ། འདི་ལྟར་རྒྱུ་མ་ཚང་བའི་ཕྱིར། བརྒྱ་ལ་དམིགས་པ་མ་ཡིན་ནོ་ཞེས་པའོ། །འདིར་གལ་ཏེ་འགལ་རྐྱེན་ཞེས་པ་ལ་སོགས་པ་སྨོས་ཏེ། སྡུག་བསྔལ་དང་འགལ་བའི་བདེ་བའི་རྐྱེན་ནི་རྒྱུ་སྟེ་གང་རིག་པའོ། །དེས་སྐྱེས་པས་ཏེ། མངོན་པར་ཕྱོགས་པ་ ཡོད་པ་ནའོ། །ཡང་ན་འགལ་བའི་རྐྱེན་བདེ་བའི་རྒྱུ་སྐྱེས་ཤིང་སྐྱེ་བ་ནའམ། འགལ་བའི་རྐྱེན་གང་གི་ཡིན་པ་ཞེས་པའོ། །དེ་སྐྱེས་པ་ན་ཡང་སྟེ་རབ་ཏུ་དགའ་བའི་གནས་སྐབས་ན་རྒྱུ་དང་བྲལ་བའི་ཕྱིར་སྡུག་བསྔལ་མི་སྐྱེ་བ་ནི་སྡུག་བསྔལ་མ་སྐྱེས་པར་བརྗོད་དོ་ཞེ་ན། དེའི་ཚེ་ རྟོག་པས་མངོན་པར་ཞེན་པ་ཉིད་ཀྱི་ཚོར་བ་ཞེས་པ་འོངས་པ་ཉིད་མ་ཡིན་ནམ། ཅི་སྟེ་གང་དེ་ཉིད་ནི་ཁོ་བོ་ཅག་གིས་བརྗོད་པ་དེ་ཉིད་ད་ལྟར་གྲུབ་ཅིང་འོངས་པ་ཡིན་ཏེ། ཅི་ཞིག་རྟོག་པས་མངོན་པར་ཞེན་ཅིང་རྟོག་པས་བྱས་པའི་མངོན་པར་ཞེན་པར་བྱེད། ཉིད་ཅེས་པ་ནི་ངེས་པར་གཟུང་ བའི་དོན་ཏེ། དེ་ཉིད་ཚོར་བ་བདེ་བ་དང་། སྡུག་བསྔལ་དང་། དེ་དག་ལས་གཞན་པ་ཡིན་ཏེ། གཞན་དངོས་པོའི་བདེ་བ་ལ་སོགས་པའམ། བདེ་བ་ལ་སོགས་པའི་རྒྱུ་ཡོད་པ་མ་ཡིན་ནོ། །འདི་ལྟར་ཡང་གཉུག་མའི་རང་བཞིན་དང་བྲལ་བ་ན་ཡང་གང་ཞིག་བདེ་བའི་
Page: 419 རྒྱུ་ཉིད་དུ་ཡོངས་སུ་བརྟགས་པ་དེ་མངོན་པར་ཞེན་པ་ལས་བདེ་བ་མྱོང་ངོ་ཞེས་སྐྱེ་བར་འགྱུར་ཏེ། གཞན་འདི་ལས་གཞན་ནོ། །གཞན་དུ་ན་ཇི་ལྟར་གང་ཉིད་གཞན་སྡུག་བསྔལ་གྱིས་སྒྲུབ་པར་བྱེད་པ་དེ་ཉིད་གཞན་བདེ་འགའ་ཞིག་གིས་སྒྲུབ་པར་བྱེད་པར་འགྱུར། གཅིག་པོ་དེའི་གང་ཞིག་ སྒྲ་ཐོས་པ་ལས་ཀྱང་སྡུག་བསྔལ་དུ་འགྱུར་ན་ཡང་དུས་གཞན་དུ་མཐོང་བ་ལས་དགའ་བའི་ངོ་བོ་སྐྱེ་བར་འགྱུར་ཏེ། དེ་ལྟ་བས་ན་བདེ་བ་ལ་སོགས་པ་དང་། དེའི་སྒྲུབ་པའི་ཐབས་ནི་བརྟགས་པ་ཡིན་ཏེ། དངོས་པོ་པ་མ་ཡིན་ནོ་ཞེས་གསུངས་པ་ཡིན་ཏེ། སྦྲུལ་ནི་རྨ་བྱའི་བདེ་ བའི་ཆེད་དུ་སྐྱེ་འགྱུར་ཏེ། །དུག་ལ་གོམས་དང་ལྡན་པས་དུག་ནི་བཅུད་ལེན་ཡིན། །ཚོར་བས་རྔ་མོའི་ཁ་ཡི་ཟུག་རྔུ་ནི། །དགའ་བའི་ཁྱད་པར་གྱི་ནི་རྒྱུ་རུ་འགྱུར། །ཞེས་སོ། །ཚོར་བར་མངོན་པར་ཞེན་པའི་རང་བཞིན་ཡིན་པས་རྣམ་པར་དཔྱད་པ་ཉིད་ཀྱིས་ལྡོག་ནུས་སོ་ཞེས་ བསྟན་པའི་ཕྱིར། དེ་ཉིད་ཕྱིར་ན་ཞེས་པ་ལ་སོགས་པ་གསུངས་ཏེ། གང་ཉིད་ཀྱི་ཕྱིར་ཚོར་བ་མངོན་པར་ཞེན་པ་དེ་ཉིད་ཀྱི་ཕྱིར་རྣམ་པར་དཔྱོད་པ་འདི་ནི་རྣམ་པར་རྟོག་པ་འདི་ཡིན་ལ། བདེ་བ་ལ་སོགས་པ་མངོན་པར་ཞེན་པའི་ངོ་བོ་འདིའི་གཉེན་པོ་སྟེ། འགལ་འགེགས་ཀྱི་རྒྱུ་ཡིན་ པའི་ཕྱིར་རོ། །བསྒོམ་པ་ནི་སེམས་པར་བྱེད་པ་ཡིན་ལ། དེའི་སྒྲུབ་པར་བྱེད་པ་མེད་ན་དེའི་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །གཞན་ཡང་འདིས་ཀྱང་ཚོར་བ་མངོན་པར་ཞེན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྣམ་རྟོག་ཅེས་པ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཀྱི་ཕྱིར་ ཞེས་པ་ནི་འདིར་ཡང་འབྲེལ་ཏོ། །རྣམ་པར་རྟོག་པ་ཉིད་ཞིང་ཡིན་ཏེ། སྐྱེ་བའི་ས་ཡིན་པའི་ཕྱིར་རོ། །དེར་སྐྱེས་པ་ནི་ཡང་དག་པར་བྱུང་བའོ། །བསམ་གཏན་ནི་འདོད་པ་དང་བྲལ་བ་དང་། སྡིག་པ་མི་དགེ་བའི་ཆོས་རྣམས་དང་བྲལ་བས་རྟོག་པ་དང་བཅས་པ་དང་དཔྱོད་པ་དང་ བཅས་པ་དང་། ཏིང་ངེ་འཛིན་ལས་བྱུང་བའི་དགའ་བ་དང་བདེ་བ་ཞེས་པ་ལ་སོགས་པའི་བསམ་གཏན་ནི་བསྒོམ་པ་ཡིན་ནོ། །ཏིང་ངེ་འཛིན་ནི་སྙོམས་པར་འཇུག་པ་ཡིན་ནོ། །རྣམ་པར་རྟོག་པ་ལས་བྱུང་བ་ཡིན་པའི་ཕྱིར་རོ། །དེ་ཉིད་ཟས་ཡིན་ལ་ལུས་ཚིམ་པར་བྱེད་པའི་རྒྱུ་ཡིན་
Page: 420 ༄༅། །པའི་ཕྱིར་ཏེ། གང་རྣམས་ཀྱི་དེ་དག་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་རྣམས་ཀྱིས་ཤེ་ན། རྣལ་འབྱོར་པའི་སྟེ། འདི་ནི་གང་གི་ཕྱིར་ཏེ། རྟོག་པས་སྤྲུལ་པའི་དགའ་བ་དང་བདེ་བའི་ཟས་ཀྱིས་གཟུང་བའི་ལུས་ནི་རྣལ་འབྱོར་པའི་ཡིན་ ནོ། །དེ་ལྟ་བས་ན་ཚོར་བ་ནི་རྟོག་པའི་མངོན་པར་ཞེན་པ་ཡིན་ནོ་ཞེས་གྲུབ་པོ། །དེ་ལྟར་རྒྱུ་ཁས་བླངས་ནས་ཚོར་བར་མངོན་པར་ཞེན་པ་བསྟན་པའི་ཕྱིར་ནི་རྒྱུ་ཉིད་མི་སྲིད་པའི་ཕྱིར་ཚོར་བ་དངོས་པོ་ལ་ཡོད་པ་ཉིད་དུ་མི་རིགས་པར་བསྟན་པའི་ཕྱིར་རོ། །གང་གི་དབང་དོན་ཞེས་བྱ་བ་ལ་སོགས་ པ་གསུངས་ཏེ། འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། རེག་པའི་རྐྱེན་གྱིས་ཚོར་བ་ཡིན་ལ། ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་གསུམ་པོ་དག་འདུས་པ་ནི་རེག་པ་ཡིན་ཏེ། རེག་པ་དྲུག་འདུས་པ་ལས་བྱུང་ཞེས་པའི་ཚིག་ལས་སོ། །གསུམ་འདུས་པ་ལས་བྱུང་བའི་རེག་པ་ ཉིད་དེ་ཡང་རིགས་པ་མ་ཡིན་ལ། དེའི་རྐྱེན་གྱིས་ཚོར་བ་གང་ལས་འགྱུར། འདིར་ཡང་དབང་དོན་བར་དང་བཅས་པར་འགྱུར་བའམ། དེ་བར་མེད་པར་འགྱུར་བ་ཡིན། དེ་ལ་དབང་པོ་དང་ཡུལ་ཏེ་དབང་པོ་དང་ཡུལ་དག་བར་དང་བཅས་པ་སྟེ། བར་དང་བཅས་པ་གལ་ཏེ་ཡིན་ན་ དེའི་ཚེ་ཕྲད་པ་སྟེ། འདུས་ཤིང་ཚོགས་པ་གང་ལས་འགྱུར། དབང་པོ་དང་དོན་འདི་དག་ཕྲད་པར་རིགས་པ་མ་ཡིན་ཏེ། རེག་པ་ཡང་འདུས་པ་ལ་བརྗོད་ལ་བར་ཆོད་པ་ཡིན་ན་ཡང་དེར་ཇི་ལྟར་འགྱུར་ཞེས་དགོངས་པ་ཡིན་ནོ། །འོན་ཏེ་གཉིས་པའི་རྣམ་པ་ཡིན་ན་དེ་ཡང་རིགས་ པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བར་མེད་ན་ཡང་ཞེས་པ་ལ་སོགས་པ་གསུངས་ཏེ། བར་མེད་ན་ཡང་བར་ཆད་པ་མེད་པ་ཡིན་པས་གཅིག་ཉིད་ཡིན་ཏེ། དབང་པོ་དང་ཡུལ་དག་དེའི་བདག་ཉིད་ཡིན་ནོ། །ཆ་ཆུང་ཞིག་གིས་ཀྱང་གལ་ཏེ་ཆོད་པ་མ་ཡིན་ན་དེ་ལྟ་ན་ཡང་ བདག་ཉིད་ཐམས་ཅད་ཀྱིས་བར་མེད་པར་འགྱུར་རོ། །བདག་ཉིད་ཐམས་ཅད་ཀྱིས་དེར་འདུས་པ་ཡིན་ན་ཡང་དེ་ཉིད་ཡིན་ནོ། །དེ་ལྟར་ན་ཡང་གང་ཞིག་གང་དང་ཕྲད་པར་འགྱུར་ཏེ། གཅིག་ཡིན་ན་ཐ་དད་པ་མེད་པའི་ཕྱིར། གང་ཞིག་གང་དང་ཕྲད་པར་འགྱུར།
Page: 421 བདག་ཉིད་བདག་དང་ཕྲད་པ་ནི་རིགས་པ་མ་ཡིན་ནོ། །དེ་ལྟར་ན་ཡང་རྡུལ་ཕྲ་རབ་རྣམས་ཆ་ཤས་མེད་པ་ཉིད་དངོས་པོ་ལ་ཕྲད་པ་ཡིན་ལ། དེ་ལ་ཆ་ཤས་དང་ལྡན་པའི་ཕྲད་པ་མ་ཡིན་ཏེ། རགས་པ་ཉིད་ལ་དེ་སྲིད་པའི་ཕྱིར་རོ། །དེ་ལ་ཡང་ཕྲད་པ་སུན་ཕྱུང་བ་ཉིད་ཀྱིས་ཅུང་ཟད་ ཅིག་སུན་ཕྱུང་བ་མ་ཡིན་ནོ་ཞེ་ན། འདི་ལ་རྡུལ་ཕྲན་ཞེས་པ་ལ་སོགས་པ་གསུངས་ཏེ། རྡུལ་ཕྲ་རབ་རྣམས་ལ་ཡང་འདི་ལྟར་ཕྲད་པར་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་རྡུལ་ཕྲ་རབ་གཅིག་ཀྱང་རྡུལ་ཕྲ་རབ་གཞན་ལ་འཇུག་པ་མེད་དེ། ནང་དུ་འཇུག་པ་ཡོད་པ་མ་ཡིན་ནོ། །ཅིའི་ ཕྱིར་ཞེ་ན། དེ་ནི་གང་གི་ཕྱིར་ཏེ། སྐབས་མེད་ཅིང་རྡུལ་ཕྲ་རབ་ལ་མཚམས་མེད་པའོ། །མཉམ་པ་དེ་མཚུངས་པ་ཡིན་ཏེ། མཐོ་བ་དང་དམའ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཇི་ལྟར་ཆ་མེད་པ་ལ་ཕྲད་པ་ཡོད་དོ། །དེ་ལྟར་ཡིན་ན་ཡང་རྡུལ་ཕྲ་རབ་རྡུལ་ཕྲ་རབ་ལ་འཇུག་པར་ མ་གྱུར་མོད། ཕྲད་པ་ཙམ་འབའ་ཞིག་ནི་ཡོད་པ་ཡིན་ཏེ། དེ་ལྟ་བས་ན་བསྒྲུབ་བྱ་གྲུབ་པ་མ་ཡིན་ནོ་ཞེ་ན། མ་ཞུགས་ཞེས་པ་ལ་སོགས་པ་གསུངས་ཏེ། རྡུལ་ཕྲ་རབ་ནི་བདག་ཉིད་ཐམས་ཅད་ཀྱིས་འབྲེལ་པ་ནི་ཕྲད་པ་ཡིན་ཏེ། གཞན་དུ་ན་ཆ་ཤས་དང་བཅས་པར་ཐལ་བར་ འགྱུར་བའི་ཕྱིར་རོ། །དེ་ལྟར་ན་ཡང་དེའི་རང་བཞིན་བདག་ཉིད་ཐམས་ཅད་ཀྱིས་ཁྱབ་པ་ཡིན་ཏེ། དེ་ལྟར་ན་དེའི་རང་བཞིན་མ་འདྲེས་པ་ལ་ཕྲད་པ་མེད་པར་འགྱུར་རོ། །དེ་ལ་འདྲེས་པ་ཉིད་ནི་དེ་ལ་ཞུགས་པ་མེད་པར་འགྱུར་བ་མ་ཡིན་ནོ། །འདིར་མ་ཞུགས་ཤིང་ཞུགས་པ་མེད་ པ་ཡིན་ན་འདྲེས་པ་མ་ཡིན་ལ། ཐ་དད་པའི་རང་བཞིན་མ་ཡིན་ན། མ་འདྲེས་པ་ལ་སྟེ་འདྲེས་པ་མེད་པ་ལ་ཕྲད་ཅིང་ཚོགས་པ་མ་ཡིན་ནོ། །ཆ་མེད་པ་ཡང་རྣམ་པ་ཐམས་ཅད་དུ་ཕྲད་པར་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཆ་མེད་པའང་ཞེས་པ་ལ་སོགས་པ་ གསུངས་ཏེ། ཆ་མེད་པ་ནི་སྟོང་པ་ཉིད་ཀྱི་དངོས་པོ་ཡིན་ལའང་ཞེས་པ་ནི་ཉེས་པའི་གཞན་སོགས་པ་ཡིན་ནོ། །ཕྲད་པ་ནི་ཚོགས་པ་ཞེས་བྱ་བ་ཡིན་ལ། དེ་ཇི་ལྟར་འཐད་པར་འགྱུར་ཏེ་ཞེས་སྨོས་པ་ནི་སྲིད་པའི་ཚིག་སྟེ། ཇི་ལྟར་ཕྲད་པར་རིག་པར་འགྱུར། ཕྲ་བ་ཐམས་ཅད་ཀྱང་
Page: 422 ༄༅། །ངེས་པར་ཆ་གཅིག་གི་སྒོ་ནས་འགྱུར་བར་བྱའོ། །ཡང་གང་ལ་ཆ་མེད་པ་ཉིད་དེའི་ལུས་ཀྱི་ཆ་མེད་པ་ལས་མེད་པ་ཉིད་ཐོབ་བོ་ཞེས་དགོངས་སོ། །འདི་ལ་ཆ་ཙམ་ཡང་ཚད་མས་རྟོགས་པ་གང་ན་ཡང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྣམ་ ཤེས་ལུས་མེད་པ་ཞེས་པ་ལ་སོགས་པ་གསུངས་ཏེ། ནི་ཞེས་པ་ནི་ཤིན་ཏུ་བསྒྲུབ་པ་སྟེ། རྣམ་པར་ཤེས་པ་ནི་ཡུལ་རྣམ་པར་རིག་པ་ཡིན་ལ། ཡང་ཕྲད་པར་འཐད་པ་མ་ཡིན་ཏེ། རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལུས་མེད་པའི་ཕྱིར་ཞེས་ཏེ། འདི་གཏན་ཚིགས་ཀྱི་ ཚིག་ཡིན་ལ། ལུས་ཀྱིས་སྟོང་པའི་རྣམ་པར་ཤེས་པ་ནི་སྟེ། ལུས་མེད་པའི་ཕྱིར་ཞེས་པའི་དོན་ཏོ། །ཕན་ཚུན་འབྲེལ་པ་ཉིད་ནི་ཕྲད་པ་ཡིན་ལ། དེ་ཡང་ལུས་དང་ལྡན་པ་ཉིད་ལ་ཡོད་དོ། །གང་ལ་ཡང་ལུས་མེད་པ་དེ་ལ་ཇི་ལྟར་ཕྲད་པར་འགྱུར། དེ་ལྟར་ན་གསུམ་ཀ་ ལ་ཡང་ཕྲད་པ་བཀག་ནས། ད་ནི་ཚོགས་པ་ཉིད་དངོས་པོ་ལ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཚོགས་པ་ཞེས་པ་ལ་སོགས་པ་གསུངས་ཏེ། འང་གི་སྒྲས་ནི་ཉེས་པ་གཞན་སྡུད་པ་ཡིན་ལ། ཚོགས་པ་འང་སྟེ་འདུས་པ་ཡང་ངོ་། །རྟའི་རྭ་བཞིན་དུ་དངོས་པོ་མེད་པའི་ ཕྱིར་ཏེ། དངོས་པོ་དེ་ཁོ་ན་ཉིད་དང་བྲལ་བའི་ཕྱིར་ཕྲད་པ་ཉིད་དུ་རིགས་པ་མ་ཡིན་ནོ་ཞེས་རང་བཞིན་དང་འབྲེལ་ཏེ་ཚོགས་པ་ཉིད་མེད་པའི་ཕྱིར་རོ། །ཇི་ལྟར་ཡང་དངོས་པོ་མེད་པ་ཉིད་ཡིན་ཞེ་ན། སྔར་ནི་ཇི་ལྟར་རྣམ་དཔྱད་བཞིན། །ཞེས་ཏེ། ཇི་ལྟར་སྔར་གཏན་ལ་ཕབ་པ་ བཞིན་ཡིན་ཏེ། དེ་བཞིན་སོར་མོའི་ཚོགས་ཉིད་ཅེས་པ་ལ་སོགས་པ་གསུངས་སོ། །རྒྱུ་མེད་པ་ཉིད་མཇུག་བསྡུ་བའི་ཕྱིར། དེ་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལྟ་བས་ན་བསྟན་པའི་རིམ་པས་རེག་པ་ཡོད་མིན་ཏེ། གསུམ་འདུས་པ་མེད་པ་ན་ཚོར་བ་མེད་ པ་ཡིན་ལ། ཚོར་བ་ནི་བདེ་བ་ལ་སོགས་པའི་ངོ་བོ་ཡིན་ཏེ། འབྱུང་བ་ནི་སྐྱེ་བ་ཡིན་ལ། དེ་གང་ལས་རིགས་པར་འགྱུར་བ་ཡིན་ཏེ། རྒྱུ་མེད་པ་ན་འབྲས་བུ་སྲིད་པ་མ་ཡིན་ནོ། །དེའི་ཕྱིར་དོན་དམ་པར་ཚོར་བ་མེད་པར་ཕན་པ་དང་ཕན་པ་མ་ཡིན་པའི་ཡུལ་མེད་པའི་
Page: 423 ཕྱིར་ཅིའི་དོན་དུ་ངལ་བ་འདི་ཡིན། བདེ་བ་དང་སྡུག་བསྔལ་སྤང་བའི་ཆེད་དོན་དག་ཏུ་ངལ་བ་བྱེད་པ་ཡིན་ན། དེ་ཅིའི་ཕྱིར། ནམ་མཁའ་ལྡང་བའི་དོན་བཞིན་དུ་རིགས་པ་མ་ཡིན་ཞེས་དགོངས་སོ། །བདེ་བ་བསྒྲུབ་པའི་ཆེད་དུ་ངལ་བར་མ་གྱུར་མོད། སྡུག་བསྔལ་ཤིན་ཏུ་ བཟོད་པར་མི་ནུས་པའི་ཕྱིར་རོ། །དེ་སྤང་བའི་དོན་དུ་འགྱུར་རོ་ཞེ་ན། གང་ལས་གང་ལ་གནོད་པར་འགྱུར། །ཞེས་གསུངས་ཏེ། ཚོར་བ་རྣམ་པར་དཔྱད་པས་རང་བཞིན་མེད་པའི་ཕྱིར་ཇི་ལྟར་གནོད་པའི་ཡིན་ཏེ་རྣམ་པར་དཔྱད་པས་སོ། །བདག་ལ་སོགས་པ་སྔར་བསལ་བའི་ ཕྱིར་ཚོར་བ་པོ་མེད་པའི་ཡིན་ནོ། །དགོད་པར་བྱེད་པའི་རྒྱུ་ཡང་རྣམ་པར་རྟོག་པས་བརྟགས་པའི་ཕྱིར་དོན་དམ་པར་ཡོད་པའི་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་གང་གིས་གནོད་པར་འགྱུར་ཏེ། སྡུག་བསྔལ་གྱི་ཚོར་བ་དང་བྲལ་བའི་ཕྱིར་གནོད་པར་བྱེད་པའི་རྒྱུ་དང་བྲལ་བའི་ཕྱིར་གང་ལས་འགྱུར་ ཏེ། དོན་དམ་པར་གང་གི་ཡང་གང་ལས་ཀྱང་འགྱུར་བ་མ་ཡིན་ནོ། །དེ་ལྟ་བས་ན་ཚོར་བ་པོ་མེད་པའི་ཕྱིར་ཚོར་བ་ཡང་རིགས་པ་མ་ཡིན་ནོ། །དེ་ནི་ཚོར་བ་མེད་པའི་ཕྱིར་དེའི་རྐྱེན་ལས་བྱུང་བའི་སྲེད་པ་ཡང་རྒྱུ་དང་བྲལ་བའི་ཕྱིར་དོན་དམ་པར་སྐྱེ་བར་རིགས་པ་མ་ཡིན་ནོ་ཞེས་བསྟན་ པའི་ཕྱིར། གང་གི་ཚེ་ཞེས་པ་ལ་སོགས་པ་གསུངས་ཏེ། གང་གི་ཚོར་བ་མྱོང་བ་དེ་ནི་ཚོར་བ་པོ་ཡིན་ལ། གང་གི་ཚེ་བདག་ལ་སོགས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། དེ་མེད་པའི་ཕྱིར་དང་། དེ་མ་ཐག་ཏུ་དཔྱད་ཟིན་པའི་ཕྱིར་ཚོར་བ་ཡོད་པ་མ་ཡིན་ལ། དེའི་ཚེ་ གནས་སྐབས་འདི་ལྟ་སྟེ། རྣམ་པ་འདི་ལྟ་བུ་ལའོ། །གང་གི་སྐྱེ་བ་དང་བྲལ་བ་མཐོང་ནས་སྟེ། དམིགས་ནས་སྲེད་པ་ཅིའི་ཕྱིར་ལྡོག་མི་འགྱུར་ཏེ། དེའི་སྡུག་བསྔལ་བས་སྡུག་བསྔལ་བར་འགྱུར་ན་ཡང་། ལྟོས་པ་མེད་པ་ཉིད་དུ་ཅིའི་ཕྱིར་ལྡོག་པར་མི་འགྱུར། གང་ ཞིག་ད་ལྟར་ཡང་དེ་དང་བདག་བྲལ་ཞིང་ལྡོག་པ་ཉིད་དུ་ཅི་སྟེ་དོར་བར་མི་བྱེད། དེ་ལྟར་གྱུར་ན་ཡང་གལ་ཏེ་ཚོར་བར་བྱེད་པ་པོ་མེད་པར་ཚོར་བ་ཡང་མེད་པ་ཡིན་ན། གང་གིས་ན་འདི་ལྟར་བདེ་བ་སྒྲུབ་པར་བྱེད་པ་ཉིད་ཀྱིས་དངོས་པོ་རྣམས་ལ་མཐོང་བ་ལ་སོགས་པའི་ཐ་སྙད་འཇུག་པར་
Page: 424 ༄༅། །འགྱུར་ཞེ་ན། འདི་ལ་མཐོང་བ་ཞེས་པ་ལ་སོགས་པ་གསུངས་ཏེ། མཐོང་བ་ཡང་གང་མིག་གི་དབང་པོས་སོ། །རེག་པ་ཡང་ལུས་ཀྱི་དབང་པོ་ལས་སྐྱེས་པའི་སེམས་ཀྱིས་ཤེས་པས་སོ། །གལ་ཏེ་དེ་ལྟར་ན་སེམས་ཀྱིས་ཚོར་བ་པོ་དངོས་པོ་ལ་ཡོད་དོ་ ཞེ་ན། རྨི་ལམ་སྒྱུ་འདྲའི་བདག་ཉིད་ཀྱིས། །ཞེས་གསུངས་ཏེ། རང་བཞིན་གྱིས་རྨི་ལམ་ལྟ་བུ་ཡིན་ལ། རང་བཞིན་གྱིས་སྒྱུ་མ་ལྟ་བུ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ལས་སྐྱེས་པའི་སེམས་ཉིད་ཀྱིས་ཡིན་གྱི། དོན་དམ་པར་ཡོད་པ་མ་ཡིན་ནོ། །ལན་ འགའ་ཡང་དེ་ལས་ཐ་དད་པ་སེམས་ཀྱིས་མཐོང་བ་ནི་མ་ཡིན་ལ། ལྷན་ཅིག་སྐྱེས་པའི་ཕྱིར་ཏེ། སེམས་དང་ལྷན་ཅིག་སྐྱེས་པ་ཉིད་དུ་དེ་མཐོང་བ་ཡིན་ཏེ། ཚོགས་པ་གཅིག་ལ་འབྲེལ་པའི་ཕྱིར་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། ། དོན་དམ་པར་མཐོང་བ་ནི་ཡོད་པ་ནི་མ་ཡིན་ལ། གང་གིས་འདི་ལྟར་མཐོང་བའི་ཐ་སྙད་དུ་འགྱུར་བ། ཚོར་བ་དེ་ཡིས་མཐོང་བ་མ་ཡིན་ཏེ། གང་གིས་བདེ་བ་སྒྲུབ་པར་བྱེད་པ་ལ་སོགས་པའི་ཐ་སྙད་མཐོང་བ་ཡང་གཞན་ཉིད་ཡིན་པའི་རྒྱུ་དེས་ན་ཚོར་བ་མཐོང་བ་མ་ཡིན་ཏེ། དངོས་ པོ་ལ་མཐོང་བ་མ་ཡིན་ནོ། །འོན་ཏེ་དེ་ལྟར་ན་ཡང་ལྷན་ཅིག་སྐྱེས་པ་མཐོང་བ་མ་ཡིན་ལ། འོན་ཀྱང་ཤེས་པ་ཡུལ་གྱི་རྣམ་པ་ཅན་གྱིས་དེ་སྐྱེ་བར་འགྱུར་བ་དུས་ཕྱི་མ་ལ་འཛིན་པར་བརྗོད་དོ་ཞེ་ན། འདི་སུན་དབྱུང་བའི་དོན་དུ་སྔར་དང་ཤེས་པ་ལ་སོགས་པ་གསུངས་ཏེ། ངེས་པར་ལྷན་ཅིག་ ཏུ་སྐྱེས་པའི་ཚོར་བ་ཡིན་ཏེ། གཞན་དུ་ན་སྔར་ཏེ་སྔར་བྱུང་བ་དང་། ཕྱི་མར་ཏེ་ཕྱིས་ཀྱི་དུས་ཀྱི་ཡིན་ལ། སྐྱེས་པ་སྟེ་བྱུང་བའི་ཤེས་པ་དེས་དྲན་པར་འགྱུར་གྱི་མྱོང་བ་མ་ཡིན་ཏེ། མྱོང་བ་མ་ཡིན་ལ་དྲན་པའི་ངོ་བོས་ཡུལ་དུ་བྱེད་པ་ཡིན་ལ་མངོན་སུམ་དུ་རིགས་པ་མ་ཡིན་ཏེ། ཤེས་ པ་དེའི་དུས་ན་དེ་འདས་པའི་ཕྱིར་རོ། །འདས་པའི་ནི་རང་གི་ངོ་བོ་མྱོང་བར་རིགས་པ་མ་ཡིན་ཏེ། མེད་པ་ཉིད་ཡིན་པའི་ཕྱིར་རོ། །མྱོང་བ་ནི་རང་གི་ངོ་བོ་ཉམས་སུ་མྱོང་བ་ཡིན་ཏེ། དེ་ལྟ་བས་ན་འདི་ནི་དྲན་པ་ཙམ་ཡིན་ལ། དེ་ལ་རང་གི་ངོ་བོ་མྱོང་བ་ནི་རིགས་པ་མ་ཡིན་ནོ། །ཚོར་བ་ནི་
Page: 425 རང་གི་ངོ་བོ་རྣམ་པར་འཇོག་པར་བྱེད་པའི་མཚན་ཉིད་དུ་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རང་གི་བདག་ཉིད་ཅེས་པ་ལ་སོགས་པ་གསུངས་ཏེ། རང་གི་བདག་ཉིད་དེ་རང་གི་ངོ་བོ་ཡིན་ལ། མྱོང་མིན་ལ་སྟེ། རིག་པ་མ་ཡིན་ཏེ། རང་རིག་པ་སྔར་སུན་ཕྱུང་བའི་ཕྱིར་རོ། །དེ་ལྟར་ན་ ཤེས་པ་གཞན་དེས་ཚོར་བ་མྱོང་བ་ཡིན་ནོ་ཞེས། གཞན་དག་གིས་ཀྱང་མྱོང་བ་མ་ཡིན་ཞེས་གསུངས་ཏེ། གཞན་ཉིད་ཀྱིས་ནི་མ་ཡིན་ཏེ། དེ་དང་མཚུངས་པའི་དུས་དུས་སུ་བྱུང་བའི་ཞེས་པས་མྱོང་བ་མ་ཡིན་ཞིང་རིག་པ་མ་ཡིན་ཏེ། ཤེས་པ་བཞིན་ཤེས་པ་གཞན་གྱིས་མྱོང་བ་མེད་ པའི་ཕྱིར་རོ། །ཚོར་བ་པོ་ཡང་ཡོད་པ་མ་ཡིན་ཏེ། གང་ལ་ཞེ་ན། ཚོར་བ་ཅུང་ཟད་ཀྱང་མ་མྱོང་བ་ལས་ཏེ། སེམས་སམ་གཞན་གྱིས་མྱོང་བ་ཚོར་བ་པོ་འགའ་ཡང་ཡོད་པ་མ་ཡིན་ནོ། །དེས་ན་རྒྱུ་འདིར་ཚོར་བ་མེད་པ་ཡིན་ཏེ། ཚོར་བའི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །མངོན་ པར་ཞེན་པ་ལས་མ་གཏོགས་པ་ཚོར་བ་འདིར་དེ་ཁོ་ན་ཉིད་དུ་ཡོད་པ་མ་ཡིན་ལ། དོན་དམ་པར་ཡོད་པ་མ་ཡིན་ནོ། །དེའི་རང་བཞིན་ངོ་བོ་རྟོགས་པར་བྱེད་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། འོན་ཀྱང་ཡང་ཚོར་ བ་ནི་མངོན་པར་ཞེན་པའོ། །ཚོར་བ་ནི་ཡོངས་སུ་འཛིན་པའོ། །ཚོར་བ་ནི་ཉེ་བར་ལེན་པའོ། །ཚོར་བ་ནི་དམིགས་པའོ། །ཚོར་བ་ནི་རྣམ་པར་རྟོག་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཡང་དག་པར་བསྡུ་བའི་མདོ་ལས་ཀྱང་གསུངས་ཏེ། ཚོར་བ་མྱོང་བ་རབ་བསྟན་ པ། །ཚོར་བ་པོ་ལས་ཚོར་བ་གཞན། །གུད་ན་ཡོད་པ་མ་ཡིན་ན། །གང་གིས་དེ་ནི་ཚོར་བར་འགྱུར། །བྱང་ཆུབ་ཅི་འདྲ་དེ་བཞིན་དུ། །ཞི་ཞིང་དག་ལ་འོད་གསལ་བར། །ཚོར་བ་འདི་ལ་མཁས་པ་རྣམས། །དྲན་པ་དེ་འདྲ་ཉེ་བར་གཞག །ཅེས་གསུངས་སོ། ། དེ་ལྟ་བས་ན་ཚོར་བ་པོ་དང་། ཚོར་བའི་རང་བཞིན་སྟོང་པ་ཉིད་ཡིན་ལ། ཅི་དེ་ལྟ་བས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ལ་བྱ་བ་མེད་པ་ཡིན་ཞིང་། བདག་པོ་མེད་པ་སྒྱུ་མ་སྤྲོས་པ་བཞིན་དུ་དམིགས་པའི་སྤྱོད་ཡུལ་དུ་གྱུར་པའི་ལུས་འདི་སྣང་ངོ་། །དེའི་ཕྱིར་བདེ་བའམ་
Page: 426 ༄༅། །སྡུག་བསྔལ་བདག་གིར་འགྱུར་བ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ལྟར་བདག་མེད་ཅེས་པ་ལ་སོགས་པ་གསུངས་ཏེ། བདག་མེད་པ་ལ་གང་གི་ཡང་བདག་ལ་སོགས་པའི་རིགས་པ་པོ་མེད་པས་བདག་པོ་མེད་པའི་ཚོགས་འདི་ལ་གཅིག་རྗེས་ སུ་འགྲོ་བ་མེད་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཙམ་འདི་ལ་སྒྱུ་མའི་རང་བཞིན་དང་འདྲ་བ། དམིགས་པའི་སྤྱོད་ཡུལ་དུ་ཉེ་བར་གྱུར་པ་ཉིད་མིག་འཕྲུལ་བཞིན་དུ་མཐོང་བ་ན། རྨད་དུ་འབྱུང་བ་སྨྲ་བ་ནི། འདི་ཅི་སྟེ་གནོད་པར་བྱ་ཞེས་ཏེ། འདིས་ཇི་ལྟར་བརྗོད་པའི་རིམ་པས་མྱོང་བ་པོ་ འགའ་ཡང་མེད་པ་དང་། ཚོར་བ་ཡང་འགའ་ཡང་མེད་ན། དོན་དམ་པར་ཚོར་བ་འདིས་གང་ལ་གནོད་པར་བྱ་སྟེ། སྡུག་བསྔལ་བར་བྱ་ལ། རྣམ་པར་དཔྱད་ན་ཅུང་ཟད་ཀྱང་མ་ཡིན་ནོ། །དེ་ལྟ་བས་ན་འདི་ནི་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་ཉིད་ཀྱིས་བདེ་བ་ལ་སོགས་པའི་སྒྲུབ་པར་ བྱེད་པར་ཞེན་པ་ཡིན་ནོ། །དེ་ལྟར་ན་འདི་ནི་ཚོར་བ་དྲན་པ་ཉེ་བར་གཞག་པ་བསྟན་པ་ཡིན་ནོ། །ད་ནི་སེམས་དྲན་པ་ཉེ་བར་གཞག་པ་བསྟན་པའི་ཕྱིར། ཡིད་ནི་དབང་རྣམས་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་དྲུག་པོའི་མཐའ་ཡིད་ཀྱི་རྣམ་པར་ཤེས་པ་ལ་རྟོག་པར་མཛད་ པ་ཡིན་ཏེ། འདི་ལྟར་ཡང་གང་ན་ཡིད་ཀྱི་རྣམ་པར་ཤེས་པ་འདི་ཉེ་བར་གནས་པར་འགྱུར་ཏེ། དེ་ལ་རེ་ཞིག་དབང་པོ་རྣམས་ཏེ། མིག་ལ་སོགས་པ་རྣམས་ལ་ཡིད་གནས་ཤིང་། ཉེ་བར་གནས་པར་འགྱུར་བ་མ་ཡིན་ནོ། །གཟུགས་ལ་སོགས་པའི་ཡུལ་རྣམས་ལ་ཡིད་ཉེ་བར་ གནས་པ་མ་ཡིན་ལ། བར་ནའང་མ་ཡིན་ཏེ་དབང་པོ་དང་ཡུལ་གྱི་བར་ཏེ། དབུས་ན་ཡང་གནས་པ་མ་ཡིན་ཏེ། གཅིག་ཏུ་ཡང་ངེས་པའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །ནང་ཡང་སེམས་མིན་ཕྱི་མིན་ཞིང་། །ཞེས་ཏེ། ནང་སྟེ་ལུས་ཀྱི་དབུས་ན་སེམས་མ་ཡིན་ཞིང་། ཕྱི་མིན་ཏེ་ཕྱི་རོལ་གྱི་ལུས་ཀྱི་ཡན་ལག་རྣམས་ལ་ཡང་སེམས་རྙེད་པ་མ་ཡིན་ནོ། །གཞན་དུ་ཡང་ནི་རྙེད་མ་ཡིན། །ཞེས་བརྗོད་མ་ཐག་པའི་གནས་རྣམས་ལས་ཡུལ་གཞན་འགའ་ཞིག་ཏུ་ཡང་མ་ཡིན་ནོ། །གང་དུ་མ་རྙེད་པ་ན། རྣམ་པར་བརྟགས་པ་ཐོབ་པ་མ་ཡིན་ནོ། །
Page: 427 དེ་བཞིན་དུ་ནང་དུ་ཇི་ཞིག་ལྟར་འགྱུར་བ་ཡིན་ནོ། །དེ་ལྟར་ན་ཇི་ལྟར་དེ་དགག་པར་བྱེད་ཅེ་ན། གང་ཞིག་ལུས་མིན་ཞེས་པ་ལ་སོགས་པ་གསུངས་ཏེ། སེམས་གང་ཞིག་ལུས་མ་ཡིན་ཏེ། ཕྱི་རོལ་དང་ནང་གི་ལུས་ལ་མ་ཡིན་ནོ། །གཞན་དུ་ཡང་མ་ཡིན་ཏེ། ལུས་ལས་གཞན་ཕྱི་ རོལ་གྱི་དངོས་པོ་ལ་ཡང་མ་ཡིན་ནོ། །འདྲེས་མིན་ཞེས་པ་ནི་བྱ་བའི་བྱེ་བྲག་གོ། །ནང་དང་ཕྱིའི་བདག་ཉིད་གཉིས་པོ་དང་འདྲིས་པ་ལ་ཡང་གནས་པ་མ་ཡིན་ནོ། །སེམས་གང་ཞིག་གསུམ་པོ་ལ་སོགས་སུ་མ་ཡིན་ནོ། །ཐ་དད་པ་ཡང་མ་ཡིན་ནོ། །རང་དབང་ཅན་ཡང་ འགའ་ཡང་གནས་པ་མེད་དེ། སེམས་གང་ཞིག་དོན་དམ་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །འདི་དངོས་པོར་ཡོད་པ་མ་ཡིན་ཏེ། རྟོག་པས་བརྟགས་པ་ཉིད་ཡིན་ནོ། །འཁོར་བ་ཇི་སྲིད་དུ་སེམས་སྒྱུ་མ་དང་འདྲ་བར་རབ་ཏུ་སྣང་བ་ཡིན་ཏེ། རང་བཞིན་མེད་པའི་ཕྱིར་རོ། ། དེའི་ཕྱིར་ཞེས་ཏེ། རྒྱུ་དེས་ན་སེམས་དང་སྲོག་རྣམས་རང་གི་ངོ་བོ་ཉིད་ཀྱིས་མྱ་ངན་ལས་འདས་པ་ཡིན་ལ། ཡོངས་སུ་གྲོལ་བའི་རང་བཞིན་ཡིན་ཞིང་། རང་བཞིན་མེད་པའི་མཚན་ཉིད་རང་བཞིན་གྱིས་མྱ་ངན་ལས་འདས་པ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རྟག་ཏུ་ཡོད་པའི་ ཕྱིར་རོ། །རང་ཉིད་ནི་བདེན་པ་མ་ཡིན་ཡང་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པའི་དབང་གིས་བདེན་པར་སྒྲོ་བཏགས་ནས་ཉོན་མོངས་པའི་བག་ཆགས་ཀྱིས་ཉམས་པར་བྱས་པའི་སེམས་ཀྱི་རྒྱུད་རྣམས་འཁོར་བའི་བཙོན་རར་འགལ་བར་བཀག་པས་རང་དབང་དུ་འཇུག་པ་རྣམས་ཡོངས་ སུ་མ་གྲོལ་བར་བརྗོད་དེ། དོན་དམ་པར་ནི་མ་ཡིན་ནོ། །འདི་ལྟར་ཡིད་རྣམ་པར་དཔྱད་ཀྱང་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་དཔྱད་པའི་ཆེད་དུ། ཤེས་བྱ་ལས་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཡང་ཤེས་པ་ནི་གང་དུ་ཡང་ཡོད་པ་དང་མེད་པའི་དངོས་ པོ་གནས་པ་མ་ཡིན་ལ། འོན་ཀྱང་མིག་ལ་སོགས་པའི་ཚོགས་པའི་རྐྱེན་ལས་བྱུང་བའི་གཟུགས་ལ་སོགས་པ་ཤེས་བྱའི་འཛིན་པ་པོར་བརྗོད་དོ། །དེ་ལྟར་གཞན་གྱི་བསམ་པ་དོགས་པར་བྱས་ནས་རྟོགས་པར་མཛད་དོ། །དེ་ཡང་ཤེས་པར་བྱ་བ་ལས་སྔར་འགྱུར་རམ།
Page: 428 ༄༅། །ཤེས་བྱ་དང་དུས་མཚུངས་པའམ། ཤེས་བྱ་ལས་ཕྱིས་འགྱུར་བ་ཡིན་ཞེས་སོ། །དེ་ལ་གལ་ཏེ་རྣམ་པར་རྟོག་པ་དང་པོ་ཡིན་ན་དེ་ལ་གསུངས་པ་ཤེས་བྱ་ལ་སྟེ་གཟུང་བར་བྱ་བའི་ལུས་ལས། སྔར་ཏེ་སྔ་མ་ཉིད་དུ་ཤེས་བྱ་མ་སྐྱེས་པ་ཉིད་ན་གལ་ཏེ་ཤེས་པ་ སྐྱེས་པར་བརྗོད་ནས། དེའི་ཚེ་དེ་ནི་ཅི་ལ་དམིགས་ཏེ་སྐྱེས། སྔར་ཤེས་བྱ་དམིགས་པ་མེད་པར་ཅི་ལ་དམིགས་པས་ཏེ། ཅི་ལ་བརྟེན་ནས་འབྱུང་ཞིང་སྐྱེ་བར་འགྱུར། ཕྱོགས་གཉིས་པ་ལ་བརྟེན་ཏེ་གསུངས་པ། ཤེས་བྱ་སྟེ་གཟུང་བར་བྱ་བའི་ཡུལ་དང་ལྷན་ཅིག་སྟེ། དུས་ མཚུངས་པར་གལ་ཏེ་ཤེས་པ་ཡིན་ན། དེ་ནི་ཅི་ལ་དམིགས་ཏེ་འདི་སྐྱེ་བར་འགྱུར་ཏེ། དུས་མཚུངས་པའི་ཤེས་པར་བྱ་བ་ནི་རྒྱུ་མ་ཡིན་པ་ཉིད་དེ། དམིགས་པའི་མ་ཡིན་པའི་ཕྱིར་ཡུལ་ནི་རྒྱུ་མ་ཡིན་ཞེས་པའི་ཚིག་ལས་སོ། །རྣམ་པ་གསུམ་པ་ཁས་ལེན་ན། འོན་ཏེ་ཤེས་ བྱ་ཞེས་པ་ལ་སོགས་པ་གསུངས་ཏེ། འོན་ཏེ་ཞེས་པ་ནི་འདྲི་བ་ཡིན་ལ། ཤེས་ལས་ཞེས་པ་ནི་སྔར་གྱི་ཤེས་པའོ། །ཕྱིས་ཞེས་པ་ནི་དེའི་རྗེས་ལ་ཡིན་ཏེ། ཤེས་བྱ་འགགས་པའི་དུས་ལ་ཤེས་པ་སྐྱེ་ཞིང་འབྱུང་བར་འགྱུར་ན། དེའི་ཚེ་ཤེས་པ་གང་ལས་སྐྱེས་ཏེ། ཤེས་པའི་ དུས་ན་ཤེས་བྱ་འགགས་པའི་ཕྱིར་གང་ལ་དམིགས་ནས་ཤེས་པར་འགྱུར་ཏེ། གང་ལ་བརྟེན་ནས་སྐྱེ་བར་འགྱུར། དེ་ལྟ་བས་ན་ཡུལ་ལ་སོགས་པའི་ཚོགས་པ་ལས་ཀྱང་ཤེས་པ་དོན་དམ་པར་མི་འགྲུབ་བོ། །སེམས་དྲན་པ་ཉེ་བར་གཞག་པ་འདི་ནི་དཀོན་མཆོག་བརྩེགས་པ་ ལས་ཇི་སྐད་དུ་གསུངས་པ་ལྟ་བུ་སྟེ། དེ་འདི་ལྟར་སེམས་ཡོངས་སུ་ཚོལ་ཏེ། འདོད་ཆགས་པར་གྱུར་པའམ། ཞེ་སྡང་བར་འགྱུར་བའམ། གཏི་མུག་པར་འགྱུར་བའི་སེམས་དེ་གང་ཡིན་ཅི་འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བ་ཞིག་ཡིན་ནམ། དེ་ལ་ སེམས་འདས་པ་གང་ཡིན་པ་དེ་ནི་ཟད་པའོ། །མ་འོངས་པ་གང་ཡིན་པ་དེ་ནི་མ་ཕྱིན་པའོ། །ད་ལྟར་བྱུང་བ་ནི་གནས་མེད་དོ་སྙམ་མོ། །འོད་སྲུངས་སེམས་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་ན་མེད་པ་ལ་ཡང་མི་དམིགས་སོ། །འོད་སྲུངས་
Page: 429 སེམས་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ་གནས་པ་མེད་པའོ། །འོད་སྲུངས་སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །ལོག་པར་ཞུགས་པའི་འདུ་ ཤེས་ལས་ཆོས་རྣམས་འབྱུང་བ་མ་གཏོགས་པར་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར་བ་གང་ཡིན་པ་དེའི་རྒྱུ་བ་ཅི་འདྲ་བར་རིག་པར་བྱ་ཞེ་ན། འོད་སྲུངས་སེམས་ནི་སྒྱུ་མ་དང་མཚུངས་ཏེ། ཡང་དག་པ་མ་ཡིན་པ་ཀུན་དུ་བརྟགས་པས་ སྐྱེ་བ་རྣམ་པ་མང་པོ་ཡོངས་སུ་འཛིན་ཏོ། །འོད་སྲུངས་འབབ་ཆུའི་རྒྱུན་དང་མཚུངས་ཏེ། མི་གནས་པ་སྐྱེས་ནས་འཇིག་ཅིང་འཇུག་པའོ། །འོད་སྲུངས་སེམས་རླུང་དང་མཚུངས་ཏེ། རིང་དུ་འགྲོ་ཞིང་གཟུང་དུ་མེད་པར་རླུང་རྒྱུ་བའོ། །འོད་སྲུངས་སེམས་ནི་མར་མེའི་འཕྲོ་ བ་དང་མཚུངས་ཏེ། རྒྱུ་དང་རྐྱེན་ལས་བྱུང་བའོ། །འོད་སྲུངས་སེམས་ནི་ནམ་མཁའ་དང་མཚུངས་ཏེ། ཉེ་བའི་ཉོན་མོངས་པ་གློ་བུར་བ་རྣམས་ཀྱིས་ཉེ་བར་ཉོན་མོངས་པའོ། །འོད་སྲུངས་སེམས་ནི་གློག་དང་མཚུངས་ཏེ། སྐད་ཅིག་ཏུ་འཛིན་ཅིང་མི་གནས་པའོ། །དེ་བཞིན་དུ་ སྦྱར་ཏེ། འོད་སྲུངས་སེམས་ནི་ཀུན་དུ་བཙལ་ན་མི་རྙེད་དོ། །གང་མི་རྙེད་པ་དེ་ནི་མི་དམིགས་པའོ། །གང་མི་དམིགས་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་པ་དེ་ནི་དུས་གསུམ་ལས་ཡང་དག་པར་འདས་པའོ། །གང་དུས་ གསུམ་ལས་ཡང་དག་པར་འདས་པ་དེ་ནི་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དེ་ལྟར་སེམས་དྲན་པ་ཉེ་བར་གཞག་པ་བསྟན་ནས། ཆོས་དྲན་པ་ཉེ་བར་གཞག་པ་བསྟན་པའི་ཕྱིར། བརྗོད་པའི་རིམ་པས་སྦྱར་བར་གསུངས་པ། དེ་ལྟར་ ན་ཡང་ཞེས་པ་ལ་སོགས་པ་གསུངས་ཏེ། འང་གི་སྒྲ་ནི་ཁོ་ནའི་དོན་ཏེ། འདི་ལྟར་ཁོ་ནར་ཇི་ལྟར་བརྗོད་པའི་ཚུལ་གྱིས་ཆོས་ཀུན་ཏེ། དངོས་པོ་ཐམས་ཅད་སྐྱེ་ཞིང་འབྱུང་བར་རིག་པར་བྱ་བ་མ་ཡིན་ཏེ། རྟོགས་པ་མ་ཡིན་ནོ། །དེ་རྣམས་ཀྱང་རང་གི་རྒྱུ་ལས་སྔར་རམ།
Page: 430 ༄༅། །དུས་མཚུངས་པའམ། ཕྱི་ནས་སྐྱེ་བ་ལ་སྐྱོན་འདི་ཉིད་ཡིན་པར་ཇི་ལྟར་སྲིད་པ་བཟློག་པར་བྱའོ། །སྐྱེ་བ་དང་བྲལ་བའི་ཕྱིར་འགག་པ་ཡང་རིགས་པ་མ་ཡིན་ཏེ། མ་སྐྱེས་པ་ལས་སྐྱེ་བ་མི་རིགས་པའི་ཕྱིར་རོ། །འདི་ཉིད་ཀྱི་ཕྱིར། མ་སྐྱེས་པ་དང་མ་ འགགས་པའི་རང་བཞིན་ཉིད་ཀྱིས་སྤྲོས་པ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་རྣམ་པར་ཐར་པའི་སྒོ་དང་། ཆོས་ཀྱི་དབྱིངས་སུ་ངེས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། མ་བརྟགས་པ། ཐ་སྙད་དང་བྲལ་བ། བརྗོད་དུ་མེད་པ། བརྗོད་པར་བྱ་བ་མ་ ཡིན་པ་ཞེས་བརྗོད་དོ། །དེ་ལྟར་ཆོས་དྲན་པ་ཉེ་བར་གཞག་པ་བརྗོད་པ་ཆོས་ཐམས་ཅད་ལ་ཞེན་པ་མེད་པར་སྐྱེ་བར་འགྱུར་རོ། །ཆོས་ཐམས་ཅད་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ཡང་། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། བྱང་ཆུབ་ སེམས་དཔའ་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་གང་ལ་སངས་རྒྱས་ཀྱི་ཆོས་མེད་པ་དང་། གང་ལ་བྱང་ཆུབ་མེད་པ་དང་། གང་ལ་ལམ་མེད་པ་དང་། གང་ལ་ཐར་པ་མེད་པ་དང་། གང་ལས་འབྱུང་བ་མེད་པའི་ཆོས་དེ་གང་ཡང་མི་མཐོང་ངོ་། །དེས་ཆོས་ཐམས་ཅད་ འབྱུང་བ་ཤེས་ནས་སེམས་ཅན་རྣམས་ལ་སྒྲིབ་པ་མེད་པར་ཤེས་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱི་སྒོ་ཐོབ་པར་འགྱུར་རོ། །དེས་ཆོས་ཐམས་ཅད་དང་། ཉོན་མོངས་པ་ཐམས་ཅད་ལ་ཡང་སྒྱུ་མར་འདུ་ཤེས་པ་ཐོབ་སྟེ། ཆོས་འདི་དག་ནི་ཉོན་མོངས་པ་མེད་པ་འདི་དག་ནི་ ཉོན་མོངས་པ་དང་བཅས་པ་མ་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་ངེས་པའི་དོན་གྱི་དོན་ལ་བརྟེན་ཏེ་ཉོན་མོངས་པའི་ཚོགས་ཀྱང་མེད། ཕུང་པོར་གྱུར་པ་ཡང་མེད། འདོད་ཆགས་ཀྱི་དངོས་པོ་ཡང་མེད། ཞེ་སྡང་གི་དངོས་པོ་ཡང་མེད། གཏི་མུག་གི་དངོས་པོ་ མེད་ཀྱི་ཉོན་མོངས་པ་འདི་དག་རྟོགས་པའི་ཕྱིར་བྱང་ཆུབ་སྟེ། ཉོན་མོངས་པའི་ངོ་བོ་ཉིད་གང་ཡིན་པ་བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱང་དེ་བཞིན་ནོ་ཞེས་དེ་ལྟར་དྲན་པ་ཉེ་བར་འཇོག་གོ་ཞེས་འབྱུང་ངོ་། །དེ་སྐད་དུ་ཡང་། གང་ལས་སྐྱེ་བ་ཡོད་མིན་ཉིད། །དེ་ལ་མྱང་འདས་ག་ལ་ཡོད། །འགྲོ་བ་སྒྱུ་
Page: 431 མར་གསལ་བའི་ཕྱིར། །དང་པོ་ནས་གཞི་འབད་མེད་པར། །གང་ཞིག་རྟེན་ཅིང་འབྲེལ་པར་འབྱུང་། །དེ་ལ་ཁྱོད་ནི་སྟོང་ཉིད་བཞེད། །དེ་བཞིན་དུ་ནི་དམ་ཆོས་ཏེ། །དེ་དང་མཚུངས་པ་དེ་བཞིན་གཤེགས། །དེ་ནི་དེ་ཉིད་དོན་མེད་པའང་། །དེ་བཞིན་ཉིད་ཀྱི་རྫས་སུ་བཞེད། ། ཡང་དག་དེ་ནི་མི་སླུ་ལ། །དེ་རྟོགས་པ་ནི་སངས་རྒྱས་བརྗོད། །ཅེས་གསུངས་སོ། །དེ་ལྟར་ཆོས་དྲན་པ་ཉེ་བར་གཞག་པ་བསྟན་པས། །ཆོས་ཐམས་ཅད་མ་སྐྱེས་ཤིང་མ་འགགས་པར་བསྟན་པ་ཡིན་ལ། དེ་ལྟར་ན་ཡང་ཀུན་རྫོབ་ཀྱི་བདེན་པ་མི་འཐད་པར་འགྱུར་ཏེ། དེའི་ ཕྱིར་བདེན་པ་གཉིས་ཀྱི་རྣམ་པར་གཞག་པ་མི་འཐད་དོ་ཞེས་ཡོངས་སུ་སྤང་བར་འདོད་ནས། རྒོལ་བ་ཉེ་བར་དགོད་པ་ན། གལ་ཏེ་དེ་ལྟར་ཞེས་པ་ལ་སོགས་པ་སྨོས་ཏེ། གལ་ཏེ་དོན་དམ་པར་ཆོས་ཐམས་ཅད་མ་སྐྱེས་པ་དང་། མ་འགགས་པའི་རང་བཞིན་ཡིན་ན་དེ་ལྟ་ན་ཡང་ ཀུན་རྫོབ་མེད་དེ། ཡོད་པ་མ་ཡིན་ལ་ཐ་སྙད་མེད་པར་འགྱུར་ཞིང་དོན་དམ་པའི་བདེན་པ་གཅིག་ཉིད་དུ་འགྱུར་རོ། །དེའི་ཕྱིར་ཀུན་རྫོབ་མེད་པས་ན་བདེན་པ་གཉིས་ཏེ། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་ཡང་ངོ་། །གང་བརྗོད་པ། ཀུན་རྫོབ་དང་ནི་དོན་དམ་ ཡང་། །འདི་ནི་བདེན་པ་གཉིས་སུ་བཞེད། །ཅེས་སོ། །དེ་ལ་བདེན་པ་གཉིས་པོ་འདི་ག་ལ་ཡོད་དེ། འདི་ལྟར་མི་འགྱུར་རོ། །དེ་མེད་པས་ཀྱང་འཇིག་རྟེན་ཕ་རོལ་དུ་འགྲོ་བའི་ལས་དང་བྱ་བའི་འབྲས་བུ་དང་འབྲེལ་བའི་རང་བཞིན་ཉེ་བར་སོགས་པ་ལ་སོགས་པར་མི་འགྱུར་ཏེ། ཐ་སྙད་ཐམས་ཅད་མེད་པའི་ཕྱིར་རོ། །འོན་ཏེ་དེ་ལྟར་ན་གལ་ཏེ་མེད་ན་ཡང་དེ་བཞིན་དུ། སྨིག་རྒྱུ་ལ་ཆུར་གཏོགས་པ་ཉིད་ཀྱིས་ཀུན་རྫོབ་ཀྱི་རང་བཞིན་གྱིས་རྣམ་པར་རྟོག་པའི་བློས་རྣམ་པར་གཞག་པ་ཡིན་ཏེ། དེའི་ཕྱིར་བདེན་པ་གཉིས་འཐད་པ་ཡིན་ནོ་ཞེས་དོགས་པ་ལ། བརྗོད་ པ་འོན་ཏེ་དེ་ཡང་ཞེས་པ་ལ་སོགས་པ་སྟེ། འོན་ཏེ་ཞེས་པ་ནི་འདྲི་བ་ཡིན་ལ། དེ་ཡང་ཞེས་པ་ནི་ཀུན་རྫོབ་ཡིན་ཏེ། གཅིག་ཏུ་དོན་དམ་པའི་བདེན་པ་ནི་མ་ཡིན་ནོ་ཞེས་པ་ནི་ཡང་གི་དོན་ཏོ། །གཞན་ཀུན་རྫོབ་ཀྱི་རྣམ་པར་རྟོག་པའི་ངོ་བོས་རྣམ་པར་འཇོག་ནའོ། །ཡང་ན་ཡང་གི་སྒྲ་
Page: 432 ༄༅། །ནི་ངེས་པར་གཟུང་བ་དང་། རིམ་པ་ཐ་དད་པ་ཉིད་ཡིན་ལ། གཞན་ཉིད་ཀྱིས་ཀུན་རྫོབ་ཅེས་སྦྱར་བར་བྱའོ། །དེ་ལྟར་ན་གཅིག་བསྒྲུབས་ན་གཞན་ཉམས་པར་འགྱུར་བ་ཡིན་ཞེས་བསྟན་པའི་ཕྱིར། སེམས་ཅན་མྱ་ངན་ག་ལ་འདའ། །ཞེས་གསུངས་ཏེ། གལ་ ཏེ་དོན་དམ་པར་དེའི་རང་བཞིན་གྱིས་སྟོང་ཡང་བློའི་ཡུལ་དུ་བྱས་པའི་ཕྱིར་ཀུན་རྫོབ་ཏུ་བརྗོད་ན་གང་ཞིག་འདི་ལྟར་ཆོས་ཐམས་ཅད་རང་བཞིན་མེད་པའི་མཚན་ཉིད་དོན་དམ་པའི་བདེན་པ་མི་དམིགས་པའི་སྦྱོར་བས་རྟོགས་ན་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ ན། དེ་ཡང་སེམས་ཅན་ཡོངས་སུ་མྱ་ངན་ལས་འདས་ཤིང་ཡོངས་སུ་གྲོལ་བ་གང་ལས་འགྱུར་ཏེ་མ་ཡིན་པ་ཉིད་དེ། དེ་ཡང་བློའི་ཡུལ་དུ་བྱས་པའི་ཕྱིར་ལ། བློ་ཡང་ཐམས་ཅད་ཉིད་དུ་ཀུན་རྫོབ་ཀྱི་རྣམ་པར་རྟོག་པའི་རང་བཞིན་ཡིན་པའི་ཕྱིར་ཏེ། བློ་ནི་ཀུན་རྫོབ་ཉིད་དུ་བརྗོད། །ཅེས་ གསུངས་པའི་ཕྱིར་མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་ཏུ་འགྱུར་རོ་ཞེ་ན། འདི་ལ་ལན། དེ་ནི་གཞན་སེམས་ཞེས་པ་ལ་སོགས་པ་གསུངས་ཏེ། གཞན་ནི་མྱ་ངན་ལས་འདས་པའི་སེམས་ཅན་ལས་གཞན་པ་སེམས་ཅན་གྱི་སེམས་དེའི་རྣམ་པར་རྟོག་པ་ནི་དེ་ཡིན་ཏེ། གང་ཞིག་མྱ་ངན་ལས་ འདས་པ་བློའི་ཡུལ་དུ་བྱས་པ་ཡིན་ལ། གཞན་གྱི་སེམས་ཀྱི་རྣམ་པར་རྟོག་པས་གཞན་ཀུན་རྫོབ་ཏུ་བརྗོད་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་གཞན་གྱི་བློའི་ཡུལ་དུ་བྱས་ནས། ཡང་འདི་ནི་མྱ་ངན་ལས་འདས་པ་ཉིད་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དེ་ནི་རང་ གི་ཀུན་རྫོབ་མིན་ཞེས་ཏེ། སྔ་མ་ལས་ཁྱད་པར་བྱས་པ་རང་གི་ཀུན་རྫོབ་སྟེ། གཉུག་མའི་ཀུན་རྫོབ་རང་གི་རྣམ་པར་རྟོག་པས་དེ་ཞེས་པ་མྱ་ངན་ལས་འདས་པ་མིན་ཏེ། ཡོད་པ་མ་ཡིན་ལ། མྱ་ངན་ལས་འདས་པ་ཉིད་ཡིན་ཏེ། འདི་རང་ཉིད་ནི་རྣམ་པར་རྟོག་པ་ ཐམས་ཅད་དང་བྲལ་བའི་ཕྱིར་རོ། །དེ་ལྟར་ན་གཞན་དུ་ཡང་གཞན་ཀུན་རྫོབ་ཀུན་རྫོབ་ཏུ་ཇི་ལྟར་འགྱུར་ཞེ་ན། ཕྱིས་དེ་ངེས་པར་ན་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ཡོད་ན་འདིར་འགྱུར་ཏེ། འདི་སྐྱེས་པ་ལས་འདི་སྐྱེས་པ་ཞེས་པ་ནི་འདིའི་རྐྱེན་ལས་བྱུང་བ་
Page: 433 ཙམ་ཀུན་རྫོབ་བོ། །དེ་ལྟར་ན་ཆོས་རྣམས་སྐྱེ་བ་ནི་ཕྱི་ནས་བྱུང་བའི་ཡོད་པ་ཡིན་ནོ། །དེ་ལྟ་བས་ན་ཕྱི་ནས་ངེས་པའི་ཆོས་གལ་ཏེ་ཡོད་པ་མ་ཡིན་ན་དེའི་ཚེ་ཀུན་རྫོབ་ཡོད་པ་ཉིད་ཡིན་ནོ། །དེ་གལ་ཏེ་ཡོད་པ་མ་ཡིན་པ་ཡིན་ཞེ་ན། དེའི་ཚེ་ཀུན་རྫོབ་མེད་པ་ཉིད་ཡིན་ཏེ། ནམ་མཁའི་ཨུཏྤ་ ལ་སྔོན་པོ་ལ་སོགས་པ་རྣམས་རྐྱེན་འདི་མེད་པའི་ཕྱིར་རོ། །འདི་སྐད་བརྗོད་པར་འགྱུར་བ་ཡིན་ཏེ། གལ་ཏེ་ཡང་མྱ་ངན་ལས་འདས་པ་བློའི་ཡུལ་དུ་བྱས་ནས། གཞན་གྱིས་རྣམ་པར་རྟོག་པ་ཙམ་གྱིས་དེ་མྱ་ངན་ལས་འདས་པར་མི་འགྱུར་བ་ཁོ་ན་ནི་མ་ཡིན་ཏེ། འདི་རང་གི་རྣམ་པར་རྟོག་པ་ སྤྲོས་པ་ཉེ་བར་ཞི་བའི་ཕྱིར་རོ། །ཆགས་པ་དང་བཅས་པའི་སེམས་ཀྱི་དམིགས་པས་རང་ཉིད་ཀྱི་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་འདོད་ཆགས་དང་བྲལ་བ་ཡང་འདོད་ཆགས་དང་བྲལ་བ་མ་ཡིན་པར་མི་འགྱུར་རོ། །དེ་ལྟ་བས་ན་རྣམ་པར་རྟོག་པ་དང་ཐམས་ཅད་དང་བྲལ་ བའི་ཕྱིར་གཞན་གྱི་ཀུན་རྫོབ་ཀྱིས་དམིགས་ན་ཡང་རང་ཉིད་འདི་དོན་དམ་པར་མྱ་ངན་ལས་འདས་པ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་རང་ཉིད་ཀྱིས་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་མ་སྐྱེས་པ་དང་། མ་འགགས་པའི་རང་བཞིན་ཡིན་པའི་ཕྱིར་རང་བཞིན་གྱིས་མྱ་ངན་ལས་ འདས་པ་དང་། གདོད་ནས་ཞི་བ་ཡིན་ནོ་ཞེས་བརྗོད་དོ། །དེ་ལྟར་ན་ཡང་དེ་ལྟ་བུ་རྣམས་ཉིད་ལས་དེ་ལྟ་བུའི་ཆོས་གཞན་སྐྱེ་བ་དང་འགག་པར་ཡང་འགྱུར་ཏེ། སྒྱུ་མའི་རང་བཞིན་བཞིན་ནོ། །དེས་ན་ཡང་རང་བཞིན་གྱིས་རྣམ་པར་རྟོག་པའི་དབང་ལས་ཡང་དམིགས་པ་ན། ཀུན་ རྫོབ་ཡིན་ཏེ། དངོས་པོའི་ངོ་བོ་མེད་པའི་ཕྱིར་མ་སྐྱེས་པ་དང་མ་འགགས་པར་བརྗོད་དེ། བོང་བུའི་རྭ་བཞིན་ནོ། །དེ་གསུངས་པ། སྟོང་པ་ཉིད་ཀྱི་ཆོས་རྣམས་ལས། །སྟོང་པའི་ཆོས་རྣམས་འབྱུང་བར་འགྱུར། །ཞེས་སོ། །འཕགས་པ་རྒྱ་ཆེར་རོལ་པ་ལས་ཀྱང་གསུངས་པ་ཡིན་ཏེ། འདུ་བྱེད་མར་མེའི་འོད་ཅེས་སོ། །དེ་ལྟ་བས་ན་དོན་དམ་པར་སྐྱེ་བ་དང་། འགག་པ་མེད་ན་ཡང་ཀུན་རྫོབ་ཀྱི་བདེན་པ་ལས་འགལ་བ་མ་ཡིན་ཏེ། ཐམས་ཅད་འཐད་པ་ཡིན་ནོ། །གལ་ཏེ་དོན་དམ་པར་ཆོས་ཐམས་ཅད་མ་སྐྱེས་པ་དང་མ་འགགས་པ་ཡིན་ན་དེའི་ཚེ་དངོས་པོ་ལ་
Page: 434 ༄༅། །ཤེས་པ་མེད་ཅིང་། ཤེས་བྱ་ཡོད་པ་མ་ཡིན་པ་མ་ཡིན་ནམ། དེ་ལྟ་ན་འདིར་གང་ཞིག་གང་གིས་འགེགས་པར་འགྱུར་ཏེ། རྣམ་པར་དཔྱོད་པ་ཡང་མེད་པར་གྱུར་ལ། དེ་ལྟ་བས་ན་ཅང་མི་སྨྲ་བར་གནས་པར་བྱའོ་ཞེ་ན། རྟོག་ཅེས་པ་ལ་སོགས་པ་ གསུངས་ཏེ། རྟོག་པ་ནི་སྒྲོ་འདོགས་པའི་བློ་ཡིན་ལ། བརྟགས་པ་དེ་དེས་སྒྲོ་བཏགས་པ་ཡིན་ནོ། །འང་ཞེས་པ་ནི་སྡུད་པ་ཡིན་ཏེ། གཉིས་པོ་འདི་དག་གཉི་ག་ཕན་ཚུན་རྟེན་ཅིང་ཡང་དག་པར་བརྟེན་པ་ཡིན་ནོ། །རྟོག་པ་ལ་ལྟོས་ནས་བརྟགས་པ་ཡིན་ལ། བརྟགས་ པ་ལ་ལྟོས་ནས་རྟོག་པ་ཡིན་ཏེ། ཇི་ལྟར་འཇིག་རྟེན་ལ་གྲགས་པའི་ཐ་སྙད་ལ་བརྟེན་ནས་ཏེ་བཟུང་ནས་རྣམ་པར་དཔྱོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་བརྗོད་པ་ནི་མངོན་པར་བརྗོད་པའོ། །ཐམས་ཅད་ཅེས་པ་ནི་འགའ་ཞིག་མ་ཡིན་པ་ཉིད་དོ། །རྣམ་པར་དཔྱོད་པ་ཡང་ཀུན་ རྫོབ་ཀྱི་བདེན་པ་ལ་བརྟེན་ནས་སྤྲོས་པ་ཡིན་ལ། དོན་དམ་པའི་བདེན་པ་ལ་མ་ཡིན་ཏེ། དེ་ནི་ཐ་སྙད་ཐམས་ཅད་ལས་འདས་པའི་ཕྱིར་ཞེས་པའི་དོན་ཏོ། །རྣམ་པར་དཔྱོད་པ་ཡང་རྣམ་པར་དཔྱད་པར་བྱ་བ་བཞིན་དུ་བརྟགས་པའི་རང་བཞིན་ཡིན་པའི་ཕྱིར་དཔྱད་པར་བྱའོ་ཞེ་ན། དཔྱད་པ་པོ་ལ་དཔྱད་པར་མི་ནུས་པའི་ཕྱིར་ཞེས་དགོངས་ནས། གང་ཚེ་རྣམ་པར་དཔྱོད་པ་ཞེས་པ་ལ་སོགས་པ་གསུངས་ཏེ། རྣམ་པར་དཔྱོད་པས་ཏེ། ཡོངས་སུ་རྟོག་པ་ཡང་གང་གི་ཚེ་རྣམ་པར་དཔྱོད་པས་རྣམ་པར་དཔྱད་ཅིང་། ངེས་པར་བྱེད་ན་དེའི་ཚེ་ཐུག་པ་མེད་པར་ཏེ། མི་ གནས་པར་ཐལ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རྣམ་དཔྱོད་དེ་ལ་ཡང་རྣམ་པར་དཔྱོད་པའི་ཕྱིར་ཏེ། གང་ཞིག་འདི་ལ་རྣམ་པར་དཔྱད་པ་ན་ཡང་རྣམ་པར་དཔྱད་པའི་དོན་དུ་རྣམ་པར་དཔྱོད་པ་ཉེ་བར་བྱེད་ན་རྣམ་པར་དཔྱོད་པ་ལ་ཡང་རྣམ་པར་དཔྱོད་པའི་རྒྱུས་སོ། །རྣམ་པར་དཔྱད་པར་བྱ་ བ་ལ་ཇི་ལྟར་དཔྱད་པ་ན་ཇི་ལྟར་ཐུག་པ་མེད་པ་འདིར་མི་འགྱུར་ན། དཔྱད་བྱ་ཞེས་པ་ལ་སོགས་པ་གསུངས་ཏེ། དཔྱད་པར་བྱ་བ་ལ་སྟེ། ཡོངས་སུ་བརྟག་པར་བྱ་བ་ལ་ཡང་དངོས་པོ་རྣམ་པར་དཔྱད་པར་བྱས་ནས་ཏེ། གཏན་ལ་ཕབ་པ་ནི་རྣམ་པར་དཔྱད་ཅིང་གཏན་ལ་
Page: 435 ཕབ་པ་ཡང་དུས་ཕྱིས་རྣམ་པར་དཔྱད་པའི་གཞི་ཡོད་པ་མ་ཡིན་ནོ། །གང་ལ་བརྟེན་ནས་ཡང་དཔྱོད་ཅིང་ཚོལ་བ་ལ་ཐུག་པ་མེད་པ་མ་ཡིན་ཏེ། རྣམ་པར་དཔྱད་པར་བྱ་བ་ལ་དཔྱད་པས་དོན་བྱས་པའི་ཕྱིར་ན་ཡང་འདོད་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། རྣམ་དཔྱོད་ལ་ནི་རྟེན་མིན་ཏེ། ། ཞེས་ཏེ། རྟེན་མེད་པའི་ཕྱིར་ཡང་དཔྱོད་པར་བྱེད་པ་མ་ཡིན་ནོ། །སྒྲོ་འདོགས་པ་ཐམས་ཅད་དགག་པ་བྱས་ནས་དངོས་པོའོ། །དེ་ཁོ་ན་ཉིད་ཡོངས་སུ་ཤེས་པས་བྱ་བ་བྱས་པའི་ཕྱིར། འཇུག་པའི་ལྡོག་པ་མེད་པའི་ཕྱིར་གང་ལ་ཡང་རེ་བ་མེད་པ་སྟེ། གང་ལ་ཡང་འདོད་པ་མ་ཡིན་ ལ། དེ་ཡང་མྱ་ངན་ལས་འདས་པར་བརྗོད་དེ། ཐ་སྙད་ཐམས་ཅད་ལོག་པའི་ཕྱིར་རོ། །ཐམས་ཅད་དུ་བྱ་བ་མེད་པའི་ཕྱིར་རང་བཞིན་གྱིས་ཞི་བས་དེ་ཉིད་ལ་མྱ་ངན་ལས་འདས་པར་བརྗོད་དོ། །རྟོག་པའི་ཡུལ་ལ་ཐམས་ཅད་དུ་ངེས་པར་དཔྱོད་པར་བྱེད་པ་ཡིན་ཏེ། དོན་དམ་ པར་མ་ཡིན་ནོ་ཞེས། གང་གིས་ལྟར་ན་ཞེས་པ་ལ་སོགས་པ་གསུངས་ཏེ། གང་གི་ཡང་དོན་དམ་པར་ཡོད་པར་སྨྲ་བའི་གཉིས་པོ་འདི་དཔྱོད་པར་དང་དཔྱད་པར་བྱ་བ་ཞེས་པ་འདི་གཉི་ག་ཡང་བདེན་པ་ཡིན་ཏེ། དོན་དམ་པའི་བདེན་པ་ཡིན་ཞིང་། ཀུན་རྫོབ་མ་ཡིན་ལ། དེ་ ཉིད་དངོས་པོའི་རང་བཞིན་དུ་སྨྲ་བ་ལ་ཤིན་ཏུ་དཀའ་བར་གནས་པ་ཡིན་ཏེ། ཤིན་ཏུ་ནི་ཆེས་ཤིན་ཏུའོ། །དཀའ་བས་གནས་པ་ནི་སྡུག་བསྔལ་གྱི་སྒོ་ནས་གནས་པ་ཡིན་ཏེ། དཀའ་བའི་བྱེད་པ་ཡིན་པའི་ཕྱིར་རོ། །འདི་ཉིད་ཉེ་བར་བསྟན་པའི་ཕྱིར། གལ་ཏེ་ཞེས་པ་ལ་སོགས་ པ་སྨོས་པ་ཡིན་ཏེ། གལ་ཏེ་ཤེས་དབང་ལ་སྟེ། ཤེས་པ་ཚད་མའི་དབང་ལས་ཏེ་མཐུ་ལས་སོ། །དོན་ཏེ་གཞལ་བྱ་རྣམ་པར་འཇོག་ན། དེའི་ཚེ་ཡིན་དུ་ཆུག་ན་ཡང་། ཚད་མ་ལས་གཞལ་བྱ་རྣམ་པར་འཇོག་པ་ཞེས་བྱ་བ་གང་གིས་ཟློག་པར་བྱེད་པ་ཡིན་ཏེ། འོན་ ཀྱང་འདིར་འདི་དཔྱད་པར་བྱ་བ་ཡིན་ཏེ། ཤེས་ཡོད་ཉིད་ལ་རྟེན་ཅི་ཡོད། །ཤེས་པ་ཚད་མ་ལ་ཡང་ཡོད་དོ་ཞེས་གང་ལ་ངེས་པར་ཡོད་ཅེས་བརྗོད་པར་བྱ་སྟེ། རང་རིག་པ་མེད་པའི་ཕྱིར་ཚད་མ་གཞན་ཚོལ་བ་ན་ཐུག་པ་མེད་པར་ཐལ་བར་འགྱུར་བས་རྟེན་ཅི་ཞིག་ཡོད་དེ། བརྟེན་པར་
Page: 436 ༄༅། །བྱ་བའོ། །དེ་ལྟར་ན་ཡང་གལ་ཏེ་ཤེས་པ་ཡོད་པ་ལ་ཚད་མ་གཞན་ཚོལ་བར་བྱེད་ན་ཐུག་པ་མེད་པར་འགྱུར་ལ། འོན་ཀྱང་གཞལ་བྱ་ཉིད་ལས་ཚད་མ་རྣམ་པར་འཇོག་སྟེ། དེ་ཇི་ལྟར་ཐུག་པ་མེད་པར་འགྱུར་ཞེས་དོགས་ནས། འོན་ཏེ་ཞེས་པ་ལ་སོགས་ པ་སྨོས་ཏེ། འོན་ཏེ་ཞེས་པ་ནི་གཞན་གྱི་བསམ་པ་གསལ་བར་བྱེད་པ་ཡིན་ནོ། །འོན་ཏེ་ཤེས་པར་བྱ་བ་སྟེ། གཞལ་བྱའི་དབང་གིས་ཞེས་པ་རྣམ་པར་གཞག་བྱེད་ནའོ། །དེ་ལྟར་ན། ཤེས་བྱ་ཡོད་ལ་རྟེན་ཅི་ཡོད། །ཅེས་ཏེ། གལ་ཏེ་ཤེས་བྱའི་དབང་གིས་ ཤེས་པའི་རྣམ་གཞག་བྱེད་ན། དེའི་ཚེ་ཤེས་བྱས་ཤེས་པ་ཡོད་པར་གཞག་པའི་རྒྱུ་མཚན་དུ་འགྱུར་ན། དེ་ཡང་ཚད་མ་གང་ལས་གྲུབ་ཅེས་འདྲི་བར་བྱེད་དོ། །ཤེས་བྱ་ཡོད་པ་ཉིད་ལ་རྟེན་ཅིང་ཡོད་ཅེས་གཞལ་བྱ་གྲུབ་པའི་ཆེད་དུ་ཤེས་པ་གཞན་ཚོལ་བ་ལས་ཤེས་པ་གཞན་ དེ་ཡང་གང་ལས་གྲུབ་ཅེས་བརྗོད་པར་བྱའོ། །དེ་ལྟ་བས་ན་ཤེས་པར་བྱ་བ་ལས་སོ་ཞེ་ན། ཤེས་པར་བྱ་བ་གང་ལས་གྲུབ་པ་ཡིན་ཏེ། དེ་གྲུབ་པ་ལ་ཤེས་པ་གཞན་ཚོལ་ན་ཡང་ཐུག་པ་མེད་ཅིང་མཐར་ཐུག་པ་མེད་པར་འགྱུར་རོ། །དེ་ལྟར་གྱུར་ན་ཡང་། གལ་ཏེ་ཤེས་ པའམ་ཤེས་བྱ་གྲུབ་པའི་ཆེད་དུ་དེ་ཤེས་པ་གཞན་ལྟོས་པར་གྱུར་ན་དེར་འགྱུར་ཏེ། འོན་ཀྱང་ཕན་ཚུན་དུ་གཅིག་ལ་གཅིག་གིས་གྲུབ་ན་དེའི་ཕྱིར་བརྗོད་པའི་ཉེས་པར་ཐལ་བར་ཇི་ལྟར་འགྱུར་ཞེས་གཞན་གྱི་བསམ་པ་སྔོན་དུ་སོང་བས། ཅི་སྟེ་ཕན་ཚུན་ཞེས་པ་ལ་སོགས་པ་ གསུངས་ཏེ། ཅི་སྟེ་ཡང་འདི་ལྟར་རྗོད་པར་བྱེད་ན་ཕན་ཚུན་དུ་སྟེ། ཤེས་པ་དང་ཤེས་བྱ་ཡང་ཕན་ཚུན་གྱི་དབང་གིས་ཏེ། སྟོབས་ཀྱིས་ཤེས་པ་དང་ཤེས་པར་བྱ་བ་དག་ཀྱང་ཡོད་པ་ཉིད་དུ་ངེས་པར་བྱེད་ན་ནི། ཤེས་པའི་དབང་གིས་ཤེས་བྱ་དང་། ཤེས་བྱའི་དབང་གིས་ ཤེས་པའོ་ཞེས་པའི་ཐ་ཚིག་གོ་ཞེ་ན། དེ་དེ་ལྟར་ཡིན་ན་གཉི་ག་ཡང་ནི་མེད་པར་འགྱུར་ཏེ། ཤེས་པ་དང་ཤེས་བྱ་གཉི་ག་ཡང་མེད་པར་འགྱུར་ལ། གཅིག་ཀྱང་མེད་ཅིང་གྲུབ་པ་མེད་ན་གཅིག་ལ་གཅིག་བརྟེན་པའི་ཕྱིར་གཅིག་མ་གྲུབ་ན་གཉིས་པ་ཡང་གྲུབ་པར་མི་འགྱུར་
Page: 437 རོ། །འདིར་རང་བཞིན་དང་མཐུན་པའི་དཔེ་བསྟན་པའི་ཕྱིར། གལ་ཏེ་ཕ་མིང་ཞེས་པ་ལ་སོགས་པ་གསུངས་ཏེ། ཕ་ནི་སྐྱེད་པར་བྱེད་པ་ཡིན་ལ། གལ་ཏེ་བུད་མེད་དེ། བུ་མེད་པར་གྱུར་ནའོ། །བུ་སྐྱེད་པ་ལ་ལྟོས་ནས་འདི་ཐ་སྙད་ཡིན་ལ། དེ་ལྟར་ན་གང་ལས་བུ་ འབྱུང་བ་ཡིན། གང་སྟེ་གང་གི་ཕྱིར་ཕ་མེད་པའི་ཕྱིར་བསྐྱེད་པར་བྱ་བའི་བུ་འབྱུང་ཞིང་སྐྱེ་བ་ཡོད། ཅིའི་ཕྱིར་ཞེ་ན། བུ་མེད་པར་ནི་ཕ་མེད་པས། །ཞེས་པ་འདི་ནི་གཏན་ཚིགས་ཀྱི་ཚིག་ཡིན་ནོ། །གང་གི་ཕྱིར་བུ་མེད་དེ་ཡོད་པ་མ་ཡིན་ན་ཕ་ཡོད་པ་ནི་མ་ཡིན་ཏེ། ཕར་མི་ འགྱུར་ལ། ཕས་ཀྱང་བུ་བསྐྱེད་པར་བྱ་བ་མ་ཡིན་ལ། དེ་ཡང་བུ་ཇི་སྲིད་དུ་སྐྱེད་པར་བྱེད་པ་མ་ཡིན་ན་དེ་སྲིད་དུ་ཕ་ཉིད་དུ་མི་འགྱུར་ཏེ། དེ་སྲིད་དུ་བུ་ལས་བུར་འགྱུར་བར་སྲིད་པ་མ་ཡིན་པའི་ཕྱིར་གཅིག་ལ་གཅིག་བརྟེན་པས་ན་གཅིག་མེད་པས་གཞན་མེད་པར་འགྱུར་རོ་ཞེས། གཉི་ག་ ཡང་ནི་མེད་པར་འགྱུར། །ཞེས་ཏེ། བསྡུས་པའི་དོན་ཏོ། །དོན་འདི་དཔེ་ལས་བྱུང་བ་ལ་སྦྱར་བའི་ཕྱིར། དེ་བཞིན་ཞེས་གསུངས་ཏེ། ཇི་ལྟར་འདིར་ཕ་དང་བུ་དཔེར་བརྗོད་པ་དེ་བཞིན་དུ་ཤེས་པ་དང་ཤེས་བྱའི་གཉིས་པོ་དེ་དག་ཡོད་པ་མ་ཡིན་ཏེ། དེ་བཞིན་དུ་དངོས་པོ་མ་ཡིན་ཏེ། འདི་ལྟར་ ཡང་ཤེས་པར་བྱ་བའི་ཤེས་པ་ལ་ཤེས་བྱར་ཡང་བརྗོད་དོ། །ཤེས་པ་ཡོངས་སུ་གཅད་པར་བྱ་བས་ཀྱང་ཤེས་བྱ་ཡིན་ནོ་ཞེས་སོ། །ཇི་སྲིད་དུ་ཤེས་པ་མ་གྲུབ་པ་དེ་སྲིད་དུ་ཡོངས་སུ་ཤེས་པ་མི་གྲུབ་ལ། དེ་སྲིད་དུ་དེའི་ཡོངས་སུ་གཅད་པར་བྱ་བ་ཉིད་ཀྱིས་ཤེས་པར་བྱ་བ་མི་འགྲུབ་ པས་གཅིག་ལ་གཅིག་བརྟེན་པ་ཉིད་ཀྱི་ཕྱིར་གཉི་ག་མེད་པར་འགྱུར་རོ་ཞེས་དགོངས་པ་ཡིན་ནོ། །དེ་ལྟར་གྱུར་ན་ཡང་ཕན་ཚུན་གྱི་དབང་གིས་གྲུབ་པོ་ཞེས་མི་སྨྲ་སྟེ་འོན་ཀྱང་ཤེས་བྱའི་འབྲས་བུ་ཤེས་པ་ཡིན་ལ། ཤེས་པ་དེ་ལས་མྱུ་གུ་དང་ས་བོན་བཞིན་དུ་ཤེས་པ་གྲུབ་ཅེས་གཞན་གྱི་བསམ་པ་ དགོད་པའི་ཆེད་དུ། མྱུ་གུ་ས་བོན་ལས་སྐྱེ་ཞིང་། །ཞེས་པ་ལ་སོགས་པ་གསུངས་ཏེ། ས་བོན་གཤོང་དང་བུ་གའི་ནང་དུ་ཆུད་པའི་ལས་ཏེ། ས་བོན་དེ་ཉིད་ལས་མྱུ་གུ་སྐྱེས་པར་བརྗོད་ཅིང་གོ་བར་བྱེད་པ་ཇི་ལྟར་ཡིན་པ་དེ་བཞིན་དུ་འདིར་ཤེས་བྱ་སྟེ། གཞལ་བྱ་ལས་སོ། །
Page: 438 ༄༅། །ཤེས་པ་སྐྱེས་ཏེ་གྲུབ་པ་ཡིས་སོ། །དེ་ཡོད་པ་སྟེ་ཤེས་པར་བྱ་བ་དེ་ཡོད་ཅིང་ཡང་དག་པར་ཡོད་པའོ། །ཅིས་མི་རྟོགས་ཏེ། འདིར་ཡང་ས་བོན་དང་མྱུ་གུ་བཞིན་དུ་རྒྱུ་དང་འབྲས་བུ་དངོས་པོ་ཡོད་པ་ཡིན་པའི་ཕྱིར་རོ། །འདི་ནི་དཔེ་དང་འདྲ་བ་མ་ཡིན་ཞེས་ བསྟན་པའི་ཕྱིར། མྱུ་གུ་ཞེས་པ་ལ་སོགས་པ་གསུངས་ཏེ། མྱུ་གུ་སྟེ་འབྲས་བུ་ལས་ས་བོན་ཡོད་ཅེས་རྟོགས་ན། དེ་འདི་ཉིད་འབའ་ཞིག་གི་མཐུ་མ་ཡིན་ཏེ། འོན་ཀྱང་གཞན་ཏེ་མྱུ་གུ་ལས་ཐ་དད་པའི་ཤེས་པ་ལས་དེ་ཡོད་དོ་ཞེས་རྟོགས་པ་སྟེ། འདི་ལྟར་རུང་བ་ཙམ་གྱིས་རྒྱུ་འབྲས་ བུས་རྟོགས་པར་བྱེད་པ་མ་ཡིན་ཏེ། གཞན་དུ་ན་ས་བོན་ཉིད་མྱུ་གུ་སྐྱེད་པ་མ་གཏོགས་པས་ཀྱང་གོ་བར་བྱེད་པ་ཉིད་དུ་འགྱུར། རང་གི་ངོ་བོ་རྟོགས་པ་ཙམ་གྱིས་མ་གཏོགས་པའི་འབྲས་བུ་དང་རྒྱུའི་དངོས་པོ་ཡང་རྟོགས་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། འོན་ཀྱང་མེད་ན་མི་ འབྱུང་བ་ཉིད་ཀྱི་ངེས་པ་ཡིན་ནོ། །དེའི་ཕྱིར་སྔར་རྒྱུ་དང་འབྲས་བུ་དངོས་པོ་རྟོགས་པ་ལ་ཡང་ཕྱི་ནས་འགའ་ཞིག་ཏུ་ས་བོན་ལས་བྱུང་བའི་མྱུ་གུ་དམིགས་པ་དང་ལྡན་པས་ས་བོན་དུ་ཞེན་པའི་བདག་ཉིད་རྗེས་སུ་དཔག་པ་སྐྱེ་བར་འགྱུར་རོ། །དེས་ས་བོན་ཡོད་དེ་ཞེས་ཞེན་པར་བྱེད་ དོ། །དེ་ལྟ་བས་ན་ཤེས་པས་ཡུལ་དུ་བྱས་པའི་འདི་ལྟར་མྱུ་གུ་ས་བོན་རྟོགས་པའི་རྒྱུ་ཡིན་ལ། ཤེས་པ་ཡོད་པ་ཉིད་དེ། ཤེས་པ་དངོས་པོ་ལ་ཡོད་པ་གང་ལས་ཏེ། གང་གིས་ཤེས་པ་ཡོད་པར་རྟོགས་པར་བྱེད་དེ། རང་རིག་པ་མེད་པའི་ཕྱིར་དང་ཐུག་པ་མེད་པའི་ འཇིགས་པས་ཤེས་པ་གཞན་མི་ཚོལ་བའི་ཕྱིར་རོ། །ཤེས་བྱ་གང་ཞིག་དེ་ཡིས་གོ་བར་འགྱུར་བ་གང་ལས་ཏེ། ཤེས་པར་བྱ་བ་ཤེས་པས་ཤེས་བྱའི་འབྲས་བུ་དེས་གོ་ཞིང་ཞེན་པར་འགྱུར། རང་ཉིད་མ་ངེས་པའི་རྟགས་བསྒྲུབ་བྱ་གོ་བར་བྱེད་པའི་རིགས་པ་མ་ཡིན་ནོ། ། ཤེས་པར་བྱེད་པའི་རྒྱུ་འདི་ཤེས་བྱའི་གོ་བར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་དངོས་པོའི་ཕྱོགས་ལ་ཤེས་པ་དང་ཤེས་བྱ་གྲུབ་པས་དཔྱད་པར་ནུས་པ་མ་ཡིན་ཏེ། བརྟགས་པའི་ཕྱོགས་ལ་ནི་ཇི་ལྟར་གྲགས་པ་བཞིན་དུ་ཐ་སྙད་ལ་བརྟེན་ནས་ནུས་པ་ཡིན་ནོ་ཞེས་ངེས་སོ། །ད་ནི། རང་
Page: 439 ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་པའི་དོན་བསྒྲུབ་པའི་དོན་དུ་རྒྱུ་མེད་པ་ཡང་མ་ཡིན་ནོ་ཞེས་པ་མཐའ་བཞི་པ་བསྒྲུབ་པའི་དོན་དུ་རེ་ཞིག་དངོས་པོར་སྨྲ་བའི་འདོད་པ་ དགག་པའི་ཕྱིར། རེ་ཞིག་འཇིག་རྟེན་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཡང་དེ་རྣམས་ཀྱིས་རང་དང་གཞན་གྱི་རང་བཞིན་གྱི་རྒྱུ་ལ་མ་ལྟོས་པ་ཉིད་དངོས་པོའི་ཚོགས་རྣམ་པ་སྣ་ཚོགས་པ་སྐྱེ་བར་འགྱུར་རོ་ཞེས་སྐྱེ་བར་བྱེད་དོ་ཞེས་རྗོད་པར་བྱེད་དོ། །གང་གི་ཕྱིར་པདྨ་ལ་ སོགས་པ་རྣམས་ཀྱི་རྩ་བ་དང་འདབ་མ་དང་ཡལ་ག་དང་། ཟེའུ་འབྲུ་ལ་སོགས་པ་རྣམ་པ་དུ་མའི་ཁྱད་པར་ཐ་དད་པ་རྣམ་པ་སྣ་ཚོགས་པ་སེམས་དང་བྲལ་བའི་ཆུ་དང་འདམ་ལ་སོགས་པ་ལས་བསྐྱེད་པར་མི་ནུས་སོ་ཞེས་སོ། །སེམས་པ་དང་ལྡན་པ་གཞན་འགའ་ཞིག་ལས་དེ་ལྟ་བུས་སྤྲུལ་ པ་ལས་གཞོལ་བ་དམིགས་པ་ཡང་མ་ཡིན་ལ། གུས་པར་བྱེད་པ་ཡང་མ་ཡིན་ཏེ། ལས་ལ་མཐར་ཐུག་པ་མེད་པའི་ཕྱིར་དང་། དུས་གཅིག་ཏུ་མཐར་ཐུག་པ་མེད་པའི་ཁྱད་པར་རྣམས་ལ་བྱ་བ་དང་ལྡན་པའི་ཕྱིར་རོ། །དེ་ལྟ་བས་ན་རྒྱུ་ཅུང་ཟད་ཀྱང་མེད་པར་འགྲོ་བ་འདི་ཐམས་ཅད་ རྣམ་པ་སྣ་ཚོགས་པར་སྐྱེའོ་ཞེས་པ་ནི་དེ་རྣམས་ཀྱི་ལུགས་སོ། །དེ་སྐད་དུ་ཡང་། རང་བཞིན་སྨྲ་བ་དེ་རྣམས་ཀྱིས། །རང་ཉིད་ཀྱང་ནི་རྒྱུ་རུ་བརྗོད། །ཐམས་ཅད་རྒྱུ་ལ་རེ་མེད་པར། །དངོས་པོ་རྣམས་ཀྱི་སྐྱེ་བ་ཡང་། །པདྨ་ཉི་མ་གེ་སར་སོགས། །སྣ་ཚོགས་གང་གིས་ བྱེད་པ་ཡིན། །རྨ་བྱའི་མདོངས་ལ་སོགས་པ་ཡང་། །སྣ་ཚོགས་གང་གིས་སྤྲུལ་པ་ཡིན། །ཇི་ལྟར་ཚེར་མ་ལ་སོགས་པའི། །རྣོ་བ་ལ་སོགས་རྒྱུ་བྱེད་དམ། །གློ་བུར་ཡིན་ཕྱིར་དེ་བཞིན་དུ། །སྡུག་བསྔལ་ལ་སོགས་རྒྱུ་མེད་ཉིད། །ཅེས་བརྗོད་དོ། ། དེ་ལ་འདི་ལྟར་སྨྲ་བ་ལ་ནི་འཇིག་རྟེན་གྱི་རྟོག་པ་ཉིད་ཀྱིས་རྒྱུ་ལ་ནུས་པ་མེད་པ་ཉིད་ལ་གནོད་པར་འགྱུར་རོ་ཞེས་སྟོན་ཏེ། འཇིག་རྟེན་པ་ནི་སྐྱེ་བོ་ཐམས་ཅད་ཡིན་ལ། མངོན་སུམ་གྱི་དབང་པོ་ལ་བརྟེན་པ་ནི་ཤེས་པའི་ཡིན་ལ། མངོན་སུམ་ཞེས་པ་འདི་ཉེ་བར་མཚོན་པ་
Page: 440 ༄༅། །ཡིན་པའི་ཕྱིར་རྗེས་སུ་དཔག་པས་ཀྱང་ཡིན་ཏེ། དེ་རྟོགས་པའི་ཕྱིར་ན་མངོན་སུམ་དང་རྗེས་སུ་དཔག་པ་ཡིན་ཞེས་པའི་ཐ་ཚིག་གོ། །ཐམས་ཅད་ནི་རྣམ་པ་དུ་མ་ཡིན་ལ། རྒྱུ་ནི་འཇིག་རྟེན་སྣ་ཚོགས་པའི་རྒྱུ་ཡིན་ལ། མཐོང་བ་ནི་དེའི་རྗེས་སུ་འགྲོ་ པ་དང་། ལྡོག་པའི་བྱེད་པ་ཡང་འབྲས་བུ་སྐྱེད་པར་མཐོང་ལ། འབྲས་བུ་ནི་གང་ཞིག་ཡོད་ན་ཡོད་ལ། དེ་མེད་ན་མེད་པར་རྟོགས་པ་དེ་ནི་དེའི་རྒྱུ་ཡིན་ནོ་ཞེས་ངེས་པ་ཡིན་ནོ། །དེའི་ཕྱིར་འཇིག་རྟེན་གྱི་རྟོགས་པ་ཉིད་ཀྱི་རྒྱུའི་བྱེད་པ་ལས་རྒྱུ་མེད་པའི་དམ་བཅའ་བ་ཉིད་ལས་གནོད་པར་ བྱེད་ལ། དེ་ཉེ་བར་བསྟན་པའི་ཕྱིར། པདྨའི་སྡོང་པོ་ཞེས་པ་ལ་སོགས་པ་གསུངས་ཏེ། པདྨའི་སྡོང་པོ་ལ་སོགས་པ་གང་ཡིན་པ་དེ་རྣམས་ཏེ། ལོ་མ་དང་། འདབ་མ་དང་། ཡལ་ག་དང་། ཟེའུ་འབྲུ་ལ་སོགས་པ་དེ་རྣམས་ལ་དེ་སྐད་ཅེས་བརྗོད་དེ། གང་གི་ཕྱིར་དེ་རྣམས་ཀྱི་ཁྱད་ པར་སྣ་ཚོགས་པ་ཉིད་ཡིན་ནོ། །རྒྱུའི་དབྱེ་བས་ཞེས་པའི་རྒྱུ་སྟེ་རྒྱུའི་དབྱེ་བ་ལས་ཁྱད་པར་སྐྱེ་བར་གྱུར་ཏེ་འབྱུང་བར་འགྱུར་ལ། གཞན་དུ་ནི་མ་ཡིན་ཏེ། ངེས་པ་མེད་པར་ཐམས་ཅད་དུ་འབྱུང་བར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་གང་གང་གིས་རྗེས་སུ་འགྲོ་བ་ལྡོག་པའི་རྗེས་སུ་བྱེད་པར་ རྟོགས་པ་དེ་ཉིད་ཀྱི་འབྲས་བུ་ཡིན་ཏེ། དེ་གཞན་ལས་མ་བྱུང་ཞེས་ཁས་བླང་བར་བྱ་བ་ཡིན་ནོ། །དེ་ལྟ་བས་ན་རྒྱུ་སོ་སོར་ངེས་པ་ཉིད་ལས་ཁྱད་པར་སོ་སོར་ངེས་པར་སྐྱེ་བ་ཡིན་ཏེ། དེའི་ཁྱད་པར་གྱི་ཁྱད་པར་ཡིན་པའི་ཕྱིར་རྒྱུ་མེད་པ་ནི་མ་ཡིན་ནོ། །ཅི་སྟེ་གལ་ཏེ་རྒྱུ་ཉིད་ལ་རང་ཉིད་ཀྱི་ ཁྱད་པར་འདི་གྲུབ་པ་ཡིན་ལ། འོན་ཀྱང་དེ་ཉིད་གང་ལས་སྲིད་པར་འགྱུར་ཞེས་བརྗོད་པར་བྱ་སྟེ། ཁྱད་པར་མེད་པ་ལས་ཁྱད་པར་སྐྱེ་བ་མ་ཡིན་ཏེ། ཡང་རྒྱུ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་པའི་དོགས་པ་འདི་སྤང་བའི་ཕྱིར། རྒྱུ་དབྱེ་གང་གིས་ཞེས་པ་ལ་ སོགས་པ་དོགས་པ་སྤང་བ་སྨོས་ཏེ། གང་གིས་བྱས་ཞེས་པ་ནི་སུ་ཞིག་བྱས་ཤིང་། གང་ལས་བྱུང་ཞེས་པའོ། །རྒྱུའི་དབྱེ་བས་བྱས་ཤེས་ན། གང་གིས་རྒྱུའི་དབྱེ་བ་ཁྱད་པར་ཡིན་ནོ་ཞེས་བརྗོད་ནའོ། །སྔར་གྱི་རྒྱུ་དབྱེ་བ་ཉིད་ལས་སོ་ཞེས་ཏེ། སྔར་གྱི་སྟེ། སྔ་མ་ཉིད་
Page: 441 ལས་ཡིན་ལ། དེ་སྐྱེད་པར་བྱེད་པའི་རྒྱུ་དབྱེ་བ་ལས་ཏེ། ཁྱད་པར་གྱི་དབྱེ་བ་ལས་སོ། །དེའི་ཡང་རྒྱུ་སྔ་མ་གང་ལས་ཁྱད་པར་དུ་འགྱུར་ཞེ་ན། དེ་ལ་ཡང་སླར་རྒྱུའི་ཁྱད་པར་ལས་ཞེས་བརྗོད་པར་བྱ་སྟེ། དེ་ལྟར་ཕྱི་མ་ཕྱི་མའི་ཁྱད་པར་འདོད་པ་རྣམས་ལ་སྔ་མ་སྔ་མའི་ཁྱད་པར་ ལས་ཞེས་ལན་བརྗོད་པར་བྱ་ལ། ཐུག་པ་མེད་པ་མི་འདོད་པ་ཅུང་ཟད་དུ་ཡང་འགྱུར་བ་མ་ཡིན་ཏེ། འཁོར་བ་ལ་ཐོག་མ་མེད་པའི་སྔོན་གྱི་མཐའ་ཤེས་པར་འགྱུར་བ་མ་ཡིན་ཞེས་ཁས་བླངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་འབྲས་བུ་ཕྱིན་ཅི་ལོག་པ་ཡང་རང་གི་ལས་མ་ཡིན་ནོ་ཞེས་ བསྟན་པའི་ཆེད་དུ་གཞན་གྱིས་དོགས་པ་ཅིའི་ཕྱིར་ཞེས་པ་ལ་སོགས་པ་སློང་བ་སྨོས་ཏེ། རྒྱུ་གང་ལས་འབྲས་བུ་སྐྱེད་པའི་ཁྱད་པར་འབྲས་བུ་འབྱིན་པའི་མཐུ་སྟེ་རྒྱུ་ཡིན་ཞེ་ན། སྔར་གྱི་རྒྱུའི་མཐུ་ལས་ཡིན་ཏེ། སྔར་གྱི་དེ་སྐྱེད་པར་བྱེད་པའི་རྒྱུ་ལས་ཏེ། མཐུ་ལས་སོ། །གང་ གིས་ན་ལྷན་ཅིག་བྱེད་པའི་ཁྱད་པར་གྱིས་སྐྱེད་པ་འབྲས་བུ་སྐྱེས་པའི་ཡོན་ཏན་གྱི་ཁྱད་པར་ཕན་ཚུན་ཡོངས་སུ་གྱུར་པའི་ལྷག་པར་གྱུར་པ་ནི་གེགས་དང་མ་ཚང་བ་མི་སྲིད་ན། དེ་ལྟ་བུའི་རྣམ་པ་ཉིད་ཀྱིས་འབྲས་བུ་སྐྱེད་པར་བྱེད་དོ། །དེ་ལྟ་བས་ན་ཕྱིན་ཅི་མ་ལོག་པའི་འབྲས་བུ་སྐྱེད་ པར་ཡང་རང་གི་རྒྱུའི་ནུས་པས་སྐྱེད་པ་ཉིད་ཡིན་ནོ། །དེས་ན་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་སྒྲུབ་པར་བྱེད་པའི་རྒྱུ་ལས་གོ་རིམས་ཇི་ལྟ་བ་བཞིན་དུ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འབྲས་བུ་སྐྱེ་བར་འགྱུར་རོ། །དེ་ཕྱིན་ཅི་ལོག་པ་ལའང་ཕྱིན་ཅི་ལོག་པ་ཡིན་ ནོ་ཞེས་པ་བརྒྱ་ལ་ཡང་ཕྱིན་ཅི་ལོག་པ་མ་ཡིན་ནོ། །འདི་ཡང་ངེས་པར་རང་བཞིན་དུ་སྨྲ་བ་རྒྱུ་དང་བཅས་པར་མི་འདོད་ན་ཡང་ཁས་བླང་བར་བྱ་བ་སྟེ། གཞན་དུ་ན་གཏན་ཚིགས་མེད་པར་དངོས་པོ་རྣམས་ཀྱི་རྒྱུ་མེད་པར་དམ་འཆའ་བ་ཇི་ལྟར་གྲུབ་པར་འགྱུར་ཏེ། དམ་བཅས་ པ་ཙམ་གྱིས་དེ་སུ་ཞིག་གིས་ཀྱང་འཛིན་པ་མ་ཡིན་པའི་ཕྱིར་རོ། །གཏན་ཚིགས་ཀྱི་བྱེད་པས་དེ་སྒྲུབ་པར་བྱེད་པ་རང་ཉིད་ཀྱིས་སླར་ཡང་རྒྱུ་དང་བཅས་པ་ཉིད་དུ་ཁས་བླངས་པའི་ཕྱིར་མོ་གཤམ་ཡང་ཡིན་ལ། བདག་གི་མ་ཡང་ཡིན་ནོ་ཞེས་སྨྲ་བ་བཞིན་དུ་དམ་བཅས་པ་ལ་རང་གི་ཚིག་གིས་གནོད་པར་
Page: 442 ༄༅། །འགྱུར་ཏེ། དེའི་ཕྱིར་ངོས་གཉིས་ཀྱིས་ཐག་པའི་ཞགས་པ་བཞིན་དུ་དོགས་པར་སྡུག་པ་འདི་ཆུད་པ་ཡིན་ནོ། །དེ་སྐད་དུ་ཡང་། རྒྱུ་ནི་མེད་ཅེས་བརྗོད་པ་གཏན་ཚིགས་དང་ལྡན་པར། །དམ་བཅས་རང་ཉིད་ཀྱིས་ནི་བསལ་བ་མ་ཡིན་ནམ། །འོན་ཏེ་ གཏན་ཚིགས་བརྗོད་ལ་ལེ་ལོར་གྱུར་ན་ནི། །དམ་བཅའ་འབའ་ཞིག་གིས་ནི་འདི་ལ་ཅི་ཞིག་འགྱུར། །ཞེས་གསུངས་སོ། །དེ་ལྟ་བས་ན་འདི་ལྟ་བ་ངན་པས་སྤྲུལ་པ་ཉིད་ཡིན་ཏེ། ཚད་མས་གནོད་པའི་ཕྱིར་རོ། །དེ་ལྟར་ན་རང་བཞིན་དུ་སྨྲ་བ་བསལ་ནས། རྣམ་པ་གཉིས་ པ་བསྒྲུབ་པའི་ཆེད་ཉིད་དུ་དབང་ཕྱུག་འགྲོ་བའི་རྒྱུ་ཡིན་པ་ཉིད་དུ་བསྟན་པའི་ཆེད་དུ་དེ་སློང་བར་བྱེད་པས་དབང་ཕྱུག་ཅེས་པ་ལ་སོགས་པ་སྨོས་ཏེ། དབང་ཕྱུག་རྒྱུར་སྨྲས་པས་ཀྱང་རང་བཞིན་དུ་བྱེད་པའི་འདོད་པ་སུན་ཕྱུང་བ་ཐོས་ནས་ཁུར་ཕྱེད་ཕྱོགས་པར་བསམས་ནས། ཁྱད་པར་བརྗོད་ པའི་ཆེད་དུ་ཁྱེད་རྣམས་ཀྱིས་གྲོགས་ཉིད་བྱས་པ་ཡིན་ཏེ་ཞེས་སྨྲས་ཏེ། རྒྱུ་མེད་པར་འགྲོ་བ་རྣམ་པ་སྣ་ཚོགས་སུ་འབྱུང་བ་མ་ཡིན་ཏེ། ཡུལ་ལ་སོགས་པ་ངེས་པ་མེད་པར་ཐལ་བའི་ཕྱིར་ལ། སེམས་པ་མེད་པ་འབའ་ཞིག་གིས་ཆུ་དང་འདམ་ལ་སོགས་པ་འདི་རྣམས་ཀྱིས་རྣམ་པ་སྣ་ ཚོགས་པ་ནུས་པ་མ་ཡིན་ཏེ། ཞེས་པ་འདི་བརྗོད་པ་ནི་རིགས་པ་ཡིན། དེ་ལ་བཅོམ་ལྡན་འདས་རྣམ་པ་སྣ་ཚོགས་པ་སྤྲུལ་པ་ལ་མཁས་པ་འགྲོ་བའི་དེད་དཔོན་གཅིག་པུ། འགྲོ་བ་མཐའ་དག་གི་དང་པོར་གྱུར་པ་རྟག་པའི་བདག་ཉིད་ཀྱིས་རྣམ་པ་ཐམས་ཅད་དུ་ཉམས་པ་མེད་པའི་ནུས་པའི་ མཐུ་དང་ལྡན་པས་དངོས་པོ་ཐམས་ཅད་ཀྱི་རྒྱུ་དང་འབྲས་བུའི་དངོས་པོ་ལ་སོགས་པ་དེ་ཉིད་མཁྱེན་པ་དབང་ཕྱུག་གི་ཆེ་བའི་བདག་ཉིད་ཚུ་རོལ་མཐོང་བ་མཐའ་དག་གི་སྤྱོད་ཡུལ་མ་ཡིན་པའི་རྒྱུ་དེས་ན་གཡོ་བ་དང་མི་གཡོ་བ་འདི་མཐའ་དག་རྒྱུ་དང་བཅས་པའི་འགྲོ་བ་ཞེས་སེམས་དང་བཅས་ པ་ལས་གཞན་དུ་སྨྲ་བར་ནུས་ཞེས་རིགས་པ་ཅན་ལ་སོགས་པས་ཁྱིམ་དུ་འགྲོ་བས་དབང་ཕྱུག་འགྲོ་བའི་རྒྱུ་ཡིན་ནོ་ཞེས་སྨྲ་བར་བྱེད་དོ། །དབང་ཕྱུག་ཅེས་པ་ནི་བདེ་བྱེད་དུ་གྲགས་པ་ཡིན་ལ་དེ་ཉིད་འགྲོ་བས་ཏེ། སྣ་ཚོགས་རྒྱུ་ཡིན་ལ་འབྱིན་པ་དང་གནས་པ་དང་འཇིག་པར་བྱེད་པའི་རྒྱུ་ཡིན་ནོ། །
Page: 443 དེ་ལྟ་བས་ན་སྣ་ཚོགས་མ་ལུས་པ་འདི་ཉིད་སྐྱེ་བར་འགྱུར་ལ། གཞན་དུ་ན་སེམས་མེད་པ་རྒྱུ་ཡིན་པའི་ཕྱིར་རི་དང་ཆུ་ཀླུང་དང་ས་གཞི་དང་རྒྱ་མཚོ་ལ་སོགས་པ་སྐྱེ་བ་ལ་བརྟེན་པ་ཇི་ལྟར་འགྱུར། སེམས་དང་ལྡན་པས་བྱིན་གྱིས་བརླབས་པ་ལས་སླར་ཡང་འདི་རྣམས་སྐྱེད་པར་ནུས་པ་ཡིན་ཏེ། དེའི་ བྱེད་པ་ཉིད་ཀྱིས་སྒྲུབ་པར་བྱེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་། སྐྱེད་ལྡན་གཞན་མ་ཐམས་ཅད་ཀྱི། །དབང་ཕྱུག་རྒྱུ་རུ་རྗོད་པར་བྱེད། །རི་ལ་སོགས་པ་སེམས་མེད་པས། །རང་ཉིད་ཀྱིས་ནི་བརྩོན་ནུས་མིན། །དབང་ཕྱུག་རྫ་མཁན་བཞིན་དུ་སྣ་ཚོགས་སྤྲུལ་པ་ བྱེད་པར་མ་གྱུར་ན། །རི་རབ་འདི་ནི་འགྲུབ་ཅིང་ས་གཞི་འདི་མིན་རྒྱ་མཚོ་མ་ཡིན་ཉིད། །ཉི་ཟླ་གཟའ་སྐར་ལྡན་འདིར་དགོད་པ་མིག་ཡུལ་འདི་དག་ཏུ་མི་འགྱུར། །ཡོད་པའི་ཕྱིར་ན་དབང་ཕྱུག་འགྲོ་བའི་བྱེད་པ་ཡིན་ཞེས་འགའ་ཞིག་སྨྲ། །ཞེས་བརྗོད་དོ། །དེ་ལྟ་བས་ན་འགྲོ་བ་ ཉིད་སེམས་པ་མེད་པ་ཉིད་དང་། སྣ་ཚོགས་པའི་དངོས་པོའི་རྒྱུ་དབང་ཕྱུག་ཡིན་ནོ་ཞེས་བདག་ཉིད་བརྗོད་དོ་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། འདིས་རང་གི་ཁྱིམ་དུ་བརྟགས་པའི་གཞལ་ཡས་དགོད་པ་དང་། ཚིག་གིས་དགོད་པ་སྤྲོས་པའི་ཚོགས་ཀྱིས་འདི་ལྟར་བརྗོད་པ་ལ་ཡང་རང་གི་ གྲུབ་པའི་མཐའ་ལ་མངོན་པར་ཞེན་པའི་བློ་གྲོས་རྟུལ་པོ་རྣམས་ལ་དགའ་བར་བྱེད་པ་ཡིན་ལ། ཚད་མ་དང་བྲལ་བ་ལ་མཁས་པ་རྣམས་ལ་དགའ་བ་སྐྱེ་བ་མ་ཡིན་ནོ། །འདི་ལྟར་ཡང་འདི་གལ་ཏེ་སྙིང་རྗེ་དང་ལྡན་པ་ཡིན་ན་ཡང་ཅིའི་ཕྱིར་སྲོག་ཆགས་རྣམས་ལ་དམྱལ་བ་ལ་སོགས་པ་ རྣམས་སུ་གདུང་བར་བྱེད། དེ་ལྟར་གྱུར་ན་ཡང་སྙིང་རྗེ་དང་ལྡན་པ་ཉིད་དད་པས་རྟོགས་པར་བྱ་བ་ཉིད་དུ་འགྱུར་རོ། །རང་གིས་བྱས་པའི་དམ་པ་མ་ཡིན་པའི་ལས་ཀྱི་འབྲས་བུ་ཉེ་བར་ལོངས་སྤྱོད་པས་དེ་ལ་གཏོད་པ་དང་། སེལ་བ་ལ་གང་ཞིག་འཇུག་པར་འགྱུར་བས་ཇི་ལྟར་ སྙིང་རྗེ་མེད་པར་འགྱུར་ཞེ་ན། གང་གིས་མི་འདོད་པའི་འབྲས་བུ་མྱོང་བ་འདིའི་ལས་སྙིང་རྗེ་དང་ལྡན་པས་མི་བྱེད་པར་འགྱུར་བ་ཇི་ལྟར་མི་བྱེད་དེ། དེ་ལ་ཡང་དེའི་བྱ་བ་ལྡན་པའི་ཕྱིར་ལ། སྐྱེ་བ་དང་ལྡན་པ་ཐམས་ཅད་ཀྱི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །གཞན་ཡང་དེ་ལ་བྱ་བ་བྱེད་པ་
Page: 444 ༄༅། །མ་ཡིན་ན་ལས་དེའི་འབྲས་བུ་ལ་ལོངས་སྤྱོད་པ་ཡིན་ནམ་མ་ཡིན། གལ་ཏེ་ཕྱོགས་དང་པོ་ཡིན་ན། དེ་སྐད་དུ། རང་གི་བདེ་བ་སྡུག་བསྔལ་ལ། །མི་ཤེས་སྐྱེ་བོ་རང་དབང་མིན། །མཐོ་རིས་དང་ནི་གཡང་ས་རུ། །དབང་ཕྱུག་གིས་བསྐུལ་འགྲོ་བར་ འགྱུར། །ཞེས་བརྗོད་པ་དེར་ཇི་ལྟར་འགྱུར། འབྲས་བུ་ཐམས་ཅད་ལ་ཡང་དེའི་བྱེད་པ་ཁས་བླངས་པ་ལ་འདི་ཉིད་ཀྱིས་མ་ངེས་པར་ཐལ་བར་འགྱུར་རོ། །འོན་ཏེ་ཕྱོགས་གཉིས་པ་ཡིན་ན་དེའི་ཚེ་འདི་སྙིང་རྗེ་དང་ལྡན་པ་ཡིན་ན། གལ་ཏེ་འབད་པས་གྲོགས་ཉིད་དུ་དེ་ལ་རྟོག་པར་བྱེད་ན། དེ་ལ་ བཏང་སྙོམས་ཅིའི་ཕྱིར་སྒོམ་པར་མི་བྱེད། འོན་ཏེ་བྱས་པའི་ལས་ཆུད་ཟོས་པར་འགྱུར་བའི་ཕྱིར་ངེས་པ་དེས་དེའི་འབྲས་བུ་མྱོང་བར་བྱ་ཞེས་དེ་ལོངས་སྤྱོད་པའི་ཆེད་དུ་བྱེད་པ་ཡིན་ནོ་ཞེ་ན། ཡང་འདི་ལ་བྱ་བ་མི་བྱེད་ན་ངེས་པར་དེས་ཇི་ལྟར་ཉམས་སུ་མྱོང་བར་བྱ་སྟེ། ཚོགས་པ་དང་བྲལ་བའི་ ཕྱིར་རོ། །ཡང་འདི་ལྟར་ཆུད་ཟོས་ན་ཡང་ཉེས་པ་ཇི་ལྟར་འགྱུར་ཏེ། འབད་པ་ཉིད་ཀྱིས་སྙིང་རྗེ་ཅན་དེས་འགྲུབ་པར་རིགས་པ་ཡིན་ཏེ། འདི་ལྟར་ཡང་དེ་འདོད་པས་འཇུག་པ་ཉིད་ཀྱིས་དེ་མ་སྨིན་པའི་ཕྱིར་ཏེ། དེས་ན་དབང་ཕྱུག་གིས་བསྟན་པ་ཉིད་དུ་དེ་ལ་འགྱུར་རོ། །འོན་ཏེ་སེམས་ ཅན་རྣམས་ཀྱི་ལས་དེས་བསྐུལ་བ་དེ་ཡང་སྙིང་རྗེ་དང་ལྡན་པས་གནས་པར་ནུས་པ་མ་ཡིན་ནོ་ཞེ་ན། ཀྱེ་མ་དབང་ཕྱུག་རང་ཉིད་ཀྱིས་འདི་ལྟར་གཞན་དུ་ཆེད་གསལ་བར་འགྱུར་ན་འགའ་ཞིག་ལས་ཀྱིས་ཡང་དག་པར་དྲངས་པའི་བདག་ཉིད་དབང་དུ་གྱུར་པ་ཐོབ་པར་མ་གྱུར་པའི་འདི་ལྟར་དབང་ ཕྱུག་ལས་ཀྱང་ལས་ཉིད་ནུས་པ་ཆེན་པོ་དང་ལྡན་པ་ཉིད་དུ་གསལ་བར་བྱས་པར་འགྱུར་རོ། །གང་ཞིག་སྟོབས་ཀྱིས་ཡང་དག་པར་འདྲེན་པ་ན་དབང་ཕྱུག་ཆེན་པོ་ཡང་གནས་པར་མི་ནུས་ཏེ། དེས་ན་ལྷུར་ལས་ཉིད་རྟེན་པར་གྱིས་ཤིག །དེ་ལྟ་བས་ན་འདི་ནི་ཉམས་པ་མེད་པ་ཉིད་དེ། སྐྱེད་ པ་པོ་ཡང་གང་རྣམས་ལ། །ནུས་མེད་ལས་བདེན་ལ་ཕྱག་འཚལ། །ཞེས་པས་བསྟན་པར་བྱའོ། །འོན་ཏེ་སྙིང་རྗེ་ཅན་མ་ཡིན་ན་དེའི་ཚེ་འདི་འདོད་ཆགས་དང་བྲལ་བ་མིན་ནམ། འདོད་ཆགས་དང་བཅས་པ་ཡིན། གལ་ཏེ་རྣམ་པར་རྟོག་པ་དང་པོ་ཡིན་ན་དེའི་ཚེ་གལ་ཏེ་ཡང་སྙིང་རྗེ་དང་
Page: 445 བྲལ་བའི་ཕྱིར་འགྲོ་བ་ལ་བདེ་བ་སྟེར་བར་མི་བྱེད་ཅིང་། སྡུག་བསྔལ་བ་ཅིའི་ཕྱིར་སྐྱེད་པར་བྱེད་ཅེས་བརྗོད་པར་བྱའོ། །སྡུག་བསྔལ་ཡང་འདོད་ཆགས་ལ་སོགས་པའི་དབང་གིས་འགའ་ཞིག་ལ་གཏོད་པར་བྱེད་པ་ཡིན་ལ། དེ་ཡང་འདི་ལ་མེད་ལ། ཇི་ལྟར་ན་རྒྱུ་མེད་པ་ཉིད་དུ་འགྲོ་ བ་སྡུག་བསྔལ་བར་བྱེད། རོལ་པའི་དོན་དུ་སྡུག་བསྔལ་བར་བྱེད་དོ་ཞེ་ན། རོལ་པའི་དོན་དུ་འདོད་ཆགས་དང་བྲལ་བ་འཇུག་པས་འདི་ངེས་པར་འདོད་ཆགས་དང་བྲལ་བ་ཡིན་ཏེ། འདོད་ཆགས་ལ་སོགས་པ་དང་ལྡན་པའི་དབང་པོ་ཐུལ་བ་རྣམས་ཀྱང་རོལ་པའི་དོན་དུ་འཇུག་པ་མ་ མཐོང་ན། ཆགས་པ་དང་བྲལ་བ་འདི་ཅིའི་ཕྱིར་ཡང་འཇུག་པར་འགྱུར། ཤ་ཟ་གཏུམ་པོ་ལ་སོགས་པ་མ་ཡིན་པ་གཞན་གྱིས་གཞན་སྡུག་བསྔལ་བས་རོལ་པ་ཡང་སྲིད་པ་མ་ཡིན་ནོ། །འོན་ཏེ་འདོད་ཆགས་དང་མ་བྲལ་བའི་ཕྱོགས་ཡིན་ན་དེའི་ཚེ་འདི་སྐྱེ་བོ་གཞན་དང་ཐུན་མོང་བར་ ཡོད་ན། ཇི་ལྟར་དབང་ཕྱུག་མ་ཡིན་པར་མི་རིགས་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཞགས་པའི་དབང་དུ་གྱུར་པས་འཇུག་པའི་འགྲོ་བ་དབང་ཕྱུག་མ་ཡིན་པའི་ཕྱིར་རོ། །གཞན་དུ་ན་དེའི་ཚེ་དེ་ལྟ་བུ་དང་མཚུངས་པ་གཞན་དེ་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། ། འཁོར་བའི་བཙོན་རར་བཅིངས་པ་དང་རང་དབང་ཅན་མ་ཡིན་པ་ལ་དེ་ལས་གཞན་བཞིན་དུ་རྣམ་པ་སྣ་ཚོགས་པ་སྤྲུལ་པ་ལ་མཁས་པར་རིགས་པ་ཡང་མ་ཡིན་ནོ། །གང་ཞིག་རྣམ་པ་འདི་ལྟ་བུ་ཡང་ཇི་སྲིད་དུ་དབང་ཕྱུག་ཏུ་ཁས་ལེན་པ་ཡོད་པ་དེ་ལྟར་དེ་ཉིད་ཀྱིས་ཁྱེད་བསླུ་བར་འགྱུར་རོ། ། དེ་ལྟ་བུའི་བྱེད་པ་པོར་གྱུར་ན་འགྱུར་བ་ཡང་ཡིན་ནོ། །དེ་ལྟར་ན་ཡང་འདིའི་རང་བཞིན་དུ་གནས་པའམ། རང་བཞིན་གནས་པ་མ་ཡིན་པ་ཡིན། གལ་ཏེ་རང་བཞིན་དུ་གནས་པ་ཡིན་ན་ཅིའི་ཕྱིར་འགྲོ་བ་དོན་མེད་པར་སྡུག་བསྔལ་བར་བྱེད། རང་བཞིན་དུ་གནས་པ་ནི་གནོད་ པར་བྱེད་པ་མེད་པར་སྐྱེ་བོ་སྡུག་བསྔལ་བར་བྱེད་པ་མ་མཐོང་ངོ་། །འོན་ཏེ་ལོག་པའི་ལམ་དུ་འགྲོ་བ་ཉིད་དུ་གནོད་པ་བྱས་ཀྱང་གདུང་བར་བྱེད་པ་ཡིན་ནོ་ཞེ་ན། ལོག་པའི་ལམ་དུ་འགྲོ་བ་ཡང་འདི་ཉིད་ཀྱིས་བྱེད་པ་ཡིན་ལ། དེ་ལྟར་གྱུར་པར་ཡང་བྱས་ནས་ཡང་གདུང་བར་
Page: 446 ༄༅། །བྱེད་པ་དེ་ནི་འཇིག་རྟེན་གྱི་དབང་ཕྱུག་བསྟེན་པ་བས་ཀྱང་ཤིན་ཏུ་ཡང་སྨད་པ་ཡིན་ནོ། །དེ་རྣམས་ཀྱི་རང་ཉིད་ཀྱིས་ཉེས་པ་བྱས་པ་ཉིད་ཀྱིས་ཉེས་པ་པོ་ལ་ཆད་པའི་ལས་བྱེད་དོ། །སླར་ཡང་འདི་ནི་རང་ཉིད་ཀྱིས་བྱེད་དུ་བཅུག་པས་ན་ཁྱད་པར་ཆེའོ། །འོན་ཏེ་རང་ བཞིན་དུ་མི་གནས་པ་ཡིན་ན་དེའི་ཚེ་མཐོ་རིས་དང་ཐར་པ་དོན་དུ་གཉེར་བའི་རྟོགས་པ་དང་ལྡན་པ་རྣམས་ཀྱིས་དེ་བརྟེན་པ་ལ་འཇུག་པ་ལེགས་པ་ཡིན་ཏེ། སྨྱོན་པ་བསྟེན་པ་ནི་སྨྱོན་པ་ལས་གཞན་གྱིས་བྱེད་པ་རིགས་པ་མ་ཡིན་ནོ། །འདི་ལྟར་ཡང་མཐོ་རིས་ལ་སོགས་པའི་འབྲས་ བུ་འདོད་པས་རྟོགས་པ་དང་ལྡན་པ་རྣམས་རབ་ཏུ་འཇུག་པར་བྱེད་དེ། དེ་ཡང་ཡོངས་སུ་མ་ངེས་པའི་རང་བཞིན་ཡིན་པས་དེ་ལས་འབྱུང་བ་མ་ཡིན་ནོ། །དེ་བསྟེན་པའི་ཕྱིན་ཅི་ལོག་ཀྱང་སྲིད་པ་ཡིན་ནོ། །དེ་སྟེར་བ་ལ་འཇུག་པས་དད་པ་བརྟན་པའི་དབང་གིས་སྨྱོན་པ་ལ་བརྟེན་ པས་བདག་ཉིད་ཀྱང་སྨྱོན་པ་ཉིད་དུ་སྟོན་པ་ཡིན་ཏེ། གཞན་དུ་ན་དེ་བསྟེན་པ་ལ་ཇི་ལྟར་འཇུག་པར་འགྱུར། དེ་ལ་སྨྱོན་པ་གཞན་གྱིས་ཉེས་པ་ཅི་ཞིག་བྱས་ཏེ། གང་གིས་ན་དེས་སྟེན་པར་མི་བྱེད། དེ་རྣམས་ནི་ནུས་པ་ཁྱད་པར་ཅན་དང་བྲལ་བའི་ཕྱིར་རོ་ཞེ་ན། སྐབས་སུ་ བབ་པ་ལ་ཡང་ཁྱད་པར་དུ་གྱུར་པའི་ནུས་པ་མཐོང་བ་ཡང་མ་ཡིན་ནོ། །འགྲོ་བ་ཐམས་ཅད་ཁྱད་པར་དུ་ནུས་པའི་སྨྱོན་པ་ཞེས་པ་ནི་སྨྱོན་པ་ལས་གཞན་གྱིས་སྨྲ་བར་རིགས་པ་མ་ཡིན་ནོ། །དེ་ལ་འདི་ཤིན་ཏུ་རྣམ་པར་དཔྱད་པ་ན་འགའ་ཞིག་ཏུ་གནས་པའི་རྙེད་པ་མ་ཡིན་ནོ། །དེ་ བས་ན་བློ་གྲོས་ངན་པ་རྣམ་པར་གཡོ་བ་ལ་གུས་པས་ཅི་ཞིག་བྱ་སྟེ། དེ་ལྟ་བས་ན་འདི་ལེགས་པར་དཔྱད་པ་ཡིན་ནོ། །གང་བརྗོད་པ། བདེ་དང་སྡུག་བསྔལ་ལ་ནི་འབྱིན་བྱེད་མེད། །གཞན་གྱིས་ཕྱུང་ཞེས་པ་འདི་བློ་ངན་ཡིན། །འཇིག་རྟེན་རང་གི་ལས་ཀྱི་ཞགས་པས་མདུད། ། བྱེད་པར་འགྱུར་ཞེས་ང་རྒྱལ་དོན་མེད་ཡིན། །ཞེས་སོ། །དེ་ལྟ་བས་ན་རྒྱུ་གཞན་མཐོང་བ་ལས་གཞན་པའི་རང་དབང་ཅན་སེམས་པ་དང་ལྡན་པའི་བྱེད་པ་པོ་འགའ་ཡང་ཡོད་པ་མ་ཡིན་ནོ། །འདི་ཉིད་རྒྱས་པར་བསྟན་པའི་ཕྱིར། གྲུབ་པའི་མཐའ་སྨྲ་བས་རེ་ཞིག་དབང་ཕྱུག་གང་
Page: 447 ཡིན་སྨྲོས་ཞེས་གསུངས་ཏེ། དབང་ཕྱུག་རྒྱུར་སྨྲ་བ་ལ་འདྲི་བ་ཡིན་ལ། སྨྲོས་ཞེས་པ་ནི་བརྗོད་ཅིག་པའོ། །གང་ཡིན་ཞེས་པ་ནི་ཁྱེད་འདོད་པའི་དབང་ཕྱུག་གོ། །རེ་ཞིག་གི་སྨྲས་འདི་བརྗོད་པ་ཡིན་ཏེ། ས་ལ་སོགས་པ་གང་རྣམས་དང་། རྗེས་སུ་འགྲོ་བ་དང་ལྡོག་པ་ལས་ ཀྱི་འབྲས་བུ་མཐོང་བ་དེ་ལ་ཁྱེད་རྣམས་ཀྱིས་དབང་ཕྱུག་ཏུ་བརྗོད་པ་དེ་གང་ཡིན་ལ། མ་དམིགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་བྱ་བ་དང་ལྡན་པའི་རྒྱུ་རུ་བརྟགས་པར་རིགས་པ་མ་ཡིན་ཏེ། ཤིན་ཏུ་ཐལ་ཆེས་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་ཉིད་འདོད་པས་མཐོང་བའི་རྗེས་སུ་ འགྲོ་བ་དང་ལྡོག་པའི་ཁྱད་པར་ཉིད་ཁས་བླང་བར་བྱའོ། །ས་དང་ས་བོན་ལ་སོགས་པ་ལས་ཐ་དད་པའི་རྗེས་སུ་བྱེད་པའི་འབྲས་བུ་མཐོང་བ་མ་ཡིན་ནོ། །དེ་ཇི་ལྟར་ན་དེའི་འབྲས་བུ་ལ་མཁོ་བ་རྣམ་པར་གཞག །དེ་སྐད་དུ། གང་དག་ཡོད་ན་གང་ཉིད་འགྱུར། །དེ་དག་ལས་ གཞན་རྟོག་པ་ན། །དེ་རྒྱུ་ཉིད་དུ་ཐམས་ཅད་ན། །རྒྱུ་རྣམས་ཐུག་པ་མེད་པར་འགྱུར། །ཞེས་བརྗོད་དོ། །འོན་ཏེ་ས་ལ་སོགས་པའི་འབྱུང་བ་རྣམས་ཉིད་དབང་ཕྱུག་ཡིན་ནོ་ཞེས་གཞན་གྱིས་བསམ་པ་ལེན་པས་འབྱུང་བ་རྣམས་ཤེ་ན་ཞེས་སྨོས་ཏེ། གལ་ཏེ་འབྱུང་བ་རྣམས་ཏེ་ ས་ལ་སོགས་པ་རྣམས་དབང་ཕྱུག་ཏུ་བརྗོད་ན། དེའི་ཚེ་ཁས་ལེན་པ་ཉིད་ཡིན་ཏེ། དེ་ལྟ་མོད་ཅེས་པ་ནི་འདི་ཉིད་ཡོད་དུ་ཆུག་ཅིག །འདི་ལ་ཁོ་བོ་ལོག་པར་རྟོགས་པ་མ་ཡིན་ནོ། །ས་ལ་སོགས་པ་དང་རྗེས་སུ་འགྲོ་བ་དང་ལྡན་པ་ལ་འབྲས་བུ་མཐོང་བའི་ཕྱིར་རོ། །གཅིག་ཏུ་ མིང་ཙམ་ལ་ཡང་ཅི་ཞིག་ངལ་ཏེ། མིང་འགའ་ཞིག་དོན་གྱིས་དབྱེ་བ་སྟོང་པའི་མིང་ཙམ་ལའོ། །ཡང་ཞེས་པ་ནི་ངེས་པར་གཟུང་བའོ། །མིང་ཙམ་ཉིད་ལ་འདིར་རྩོམ་པ་ཆེན་པོས་དེ་སྒྲུབ་པའི་ཆེད་དུ་ཅིའི་ཕྱིར་ངལ་བར་བྱེད། ངའི་ས་ལ་སོགས་པར་བརྗོད་ལ། ཁྱོད་ཀྱིས་ཡང་དེ་ཉིད་ ལ་འབྱུང་བ་ཆེན་པོའི་དབང་ཕྱུག་ཅེས་པ་ལ་དོན་ལ་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ལོག་པར་རྟོགས་པའི་དོན་གྱིས་སྟོང་པ་འདི་ལ་འབྲས་བུ་ཅུང་ཟད་ཀྱང་དམིགས་པ་མ་ཡིན་ནོ། །འོན་ཏེ་དོན་གྱི་ཁྱད་པར་ཡོད་ན། དེའི་ཚེ་འདི་དབང་ཕྱུག་ཉིད་དུ་རིགས་པ་མ་ཡིན་ནོ་ཞེས་
Page: 448 ༄༅། །བསྟན་པའི་ཕྱིར། འོན་ཀྱང་ཞེས་པ་ལ་སོགས་པ་གསུངས་ཏེ། འོན་ཀྱང་ཞེས་པའི་སྒྲས་ལྷག་བློ་གྲོས་ཆེན་པོ་ཅན་ས་ལ་སོགས་པ་རྣམས་ལ། ཁྱེད་རྣམས་ཀྱིས་དབང་ཕྱུག་ཉིད་དུ་བརྟག་པར་རིགས་པ་མ་ཡིན་ཏེ། དེའི་མཚན་ཉིད་དང་མི་ལྡན་པའི་ཕྱིར་རོ། ། ཇི་ལྟར་བྱས་པ་ཞེ་ན། དུ་མ་སྟེ་སྣ་ཚོགས་པའི་རང་བཞིན་ཡིན་ལ་མི་རྟག་པ་ནི་འཇིག་པའི་དངོས་པོ་ཡིན་ཞིང་། གཡོ་བ་མེད་པ་སྟེ། ཤེས་པ་ཉིད་ཀྱིས་བྱ་བ་དང་བྲལ་བ་ཡིན་ལ། ལྷ་མིན་ཏེ་བསྟེན་པར་བྱ་བའི་རང་བཞིན་མ་ཡིན་ལ། བསྒོམ་བྱ་ཉིད་དེ་འདའ་བར་བྱ་བ་ཉིད་ཡིན་ལ། གུས་པ་མ་ཡིན་པའི་ཕྱིར་རོ། །མི་གཙང་བ་ཡང་ཡིན་ཏེ། བཙོག་པའི་ཕྱིར་ས་ལ་སོགས་པ་རྣམས་ལ་ཡང་ས་ལ་སོགས་པར་སྲིད་པའི་ཕྱིར་རོ། །ས་ལ་སོགས་པ་རྣམས་ནི་ས་ལ་སོགས་པའི་ཆུ་དང་མེ་དང་རླུང་གང་ཡིན་པ་དེ་རྣམས་ལ་དེ་སྐད་ཅེས་བརྗོད་དོ། །དེ་དབང་ཕྱུག་དེ་ ལྟ་བུའི་རང་བཞིན་དུ་མི་འགྱུར་ཏེ། རྣམ་པ་དྲུག་པོ་འདི་ཕྱིན་ཅི་ལོག་ཡིན་པའི་ཕྱིར་རོ། །གལ་ཏེ་ས་ལ་སོགས་པ་དབང་ཕྱུག་མ་ཡིན་ན་འོ་ན་ནམ་མཁའ་དབང་ཕྱུག་ཡིན་ནོ་ཞེ་ན། དབང་ཕྱུག་མཁའ་མིན་ཞེས་པ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ཡང་དབང་ཕྱུག་ཏུ་འགྱུར་བ་མ་ཡིན་ ནོ། །ཅིའི་ཕྱིར་ཞེ་ན། གཡོ་མེད་ཕྱིར་ཏེ་རང་བཞིན་དང་བྲལ་བ་ཡིན་པས་གཡོ་བ་མེད་པའི་ཕྱིར་ཏེ། གཞན་གྱི་འདོད་པས་ཀྱང་བྱ་བྱེད་མེད་པའི་ཕྱིར་རོ། །འོ་ན་བདག་ཡིན་ནོ་ཞེ་ན། བདག་མིན་ཏེ། སྔར་བཀག་ཟིན་པའི་ཕྱིར་ལ། སྔར་ཉིད་དུ་རྒྱས་པར་བདག་བཀག་པའི་ཕྱིར་རང་བཞིན་ མེད་པ་ཡིན་ཏེ། འདི་རི་བོང་གི་རྭ་དང་འདྲ་བའོ། །འོན་ཏེ་དེ་ལྟར་ན་ཡང་བརྟག་པར་བྱ་བ་མ་ཡིན་ན་ཆེ་བའི་བདག་ཉིད་ལས་འདི་ཚུ་རོལ་མཐོང་བས་འདི་འདི་ལྟར་ཡིན་ནོ་ཞེས་དེའི་ཕྱིར་རང་བཞིན་རྣམ་པར་དབྱེ་བར་མི་ནུས་སོ་ཞེ་ན། བསམ་མིན་པའི་ཞེས་པ་ལ་སོགས་པ་གསུངས་ཏེ། གལ་ ཏེ་འདི་བསམ་པ་ལས་འདས་པའི་བདག་ཉིད་ཆེན་པོ་ཡིན་ན། དེའི་ཚེ་བསམ་པ་ཡིན་པ་ཡང་བསམ་པའི་ལམ་ལས་ཤིན་ཏུ་འདས་པའི་དབང་ཕྱུག་བྱེད་པ་པོ་སྟེ། དུས་གཅིག་ཏུ་སྐྱེད་པར་བྱེད་པ་ཡང་བསམ་མིན་པ་སྟེ། དཔྱད་པར་བྱ་བ་མ་ཡིན་པ་བརྗོད་པས་ཅི་ཞིག་བྱ་སྟེ། བརྗོད་པ་ཅི་
Page: 449 དགོས་འདི་བྱེད་པ་པོ་ཉིད་ཀྱང་བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར་བརྗོད་པར་རིགས་པ་མ་ཡིན་ནོ། །དེ་ལྟར་ཡིན་མོད་འདི་ཤིན་ཏུ་མཚོན་པར་དཀའ་བའི་རང་བཞིན་ཡིན་པའི་ཕྱིར་བསམ་པར་ནུས་པ་མ་ཡིན་ལ། འབྲས་བུ་དེ་ནི་སྐྱེ་བ་པོ་ཐམས་ཅད་ཀྱི་ཐུན་མོང་དུ་རྟོགས་པའི་ཕྱིར་བསམ་ གྱིས་མི་ཁྱབ་པ་ཡིན་ནོ་ཞེས་སྨྲ་བའི་དབང་དུ་བྱས་ནས། དེས་སྐྱེད་ཅེས་པ་ལ་སོགས་པ་གསུངས་ཏེ། དེའི་འབྲས་བུ་བསམ་གྱིས་མི་ཁྱབ་པ་ཡིན་དུ་ཆུག་མོད། དེ་ལྟར་ན་ཡང་གང་གིས་ན། །དེས་སྐྱེད་འདོད་པ་གང་ཞིག་ཡིན། །ཞེས་ཏེ། དབང་ཕྱུག་བསམ་གྱིས་མི་ཁྱབ་ཆེ་བའི་ བདག་ཉིད་འབྲས་བུ་ཅི་ཞིག་སྐྱེད་ཅིང་སྤྲུལ་པ་འདོད་དོ། །མངོན་པར་འདོད་པ་ཡང་ཡིན། གཞན་གྱི་དོགས་པ་དགོད་པའི་ཚུལ་གྱིས་བདག་ཡིན་ནོ་ཞེ་ན། བདག་དེས་སྐྱེད་པ་ཡིན་ནོ་ཞེས་བདག་འདོད་ན་དེ་འགེགས་པར་བྱེད་པ་ཡིན་ཏེ། འདི་རྟག་པ་མ་ཡིན་ནམ། ཀྱེ་འདི་རྟག་པ་མ་ ཡིན་ཏེ། ཁྱེད་རྟག་པར་འདོད་པ་ཡིན་ན་དེས་ཇི་ལྟར་མི་བྱེད་འགྱུར། གཞན་དུ་ན་དེ་རྟག་པ་ཉིད་ཉམས་པར་འགྱུར་རོ། །ཡོད་ཅིང་རྒྱུ་མེད་པ་ནི་རྟག་པ་ཡིན་ནོ་ཞེས་པའི་མཚན་ཉིད་མེད་པར་ཐལ་བར་འགྱུར་བས་སོ། །གཞན་ལ་ཡང་དེའི་སྐྱེད་པའི་བྱ་བ་མ་དམིགས་སོ་ཞེས་བསྟན་ པའི་ཕྱིར། འདིར་ས་སོགས་ཞེས་པ་ལ་སོགས་པ་གསུངས་ཏེ། སོགས་པའི་སྒྲས་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་དུས་དང་ཕྱོགས་དང་ཡིད་རྣམས་གཟུང་བར་བྱའོ། །དེ་རྣམས་ཀྱི་རང་བཞིན་རྟག་པ་ཡིན་ཏེ། དེ་ཡང་དེས་བྱེད་པ་མ་ཡིན་ཏེ། ས་ལ་སོགས་པའི་རྡུལ་ཕྲ་ རབ་རྣམས་རྟག་པར་ཁས་བླངས་པའི་ཕྱིར་རོ། །རགས་པའི་གཟུགས་ལ་ཡང་དེའི་བྱ་བ་འགེགས་པར་འགྱུར་བའི་ཕྱིར་རོ། །ནམ་མཁའ་ལ་སོགས་པ་ཡང་བརྟག་པ་ཡིན་པའི་ཕྱིར་རོ། །ཡོན་ཏན་ལ་སོགས་པ་ཡང་དཔྱད་པར་བྱ་བ་ཡིན་པའི་ཕྱིར་རོ། །དབང་ཕྱུག་ཅེས་པ་ ནི་དབང་ཕྱུག་ཀྱང་རྟག་པ་ཡིན་པའི་ཕྱིར་འདིས་བདག་ཉིད་བྱེད་པ་མ་ཡིན་ནོ། །ཤེས་པ་ཤེས་བྱ་ལ་སྐྱེས་དང་། །ཞེས་པ་ལ། ཤེས་པའང་ཤེས་བྱ་ལས་སྐྱེས་པ། །འང་ཞེས་པ་ནི་འཁོར་བ་ཇི་སྲིད་ཀྱི་བར་དུ་ཤེས་བྱ་ལ་དམིགས་ནས་རབ་ཏུ་འཇུག་པའི་ཕྱིར་དེ་ཡང་དེས་བྱེད་པ་མ་
Page: 450 ༄༅། །ཡིན་ནོ། །བདེ་སྡུག་ལས་ལ་ཡིན་ཞེས་པ་ནི་ལས་ནི་དགེ་བ་དང་མི་དགེ་བས་ཏེ། ཇི་ལྟར་སྲིད་པར་བདེ་བ་དང་སྡུག་བསྔལ་བར་ཡང་འགྱུར་རོ། །འདོད་པ་དང་མི་འདོད་པའི་རྣམ་པར་སྨིན་པ་ལས་བྱུང་བ་དེ་ལ་ཡང་དེའི་བྱ་བ་ཡོད་པ་མ་ཡིན་ནོ། །དེ་ལྟར་ཡིན་པས་ ན། དེ་ཡིས་གང་ཞིག་བསྐྱེད་པ་སྨོས། །ཞེས་ཏེ། ད་ནི་དབང་ཕྱུག་དེས་ཅི་ཞིག་སྤྲུལ་ཅིང་སྤྲོས་པ་ཡིན་པ་སྨྲོས་ཤིག །དེ་ལྟར་ན་དེའི་ནུས་པ་ནི་འགའ་ཞིག་ཏུ་ཡང་དམིགས་པ་མ་ཡིན་ན་དེ་ཇི་ལྟར་འགྲོ་བའི་སྐྱེད་པ་པོར་བརྗོད། ད་ནི་ཐམས་ཅད་ཐུན་མོང་བའི་སྐྱོན་རྒྱུ་ལ་ཞེས་པ་ལ་ སོགས་པ་སྨོས་ཏེ། འདི་ལྟར་ཡང་འགྲོ་བའི་རྒྱུར་རྟག་པའམ་མི་རྟག་པ་འགྱུར་བ་ཡིན། རྟག་པ་ཉིད་དུ་དེ་སྨྲ་བ་རྣམས་ཀྱིས་འདི་ཡོངས་སུ་བརྟགས་པ་ཡིན་ཏེ། དེ་ལ་གལ་ཏེ་རྟག་པ་ཡིན་ན་རྒྱུ་སྟེ་བྱེད་པ་པོ་ལ་ཐོག་མ་ཡོད་པ་མ་ཡིན་ནོ། །དེའི་ཚེ་འབྲས་བུ་ལ་ཐོག་མ་ག་ལ་ཡོད་ དེ། དེ་ལ་འབྲས་བུའི་དང་པོ་ག་ལས་ཡོད། དེའི་འབྲས་བུའི་བསྐྱེད་པར་བྱ་བ་རྟག་ཏུ་འཇུག་པའི་ཕྱིར་ཐོག་མ་ག་ལས་འགྱུར་ཏེ། མ་ཡིན་ནོ་ཞེས་པའི་དོན་ཡིན་ལ། རྟག་ཏུ་ཉེ་བར་གནས་པའི་གྲུབ་པའི་རང་བཞིན་གྱི་རྒྱུ་ལས་འབྲས་བུ་ཡང་སྟེ་དེའི་བསྐྱེད་པར་བྱ་བ་རྒྱུན་མ་ཆད་པར་སྐྱེ་བར་ འགྱུར་རོ། །དེའི་ཕྱིར་དེའི་ནུས་པ་ཐོགས་པ་མེད་པའི་འབྲས་བུ་རྟག་ཏུ་སྐྱེ་བར་འགྱུར་རོ། །དེ་གང་གིས་ན་རྟག་ཏུ་མི་བྱེད་དེ། འབྲས་བུ་ཐམས་ཅད་སྐྱེད་པར་མི་བྱེད། དེ་ལྟར་ན་འགའ་ཞིག་གིས་འབྲས་བུ་བརྒྱ་ལ་ཆད་པར་ག་ལ་འགྱུར། ཡང་ན་གཞན་དུ་བཤད་པར་བྱ་སྟེ། གལ་ཏེ་དབང་ཕྱུག་འགྲོ་བའི་བྱེད་པ་པོ་མ་ཡིན་པར་འགྱུར་ན། ཇི་ལྟར་ཞིག་པའི་རྗེས་ལ་དང་པོར་འདི་ཆགས་པའི་ཆར་འགྱུར་ཞེ་ན། འདི་ལ་རྒྱུ་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། ཐོག་མ་མེད་པ་ནས་བྱུང་བའི་འཁོར་བ་ཡིན་ལ། རྒྱུ་དེ་ལས་ལས་དང་ཉོན་མོངས་པ་ལ་ སོགས་པའི་མཚན་ཉིད་ཀྱི་ཐོག་མ་སྟེ། སྔོན་གྱི་མཐའ་གལ་ཏེ་ཡོད་པ་མ་ཡིན་ན། འབྲས་བུ་སྟེ་སེམས་ཅན་གྱི་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་ཆགས་པ་ལ་སོགས་པའི་མཚན་ཉིད་ཀྱི་ཐོག་མ་དང་པོའི་རྩོམ་པ་གང་ལས་ཡོད་དེ། ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །
Page: 451 ཐོག་མ་མེད་པའི་འཁོར་བ་ཡང་སེམས་ཅན་རྣམས་ལས་ཀྱི་དབང་གིས་གནས་ཤིང་ཆགས་པ་དང་འཇིག་པའི་བདག་ཉིད་རྣམས་འཇུག་པའི་ཕྱིར་རོ། །དེ་བརྗོད་པ་ཉིད་ཡིན་ཏེ། བདེ་སྡུག་ལས་ལས་ཡིན་ཞེས་པ་འདིས་བསྟན་པ་ཡིན་ནོ། །ཡང་ན་འདིར་ཡང་དབང་ཕྱུག་ཉིད་ལས་ བསམས་ནས་རྒྱུ་ཞེས་སྨོས་པ་ཡིན་ཏེ། རྒྱུ་དབང་ཕྱུག་ལ་ཐོག་མ་ཡོད་པ་མ་ཡིན་ན་འཇིག་པའི་དུས་ན་ཡང་དེའི་ནུས་པ་མ་ཉམས་པ་ཉིད་ཀྱིས་ཆེ་བའི་བདག་ཉིད་ཁས་བླངས་པའི་ཕྱིར་འབྲས་བུ་དེས་བྱས་པའི་ཆགས་དང་འཇིག་པའི་ཐོག་མའི་མཚན་ཉིད་ཀྱི་དང་པོར་ག་ལས་འགྱུར། རྟག་པ་ཉིད་ཡིན་པས་དེའི་རྒྱུ་རྟག་ཏུ་ནུས་པ་དང་ལྡན་པའི་ཕྱིར་ཆགས་པ་ལ་སོགས་པ་ཡང་རྟག་པ་ཉིད་དུ་འགྱུར་རོ། །དེས་ན་རྟག་པ་ནུས་པ་དང་ལྡན་པ་ལ་དེར་འཆགས་པ་ལ་སོགས་པའི་ཐོག་མར་མི་འགྱུར་རོ། །དེས་ན་ཇི་ལྟར་འཆགས་པ་ལ་སོགས་པ་ལ་དེའི་བྱ་བར་འགྱུར། གཞན་ ཡང་འདི་བྱེད་པ་པོར་འགྱུར་ན་དེའི་ཚེ་རྟག་པ་ཡིན་པའི་ཕྱིར་ཅིའི་ཕྱིར་རྟག་ཏུ་མི་བྱེད་ཅེས་ཏེ། འཆགས་པ་ལ་སོགས་པ་ནི་ཞེས་པ་ནི་ལྷག་མའོ། །འདི་ལྟར་ཡང་གལ་ཏེ་འཆགས་པར་བྱེད་ན་དེའི་ཚེ་དེའི་རྒྱུ་བྱེད་པའི་རང་བཞིན་ཡིན་པས་རྟག་ཏུ་དེ་ཉིད་བྱེད་པར་འགྱུར་རོ། །དེ་བཞིན་དུ་ གནས་པ་དང་འཇིག་པ་ཡང་བརྗོད་པར་བྱ་སྟེ། དུས་གཅིག་ཏུ་འམ་འཆགས་པ་ལ་སོགས་པའི་བྱ་བ་དེ་ཡིར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་རྒྱུ་ལ་རྒྱུན་ཆད་པ་མེད་པ་དེའི་འབྲས་བུ་ཡང་རྒྱུན་མི་འཆད་པར་འགྱུར་ཏེ། གཞན་སྔ་མ་ཡིན་ནོ། །འོན་ཏེ་དེ་ལྟར་ན་ཡང་འདི་རྟག་ཏུ་ནུས་པའི་ རང་བཞིན་གལ་ཏེ་ཡིན་པ་ལྟ་ན་ཡང་བརྒྱ་ལ་ལྷན་ཅིག་བྱེད་པའི་རྐྱེན་དང་བྲལ་བས་མི་བྱེད་དོ་ཞེ་ན། དེ་ནི་གཞན་ལ་ལྟོས་པ་མིན། །ཞེས་ཏེ། ནུས་པའི་རང་བཞིན་གྱི་རྒྱུའི་དབང་ཕྱུག་དེའོ། །ནི་ཞེས་པ་ནི་གང་གི་ཕྱིར་ཏེ། གཞན་ལྷན་ཅིག་བྱེད་པའི་རྒྱུ་ལ་མི་ལྟོས་ཏེ། རྟག་པ་ ནུས་པའི་རང་བཞིན་གྱིས་ཡོད་ན་དེའི་ལྟོས་པ་མི་རིགས་པའི་ཕྱིར་རོ། །རྟག་པ་ཉིད་ཀྱིས་ཁྱད་པར་དུ་བོགས་བྱར་མེད་པ་ཡིན་ཏེ། གཞན་ལ་ལྟོས་པ་ཞེས་པའམ། ཁྱད་པར་གཞན་འབྱུང་བ་ནི་དེ་ལ་ཐ་དད་པའི་རང་བཞིན་གཞན་དེ་ལས་སྐྱེས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཁྱད་
Page: 452 ༄༅། །པར་ལས་ཐ་དད་པ་ཉིད་ཀྱིས་འབྲས་བུ་སྐྱེས་པས་དེ་རྒྱུ་ཉིད་མ་ཡིན་པར་འགྱུར་རོ། །འདི་དེའི་ཁྱད་པར་ཡིན་ནོ་ཞེས་པ་འབྲེལ་པར་སེམས་པ་ན་ནི་ཐུག་པ་མེད་པ་ཉིད་དང་འབྲེལ་པ་མ་གྲུབ་པར་འགྱུར་རོ། །དེ་སྐད་དུ་ཡང་། གལ་ཏེ་བྱ་བ་ཅུང་ཟད་ཅིག །ཡོད་ན་གཞན་ལ་ ལྟོས་འགྱུར་ན། །དངོས་གང་ཅུང་ཟད་མི་བྱེད་ལ། །ཅི་ཕྱིར་འགའ་ཞིག་གིས་ལྟོས་འགྱུར། །ཞེས་བརྗོད་དོ། །ལྷན་ཅིག་བྱེད་པ་ཡོད་པ་ཡིན་པས་དེ་ལྟ་ན་ཡང་དེ་རྟག་པའམ་མི་རྟག་པར་འགྱུར་བ་ཡིན། རེ་ཞིག་གང་རྣམས་རྟག་པ་ཡིན་ན་རྡུལ་ཕྲ་རབ་ལ་སོགས་པ་དེ་རྣམས་ཡོད་པའི་ དངོས་པོ་མ་ཚང་བ་མི་སྲིད་དོ། །དེ་ལ་རག་ལས་པའི་ཉེ་བ་རྣམས་ཉེ་བ་དང་བྲལ་བ་མ་ཡིན་ནོ། །མི་རྟག་པ་རྣམས་ཀྱང་དེ་ལ་རག་ལས་པས་སྐྱེ་བོའི་ཉེ་བ་རྣམས་ཡིན་ཏེ། གང་གིས་ན་ལྷན་ཅིག་བྱེད་པའི་རྒྱུ་དང་བྲལ་བས་མི་བྱེད་དོ་ཞེས་བརྗོད་པ། ཅིའི་ཕྱིར་ན་མ་ཚང་བ་ཞེས་བྱ་བ་ཡིན། དེས་ ན་འདི་འདིར་ལེན་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། དེས་བྱས་མིན་ཞེས་པ་ལ་སོགས་པ་གསུངས་ཏེ། དེས་ཏེ་དབང་ཕྱུག་གིས་སོ། །མ་བྱས་པ་སྟེ་སྐྱེད་པ་དང་ལྡན་པ་དེས་མ་བྱས་པ་ཡིན་ལ། དེ་ཉིད་ཡོད་པ་མ་ཡིན་ཏེ། ཡོད་པ་མ་ཡིན་ནོ། །གཞན་ནི་འགྲོ་བ་གཞན་ཡིན་ནོ། །རྒྱུ་ དེས་ན་དེ་ལ་རག་ལས་ནས་འཇུག་པའི་ལྷན་ཅིག་བྱེད་པ་རྣམས་རྟག་ཏུ་ཉེ་བ་རྣམས་ཡིན་པའི་ཕྱིར་རྟག་པར་བྱེད་པ་པོ་འདི་ལྟོས་པར་ཇི་ལྟར་འགྱུར་ཏེ། ཇི་ལྟར་ལྟོས་པ་དང་ལྡན་པ་ཡིན། བརྒྱ་ལ་ཡང་འབྲས་བུ་མེད་པར་མི་འགྱུར་རོ། །དེ་ལྟར་ན་བརྒྱ་ལ་ཡང་དེ་ལ་ལྟོས་པ་མེད་པའི་ ཕྱིར་རྟག་ཏུ་འབྲས་བུ་བྱེད་པ་ན་འགྱུར་བའི་ཕྱིར་རོ། །འོན་ཏེ་དེ་ལྟར་གྱུར་ན་ཡང་འདུ་བའི་རྒྱུ་དང་འདུ་བ་མ་ཡིན་པའི་རྒྱུ་དང་། རྒྱུ་མཚན་གྱི་རྒྱུ་ཡང་ཡིན་ཏེ། རྒྱུ་གསུམ་པོ་རྣམས་ལས་འབྲས་བུ་འབྱུང་ལ། དེ་འདིའི་རྒྱུ་མཚན་གྱི་རྒྱུ་ཡིན་པས་ཚོགས་པ་ལ་ལྟོས་ནས་འབྲས་ བུ་མེད་པ་ན་བརྗོད་པའི་ཐལ་བར་འགྱུར་བ་ཡོད་པ་མ་ཡིན་ནོ་ཞེས་གཞན་གྱིས་བསམས་པའི་དོགས་པ་བླངས་ནས། གལ་ཏེ་ལྟོས་ནས་ཞེས་པ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཡང་འདི་རྟག་ཏུ་འབྲས་བུ་ཐམས་ཅད་བྱེད་པར་ནུས་པ་དེ་ལྟར་ན་ཡང་། ཚོགས་པ་ལ་ལྟོས་པ་
Page: 453 ཡིན་ཏེ། ཚོགས་པ་མེད་པར་ཡོད་ན་ཡང་ནུས་པའི་བྱེད་པ་པོ་འབྲས་བུ་སྐྱེད་པ་ཡོད་པ་མ་ཡིན་ཏེ། ཇི་ལྟར་སྣམ་བུ་སྐྱེད་པ་ལ་ནུས་པ་ཡོད་པ་ཡིན་ན་ཡང་སྣལ་མ་དང་། འུལ་བུ་དང་ཐག་བཟངས་ལ་སོགས་པ་མེད་པར་སྣམ་བུ་འབྱུང་བར་ཡོད་པ་མ་ཡིན་ལ། དེ་བཞིན་དུ་སྐབས་སུ་བབ་པ་ལ་ ཡང་འགྱུར་བར་གལ་ཏེ་ཞེས་གསུངས་ཏེ། ཡང་དབང་ཕྱུག་མ་ཡིན་ལ། གལ་ཏེ་ཚོགས་པ་ཡོད་པས་བྱེད་ལ་དེ་མེད་ན་མི་བྱེད་དོ་ཞེས་ཁས་བླངས་པ་ཡིན་ལ། དེའི་ཚེ་དབང་ཕྱུག་རྒྱུ་རུ་མི་འགྱུར་ཏེ། ཚོགས་པ་ཉིད་ལས་སྐྱེས་པའི་ཕྱིར་རོ། །དེ་ལས་ཀྱང་སྐྱེས་པ་མ་ཡིན་པའི་ཕྱིར་ཏེ། དེ་ ཡོད་པ་དང་མེད་པ་དག་ལས་འབྲས་བུ་ཡོད་པ་དང་མེད་པ་མཐོང་བའི་ཕྱིར་རོ། །དབང་ཕྱུག་ཡོད་པ་དང་མེད་པས་ནི་མ་ཡིན་ལ། ཚོགས་པའི་དུས་ན་ཡང་དེ་གཞན་གྱི་ངོ་བོས་བྱེད་པ་པོའི་ངོ་བོ་ཡང་འདིའི་སྔར་ཉིད་དུ་ནུས་པ་ཡིན་ནོ། །ཇི་ལྟར་ནམ་ཞིག་ན་བྱེད་པ་རྒྱུན་ཆད་པར་འགྱུར། གང་ཡང་ ཐ་ག་པ་ལ་སོགས་པ་བཞིན་དུ་བརྒྱ་ལ་བྱེད་པ་ཡིན་ནོ་ཞེས་གང་བརྗོད་པ་དེ་ཡང་རིགས་པ་མ་ཡིན་ཏེ། །གང་གི་ཕྱིར་ཐ་ག་པ་ལ་སོགས་པ་རྣམས་སྔར་ནུས་པ་མེད་པ་ཉིད་ཡིན་ལ་ཡང་ཕྱི་ནས་ཐག་བཟངས་ལ་སོགས་པའི་ཚོགས་པ་རྙེད་པ་ལས་སྔར་མེད་པའི་ཚོགས་པ་རྙེད་པ་ཐོབ་པས་ སྣམ་བུ་ལ་སོགས་པ་ཚོགས་པ་འབྲས་བུ་བྱེད་པ་ཡིན་ནོ། །གཞན་དུ་ན་དེ་རྣམས་ཀྱང་སྔར་དེའི་ནུས་པ་ཡོད་པ་ན་དེ་བྱེད་པར་ཐལ་བར་འགྱུར་བ་བཟློག་ནུས་པ་མ་ཡིན་པས་དཔེ་བསྒྲུབ་བྱས་སྟོང་པ་ཡིན་ནོ། །གཞན་ཡང་ཚོགས་པས་བསྐྱེད་ན་ཡང་དེ་ཉིད་རྒྱུ་ཡིན་ཏེ། དེ་ཐམས་ཅད་དུ་ཉེ་ བའི་རང་བཞིན་ཡིན་པས་ཇི་ལྟར་བརྒྱ་ལ་འདི་ཚོགས་པ་དང་བྲལ་བ་ཡང་ཡིན། དེ་ཉིད་ཀྱི་ཕྱིར་འདི་བསྟན་པའི་དོན་དུ། ཚོགས་ན་མི་སྐྱེད་དབང་མེད་ཅིང་། །ཞེས་པ་ལ་སོགས་པ་གསུངས་ཏེ། མི་བྱེད་པ་ལ་དབང་བ་མ་ཡིན་ཏེ། བྱེད་པར་མི་ནུས་པ་མ་ཡིན་ནོ། །ཚོགས་པ་སྟེ་ ཚོགས་པའི་ཡུལ་ལ་འབྲས་བུ་ཐམས་ཅད་བྱེད་པ་ལ་ནུས་པ་དང་བྲལ་བའི་ཕྱིར་ཚོགས་པ་སྐྱེད་པ་ལ་ཡང་བཏང་སྙོམས་སུ་འདུག་པར་ནུས་པ་མ་ཡིན་ནོ། །སྐྱེད་པ་ན་ཡང་འདི་ལྟར་ཚོགས་པ་ཡིན་ནོ་ཞེ་ན། དེ་མེད་པར་ནི་སྐྱེད་པ་མིན། །ཞེས་གསུངས་ཏེ། བསྐྱེད་པ་ལ་
Page: 454 ༄༅། །ཡང་ཚོགས་པ་ལ་དབང་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་མེད་པའི་ཕྱིར་ཏེ། དེའི་ཚོགས་པ་མེད་པས་མེད་པའི་ཕྱིར་རོ། །མེད་པའི་རང་བཞིན་ལ་མོ་གཤམ་གྱི་བུ་བཞིན་དུ་བྱེད་པའི་ནུས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། རང་བཞིན་མེད་པའི་ཕྱིར་རོ། །གང་ འཆད་པར་འགྱུར་བ། བྱེ་བ་བརྒྱ་ཕྲག་རྒྱུ་ཡིས་ཀྱང་། །དངོས་པོ་མེད་ལ་རྒྱུ་རུ་མེད། །ཅེས་སོ། །ཚོགས་པ་ཡོད་པ་ན་བྱེད་པ་ཡོད་པར་གྱུར་དུ་ཆུག་པ་དེ་ལྟ་ན་ཡང་ཅི་ཚོགས་པའི་སྟོབས་ཀྱིས་རང་ཉིད་མི་འདོད་ཀྱང་དྲངས་ནས་བྱེད་པ་ཡིན་ནམ། འོན་ཏེ་འདོད་ནས་ཡིན་ཞེས་རྣམ་པར་ བརྟག་པ་ཡིན་ཏེ། དེ་ལ་དང་པོའི་རྣམ་པར་རྟོག་པའི་དོགས་པ་ནི། དབང་ཕྱུག་མི་འདོད་བཞིན་ཞེས་པ་ལ་སོགས་པ་གསུངས་ཏེ། མི་འདོད་བཞིན་དུ་སྟེ་འདོད་པ་མ་ཡིན་པ་དབང་ཕྱུག་ཏུ་འདོད་ནའོ། །འབྲས་བུ་བྱེད་ཅིང་བསྒྲུབ་པ་ཡིན་ལ། གཞན་གྱི་དབང་དུ་ཐལ་ཏེ། གཞན་ ལ་རག་ལས་ཤིང་གཞན་གྱི་དབང་དུ་ཐལ་ཏེ་ཡོངས་སུ་ཐལ་བ་ཡིན་ནོ། །ཚོགས་པའི་དབང་གིས་མི་འདོད་ན་ཡང་བྱེད་པ་ནི་དེའི་དབང་དུ་གྱུར་པར་ཐལ་བར་འགྱུར་རོ། །གཞན་གྱི་དབང་དུ་མྱོང་བ་ཡང་མ་ཡིན་ཏེ། དབང་ཕྱུག་ཉིད་དོར་བར་ཐལ་བར་འགྱུར་བའི་ཕྱིར་རོ། ། རྣམ་པར་རྟོག་པ་གཉིས་པའི་དབང་དུ་བྱས་ཏེ་གསུངས་པ། འདོད་ནའང་འདོད་ལ་རག་ལས་འགྱུར། །ཞེས་སོ། །འོན་ཏེ་འདོད་ནས་བྱེད་དོ་ཞེས་པའི་ཕྱོགས་ཁས་ལེན་ན། དེའི་ཚེ་ཡང་འདོད་ལ་རག་ལས་པར་འགྱུར་ཏེ། འདོད་པ་ཡོད་ན་འབྲས་བུ་བྱེད་པ་ཡོད་པའི་ཕྱིར་ལ། དེ་ལ་ལྟོས་པ་ཡོད་པའི་ཕྱིར་རོ། །དེའི་ཕྱིར་ཞེ་ན། དབང་ཕྱུག་གང་ལ་ཡིན་ཏེ། འདི་ལྟར་བྱེད་ཅིང་འབྲས་བུ་སྒྲུབ་པར་བྱེད་པ་ཡིན་ན་དེ་ཇི་ལྟར་ན་དབང་ཕྱུག་ཡིན་ཏེ། གང་ལས་དབང་ཕྱུག་ཡིན། འདིས་ནི་གང་བརྗོད་པ་འགའ་ཞིག་གིས་བློ་དང་ལྡན་པ་ཡིན་པའི་ ཕྱིར་དབང་ཕྱུག་ལ་ཉེས་པ་འདི་མེད་ལ། བློས་སྟོང་པ་ལ་ནི་རང་ཉིད་ཡོད་པ་ཙམ་གྱིས་བསྐྱེད་པར་བྱ་བ་རིམ་མ་ཡིན་པ་ཉིད་ཀྱིས་འབྲས་བུ་བྱེད་ལ། བློ་དང་ལྡན་པ་ལ་ནི་བྱེད་པ་ལ་དབང་བ་ལ་ཡང་མི་འདོད་ན་བྱེད་པ་མ་ཡིན་ཏེ། དེའི་ཕྱིར་འདི་ལ་ཅིའི་ཕྱིར་བརྒལ་ཞིང་བརྟག་པར་
Page: 455 བྱེད་ཅེས་པ་དེ་ཡང་བསལ་བ་ཡིན་ནོ། །དེ་ལྟར་ཡང་འདོད་པ་དེ་ནི་རང་ཉིད་ཡོད་པ་ཙམ་རྒྱུ་མཚན་ཡིན་པས་ཅིའི་ཕྱིར་མི་བྱེད། དེ་ལྟ་བས་ན་ཀླན་ཀ་དེ་ཉིད་སོ་ན་གནས་སོ། །གཞན་ཡང་གལ་ཏེ་ལྷན་ཅིག་བྱེད་པའི་རྒྱུ་མ་ཡིན་ན་ཅིའི་ཕྱིར་དེ་རྣམས་དང་བྲལ་བས་མི་བྱེད། ལྷན་ཅིག་ བྱེད་པའི་རྒྱུ་དང་བྲལ་ན་ཡང་འབྲས་བུ་བྱེད་པ་ལ་ཐམས་ཅད་དུ་དེ་དབང་དུ་གྱུར་པའི་ཕྱིར་རོ། །ལྷན་ཅིག་བྱེད་པས་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་ཡོད་པས་ཀྱང་འབྲས་བུ་ཐམས་ཅད་ཅིའི་ཕྱིར་མི་བྱེད། ལྷན་ཅིག་པའི་རྒྱུ་ཚང་བས་ནུས་པའི་ཕྱིར་འབའ་ཞིག་པ་ནུས་པ་མེད་པ་ནི་བྱེད་པ་པོ་མ་ ཡིན་ནམ་ཞེ་ན། དེ་ལ་འདི་ཅི་གཞན་གྱི་ངོ་བོས་བྱེད་པ་པོ་ཡིན་ནམ། དེ་བཞིན་དུ་ཡིན་ནོ་ཞེ་ན། བྱེད་པ་པོ་མ་ཡིན་པ་ཉིད་ཡིན་ཏེ། བྱེད་པ་པོ་ཞེས་བྱ་བ་ནི་རང་གི་ངོ་བོས་མི་བྱེད་པ་མ་ཡིན་ནོ། །རང་གི་ངོ་བོ་འདི་ཡང་གཉུག་མའི་ནུས་པ་སྒྲའི་བརྗོད་བྱ་ཡིན་ཏེ། འབྲས་བུ་ལ་མཁོ་བ་ ཡིན་ནོ་ཞེ་ན། དགོས་པ་མེད་པ་ཡིན་ཏེ། དེ་ནི་གློ་བུར་བའི་ནུས་པ་མེད་པ་རྣམས་ལ་ལྟོས་པས་སོ། །ནུས་པ་ཡོད་པ་འདི་ཡང་རང་བཞིན་གྱིས་ལྷན་ཅིག་བྱེད་པའི་རྒྱུ་དང་ཉེ་བ་མ་ཡིན་ན་བྱེད་པ་པོ་མ་ཡིན་ནོ་ཞེ་ན། མ་ཡང་ཡིན་ལ་རང་བཞིན་གྱིས་མོ་གཤམ་ཡང་ཡིན་ནོ་ཞེས་པ་ འདི་ཡང་འདི་ལྟར་ལྷ་རྣམས་དགའ་བར་བརྗོད་པར་བྱ་སྟེ། དེའི་ཕྱིར་རེ་ཞིག་གཞག་གོ། །མི་རྟག་པ་ཡིན་པར་ཡང་རྒོལ་བ་དེ་རྣམས་འདོད་པ་མ་ཡིན་ནོ། །དེ་ལྟར་ཡོད་ན་ཡང་གཞན་མ་ཐུན་མོང་བའི་རང་བཞིན་ནི་ཇི་ལྟར་དབང་ཕྱུག་ཉིད་ཡིན། དེ་ལྟར་ན་འགྲོ་བ་སྣ་ཚོགས་པ་ དབང་ཕྱུག་གི་འབྲས་བུ་མ་ཡིན་ནོ་ཞེས་གྲུབ་པ་ཡིན་ནོ། །གལ་ཏེ་བློ་དང་ལྡན་པའི་འགྲོ་བའི་བྱེད་པ་པོ་མ་ཡིན་ན་འོན་ཀྱང་འགྲོ་བ་རྡུལ་ཕྲ་རབ་ཀྱི་ཕུང་པོ་རང་བཞིན་རྡུལ་ཕྲ་རབ་གཉིས་པ་ལ་སོགས་པའི་རིམ་པས་ས་དང་། ཤིང་དང་རི་ལ་སོགས་པའི་དོན་དུ་འགྱུར་རོ་ཞེས་གང་དག་ཅེས་ པ་ལ་སོགས་པ་སྨོས་ཏེ། གང་དག་དཔྱོད་པ་ལ་སོགས་པའི་རྒོལ་བ་རྣམས་རྡུལ་ཕྲ་རབ་རྣམས་རྟག་པ་ཡིན་ཏེ་རྡུལ་ཕྲ་མོ་རྣམས་སོ། །སྨྲ་བ་ནི་འགྲོ་བ་སྣ་ཚོགས་པའི་རྒྱུ་ཞེས་སྨྲས་པའོ། །རྒོལ་བ་དེ་དག་ཀྱང་སྔར་ཆ་ཤས་ཡང་རྡུལ་དུ་ཕྱེ་བའི་ཞེས་པ་ལ་སོགས་པས་རྡུལ་
Page: 456 ༄༅། །ཕྲ་རབ་དཔྱོད་པའི་དུས་སུ་དེ་བཀག་པས་བཟློག་པའི་ཡིན་ཏེ། བསལ་བ་ཡིན་ནོ། །དེའི་ཕྱིར་རྟག་པའི་རྡུལ་ཕྲ་རབ་ཀྱི་རང་བཞིན་ཡང་འགྲོ་བ་འདིའི་རྒྱུ་མ་ཡིན་ནོ། །དེ་ལྟར་དེ་དབང་ཕྱུག་རྒྱུ་ཡིན་པ་དང་བར་སྐབས་སུ་ཚིགས་སུ་བཅད་པ་ཕྱེད་ཀྱིས་རྡུལ་ཕྲ་རབ་རྟག་པའི་རང་བཞིན་ ཡང་འགྲོ་བའི་རྒྱུ་ཡིན་པས་བསལ་ཏེ། རྣམ་པ་བཞི་པ་དེ་ཉིད་བསྒྲུབ་པའི་ཆེད་དུ་གཙོ་བོ་ཡོངས་སུ་གྱུར་པའི་རང་བཞིན་བསལ་བར་འདོད་པས་གྲངས་ཅན་གྱི་འདོད་པ་དགོད་པའི་ཕྱིར། གྲངས་ཅན་ཞེས་པ་ལ་སོགས་པ་གསུངས་ཏེ། གྲངས་ཅན་ནི་སེར་སྐྱ་སྟེ། གཙོ་བོ་ནི་རང་བཞིན་ ཞེས་མིང་གཞན་གཟུང་བ་ཡིན་ལ། འདོད་པ་ནི་སེམས་པའོ། །རྟག་པ་ནི་འཇིག་རྟེན་པའི་རྒྱུ་ཡིན་ཏེ། དེ་ཡང་རྟག་པ་མི་འཇིག་པའི་རང་བཞིན་ནོ། །འཇིག་རྟེན་ཏེ་གཡོ་བ་དང་མི་གཡོ་བའི་འགྲོ་བ་ཐམས་ཅད་ཡིན་ལ། རྒྱུ་ནི་ཡོངས་སུ་གྱུར་པའི་ངོ་བོས་རྒྱུ་རུ་འདོད་དོ། །གཙོ་བོ་ ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། སྙིང་སྟོབས་ཞེས་པ་ལ་སོགས་པ་གསུངས་ཏེ། སྙིང་སྟོབས་རྡུལ་དང་མུན་པ་ཞེས་པ་ནི་ཡོན་ཏན་གསུམ་པོ་འདི་མཉམ་པར་གནས་པ་རྣམས་མཉམ་པར་གནས་པའི་གནས་སྐབས་ཐོབ་པ་ན་གཙོ་བོ་ཞེས་བརྗོད་དེ། གཙོ་བོ་ཞེས་པ་སྨྲས་སོ། །འདི་རྣམས་རེ་ཞིག་རང་ བཞིན་གྱི་གནས་སྐབས་ཡིན་ལ། མི་མཉམ་འགྲོ་བར་བརྗོད་ལ། མི་མཉམ་པར་གནས་པ་ཐོབ་པས་ཡང་ཡོན་ཏན་འདི་རྣམས་འགྲོ་བས་བརྗོད་ལ། སྣ་ཚོགས་ཤིང་རྣམ་པ་སྣ་ཚོགས་པར་ཡོངས་སུ་གྱུར་པ་བརྗོད་དོ། །འདི་ལྟར་དེ་རྣམས་ཀྱི་རྒྱུ་ནི་གང་གི་ཚེ་སྐྱེས་བུ་ཡུལ་ལ་ ལོངས་སྤྱོད་པའི་རྣམ་པར་འདོད་པ་སྐྱེ་བ་དེའི་ཚེ་སྐྱེས་བུའི་འདོད་པ་རང་བཞིན་གྱིས་ཡོངས་སུ་ཤེས་ནས། སྐྱེས་བུ་དང་སྦྱོར་བར་བྱེད་དོ། །དེའི་ཚེ་ཡང་སྒྲ་ལ་སོགས་པ་འབྱིན་པའི་ངོ་བོས་ཡོངས་སུ་གྱུར་པས་ཉེ་བར་འགྱུར་རོ། །དེའི་ཚེ་རིམ་པ་ནི་འདི་ཡིན་ནོ། །རང་བཞིན་ལས་ནི་ ཆེན་པོ་དེ་ལས་ནི། །ངར་འཛིན་དེ་ལས་ཚོགས་ནི་བཅུ་དྲུག་ཡིན། །བཅུ་དྲུག་པོ་ཡི་ནང་ནས་ལྔ་པོ་རྣམས། །དེ་ལས་ཀྱང་ནི་འབྱུང་བ་ལྔ་རྣམས་ཡིན། །འདི་ཡི་དོན་ནི་འདི་ཡིན་ཏེ། རང་བཞིན་ལས་ཆེན་པོ་ནི་གཙོ་བོ་ལས་ཆེན་པོ་ཡིན་ལ། ཆེན་པོ་ཞེས་པ་ནི་གློ་བུར་དུ་
Page: 457 བརྗོད་པ་ཡིན་ནོ། །དེ་ལས་ཞེས་ཏེ་ཆེན་པོ་ལས་ངར་འཛིན་པ་ཡིན་ཏེ། ངར་ཞེས་པའི་ཤེས་པའོ། །ངར་འཛིན་པ་དེ་ལས་ཚོགས་བཅུ་དྲུག་ཡིན་ནོ། །ཚོགས་བཅུ་དྲུག་ཞེས་པ་ནི་དབང་པོ་བཅུ་གཅིག་དང་དེ་ཙམ་ལྔ་རྣམས་ཡིན་ཏེ། དེ་ལ་ལས་ཀྱི་དབང་པོ་ལྔ་པོ་ནི་ཁ་དང་རྐང་པ་དང་ལག་པ་ དང་གཅི་བ་དང་བཤང་བའི་ལམ་རྣམས་སོ། །བློའི་དབང་པོ་ལྔ་ནི་རྣ་བ་དང་ལུས་དང་མིག་དང་ལྕེ་དང་སྣའོ། །གཉི་གའི་བདག་ཉིད་ནི་ཡིད་ཡིན་ཏེ། འདི་ལྟར་བཅུ་གཅིག་ཏུ་འགྱུར་རོ། །ཡང་དེ་ཙམ་ལྔ་ནི་སྒྲ་དང་རེག་བྱ་དང་གཟུགས་དང་རོ་དང་དྲིའོ། །ལྔ་པོ་རྣམས་ལས་འབྱུང་ བ་ལྔ་རྣམས་ནི་སྒྲ་ལ་སོགས་པ་ལྔ་རྣམས་ལས་འབྱུང་བ་ལྔ་རྣམས་སུ་འགྱུར་ཏེ། འབྱུང་བ་ལྔ་རྣམས་ནི་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་སར་གྲགས་པ་རྣམས་སོ། །དང་པོའི་རང་བཞིན་ནི་རྒྱུ་ཉིད་ཡིན་ཏེ་འབྲས་བུ་མ་ཡིན་ནོ། །ཆེན་པོ་དང་ངར་འཛིན་པ་དང་སྒྲ་ལ་སོགས་པ་ལྔ་ནི་འབྲས་བུ་ ཡང་ཡིན་ལ་རྒྱུ་ཡང་ཡིན་ནོ། །དབང་པོ་བཅུ་གཅིག་པོ་རྣམས་དང་། ནམ་མཁའ་ལ་སོགས་པ་ལྔ་པོ་རྣམས་འབྲས་བུ་ཉིད་ཡིན་ལ། རྒྱུ་ནི་མ་ཡིན་ནོ། །སྐྱེས་བུ་ནི་ཡང་གཉི་གའི་རང་བཞིན་སྤངས་པ་ཡིན་ནོ། །གང་བརྗོད་པ། རྩ་བའི་རང་བཞིན་ལས་ནི་འགྱུར་བ་མེད། །ཆེན་ སོགས་བདུན་པོ་རྒྱུ་དང་འགྱུར་བ་ཡིན། །བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་སྟེ། །སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཞེས་སོ། །གཙོ་བོ་དེ་ཡང་འབྲས་བུ་མ་ལུས་པ་ནུས་པའི་རང་བཞིན་ཉིད་ཡོན་ཏན་གསུམ་གྱི་རང་བཞིན་ཁོ་ནས་འབྲས་བུ་སྒྲུབ་པར་བྱེད་པ་ཡིན་ཏེ། གཞན་དུ་ན་ཇི་ལྟར་དེ་ལ་ཡོད་པ་མ་ཡིན་པ་འབྲས་བུ་སྣ་ཚོགས་པའི་གཟུགས་སྐྱེད་པར་བྱེད། དེ་སྐད་དུ་ཡང་། མ་ལུས་ནུས་པའི་ཚོགས་རྣམས་ཀྱི། །རང་བཞིན་འགའ་ཞིག་ཁོ་ན་ལས། །འབྲས་བུའི་ཁྱད་པར་འཇུག་པ་ནི། །དངོས་པོ་དེ་ཡི་རང་བཞིན་ནོ། །གལ་ཏེ་རྒྱུ་ ཡི་བདག་ཉིད་ལ། །ནུས་པའི་ངོ་བོར་འབྲས་མེད་ན། །དེ་ཉིད་བྱེད་པར་ནུས་ཡིན་ཏེ། །མེད་ཕྱིར་ནམ་མཁའི་པདྨ་བཞིན། །ཞེས་སོ། །འདི་ལྟར་གཙོ་བོ་ལ་ངེས་པ་ཁོ་ནར་འབྲས་བུའི་གཟུགས་ཀྱིས་འགྲོ་བ་འཇུག་པ་དང་ལྡོག་པར་བྱེད་དོ་ཞེས་སེར་སྐྱ་ཟེར་རོ། །
Page: 458 ༄༅། །འདི་ལྟར་དེ་དག་ཐམས་ཅད་ནམ་མཁའ་ལ་མངོན་པར་སྤྲས་པའི་རི་མོ་བཞིན་དུ་སྣང་བ་ཡིན་ཞེས་བསམས་ནས། གྲུབ་པའི་མཐའ་སྨྲ་བས་སུན་དབྱུང་བར་བཞེད་ནས། གཅིག་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། གཅིག་ཏུ་ཡོད་ན་རང་བཞིན་གསུམ་ཉིད་ནི་ཞེས་ཏེ། རྡུལ་དང་མུན་པ་དང་སྙིང་སྟོབས་ཡོན་ཏན་གྱི་དབྱེ་བ་གསུམ་གྱི་བདག་ཉིད་རིགས་པ་མིན་ཏེ་འཐད་པ་མ་ཡིན་ནོ། །རྒྱུ་དེས་ན་ཡོན་ཏན་གསུམ་གྱི་གཙོ་བོ་དེ་ཡོད་མིན་ཏེ། མེད་པ་ཡིན་ནོ། །གཅིག་དང་དུ་མའི་རང་བཞིན་དུ། །ཞེས་པ་འདི་ནི་ཕན་ཚུན་འགལ་བ་ཡིན་ནོ། །དེའི་ཕྱིར་ དེ་ཉིད་སུན་ཕྱུང་བ་ན་དེའི་འབྲས་བུ་ཐམས་ཅད་སུན་ཕྱུང་བར་འགྱུར་རོ། །མ་གྱུར་མོད་གཅིག་གི་རང་བཞིན་དེ་ཡོན་ཏན་གསུམ་གྱི་བདག་ཉིད་དེ། ཡོན་ཏན་དེའི་རང་བཞིན་གྱི་ཡོད་པ་ཡིན་ནོ་ཞེ་ན། དེ་བཞིན་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ་སྟེ་གཙོ་བོ་བཞིན་དུའོ། ། ཡོན་ཏན་ཏེ་སྙིང་སྟོབས་དང་རྡུལ་དང་མུན་པའི་རང་བཞིན་ཏེ་ཡོད་མིན་ནོ། །དེ་ཡང་གསུམ་སྟེ། གང་གི་ཕྱིར་ཡོན་ཏན་དེ་རྣམས་ཀྱང་སོ་སོ་རེ་རེ་ལ་གསུམ་སྟེ་རྣམ་པ་གསུམ་གསུམ་མོ། །དེ་བཞིན་དུ་ཐམས་ཅད་ཡོན་ཏན་གསུམ་གྱི་བདག་ཉིད་ཡིན་ནོ་ཞེས་སྨྲ་བ་ལ། སོ་སོར་ཡང་ཡོན་ ཏན་གསུམ་གྱི་རང་བཞིན་གྱིས་ཡོན་ཏན་གསུམ་གྱི་བདག་ཉིད་ཐོབ་པོ། །དེ་བཞིན་དུ་དེའི་ཡོན་ཏན་ཡང་ཡོན་ཏན་གསུམ་གྱི་བདག་ཉིད་ཀྱིས་གཅིག་གི་རང་བཞིན་ཡོད་པ་མ་ཡིན་ནོ། །གང་གི་ཚེ་ཡང་འདི་ལྟར་རྣམ་པར་དཔྱད་པ་ན་ཡོན་ཏན་རྣམས་ཡོད་པ་མ་ཡིན་ལ། དེའི་ཚེ་དེ་ལས་ གྱུར་པའི་སྒྲ་ལ་སོགས་པ་ཡང་རིགས་པ་མ་ཡིན་ནོ། །ཡོན་ཏན་མེད་ན་ཞེས་པ་ལ་སོགས་པ་གསུངས་ཏེ། ཡོན་ཏན་ཏེ་སྙིང་སྟོབས་ལ་སོགས་པ་རྣམས་ཡིན་ལ། མེད་དེ་ཡོད་པ་མ་ཡིན་ནོ། །ཀྱང་ཞེས་པ་ནི་ཉེས་པ་གཞན་སོགས་པ་ཡིན་ཏེ། སྒྲ་ལ་སོགས་པ་སྟེ་སོགས་ པའི་སྒྲ་སྨོས་པས་རེག་བྱ་ལ་སོགས་པ་གཟུང་ངོ་། །ཡོད་པ་ཉིད་དེ་ཡོད་པ་ནི་དངོས་པོའོ། །ཤིན་ཏུ་རིང་དུ་སྟེ། རྣམ་པ་ཐམས་ཅད་དུ་རིགས་པ་མ་ཡིན་ལ། རྒྱུ་མེད་པ་ལ་འབྲས་བུ་ཡོད་པ་ཉིད་དུ་མི་རིགས་པའི་ཕྱིར་རོ། །དེ་ཡང་། འདི་དག་བདེ་སོགས་དང་ལྡན་པ། །
Page: 459 གསལ་བ་གསལ་པོར་མཐོང་བ་ཡིན། །བདེ་དང་སྡུག་བསྔལ་བཏང་སྙོམས་སོགས། །རང་བཞིན་གཅིག་པོ་དམིགས་པ་ལས། །ཞེས་བརྗོད་དེ། དེ་ཡང་མི་རིགས་སོ་ཞེས་བསྟན་པའི་ཕྱིར། སེམས་མེད་ཅེས་པ་ལ་སོགས་པ་གསུངས་ཏེ། འང་གི་སྒྲ་ནི་སྔ་མ་བཞིན་ ཡིན་ཏེ། སེམས་མེད་པ་ནི་བེམས་པོའི་ངོ་བོ་ཡིན་པ་ལའོ། །གོས་ལ་སོགས་པ་སེམས་མེད་པའི་སྣམ་བུ་ལ་སོགས་པ་ལའོ། །བདེ་སོགས་ཀྱང་སེམས་ཀྱི་བདག་ཉིད་དེ། བདག་ཉིད་གཅིག་པོར་སྲིད་པའང་མིན་ཏེ་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་སྙིང་སྟོབས་དང་རྡུལ་ དང་མུན་པའི་བདག་ཉིད་ནི་བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་སུ་བརྗོད་པ་ཡིན་ལ། དེ་རྣམས་ལ་ཡང་ཡོན་ཏན་ཡོད་པ་མ་ཡིན་ལ། དེ་ཇི་ལྟར་ན་དེ་ལ་བདེ་བ་ལ་སོགས་པར་འགྱུར་བ་ཡིན། དེ་ལྟར་གྱུར་ན་ཡང་བདེ་བའི་བདག་ཉིད་ཡིན་པའི་ཕྱིར་སྣམ་བུ་ལ་སོགས་པ་ རྣམས་བདེ་བའི་རང་བཞིན་ཡིན་ནོ་ཞེས་ནི་མི་སྨྲའི། འོན་ཀྱང་བདེ་བ་ལ་སོགས་པ་དེ་ལས་སྐྱེས་པར་དོགས་ནས་དེ་དངོས་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ནི་བདེ་བ་ལ་སོགས་པ་ཡིན་ལ། རྒྱུའི་ངོ་བོ་ནི་བྱེད་པ་པོའི་རང་བཞིན་ཕྱི་རོལ་དུ་གྱུར་པ་ཡིན་པར་སྣམ་བུ་ལ་སོགས་ པ་ཡང་གལ་ཏེ་འདོད་ནའོ། །དངོས་པོ་རྣམས་དཔྱད་ཟིན་ནམ་ཞེས་ཏེ། སྣམ་བུ་ལ་སོགས་པ་འདི་རྣམས་ཡན་ལག་ཅན་གྱི་ངོ་བོ་མ་ཡིན་ལ། རྡུལ་ཕྲ་རབ་ཀྱི་རང་བཞིན་ཡང་མེད་ཅིང་། ཡོན་ཏན་གསུམ་གྱི་བདག་ཉིད་དུ་མེད་དེ། འདི་ལྟར་དངོས་པོ་རྣམ་པར་དཔྱད་ཅིང་ བརྟགས་པ་ན་རིགས་པས་དངོས་པོ་སྣང་བ་རྣམས་ཀྱང་སྒྱུ་མ་ལྟ་བུ་ཡིན་ཏེ། རང་བཞིན་མེད་པའི་ཕྱིར་རོ། །དེ་ལ་དངོས་པོ་འདི་ཇི་ལྟར་ན་བདེ་བ་ལ་སོགས་པའི་རྒྱུའི་ངོ་བོར་འགྱུར། གཞན་ཡང་གསལ་བ་བདེ་བ་ལ་སོགས་པའི་རང་བཞིན་ཡིན་ན་སྣམ་བུ་ལ་སོགས་ པ་ཉིད་བདེ་བ་ལ་སོགས་པའི་བསྐྱེད་པར་བྱ་བར་འགྱུར་རོ་ཞེས་ཁྱོད་ཀྱིས་བདེ་སོགས་ཞེས་པ་ལ་སོགས་པ་གསུངས་ཏེ། སྣམ་བུ་ཡང་བདེ་བ་ལ་སོགས་པ་ཉིད་ཀྱི་རྒྱུ་ཡིན་ཏེ། ཁྱོད་དེ་ཁྱོད་ཅག་ལ་རྒྱུ་ཉིད་དུ་འགྱུར་ཏེ། གསལ་བ་ནི་བདེ་བ་ལ་སོགས་པའི་རྒྱུ་ཡིན་
Page: 460 ༄༅། །པའི་ཕྱིར་རོ། །དེ་ལྟར་ན་ཡང་དེ་ལས་སྣམ་སོགས་ཏེ། སོགས་པའི་སྒྲས་ནི་ཙནྡན་གྱི་ཕྲེང་བ་ལ་སོགས་པ་གཟུང་ངོ་། །སླར་འདི་ཕྱིན་ཅི་ལོག་ཏུ་དམིགས་པ་ཡིན་ནོ་ཞེས་སྣམ་སོགས་ཞེས་པ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲས་ནི་ཙནྡན་ལ་སོགས་ པ་ཡིན་ལ། བདེ་སོགས་ཡིན་ཏེ་སོགས་པའི་སྒྲས་སྡུག་བསྔལ་ལ་སོགས་པར་འགྱུར་རོ། །དེ་མེད་ཕྱིར་ན་སྟེ་སྣམ་བུ་ལ་སོགས་པ་མེད་པའི་ཕྱིར་རོ། །བདེ་སོགས་མེད་པ་ཡིན་ཏེ། སྣམ་བུ་ལ་སོགས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །བདེ་བ་ལ་སོགས་པར་མི་འགྱུར་རོ། །དེའི་ རྗེས་སུ་འགྲོ་བ་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་བདེ་བ་ལ་སོགས་པ་དེའི་འབྲས་བུ་ཉིད་ཡིན་ནོ། །སྙིང་སྟོབས་ལ་སོགས་པའི་ཡོན་ཏན་གྱི་བདག་ཉིད་ཡིན་པས་གང་ཡང་བདེ་བ་ལ་སོགས་པ་རྟག་པར་འདོད་པ་ན། དེ་ཡང་ཡང་དག་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བདེ་སོགས་ ཀྱང་ཞེས་པ་ལ་སོགས་པ་གསུངས་ཏེ། བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་ཀྱང་ངོ་། །ཀྱང་གི་སྒྲས་ནི་ཉེས་པ་ལྷག་པ་བརྗོད་པར་འདོད་པ་ཡིན་ནོ། །རྟག་པ་ཉིད་ནི་རྟག་པའི་རང་བཞིན་ཉིད་ཡིན་ལ། ནམ་ཡང་དམིགས་པ་ཡོད་པ་མ་ཡིན་མཐོང་བ་མ་ཡིན་ཏེ། ཡོན་ ཏན་ལ་སོགས་པ་མེད་པའི་ཕྱིར་ལ། དེ་རྣམས་རྟག་པ་ལ་སོགས་པར་མི་རིགས་པའི་ཕྱིར་རོ། །གལ་ཏེ་ཡང་བདེ་བ་ལ་སོགས་པ་རྣམས་རྟག་པར་གྱུར་ན་དེའི་ཚེ་རྟག་ཏུ་དམིགས་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། བདེ་བའི་གསལ་བ་ཉིད་ཡོད་ན། །ཞེས་ཏེ། གལ་ཏེ་བདེ་བ་ ལ་སོགས་པ་རྟག་པའི་རང་བཞིན་དུ་གནས་པ་ཡིན་ན། དེའི་ཚེ་ཇི་ལྟར་ནམ་ཞིག་བདེ་བའི་རང་བཞིན་ཡིན་པ་དེ་བཞིན་དུ་ནམ་ཡང་ཞེས་པ་ནི་རྟག་ཏུ་དེ་རིགས་པར་འགྱུར་ཏེ། དེའི་རང་བཞིན་ཡོངས་སུ་མ་དོར་བའི་ཕྱིར་རོ་ཞེས་པ་ནི་བསྡུས་པའི་དོན་ཏོ། །བདེ་བའི་བདེན་ཡོད་ཉིད་ ཡིན་ན་ཡང་བདེ་བའི་གསལ་བ་འགའ་ཞིག་ན་གྱུར་པའི་བདེ་བ་རྟག་པ་ཡིན་ན། མྱོང་བ་ཅིའི་ཕྱིར་འཛིན་པ་མ་ཡིན་ཏེ། བདེ་བའི་མྱོང་བར་ནི་ཐམས་ཅད་དུ་ཅིའི་ཕྱིར་མི་འགྱུར། ཐམས་ཅད་དུ་མྱོང་བ་ཡང་མ་ཡིན་ནོ། །དེ་ལྟ་བས་ན་ནམ་ཞིག་ན་མི་དམིགས་པ་དེ་ན་དེའི་ཚེ་ཡོད་པ་
Page: 461 མ་ཡིན་ནོ་ཞེས་ཇི་ལྟར་རྟག་པ་ཉིད་དུ་ངེས་པ་ཡིན། དེ་ལྟར་གྱུར་ན་ཡང་རྟག་ཏུ་གསལ་བའི་ངོ་བོར་གྱུར་ན་ཉེས་པ་འདིར་འགྱུར་ན། གང་གི་ཚེ་ཡང་དེ་ཉིད་ནུས་པའི་ངོ་བོ་ཉིད་ཀྱིས་མི་མངོན་པར་གྱུར་པའི་ཚེ་ཉེས་པ་མེད་དོ་ཞེས། དེ་ཉིད་ཕྲ་མོ་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ཉིད་གསལ་བར་ གནས་པར་བྱས་ནས་དངོས་པོ་ལ་བརྟེན་པས་ཕྱི་ནས་མི་དམིགས་པའི་དུས་ན་ཕྲ་མོར་འགྱུར་བ་ཡིན་ཏེ། ཉིན་མོའི་སྐར་མ་ལ་སོགས་པ་བཞིན་དུ་མི་དམིགས་པའི་རང་བཞིན་ལ་ཡང་དག་པར་བརྟེན་པ་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་སྟེ་གང་གི་ཕྱིར་རགས་ པ་གསལ་བའི་ངོ་བོ་རང་བཞིན་དུ་ཡོད་ན་ཕྲ་བ་ཇི་ལྟར་ཡིན་ཏེ། དེ་ལྟར་མི་གསལ་བའི་རང་བཞིན་བདེ་བ་ལ་སོགས་པ་དེ་རྟག་པ་ཡིན་པས་གཅིག་པུ་ནི་དུ་མའི་རང་བཞིན་ཉིད་དུ་གཅིག་པུ་མི་རིགས་སོ་ཞེས་བསམས་པ་ཡིན་ནོ། །འོན་ཏེ་དེ་ལྟ་ན་ཡང་ཕན་ཚུན་འགལ་བ་དག་དུས་གཅིག་ཏུ་ གཅིག་ལ་རིགས་པ་མ་ཡིན་ཏེ། སྔར་གྱི་ཆོས་ལོག་ན་ཡང་ཆོས་གཞན་སྐྱེས་པས་ཉེས་པ་མེད་དོ་ཞེས། རགས་པ་དོར་ནས་ཞེས་པ་ལ་སོགས་པ་གསུངས་ཏེ། རགས་པ་མངོན་པར་གྱུར་པའི་ངོ་བོ་དོར་ནས་ཏེ། ཡོངས་སུ་བོར་བར་གྱུར་ན་མི་མངོན་པར་གྱུར་པ་ཡིན་ནོ་ཞེ་ན། འདི་ལྟར་ཁས་ལེན་པ་ན། ཕྲ་རགས་དེ་དག་མི་རྟག་ཉིད། །ཅེས་ཏེ། སྐྱེ་བ་དང་འཇིག་པའི་དབང་དུ་གྱུར་པའི་ཕྱིར་རོ། །རགས་པ་བསྟན་པ་མ་ཡིན་པ་ཕྲ་བ་ཉིད་དུ་འགྱུར་རོ། །གྱུར་དུ་ཆུག་ན་ཡང་རྟག་པ་ལ་ཉམས་པ་ཅི་ཞིག་ཡོད་ཅེ་ན། དེ་བཞིན་དངོས་པོ་ཐམས་ཅད་ནི། ། ཞེས་པ་ལ་སོགས་པ་གསུངས་ཏེ། དངོས་པོ་ཐམས་ཅད་ནི་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔའི་མཚན་ཉིད་ཡིན་ལ། དེ་བཞིན་དུ་སྟེ། རགས་པ་ཕྲ་བ་བཞིན་དུ་མི་རྟག་ཉིད་དུ་ཅེས་མི་འདོད་དེ། ཅིའི་ཕྱིར་རྗེས་སུ་འགྲོ་བ་མེད་པ་ཉིད་ཀྱི་འཇིག་པར་ཁས་མི་ལེན། བསམ་པ་ནི་འདི་ཡིན་ཏེ། རགས་ པ་དང་ཕྲ་བ་དག་ཀྱང་རྗེས་སུ་འགྲོ་བ་མེད་པའི་འཇིག་པ་སྐྱེ་བ་མེད་པར་མངོན་པ་དང་མི་མངོན་པའི་དངོས་པོར་རིགས་པ་མ་ཡིན་ནོ། །གཞན་དུ་ན་བརྒྱ་ལ་འགའ་ཞིག་གི་ངོ་བོས་གནས་པའི་ཕྱིར་སྔ་མ་བཞིན་དུ་ཡང་མངོན་པར་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་ངེས་པར་དེ་དག་རྗེས་
Page: 462 ༄༅། །སུ་འགྲོ་བ་མེད་པར་འཇིགས་པ་ཡང་དག་པར་སྐྱེ་བ་ཉིད་དུ་ཁས་བླང་བར་བྱའོ། །དེ་ལྟར་ན་ཡང་དེ་དག་འདི་ལྟར་གྱུར་པ་ན་དེ་བཞིན་དུ་གཞན་ཡང་ཁྱད་པར་མེད་པའི་ཕྱིར་འགྱུར་བ་ཡིན་ནོ། །གཞན་ཡང་གལ་ཏེ་རགས་པ་དང་ཕྲ་བ་དག་འཇིག་པ་དང་སྐྱེ་བར་འདོད་ན། དེའི་ཚེ་བདེ་ བ་ལ་སོགས་པ་རྣམས་མི་རྟག་པར་ཐལ་བར་འགྱུར་ཏེ། འདི་ལྟར་ཡང་རགས་པ་དེ་བདེ་བ་ལ་ཐ་དད་པའམ་ཐ་མི་དད་པར་འགྱུར། དེ་ལ་གལ་ཏེ་ཐ་དད་པ་ཡིན་ན་དེའི་ཚེ་དེར་ལོག་ན་ཡང་སྔར་བཞིན་དུ་བདེ་བའི་མྱོང་བར་འགྱུར་རོ། །སྣམ་བུ་ལོག་ན་ཡང་བུམ་པ་མི་དམིགས་ པ་རིགས་པ་མ་ཡིན་ཏེ། དེ་ནི་འདི་ཞེས་འབྲེལ་པ་རྟོགས་པ་ལ་ཐུག་པ་མེད་པར་ཐལ་བས་སོ། །འབྲེལ་པ་ཡོད་ན་ཡང་རྒྱུ་མ་ཡིན་པ་ལོག་པས་གཞན་ལྡོག་པ་ཡོད་པར་རིགས་པ་མ་ཡིན་ཏེ། བ་ལང་ལོག་པས་དེའི་བདག་པོ་མི་ལྡོག་པ་བཞིན་ནོ། །བདེ་བའི་རྒྱུ་ཡང་དེ་མ་ ཡིན་ཏེ། སྣམ་བུ་ལ་སོགས་པ་ཉིད་ལས་བདེ་བ་སྐྱེད་པའི་ཕྱིར་རོ། །དེ་ཡང་རྒྱུ་མ་ཡིན་ཏེ། དེ་ནི་བདེ་བ་ལ་སོགས་པ་དང་དུས་མཉམ་པ་ཉིད་ཀྱི་ཕྱིར་རོ། །འོན་ཏེ་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བའི་ཕྱོགས་ཡིན་ན། འདི་ལ་བརྗོད་པར་བྱ་སྟེ། རགས་པ་བདེ་བ་གཞན་ མིན་ཞེས་ཏེ། གལ་ཏེ་རགས་པ་བདེ་བ་ལས་གཞན་ཏེ་ཐ་དད་པ་ཡིན་ན་དེའི་ཚེ་འདི་བདེ་བ་ཉིད་དུ་འགྱུར་རོ། །དེའི་ཚེ་བདེ་བ་གསལ་བར་མི་རྟག་ཉིད་ཡིན་ཏེ། དེའི་རང་བཞིན་ཡིན་པས་རགས་པ་འགགས་པ་ན་བདེ་བ་ཡང་འགགས་པའི་ཕྱིར་བདེ་བ་མི་རྟག་པ་ཉིད་དེ། འཇིག་ པ་ཉིད་དུ་གསལ་ཏེ་ངེས་པ་ཡིན་ནོ། །གལ་ཏེ་དེ་ལྟར་གྱུར་ན་ཡང་གལ་ཏེ་རྣམ་པ་ཐམས་ཅད་དུ་ཞིག་པར་འགྱུར་ན། དེའི་ཚེ་བདེ་བ་སླར་སྐྱེ་བར་མི་འགྱུར་ཏེ། གཏན་མེད་པ་ནི་ནམ་མཁའི་ཨུཏྤལ་བཞིན་དུ་སྐྱེ་བར་མི་རིགས་པའི་ཕྱིར་རོ་ཞེས་གཞན་གྱི་འདོད་པར་དགོད་པའི་ཕྱིར། གལ་ཏེ་མེད་པ་ཞེས་པ་ལ་སོགས་པ་སྨོས་ཏེ། གལ་ཏེ་རྣམ་པ་ཐམས་ཅད་དུ་རྒྱུ་མེད་པའི་བདག་ཉིད་ལ་ཡོད་པ་མ་ཡིན་པ་དེ་ནི་སྐྱེ་བ་མ་ཡིན་ཏེ། དཔེར་ན་ནམ་མཁའི་པདྨ་བཞིན་ནོ། །དེ་བཞིན་དུ་གལ་ཏེ་གཞན་ཡང་ཡིན་པར་གྱུར་ན་དེའི་ཚེ་སྐྱེ་བ་མ་ཡིན་ནོ། །དེའི་ཕྱིར་
Page: 463 མེད་པ་ནི་ཅུང་ཟད་ཀྱང་སྐྱེས་པ་མ་ཡིན་ལ། གཏན་མེད་པའི་རང་བཞིན་ཅུང་ཞིག་སྐྱེ་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མེད་པའི་ཕྱིར་ཏེ། ཡོད་པ་མ་ཡིན་པའི་ཕྱིར་ལ། དེ་ལྟར་གལ་ཏེ་འདོད་ནའོ། །འདི་ལྟར་གལ་ཏེ་འདོད་ན་དེའི་ཚེ་འདི་བརྗོད་པར་མི་བྱའོ་ཞེས་གསལ་བར་ ཞེས་པ་ལ་སོགས་པ་སྨོས་ཏེ། གསལ་བར་མེད་པ་ཡིན་ཏེ། སྔར་ཡོད་པའི་གནས་སྐབས་ན་ཡོད་པ་མ་ཡིན་པའི་གསལ་བ་སྐྱེ་བ་སྟེ། ཕྱི་ནས་སྐྱེ་བར་མི་འདོད་ཀྱང་སྟེ། འདོད་པ་མ་ཡིན་པ་ཡང་ཁྱོད་དེ་ཡོད་པར་སྨྲ་བ་ཁྱོད་ལ་གནས་པ་ཉིད་དེ་ཡོད་པ་ཡིན་ནོ། །གཞན་ དུ་ན་སྔར་ཡང་དེ་ཡོད་པ་ཡིན་ན་ཕྱི་མ་བཞིན་དུ་སྔར་ཡང་དེ་དམིགས་པར་ཐལ་བར་འགྱུར་རོ། །ཇི་ལྟར་གསལ་བ་མེད་པ་སྐྱེས་པ་དེ་བཞིན་དུ་གལ་ཏེ་གཞན་ཡང་ཡིན་པ་དེའི་ཚེ་འགལ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གཞན་ཡང་ཡོད་པ་འབྲས་བུར་སྨྲ་བ་ལ་རྒྱུའི་གནས་སྐབས་ ན་འབྲས་བུ་ཡོད་པའི་ཕྱིར་ཉེས་པ་གཞན་དུ་ཡང་འགྱུར་རོ་ཞེས་བརྗོད་པའི་ཕྱིར། གལ་ཏེ་རྒྱུ་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། བཟའ་བར་བྱ་བའི་དོན་གྱིས་ན་ཟས་ཡིན་ལ། ཟས་ཟ་བ་པོ་མི་གཙང་བར་འགྱུར་ཏེ། བཙོག་པ་ཟ་བར་འགྱུར་རོ། །ཇི་ལྟར་ཞེ་ན། གལ་ཏེ་རྒྱུ་ ལ་འབྲས་གནས་ན་སྟེ། འབྲས་བུ་གལ་ཏེ་རྒྱུ་ལ་ཡོད་པའི་རང་བཞིན་ཡིན་ནའོ། །འདི་ལྟར་ཡོད་པར་སྨྲ་བ་ལ་ཡང་ཟས་ཀྱི་འབྲས་བུ་མི་གཙང་བ་ཉིད་ཡིན་ན་དེ་ཡང་ཟས་ཀྱི་གནས་སྐབས་ཉིད་ན་ཡོད་པ་ཡིན་ནོ། །དེའི་ཕྱིར་ཟས་ཟ་བས་ན་དེ་ཟ་བའི་དོགས་པར་འགྱུར་རོ། ། གཞན་ཡང་ཐལ་བར་འགྱུར་བ་གཞན་འདི་ཡང་ཡོད་པ་འབྲས་བུར་སྨྲ་བ་ལ་བརྗོད་པའི་ཕྱིར། རས་ཀྱི་རིན་ཞེས་པ་ལ་སོགས་པ་གསུངས་ཏེ། གལ་ཏེ་རྒྱུ་ལ་འབྲས་བུ་གནས་ན་ཞེས་པ་དང་འབྲེལ་ཏེ། རས་བལ་གྱི་ས་བོན་ཏེ་རྒྱུ་ལ་འབྱུང་བར་འགྱུར་བའི་འབྲས་བུ་རས་ཡོད་ པའི་ཕྱིར། རས་ཀྱི་རིན་གྱིས་ཏེ། དེ་ཉོ་བའི་རིན་གྱིས་རས་བལ་གྱི་ས་བོན་ཉོས་ལ་སྟེ། བཟུང་ནས་བགོ་བར་གྱིས་ཏེ། གོས་སུ་གྱིས་ཤིག །འོན་ཏེ་དེ་ལྟར་ན་གལ་ཏེ་དོན་དམ་པར་རྒྱུ་ལ་འབྲས་བུ་ཡོད་པ་དེ་ལྟར་ན་ཡང་འདི་ཀུན་རྫོབ་ཏུ་མ་རིག་པའི་རབ་རིབ་ཀྱིས་ཡེ་ཤེས་ཀྱི་མིག་
Page: 464 ༄༅། །ཉམས་པར་བྱས་པའི་ཐ་སྙད་པའི་འཇིག་རྟེན་པས་འདི་མི་མཐོང་བ་ཡིན་ནོ་ཞེས་འཇིག་རྟེན་རྨོངས་པས་ཞེས་པ་ལ་སོགས་པ་གསུངས་ཏེ། རྨོངས་པས་ཏེ་མི་ཤེས་པས་སོ། །དངོས་པོའི་དེ་ཁོ་ན་ཉིད་ཡོད་ན་ཡང་མི་མཐོང་སྟེ་འཇིག་རྟེན་གྱིས་མཐོང་བ་མ་ཡིན་ལ། དེའི་ཕྱིར་ བརྗོད་པའི་ཉེས་པར་ཐལ་བར་མི་འགྱུར་རོ། །གལ་ཏེ་བརྗོད་དོ་ཞེ་ན། དེ་ཁོ་ན་ཉིད་ཤེས་པ་ཡང་གནས་པ་མ་ཡིན་ནམ། གལ་ཏེ་ཡང་འཇིག་རྟེན་པས་མ་མཐོང་བས་དེ་ལྟར་ཐ་སྙད་བྱེད་པ་མ་ཡིན་ན་དེ་ཁོ་ན་ཉིད་ཤེས་པ་ལ་རིགས་པ་ཡིན་ཏེ། གང་གི་ཕྱིར་དེ་ཁོ་ན་ཉིད་ཤེས་པས་ཀྱང་རྒྱུ་ ལས་འབྲས་བུ་ཡོད་དོ་ཞེས་ཤེས་པ་མ་ཡིན་པའི་ཕྱིར་རོ། །དོན་དམ་པར་རིགས་པའི་གྲངས་ཅན་དེ་ཡང་ཡོད་པ་ཡིན་ཏེ། དེ་ཉིད་ཐ་སྙད་པའི་སྐྱེ་བོ་ཐམས་ཅད་པའི་ཐུན་མོང་དུ་གནས་པ་ཡིན་ལ། དེ་རྣམས་ཀྱང་ཟས་ཟ་བ་ལ་སོགས་པ་ནི་འཇུག་པ་དང་། རས་དོན་དུ་གཉེར་བས་རས་བལ་ གྱི་ས་བོན་བསྙོན་པར་བྱ་བ་མ་མཐོང་བ་ཡིན་ནོ། །འདི་ནི་འདི་ལན་དུ་རིགས་པ་མ་ཡིན་ནོ་ཞེས་འཇིག་རྟེན་ཞེས་པ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་པ་སྟེ་ཐ་སྙད་པའི་སོ་སོའི་སྐྱེ་བོ་ལ་ཡང་ཤེས་པ་གང་གིས་རྒྱུ་ལ་འབྲས་བུ་ཡོད་དོ་ཞེས་རྟོགས་པ་དེ་ཡོད་ལ་དེ་ཁོ་ན་ཉིད་ ཤེས་པ་འབའ་ཞིག་ལ་ནི་མ་ཡིན་ནོ། །དེ་ལྟར་ཡང་འབྲས་བུ་མཐོང་ནས་རྒྱུ་ལ་དེ་ཡོད་དོ་ཞེས་དེ་ཁོ་ན་ཉིད་ཤེས་པ་དང་། འཇིག་རྟེན་པ་གཉི་ག་ལ་ཐུན་མོང་དུ་ངེས་པ་ཡིན་ནོ། །དེས་འཇིག་རྟེན་པས་རྒྱུ་གང་གིས་མི་མཐོང་། དེ་ལ་འཇིག་རྟེན་པས་མི་མཐོང་བ་ལ་རྒྱུ་མཚན་བརྗོད་པར་བྱའོ། ། འཇིག་རྟེན་པའི་མཐོང་བ་ཚད་མ་ཡིན་ནོ་ཞེས་འཇིག་རྟེན་ཞེས་པ་ལ་སོགས་པ་གསུངས་ཏེ། ཚད་མ་ཉིད་མིན་ཏེ་དེའི་ཤེས་པ་ཚད་མ་མ་ཡིན་པ་ཉིད་ལ་གསལ་བར་མཐོང་བ་ཡང་མེད་པ་ཉིད་དོ། །གསལ་བར་མཐོང་བར་གྱུར་པའི་རང་བཞིན་མཐོང་བ་དེ་ཡང་ཡོད་པ་མ་ཡིན་པ་སྟེ། ཚད་མ་མ་ཡིན་པར་འགྱུར་རོ། །དེ་ལྟ་བས་ན་དངོས་པོའི་དེ་ཁོ་ན་ཉིད་ཀྱིས་རྣམ་པར་གཞག་པ་ཐོབ་པ་མ་ཡིན་ནོ། །འདི་ཡང་ཁོ་བོ་ཅག་གིས་འདོད་པ་ཉིད་ཡིན་ཏེ། ཐ་སྙད་པའི་ཚད་མ་ཐམས་ཅད་དོན་དམ་པར་ཚད་མ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཡང་ཁྱེད་ཅག་ཀྱང་
Page: 465 ཁོ་བོ་ཅག་གི་ཕྱོགས་སུ་ལྷུང་བ་ཡིན་ནོ། །དེ་ལྟར་ཡོངས་སུ་གནས་པ་ལ་སེར་སྐྱ་གྲུབ་པའི་མཐའ་སྨྲ་བ་ཡང་ཉེས་པ་མཚུངས་པར་རྒོལ་བས། གལ་ཏེ་ཚད་མ་ཞེས་པ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཚད་མ་ཡང་དོན་དམ་པར་ཚད་མར་མི་འགྱུར་རོ་ཞེས་པ་ཁྱེད་ཀྱིས་ཕྱོགས་ཡིན་ ན། དེ་གཞལ་བརྫུན་པར་མི་འགྱུར་རམ། ཚད་མ་ཚད་མ་མ་ཡིན་པ་ཉིད་ཡིན་ན་དེས་གཞལ་བ་སྟེ། ཚད་མ་དེས་ཡོངས་སུ་བཅད་པ་བརྫུན་ཞིང་བདེན་པ་མ་ཡིན་པ་ཐོབ་པོ། །གཞན་ཅིར་འགྱུར་ཞེ་ན། དེའི་ཕྱིར་དེ་ཉིད་དུ་དངོས་རྣམས་སྟོང་པ་ཉིད་ནི་འཐད་པ་མ་ཡིན། གལ་ ཏེ་ཚད་མ་མ་ཡིན་དེ་ཉིད་ཡིན་ན། དེས་བཅལ་བ་ཡང་བརྫུན་པ་ཡིན་ནོ། །དེའི་ཚེ་གང་འདིར་དེ་ཉིད་དུ་སྟེ། དོན་དམ་པ་ཡིན་ལ། དངོས་པོ་རྣམས་ནི་ཆོས་ཡིན་ཏེ། སྟོང་པ་ཉིད་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་ཡིན་ལ། ཚད་མ་དེའི་ངེས་པ་དེ་ཡང་འཐད་པ་མ་ཡིན་ཞིང་། རིགས་པ་མ་ཡིན་ཏེ། ཚད་མ་ཐམས་ཅད་ཀྱིས་ཉེ་བར་བསྟན་པ་ཡང་བརྫུན་པ་ཡིན་པས་སོ། །ཆོས་ཐམས་ཅད་གང་ན་མེད་པ་དེ་ཡང་དེ་དཔྱོད་པའི་ཚད་མ་ཉེ་བར་བཀོད་པས་རིགས་པ་མཚུངས་པ་ཡིན་ནོ་ཞེ་ན། འདིར་ལན། བརྟགས་པའི་ཞེས་པ་ལ་སོགས་པ་གསུངས་ཏེ། བརྟགས་ ཏེ་རྟོག་པས་སྒྲོ་བཏགས་པའོ། །དངོས་པོ་ནི་ཆོས་ཡིན་ལ། མ་རེག་པ་སྟེ། རྟོག་པའི་བློས་མ་བཟུང་བར་དེའི་དངོས་པོ་འཛིན་པ་མ་ཡིན་ཏེ། དམིགས་པ་མ་ཡིན་ནོ། །འདི་ལྟར་ཡང་བུམ་པ་བཏགས་པའི་ངོ་བོས་ཡོངས་སུ་བརྟགས་ནས་དེ་དང་འབྲེལ་པ་བུམ་པ་མེད་པ་འཇིག་ རྟེན་པས་རྟོགས་ཏེ། བུམ་པ་ལ་རྣམ་པར་དཔྱད་པས་འཇིག་རྟེན་ལ་གྲགས་པ་ཉིད། གང་གི་ཚེ་ཅུང་ཟད་ཀྱིས་ངོ་བོར་མི་གནས་པ་དེའི་ཚེ་མེད་པ་ཉིད་ཡིན་ཏེ། དེ་ལས་ཕྱིན་ཅི་ལོག་གི་ངོ་བོ་ཤིན་ཏུ་འགའ་ཡོད་པ་མ་ཡིན་ནོ། །དེ་ཉིད་བརྟགས་པ་བསྟན་པའི་ཕྱིར། དེའི་ཕྱིར་ཞེས་ པ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བརྟགས་པའི་དངོས་པོའི་དབྱེ་བས་དངོས་པོ་མེད་པ་འཛིན་པ་མ་ཡིན་པ་དེའི་ཕྱིར་བརྫུན་པའི་གང་ལ་དངོས་པོ་གང་ན་མེད་པའི་དངོས་པོ་གང་ཡིན་པའོ། །དེ་ཡི་དངོས་མེད་གསལ་བར་བརྫུན། །དེའི་སྟེ་དངོས་པོ་མེད་པའི་རང་བཞིན་
Page: 466 ༄༅། །གྱིས་དངོས་པོ་མེད་ཅིང་བྲལ་བ་གསལ་བ་སྟེ། ངེས་པར་བརྫུན་ཞིང་བདེན་པ་མ་ཡིན་པ་ཡིན་ཏེ། དེ་ཡང་ཡོངས་སུ་བརྟགས་པའི་དངོས་པོ་ཡིན་པའི་ཕྱིར་རོ། །འདི་ལྟར་ཡང་དངོས་པོ་དང་དངོས་པོ་མེད་པ་དག་ཡོངས་སུ་བརྟགས་པའི་ངོ་བོ་ལ་ཆོས་ཐམས་ ཅད་རང་བཞིན་མེད་པ་ཉིད་ཀྱིས་གནས་པ་ཡིན་ནོ། །ཡང་འདི་ཉིད་མཇུག་བསྡུ་བའི་ཟུར་གྱིས་གསལ་བར་བསྟན་པའི་ཕྱིར། དེས་ན་རྨི་ལམ་ཞེས་པ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ན་དངོས་པོ་དང་དངོས་པོ་མེད་པ་བརྟགས་པའི་ཉེ་བར་གཞག་པའི་ཕྱིར་བརྫུན་པའི་དོན་ཡིན་པ་དེ་ལྟ་ བས་ན་རྨི་ལམ་སྟེ། གཉིད་ཀྱིས་སེམས་མནན་པའི་གནས་སྐབས་སུ་བུ་སྐྱེས་ཏེ། ཞིག་པ་ན་བུ་མེད་དོ་ཞེས་པའི་རྣམ་པར་རྟོག་པ་ནི་དེ་མེད་པའི་རྣམ་པར་རྟོག་པའོ། །ཅི་ཞིག་བྱེད་ཅེ་ན། དེ་ཡོད་རྣམ་རྟོག་སྐྱེ་བའི་བགེགས་ཡིན་ཏེ། དེ་ཡོད་ན་ནི་བུ་ཡོད་པའོ། །དེ་ཡོད་པ་ནི་དངོས་པོ་ཉིད་དོ། ། དེའི་རྣམ་པར་རྟོག་པ་ནི་སྒྲོ་འདོགས་པ་ཡིན་ཏེ། དེ་རྣམས་སྐྱེས་ཤིང་བྱུང་བ་ཡིན་ལ། དེ་བགེགས་ཡིན་ཏེ། འགེགས་པར་བྱེད་པ་ཡིན་ནོ། །དེ་ལྟ་བུ་དེ་ཉིད་དེ་ཡིན་ནོ་ཞེ་ན། བརྫུན་པ་ཡིན་ཏེ་དེ་བརྟགས་པ་ཡིན་ནོ། །དེ་ཡོད་པར་རྟོག་པ་འགེགས་པ་ཡང་བརྫུན་ཡིན་ལ། བདེན་པ་ མ་ཡིན་ཏེ། རྨི་ལམ་གྱི་བུ་ནི་མ་སྐྱེས་པ་དང་མ་འགགས་པའི་ཕྱིར་རོ། །ཡང་ན་བདེན་པར་མངོན་པར་འདོད་པའི་བུ་ཉིད་རྨི་ལམ་དུ་ཤི་བ་ལ་འདི་ཐམས་ཅད་སྦྱར་བར་བྱའོ། །དེ་ལྟར་ན་ཆོས་ཐམས་ཅད་ཀྱི་སྐྱེ་བ་དང་འགག་པ་རྟོགས་པས་བརྟག་པར་བལྟ་བར་བྱའོ། །འདི་བརྗོད་ པར་འགྱུར་ཏེ། དཔེར་ན་རྨི་ལམ་ནི་མཐོང་བའི་དངོས་པོ་མ་སྐྱེས་པ་དང་མ་འགགས་པ་རྟོག་པས་ཉེ་བར་བསྟན་པའི་དངོས་པོ་དང་དངོས་པོ་མེད་པ་དག་དོན་དམ་པར་ཡོད་པ་མ་ཡིན་ཏེ། འོན་ཀྱང་རྣམ་པར་རྟོག་པས་ཐ་སྙད་ཀྱི་ཡུལ་དུ་ཉེ་བར་གྱུར་པ་རབ་ཏུ་སྣང་ལ། རྟོག་པ་དེ་ཡང་མེད་པའི་ ཡུལ་ཅན་ཡིན་པས་ཚད་མ་མ་ཡིན་ཏེ། དེའི་ཡུལ་ཡང་དོན་དམ་པར་རང་བཞིན་མེད་པའི་ཕྱིར་རོ། །དེ་བཞིན་དུ་སད་པའི་གནས་སྐབས་ན་དམིགས་པ་ཡང་དངོས་པོ་དང་དངོས་པོ་མེད་པའི་ཐ་སྙད་ཀྱི་ལམ་ལ་ཞུགས་པ་དག་ལ་རྣམ་པར་རྟོག་པས་བསྟན་པའི་རྣམ་པར་གཞག་པ་ཡིན་ནོ། །དེ་ལྟར་
Page: 467 ན་དེ་ཚད་མ་མ་ཡིན་པ་ལ་ཡང་ཆོས་ཐམས་ཅད་རང་བཞིན་མེད་པས་མི་འགལ་ལོ་ཞེས་གང་གསུངས་པ། སྐྱེ་དང་གནས་དང་འཇིག་པ་ཡང་། །འཇིག་རྟེན་བསམ་པས་ཁྱེད་ཀྱིས་གསུངས། །དེ་ཕྱིར་བརྟགས་པ་ཙམ་ཉིད་དུ། །ཆོས་རྣམས་ཐམས་ཅད་བསྟན་པ་ཡིན། །གང་གི་སྟོང་ཉིད་ རྣམས་བརྟགས་པས། །རྟོག་པའང་མེད་པར་བརྗོད་པའོ། །ཞེས་ཏེ། ཐམས་ཅད་འཚམ་པ་ཡིན་ནོ། །དེ་ལྟར་རྒྱུར་མེད་པའི་རང་བཞིན་དང་། དབང་ཕྱུག་དང་། གཙོ་བོས་བྱས་པ་ཉིད་ཀྱིས་འགྲོ་བ་བསལ་བས། རྒྱུ་མེད་པ་ལས་ཀྱང་མ་ཡིན་ནོ་ཞེས་བྱ་བའི་དོན་བསྒྲུབས་ནས། མཇུག་བསྡུ་བའི་ཕྱིར། དེ་བས་དེ་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་རང་བཞིན་ལ་སོགས་པ་ལས་གྱུར་པའི་འབྲས་བུ་ཅུང་ཟད་ཀྱང་སྐྱེ་བ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་རྣམ་པར་དཔྱད་པ་སྟེ། བརྗོད་མ་ཐག་པའི་རྣམ་པར་དཔྱད་པས་སོ། །འགའ་ཡང་རྒྱུ་ མེད་ཡོད་མ་ཡིན་ཏེ། རང་གི་ངོ་བོ་ལ་སོགས་པ་རྒྱུ་མ་ཡིན་པ་ལས་སྐྱེས་པའི་འབྲས་བུ་འགའ་ཞིག་ཡོད་པ་མ་ཡིན་ཏེ། མེད་པ་ཡིན་ནོ། །འདི་ནི་ཉེ་བར་མཚོན་པ་ཡིན་ནོ། །སྐྱེས་བུ་དང་། དུས་ལ་སོགས་པས་བྱས་པ་ཡང་ཡོད་པ་མ་ཡིན་ཏེ། དེ་རྣམས་ཀྱང་རྒྱུ་མེད་པའི་ཕྱིར་ རོ། །དེའི་ཕྱིར་རྒྱུ་མེད་པ་ཡང་མ་ཡིན་ཞེས་གྲུབ་པ་ཡིན་ནོ། །ཅི་སྟེ་གལ་ཏེ་རང་བཞིན་དང་། དབང་ཕྱུག་དང་། གཙོ་བོ་ལ་སོགས་པའི་རྒྱུ་མེད་པ་ལས་འགའ་ཞིག་མེད་པ་དེ་ལྟར་ན་ཡང་མཐོང་བའི་རྒྱུ་འདི་ལས་དོན་དམ་པ་སྐྱེ་བ་ཡིན་ཏེ། དེ་ལྟར་ན་ཐམས་ཅད་རང་བཞིན་མེད་ པར་ཇི་ལྟར་གྲུབ་པར་འགྱུར་ཞེས་གཞན་གྱི་དོགས་པ་བསུ་ནས། རང་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་ཞེས་པའི་མུ་གསུམ་གྱིས་དོན་བསྟན་པའི་ཕྱིར། སོ་སོའམ་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། སོ་སོའམ་འདུས་པ་རྣམས་ལ་ཞེས་ཏེ། སོ་སོ་ བ་རྣམས་དང་འདུས་པ་རྣམས་ལ་མ་ཡིན་པ་ཉིད་དོ། །དེ་ལ་སོ་སོ་བ་རྣམས་ནི་རེ་རེར་རང་དང་གཞན་ལས་མ་ཡིན་ནོ། །འདུས་པ་རྣམས་ལའང་མ་ཡིན་ཏེ། རང་དང་གཞན་གཉིས་པོ་དག་རྐྱེན་རྣམས་ཏེ། རྒྱུ་རྣམས་ལའོ། །གནས་པ་སྟེ་སྐྱེས་པའི་ངོ་བོས་གནས་
Page: 468 ༄༅། །ཅུང་ཟད་ཀྱང་མ་ཡིན་ནོ། །དེ་ལ་རེ་ཞིག་རང་ལས་དངོས་པོ་རྣམས་སྐྱེ་བ་མ་ཡིན་ཏེ། སྐྱེ་བ་ལས་སྔར་དེའི་རང་བཞིན་མེད་པའི་ཕྱིར་གང་ལས་སྐྱེ་བར་འགྱུར། སྐྱེས་པ་ན་ཡང་ངོ་བོ་ཡོད་པ་དེ་ཡང་གྲུབ་པའི་ཕྱིར་ཅི་ཞིག་སྐྱེ་བར་འགྱུར། གཞན་ཡང་ཉིད་ལས་སྐྱེ་བ་ ལ་སྐྱེས་པ་ཉིད་སླར་ཡང་སྐྱེས་པར་འགྱུར་ལ། དེ་ཡང་རིགས་པ་མ་ཡིན་ཏེ། བྱས་པ་ལ་ཡང་བྱེད་པ་མི་འཐད་པའི་ཕྱིར་རོ། །སྐྱེས་པ་ཡང་སྐྱེ་བ་ལ་ནི་ས་བོན་ལ་སོགས་པ་ཉིད་འཁོར་བ་ཇི་སྲིད་དུ་འཇུག་པའི་ཕྱིར་མྱུ་གུ་ལ་སོགས་པ་རྣམས་བརྒྱ་ལ་ཡང་བསྐྱེད་པ་ལ་ཡང་སྐབས་ལ་ ཡོད་པ་ཡང་མ་ཡིན་ན། འདི་ཁས་བླངས་པ་ན་ཡང་འཇིག་རྟེན་པའི་ཉམས་སུ་མྱོང་བས་གྲུབ་པ་མ་ཡིན་ཏེ། ས་བོན་ལ་སོགས་པ་ལ་མྱུ་གུ་ལ་སོགས་པ་སྐྱེ་བ་མཐོང་བའི་ཕྱིར་རོ། །ས་བོན་དང་མྱུ་གུ་གཅིག་པ་ནི་མ་ཡིན་ཏེ། གཉིས་ཀ་ཡང་གཟུགས་དང་རོ་དང་ནུས་པ་དང་སྨིན་པར་བྱེད་པ་ ཐ་དད་པའི་ཕྱིར་རོ། །རང་གི་ངོ་བོ་བསྐྱེད་པར་བྱ་བ་ཡིན་ན་ཡང་འགའ་ཞིག་སྐྱེ་བར་ཡང་མི་འགྱུར་ཏེ། གཅིག་ལ་གཅིག་བརྟེན་པ་ཡིན་པའི་ཕྱིར་རོ། །འདི་ལྟར་རེ་ཞིག་རང་གི་ངོ་བོར་མ་གྱུར་པ་དེ་སྲིད་དུ་སྐྱེ་བ་མི་འཐད་ལ། ཇི་སྲིད་སྐྱེས་པར་མ་གྱུར་པ་དེ་སྲིད་དུ་རང་གི་ངོ་བོར་མི་འགྱུར་ཏེ། དེའི་ ཕྱིར་གཅིག་ལ་གཅིག་བརྟེན་པ་ཡིན་ནོ། །དེ་ལྟ་བས་ན་རང་ལས་སྐྱེ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གཞན་ལས་ཀྱང་མ་ཡིན་ཏེ། གཞན་ལས་སྐྱེ་བར་འདོད་པས་ན་ས་བོན་གྱིས་ཀྱང་ཁྲེའི་མྱུ་གུ་བསྐྱེད་པར་ཐལ་ཏེ། སཱ་ལི་དང་ཁྲེ་དག་ཀྱང་ཁྲེའི་མྱུ་གུ་ལ་ལྟོས་ནས་གཞན་ཉིད་དུ་ཁྱད་པར་ཡོད་པ་མ་ ཡིན་ནོ། །ཐམས་ཅད་ལས་ཀྱང་ཐམས་ཅད་སྐྱེ་བར་འགྱུར་ཏེ། ཐམས་ཅད་གཞན་དང་གཞན་དུ་ཁྱད་པར་མེད་པའི་ཕྱིར་རོ། །འོན་ཏེ་གལ་ཏེ་གཞན་ཡིན་པར་ཁྱད་པར་མེད་ཀྱང་དེ་ལྟ་ན་ཡང་རྒྱུ་དང་འབྲས་བུ་དག་ཕན་ཚུན་དུ་བསྐྱེད་པར་བྱ་བ་དང་། སྐྱེད་པར་བྱེད་པའི་དངོས་པོ་ངེས་པ་ཡིན་པའི་ ཕྱིར་ཐམས་ཅད་སྐྱེ་བ་མ་ཡིན་ནོ་ཞེ་ན། འབྲས་བུ་མ་སྐྱེས་པ་ལ་ཡང་གང་གིས་ནུས་པ་ཞེས་བརྗོད་པར་བྱ། སྐྱེས་པ་ལ་ཡང་རྒྱུ་དང་འབྲས་བུ་མེད་པའི་ཕྱིར་གང་གིས་ནུས་པ་ཞེས་བརྗོད་པར་བྱ། རྒྱུ་དང་འབྲས་བུ་དག་དུས་མི་མཚུངས་པའི་ཕྱིར་བསྐྱེད་པར་བྱ་བ་དང་། སྐྱེད་པར་བྱེད་པའི་དངོས་པོ་
Page: 469 སོ་སོར་ངེས་པ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྒྱུན་གཅིག་ཏུ་ངེས་པ་ཡིན་པར་ཡང་རིགས་པ་མ་ཡིན་ཏེ། རྒྱུ་དང་འབྲས་བུ་མེད་པར་རྒྱུན་མི་སྲིད་པའི་ཕྱིར་ཏེ། དེ་སྐད་ཅིག་མ་གཅིག་ཏུ་གནས་པ་ཡིན་པའི་ཕྱིར་རྒྱུན་ཞེས་བྱ་བ་ཅི་ཞིག་ཡིན། སྔ་མ་དང་ཕྱི་མར་སྐད་ཅིག་མར་ འཇུག་པ་ཡང་རྟོག་པས་སྒྲོ་བཏགས་པ་ཡིན་པའི་ཕྱིར་དངོས་པོར་གྱུར་པའི་རྒྱུན་ཡོད་པ་མ་ཡིན་ནོ། །འདིས་ནི་འདྲ་བའི་ངེས་པར་བྱེད་པ་ཡང་འདིར་གསལ་བ་ཡིན་ཏེ། དེ་ལྟར་ན་ཡང་འགའ་ཞིག་དང་འགའ་ཞིག་ན་རྒྱུན་དུ་གྱུར་པའམ་འདྲ་བའམ་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་ པོའི་ངེས་ཡོད་མ་ཡིན་ཏེ། བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་ཡང་འདིར་དཔྱད་པར་བྱ་བ་ཡིན་པའི་ཕྱིར་ཇི་ལྟར་འདིས་དེ་ལན་དུ་འགྱུར་བ་ཡིན། དེ་ལྟ་བས་ན་གཞན་ལས་ཀྱང་ཅུང་ཟད་ཀྱང་སྲིད་པ་མ་ཡིན་ལ། གཉི་ག་ཡང་མ་ཡིན་ཏེ། སོ་སོའི་ཕྱོགས་ལ་བརྗོད་པའི་ཕྱོགས་ངེས་པར་ ཐལ་བར་འགྱུར་བའི་ཕྱིར་རོ། །སོ་སོའི་གཉིས་པོ་ལ་ནུས་པ་མེད་པ་ཚོགས་པ་ལ་ཡང་ནུས་པ་མེད་པའི་ཕྱིར་རོ། །ལོང་བ་གཅིག་གིས་མ་མཐོང་བའི་ལམ་མང་པོ་རྣམས་ཀྱིས་ཀྱང་མཐོང་བར་ནུས་པ་མ་ཡིན་ནོ། །བྱེ་མ་སོ་སོ་ལ་མར་ཁུ་འབྱིན་པའི་ནུས་པ་མེད་ན་ཚོགས་པ་ལ་ཡང་དེའི་ ནུས་པ་ཡོད་པར་མི་འགྱུར་རོ། །དེའི་ཕྱིར་ཕྱོགས་གཉི་ག་ལ་བརྗོད་པ་དེར་ཐལ་བར་འགྱུར་བའི་ཕྱིར་གཉི་ག་ལས་ཀྱང་སྐྱེ་བ་མ་ཡིན་ནོ། །དེ་ལྟར་ན་རང་དང་གཞན་དང་གཉི་ག་ལས་སྐྱེས་པ་དང་། རྒྱུ་མེད་པ་ལས་སྐྱེས་པ་ཡང་དེ་ཁོ་ན་ཉིད་དུ་ཡོད་པ་མ་ཡིན་ནོ། །དེ་བས་ན་དོན་དམ་ པར་མ་སྐྱེས་པ་དང་མ་འགགས་པའི་རང་བཞིན་སྒྱུ་མ་དང་སྨིག་རྒྱུ་མཚུངས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་རང་བཞིན་གྱིས་སྟོང་པ་ཉིད་སྣ་ཚོགས་པ་ཐམས་ཅད་ཀྱི་ངོ་བོར་སྣང་ངོ་། །རྐྱེན་འདི་བ་ཙམ་འདི་ནི་འདིར་ཀུན་རྫོབ་ཏུ་འགེགས་པ་མ་ཡིན་ནོ། །གང་བཅོམ་ལྡན་འདས་ཀྱིས་སཱ་ལུ་ལྗང་ པའི་མདོ་ལས་གསུངས་པ་ཡིན་ཏེ། དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་ཇི་ལྟ་བུ་ཞེ་ན། འདི་ལ་བཅོམ་ལྡན་འདས་ཀྱིས་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་རྟག་པ་དང་། སྲོག་མེད་པ་དང་། སྲོག་དང་བྲལ་བ་དང་། ཇི་ལྟ་བུ་ཉིད་དང་། མ་ནོར་བ་ཉིད་དང་། མ་སྐྱེས་པ་དང་།
Page: 470 ༄༅། །མ་བྱུང་བ་དང་། མ་བྱས་པ་དང་། འདུས་མ་བྱས་པ་དང་། ཐོགས་པ་མེད་པ་དང་། དམིགས་པ་མེད་པ་དང་། ཞི་བ་དང་། འཇིགས་པ་མེད་པ་དང་། མི་འཕྲོགས་པ་དང་། རྣམ་པར་འགྱུར་བ་མ་ཡིན་པའི་རང་བཞིན་དུ་མཐོང་བ་དེས་ཆོས་མཐོང་བ་ཡིན་ཏེ། གང་གིས་ ཚུལ་འདི་དང་འདྲ་བར་ཆོས་ལ་ཡང་རྟག་པ་དང་། སྲོག་མེད་པ་དང་། སྲོག་དང་བྲལ་བ་ཞེས་པ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཇི་སྲིད་དུ་རྣམ་པར་འགྱུར་བ་མ་ཡིན་པའི་རང་བཞིན་དུ་མཐོང་བ་དེ་འཕགས་པའི་ཆོས་ཉེ་བར་རྟོགས་ཏེ། ཡང་དག་པའི་ཡེ་ཤེས་དང་ལྡན་པའི་བླ་ན་མེད་ པ་ཆོས་ཀྱི་སྐུ་སངས་རྒྱས་མཐོང་ངོ་ཞེས་གསུངས་སོ། །སྨྲས་པ་ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ། སྨྲས་པ་རྒྱུ་དང་བཅས་རྐྱེན་དང་བཅས་པ་ལ་བྱའི། རྒྱུ་མེད་རྐྱེན་མེད་པ་ལ་ནི་མ་ཡིན་ཏེ། སྔ་མ་བཞིན་དུའོ། །འདི་ལྟར་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་གཉིས་ཀྱིས་ ཕྱིར་འབྱུང་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། རྒྱུ་དང་འབྲེལ་པ་དང་། རྐྱེན་དང་འབྲེལ་པའི་ཕྱིར་རོ། །དེ་ཡང་ཕྱི་དང་ནང་གི་རྣམ་པ་གཉིས་སུ་བལྟའོ། །དེ་ལ་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲེལ་པ་གང་ཞེ་ན། འདི་ལྟ་སྟེ། ས་བོན་ལས་མྱུ་གུ། མྱུ་གུ་ ལས་འདབ་མ། འདབ་མ་ལས་སྡོང་བུ། སྡོང་བུ་ལས་སྦུ་གུ། སྦུ་གུ་ལས་སྙིང་པོ། སྙིང་པོ་ལས་མེ་ཏོག །མེ་ཏོག་ལས་འབྲས་བུའོ། །ས་བོན་མེད་ན་མྱུ་གུ་མི་འབྱུང་སྟེ། མེ་ཏོག་མེད་ན་འབྲས་བུའི་བར་དུ་ཡང་མི་འབྱུང་ངོ་། །ས་བོན་ཡོད་ན་མྱུ་གུ་མངོན་པར་འགྲུབ་པར་ འབྱུང་སྟེ། དེ་བཞིན་དུ་མེ་ཏོག་ཡོད་ན་འབྲས་བུའི་བར་དུ་མངོན་པར་འགྲུབ་པར་འགྱུར་རོ། །དེ་ལས་ས་བོན་ནི་འདི་སྙམ་དུ་བདག་གིས་མྱུ་གུ་མངོན་པར་བསྒྲུབ་པོ་སྙམ་དུ་མི་སེམས་སོ། །མྱུ་གུ་ཡང་འདི་སྙམ་དུ་བདག་ནི་ས་བོན་གྱིས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་སོ། ། དེ་བཞིན་དུ་མེ་ཏོག་ཀྱང་འདི་སྙམ་དུ་བདག་གིས་འབྲས་བུ་མངོན་པར་བསྒྲུབ་པོ་སྙམ་དུ་མི་སེམས་པའི་བར་དུ་སྟེ། འབྲས་བུ་ཡང་འདི་སྙམ་དུ་བདག་ནི་མེ་ཏོག་གིས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་མོད་ཀྱིས། འོན་ཀྱང་ས་བོན་ཡོད་དེ་མྱུ་གུ་མངོན་པར་བསྒྲུབ་ཅིང་འབྱུང་
Page: 471 བར་འགྱུར་བས་ན་དེ་བཞིན་དུ་མེ་ཏོག་ཡོད་ན་འབྲས་བུའི་བར་དུ་ཡང་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་ཏེ། དེ་ལྟར་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲེལ་པར་བལྟའོ། །ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་བར་ཇི་ལྟར་ལྟ་ཞེ་ན། ཁམས་དྲུག་འདུས་ པའི་ཕྱིར་ཏེ། ཁམས་དྲུག་པོ་གང་དག་འདུས་པའི་ཕྱིར་ཞེ་ན། འདི་ལྟ་སྟེ། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་། དུས་ཀྱི་ཁམས་རྣམས་འདུས་པ་ལས་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པར་བལྟའོ། །དེ་ལ་སའི་ཁམས་ནི་ས་བོན་བརྟེན་པའི་བྱ་བ་བྱེད་ དོ། །ཆུའི་ཁམས་ནི་ས་བོན་བརླན་པའི་བྱ་བ་བྱེད་དོ། །མེའི་ཁམས་ནི་ས་བོན་ཡོངས་སུ་དྲོ་བའི་བྱ་བ་བྱེད་དོ། །རླུང་གི་ཁམས་ནི་ས་བོན་འབུ་བའི་བྱ་བ་བྱེད་དོ། །ནམ་མཁའི་ཁམས་ནི་ས་བོན་ལ་མི་སྒྲིབ་པའི་བྱ་བ་བྱེད་དོ། །དུས་ནི་ས་བོན་འགྱུར་བའི་བྱ་བ་བྱེད་དོ། །རྐྱེན་ ནི་འདི་རྣམས་མེད་པར་ས་བོན་ལས་མྱུ་གུ་མངོན་པར་འགྲུབ་པར་མི་འགྱུར་གྱི། ནམ་ཕྱི་རོལ་གྱི་སའི་ཁམས་མ་ཚང་བ་མེད་པར་འགྱུར་ལ། དེ་བཞིན་དུ་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་དུས་ཀྱང་མ་ཚང་བ་མེད་པར་འགྱུར་ཏེ། ཐམས་ཅད་འདུས་པ་ལ་ས་བོན་འགག་པ་ན་དེ་ ལས་མྱུ་གུ་མངོན་པར་འགྲུབ་པར་འགྱུར་རོ། །དེ་ལ་སའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་བརྟེན་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །དེ་བཞིན་དུ་ཆུའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་བརླན་པར་བྱའོ་སྙམ་དུ་མི་སེམས་སོ། །མེའི་ཁམས་ཀྱང་འདི་སྙམ་ དུ་བདག་གིས་ས་བོན་ཡོངས་སུ་དྲོ་བར་བྱའོ་སྙམ་དུ་མི་སེམས་སོ། །རླུང་གི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་འབུ་བར་བྱའོ་སྙམ་དུ་མི་སེམས་སོ། །ནམ་མཁའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་ལ་མི་སྒྲིབ་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། ། དུས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་བསྒྱུར་བའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །ས་བོན་ཡང་འདི་སྙམ་དུ་བདག་གིས་མྱུ་གུ་མངོན་པར་བསྒྲུབ་པོ་སྙམ་དུ་མི་སེམས་སོ། །མྱུ་གུ་ཡང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་མངོན་པར་བསྒྲུབས་སོ་སྙམ་དུ་མི་
Page: 472 ༄༅། །སེམས་མོད་ཀྱི་འོན་ཀྱང་རྐྱེན་འདི་དག་ཡོད་ལ་ས་བོན་འགག་པ་ན་མྱུ་གུ་མངོན་པར་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་མེ་ཏོག་ཡོད་ན་འབྲས་བུའི་བར་དུ་ཡང་མངོན་པར་འགྲུབ་པར་འགྱུར་ཏེ། མྱུ་གུ་ཡང་བདག་གིས་མ་བྱས། གཞན་གྱིས་མ་བྱས། གཉིས་ཀས་མ་བྱས། དབང་ཕྱུག་གིས་མ་བྱས། དུས་ཀྱིས་མ་བསྒྱུར། རང་བཞིན་ལས་མ་བྱུང་། རྒྱུ་མེད་པ་ལས་ཀྱང་མ་སྐྱེས་ཏེ། འོན་ཀྱང་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་དུས་ཀྱི་ཁམས་རྣམས་འདུས་པས་ས་བོན་འགགས་པ་ན་མྱུ་གུ་མངོན་པར་འགྲུབ་པར་འགྱུར་ཏེ། དེ་ལྟར་ཕྱི་རོལ་གྱི་རྟེན་ཅིང་ འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པར་བལྟའོ། །དེ་ལྟར་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པ་ལྔར་བལྟ་སྟེ། ལྔ་གང་ཞེ་ན། རྟག་པ་མ་ཡིན་པ་དང་། ཆད་པ་མ་ཡིན་པ་དང་། འཕོ་བ་མ་ཡིན་པ་དང་། རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་པ་དང་། དེ་དང་འདྲ་བའི་ རྒྱུད་དུའོ། །ཇི་ལྟར་རྟག་པ་མ་ཡིན་ཞེ་ན། གང་གི་ཕྱིར་མྱུ་གུ་ཡང་གཞན་ལ་ས་བོན་ཡང་གཞན་ཏེ། མྱུ་གུ་ཡང་ཡིན་པ་དེ་ཉིད་ས་བོན་མ་ཡིན་ལ། ས་བོན་འགགས་པས་མྱུ་གུ་འབྱུང་བ་མ་ཡིན། མ་འགགས་པས་ཀྱང་མ་ཡིན་ཏེ། ས་བོན་ཡང་འགགས་ལ། དེ་ཉིད་ཀྱི་ཚེ་མྱུ་གུ་འབྱུང་ སྟེ། དེའི་ཕྱིར་རྟག་པར་མ་ཡིན་ནོ། །ཇི་ལྟར་ཆད་པར་མ་ཡིན་ཞེ་ན། སྔོན་འགགས་པའི་ས་བོན་ལས་མྱུ་གུ་སྐྱེ་བ་མ་ཡིན། མ་འགགས་པ་ལས་ཀྱང་མ་ཡིན་གྱིས། ས་བོན་ཡང་འགགས་ལ། དེ་ཉིད་ཀྱི་ཚེ་སྲང་མདའི་མཐོན་དམན་བཞིན་དུ་མྱུ་གུ་སྐྱེ་བས་དེའི་ཕྱིར་ཆད་པར་མ་ཡིན་ནོ། ། ཇི་ལྟར་འཕོ་བར་མ་ཡིན་ཞེ་ན། གང་གི་ཕྱིར་མྱུ་གུ་ཡང་གཞན་ས་བོན་ཡང་གཞན་ལ། མྱུ་གུ་གང་ཡིན་པ་དེ་ཉིད་ས་བོན་མ་ཡིན་ཏེ། དེའི་ཕྱིར་འཕོ་བར་མ་ཡིན་ནོ། །ས་བོན་ཆུང་ངུ་བཏབ་པ་ལ་འབྲས་བུ་ཆེན་པོ་མངོན་པར་གྲུབ་པར་འགྱུར་ཏེ། དེའི་ཕྱིར་ཆུང་ངུ་ལས་འབྲས་བུ་ཆེན་པོ་ མངོན་པར་འགྲུབ་པོ། །ས་བོན་ཇི་ལྟ་བུ་བཏབ་པ་དེ་ལྟ་བུའི་འབྲས་བུ་མངོན་པར་འགྲུབ་པ་དེའི་ཕྱིར་དེ་དང་འདྲ་བའི་རྒྱུད་དུ་སྟེ། དེ་ལྟར་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པ་ལྔར་བལྟའོ། །དེ་བཞིན་དུ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་སྔར་གྱི་རྒྱས་པར་བཤད་
Page: 473 པ་ཉིད་ཀྱིས་བསྟན་པ་ཡིན་ཏེ། འདི་ཡང་སྦྱར་བར་བྱའོ། །འདི་ལྟར་དོན་དམ་པར་དཔྱད་པ་ན་ཀུན་རྫོབ་འགེགས་པ་མ་ཡིན་པ་ཉིད་དོ། །ཅི་སྟེ་དངོས་པོ་ནི་གཏན་མེད་པའི་དངོས་པོར་འགྱུར་བ་ནི་མ་ཡིན་གྱི་འོན་ཀྱང་རྒྱུ་དང་རྐྱེན་གྱི་སྟོབས་ཀྱིས་མ་འོངས་པའི་དུས་ལས་ད་ལྟར་བྱུང་ བའི་དུས་སུ་འགྱུར་ལ། སླར་ཡང་མི་རྟག་པ་ཉིད་ཀྱི་སྟོབས་ཀྱིས་ད་ལྟར་བྱུང་བ་ལས་འདས་པའི་དུས་སུ་འགྱུར་ཏེ། འདི་ལྟར་སྐྱེ་བ་དང་གནས་པ་དང་འཇིག་པར་བརྗོད་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་ཇི་ལྟ་བ་བཞིན་དུ་འདི་ལྟར་འགྱུར་རོ་ཞེས་དེ་ལྟར་དུས་གསུམ་དུ་སྨྲ་བའི་ དོགས་པ་བླངས་ནས། གཞན་ནས་ཤེས་པ་ལ་སོགས་པ་གསུངས་ཏེ། གཞན་ནས་ནི་ཡུལ་དང་དུས་ལས་སོ། །འོངས་པ་མ་ཡིན་པ་ནི་ཅུང་ཟད་ཀྱང་མ་འོངས་པའོ། །འགྲོ་བ་ཡང་མ་ཡིན་པ་ནི་ད་ལྟར་བྱུང་བའི་དུས་ལས་འགར་ཡང་འགྲོ་བ་མ་ཡིན་པའོ། །རང་བཞིན་དེ་ གཅིག་པོ་དེ་ཉིད་ཀྱིས་གང་དུ་ཡང་གནས་པ་མ་ཡིན་ནོ། །འདི་ལྟར་ཡང་གལ་ཏེ་མ་འོངས་པའི་དུས་ན་ད་ལྟར་བྱུང་བར་འགྱུར་ཞིང་ད་ལྟར་བྱུང་བ་ལས་འདས་པ་ཡིན་ན་དེའི་ཚེ་འདུས་བྱས་པ་ཡང་རྟག་པར་འགྱུར་ཏེ། ཐམས་ཅད་དུ་ཡོད་པའི་ཕྱིར་རོ། །མི་རྟག་ཅེས་བྱ་བ་ཡོད་མིན་ཏེ། དེ་ ཆོས་རྟག་པ་མ་ཡིན་ནོ་ཞེས་པ་དེ་ཇི་ལྟར་འགྱུར། འོན་ཏེ་སྔ་མ་དང་ཕྱི་མའི་དུས་བྱེད་པས་སྟོང་པས་དུས་རྣམས་སུ་ཆོས་ཀྱི་ཁྱད་པར་ཡིན་ཏེ། འདི་ལྟར་གང་གི་ཚེ་བྱེད་པ་མ་ཐོབ་པ་ཅི་བྱ་བ་མི་བྱེད་པ་དེའི་ཚེ་མ་འོངས་པ་ཞེས་བརྗོད་དོ། །གང་གི་ཚེ་བྱེད་པ་དེའི་ཚེ་ད་ལྟར་བྱུང་བ་ཡིན་ ལ། གང་གི་ཚེ་བྱས་ན་ལྡོག་པ་དེའི་ཚེ་འདས་པ་མ་ཡིན་པས་ཁྱད་པར་ཡོད་པ་ཡིན་ནོ་ཞེ་ན། འདི་ཡང་ཅུང་ཟད་ཀྱང་མ་ཡིན་ཏེ། བདག་ཉིད་དེ་ཉིད་ཀྱི་དེའི་ཚེ་ཡང་དེ་ཡོད་པའི་ཕྱིར་བྱེད་པ་ཡང་ཅིའི་ཕྱིར་བྱེད་པར་མི་འགྱུར་ཞེས་བརྗོད་པར་བྱའོ། །རྐྱེན་གཞན་ལ་ལྟོས་པ་ཡང་ རྟག་ཏུ་གནས་པའི་ངོ་བོ་ལས་འཐད་པ་མ་ཡིན་ནོ། །བྱེད་པས་སྟོང་པ་ཡང་དངོས་པོ་ཡིན་ན་རྟའི་རྭ་ལ་སོགས་པ་ཡང་དེ་ཁོ་ན་ཉིད་དུ་ཐལ་བར་འགྱུར་རོ། །བྱེད་པ་ཡང་ཇི་ལྟར་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཡང་རྗོད་པར་བྱེད་དེ། ཅི་དེ་ལས་གཞན་པའི་བྱེད་
Page: 474 ༄༅། །པ་ཡོད་པས་སམ། རང་ཉིད་ཀྱིས་ཡིན། སྔ་མ་ལ་ནི་ཞུགས་པ་མེད་པ་ཡིན་ལ། ཕྱི་མ་ལ་ཡང་ཆོས་ཀྱང་རང་ཉིད་ཀྱིས་འདས་པ་ལ་སོགས་པའི་རྣམ་པར་གཞག་པ་ལ་ཉམས་པ་ཅུང་ཟད་ཀྱང་མེད་དོ། །གལ་ཏེ་ཡང་ཇི་ལྟར་ད་ལྟར་བྱུང་བ་རྫས་སུ་ཡོད་ཅིང་། དེ་བཞིན་དུ་འདས་པ་དང་མ་འོངས་པ་ཡང་ཡོད་ན་དེའི་ཚེ་འདི་ལྟར་རང་བཞིན་གྱིས་ཡོད་པའི་ཆོས་ཡིན་པར་ཇི་ལྟར་མ་སྐྱེས་པ་དང་འཇིག་པའི་རང་བཞིན་ཡིན། ཅི་འདི་ལྟར་མ་བྱུང་བ་གང་མེད་པ་ལས་སྐྱེས་པ་ཡིན་ནོ་ཞེས་རྗོད་པར་བྱེད་དོ། །གཞན་ཡང་ཕྱི་ནས་མེད་པ་ཡིན་ཏེ། གང་ མེད་པས་ན་ཞིག་པ་ཞེས་བརྗོད། དེ་ཉིད་ཀྱིས་ཀྱང་བདག་ཉིད་སྔ་མ་དང་ཕྱི་མའི་དུས་རྟག་ཏུ་ཡོད་པ་ན། ད་ལྟར་བྱུང་བ་བཞིན་དུ་དམིགས་པ་ལ་སོགས་པར་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་མ་བྱུང་བའི་ཕྱིར་མེད་པའི་ཆོས་འགྲོ་བ་མ་ཡིན་ཏེ། ཇི་ལྟར་ཡང་དུས་གསུམ་དང་ལྡན་ པའི་དེ་ཁོ་ན་ཉིད་ཁས་ལེན་པ་ན་འདས་པ་ལ་སོགས་པ་ཡོད་པ་མ་ཡིན་ནོ། །དེ་ལ་འདི་ནི་འདིར་བསྡུ་བའི་ཚིགས་སུ་བཅད་པ་ཡིན་ཏེ། རང་བཞིན་ཐམས་ཅད་དུ་ཡོད་ལ། །དངོས་པོ་རྟག་པར་ཡང་མི་འདོད། །དངོས་ལས་དངོས་མིན་གཞན་མིན་པ། །གསལ་བར་དབང་ཕྱུག་སྤྱོད་པ་ ཡིན། །ཞེས་པའོ། །གང་ཡང་འདས་པའི་ལས་ཡོད་པ་མ་འོངས་པའི་འབྲས་བུ་ཡོད་དོ་ཞེས་མདོའི་ཚིག་ལས་འདས་པ་ལ་སོགས་པའི་དངོས་པོ་བརྗོད་པ་དེ་ཡང་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པའི་ལྟ་བ་དེ་བཟློག་པའི་ཆེད་དུ་བཅོམ་ལྡན་འདས་ཀྱིས་ཏེ། འདས་པ་ཡོད་དོ་མ་འོངས་ པ་ཡོད་དོ་ཞེས་གསུངས་པ་ཡིན་ཏེ། འདས་པ་ནི་གང་སྔར་བྱུང་ཞིང་སྐྱེས་པ་ཞིག་པ་ཡིན་ལ། མ་འོངས་པ་ནི་གང་རྒྱུ་ཡོད་ན་འབྱུང་བར་འགྱུར་བ་ཡིན་ལ། དེ་ལྟར་རྒྱུ་ལ་སོགས་པ་ཡོད་དོ་ཞེས་བརྗོད་པ་ཡིན་ཏེ། ཡོད་པའི་སྒྲ་ཚིག་ཕྲད་ཡིན་པའི་ཕྱིར་དུས་གསུམ་དུ་འཇུག་པ་ཡིན་ནོ། །དེའི་ ཕྱིར་འདི་འདི་ལྟར་དོན་དམ་པར་སྟོང་པ་ཉིད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ཏེ། དགེ་སློང་དག་མིག་སྐྱེ་བ་ན་གང་ནས་ཀྱང་འོངས་པ་མེད་དོ། །འགག་པ་ན་གང་དུ་ཡང་འགྲོ་བ་མེད་དོ། །འདི་ལྟར་དགེ་སློང་དག་མིག་མ་བྱུང་བ་ལས་འབྱུང་བར་འགྱུར་ཞིང་བྱུང་ནས་ཀྱང་འགག་པར་
Page: 475 འགྱུར་རོ་ཞེས་གསུངས་སོ། །གལ་ཏེ་ཡང་མིག་མ་འོངས་པ་ན་ཡོད་པ་ཡིན་ན་མ་འོངས་པ་ལས་བྱུང་བ་ཡིན་ནོ་ཞེས་མི་བརྗོད་པར་འགྱུར་རོ། །དེ་ལྟ་བས་ན་དུས་གསུམ་དུ་འཕོ་བ་མ་ཡིན་ནོ། །གལ་ཏེ་ཡང་དེ་བཞིན་དུ་གང་ནས་འོངས་པའམ། འགྲོ་བ་ཞེས་པ་མ་ཡིན་ནོ། །མིག་ཡོར་ དང་མཚུངས་པ་དེ་ལྟར་འབྱུང་བའི་དངོས་པོ་རང་བཞིན་མེད་པ་ཡིན་ཏེ། ཅུང་ཞིག་ཀྱང་རྣམ་པར་དཔྱད་པས་མི་གནས་སོ། །དེའི་ཚེ་སྒྱུ་མ་ལས་ནི་ཁྱད་ཅི་ཡོད། སྒྱུ་མ་ལས་དེ་མིག་འཕྲུལ་མཁན་གྱིས་སྤྲུལ་པའི་གླང་པོ་ཆེ་ལ་སོགས་པའི་ངོ་བོ་མིག་ཡོར་དང་མཚུངས་པ་ཡང་རང་བཞིན་མེད་ པ་ཉིད་དུ་ཁྱད་པར་ཅི་ཡོད་དེ། ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །འདི་ཞེས་པ་ནི་རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་དངོས་པོའི་ངོ་བོ་ཡོངས་སུ་སྣང་བའོ། །ཅིའི་ཕྱིར་ཁྱད་པར་མེད་ཅེ་ན། ཡང་འདི་ཉིད་གསལ་པོར་བཤད་པར་བཞེད་པས་སྒྱུ་མས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་མའི་ སྒྲས་འདིར་སྒྱུ་མས་སྤྲུལ་པའི་སྒྱུ་མར་ཤེས་པ་ལ་སོགས་པའི་ཁྱད་པར་བརྗོད་པར་བྱ་སྟེ། རྒྱུ་ལས་འབྲས་བུ་བཏགས་པའི་ཕྱིར་རྒྱུ་དང་སྒྱུ་མའི་རང་བཞིན་རྟོགས་པར་བྱ་བའི་ཕྱིར་དོན་དང་དེས་སྤྲུལ་པ་ཡང་རྟོགས་པར་བྱ་བའི་ཆེད་དུ་སྒྱུ་མའི་རྒྱུས་སྒྱུ་མའི་རང་བཞིན་གྱིས་གང་ཞིག་སྤྲུལ་པ་ ཞེས་པའི་ཐ་ཚིག་གོ། །གང་ཡང་དངོས་པོའི་ངོ་བོ་རྒྱུ་རྣམས་ཀྱིས་ཏེ། འཇིག་རྟེན་ལས་གྲགས་པའི་རྒྱུ་རྣམས་ཀྱིས་སྤྲུལ་ཅིང་བསྐྱེད་པའོ། །ཡང་དང་དང་གི་སྒྲ་གཉིས་ནི་ཕན་ཚུན་སྡུད་པའི་ཆེད་དུའོ། །སྤྲུལ་པ་ནི་བྱུང་བའོ། །དེ་ལྟ་བས་ནི་སྒྱུ་མ་སྤྲུལ་པའམ། རྒྱུའི་ སྤྲུལ་པ་དངོས་པོའི་རང་བཞིན་ནི་གང་ན་སྟེ། གང་ལས་སོ། །གང་དུ་འགྲོ་བ་སྟེ་ཞིག་པར་གྱུར་པ་ན་གང་དུ་འདི་འགྲོ་བར་འགྱུར། དེའི་ཕྱིར་འདི་ལྟར་བརྟག་པར་གྱིས་ཏེ། གལ་ཏེ་དེ་གང་ནས་འོངས་པའམ། གང་དུ་འགྲོ་བར་དམིགས་པ་ཞིབ་པའི་ལྟ་བས་བརྟག་པར་གྱིས་ ཤིག །ཅི་སྟེ་རྒྱུ་དང་རྐྱེན་གྱི་མཐུས་བྱུང་བ་དངོས་པོའི་ངོ་བོ་དེའི་ཚེ། ཇི་ལྟ་བུར་འཁྲུལ་པར་འགྱུར་ཞེ་ན། དེ་ཉིད་ཀྱི་ཕྱིར་བརྫུན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཞིག་གཞན་དང་ཞེས་པ་ལ་སོགས་པ་གསུངས་ཏེ། གང་ཞིག་དངོས་པོའི་ངོ་བོ་གཞན་རྒྱུ་དང་རྐྱེན་ཉེ་བར་མཐོང་
Page: 476 ༄༅། །བ་སྟེ། དམིགས་པར་གྱུར་པ་དེ་མེད་ན་མིན་པ་སྟེ། དེ་ལས་གཞན་པ་མེད་ན་མ་མཐོང་བ་ཡིན་ཏེ། དེ་གཞན་ལ་རག་ལས་ནས་འཇུག་པ་ཡིན་ཏེ་དེའི་ཕྱིར་རོ། །གཟུགས་བརྙན་དང་མཚུངས་པ་ནི་མེ་ལོང་གི་དཀྱིལ་འཁོར་ལ་མཐོང་བའི་གཟུགས་བརྙན་གདོང་པ་ལ་ སོགས་པ་དང་འདྲ་བས་མཚུངས་པར་གྱུར་པས་གདོང་ལ་སོགས་པའི་གཟུགས་བརྙན་མེ་ལོང་གི་དཀྱིལ་འཁོར་ལ་སོགས་པ་ལ་ཉེ་བ་ན་གཟུགས་བརྙན་སྣང་བ་ཡིན་ལ། དེ་མེད་ན་ནི་སྣང་བ་མ་ཡིན་ལ། དེ་བཞིན་དུ་དངོས་པོའི་ངོ་བོ་ཡང་རྒྱུ་དང་རྐྱེན་ཉེ་བ་དང་མི་ཉེ་བ་དག་གོ། །འདི་ ལྟ་བུར་གྱུར་པའི་དངོས་པོ་བཅོས་སུ་གཞན་ལ་རག་ལས་པས་འཇུག་པས་རང་བཞིན་མེད་པ་ལ་བདེན་པ་ཉིད་དེ་བརྫུན་མ་ཡིན་པ་ཇི་ལྟར་ཡོད་དེ་རིགས་པ་མ་ཡིན་ནོ། །གཞན་གྱི་ཁྱད་པར་གྱི་རང་བཞིན་ལས་བཅོས་མ་མ་ཡིན་པ་ནི་མི་རིགས་སོ། །དེ་སྐད་དུ། གང་དག་རྒྱུ་ལས་འབྱུང་བ་རྣམས། ། དེ་མེད་པར་ནི་ཡོད་མིན་གང་། །དེ་རྣམས་གཟུགས་བརྙན་དང་མཚུངས་པར། །གསལ་བར་ཅི་ཡི་ཕྱིར་མི་བཞེད། །ཅེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་རྒྱུ་དང་རྐྱེན་གྱིས་བསྐྱེད་པ་ནི་དོན་དམ་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །རྒྱུ་དང་རྐྱེན་རྣམས་ལ་ཡང་ནུས་པ་གང་ན་ཡང་ ཡོད་པ་སྲིད་པ་མ་ཡིན་ནོ། །འདི་ལྟར་རང་དང་གཞན་དང་གཉི་གའི་བདག་ཉིད་རྒྱུ་རྣམས་ཀྱི་དངོས་པོ་ཡོད་པ་དང་། དངོས་པོ་མེད་པ་གཉི་གའི་རང་བཞིན་བྱེད་པ་དེ་ལ་མེད་པ་ནི་བྱེད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་དངོས་པོ་ཡོད་པར་ཞེས་པ་ལ་སོགས་པ་གསུངས་ཏེ། ཡོད་པ་ལ་རྒྱུའི་ བྱེད་པ་མེད་པའི་ཕྱིར་སྔ་མ་ཉིད་དུ་རང་བཞིན་ཡོད་པ་ལ་རྒྱུ་ཡིན་ཏེ། རྒྱུ་རྣམས་ཀྱི་དགོས་པ་ཅི་ཞིག་ཡོད་དེ། འབྲས་བུ་གྲུབ་པའི་བདག་ཉིད་ཡིན་པས་བསྒྲུབ་པར་བྱ་བའི་རང་བཞིན་མེད་པས་ན་རྒྱུའི་བྱེད་པ་ཉེ་བར་མཁོ་བ་མ་ཡིན་པའི་ཕྱིར་རོ། །རྟག་པ་གཉིས་པའི་དབང་དུ་བྱས་ཏེ། འོན་ཏེ་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོན་ཏེ་ཞེས་པ་ནི་རྣམ་པ་གཞན་གསལ་བར་བྱེད་པ་ཡིན་ཏེ། དེ་མེད་པ་ནི་མེད་པའི་རང་བཞིན་ཡིན་ནོ། །འོ་ན་རྒྱུའི་དགོས་པ་ཅི་ཞིག་ཡོད་དེ། དེའི་ཚེ་ཡང་ཅི་ཡང་ཡོད་པ་མ་ཡིན་ཏེ། དེ་ཡང་མེད་པའི་རང་བཞིན་ཡིན་པའི་ཕྱིར་
Page: 477 དེ་ལ་རྒྱུའི་བྱེད་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་ཡང་གལ་ཏེ་ཡང་ཡོད་པ་ནི་གྲུབ་པའི་ཕྱིར་རྒྱུའི་བྱེད་པ་མེད་པས་རྒྱུ་ཡོད་ན་ཡང་དགོས་པ་ཡོད་པ་མ་ཡིན་ལ། མེད་པ་ལ་ཡང་ཅིའི་ཕྱིར་མི་འབྱུང་ཞེ་ན། བྱེ་བ་བརྒྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་མེད་པ་སྟེ། ཡོད་པ་ནི་མ་ ཡིན་པའི་རང་བཞིན་ལ་བསྒྱུར་དུ་མེད་པ་ཡིན་ཏེ། དངོས་པོའི་རང་བཞིན་ཉིད་ལ་གཞན་ཉིད་ཡོད་པ་མ་ཡིན་ལ་དཔྱད་པ་ཉིད་ཀྱིས་དེ་ལ་ཡང་བྱ་རྒྱུ་མེད་པའི་ཕྱིར་རོ། །བྱེ་བ་བརྒྱ་ཕྲག་རྒྱུ་ཡིས་ཀྱང་སྟེ། རེ་ཞིག་རྒྱུ་བརྒྱ་དང་། རྒྱུ་སྟོང་རྣམས་གཞག་སྟེ། བྱེ་བ་བརྒྱའི་རྒྱུ་ཡིས་ཀྱང་དེ་རང་བཞིན་མེད་ པ་ཡིན་པས་རྣམ་པར་བསྒྱུར་བར་མི་ནུས་པའི་ཕྱིར་རོ། །རྣམ་པར་འགྱུར་བ་མེད་དུ་ཆུག་མོད་དངོས་པོའི་རང་བཞིན་དུ་འགའ་ཞིག་འདི་ཡོད་པ་ཡིན་ནོ་ཞེ་ན། འདི་ལ་གནས་སྐབས་དེ་ཞེས་པ་ལ་སོགས་པ་གསུངས་ཏེ། གནས་སྐབས་དེ་ཡོངས་སུ་འདོར་བ་མེད་པའི་རང་བཞིན་ཉིད་ནི་དངོས་ པོར་མི་འགྱུར་རོ། །མེད་པ་ཉིད་དངོས་པོར་འགྱུར་བ་མ་ཡིན་ཏེ། འོན་ཀྱང་མེད་པའི་རང་བཞིན་ལོག་པ་ན་དངོས་པོའི་རང་བཞིན་དུ་འགྱུར་རོ། །འདིར། དངོས་འགྱུར་གཞན་ཡང་གང་ཞིག་ཡིན། །ཞེས་གསུངས་ཏེ། གལ་ཏེ་སྔར་མེད་པ་དངོས་པོའི་རང་བཞིན་དུ་མི་འགྱུར་ན་འོ་ན་ གང་ཞིག་དེ། མེད་པ་ལ་གཞན་མེད་པ་ཉིད་ལས་ཐ་དད་པར་གྱུར་པ་མེད་པ་ཡོངས་སུ་བོར་ནས་དངོས་པོར་གྱུར་པ་གང་ཞིག་ཡིན། གཞན་ཅུང་ཟད་ཀྱང་རྟོགས་པར་གྱུར་པ་མ་ཡིན་ཏེ། །རྒྱུ་འབྲས་བུའི་རང་བཞིན་ཡིན་པ་སྔ་མ་ཉིད་དུ་བཀག་པའི་ཕྱིར་རོ། །དེ་ལྟར་གྱུར་ན་ཡང་གཞན་འགའ་ ཞིག་དངོས་པོར་འགྱུར་བ་མ་ཡིན་གྱི། འོན་ཀྱང་དངོས་པོ་མེད་པ་དང་འགལ་བ་ཡོད་པ་ལས་སྔར་ཡོད་པའི་དངོས་པོར་འགྱུར་བ་ནི་མ་ཡིན་ལ། ཕྱི་ནས་ཡང་དེ་དང་བྲལ་བར་འགྱུར་རོ་ཞེ་ན། མེད་ཚེ་དངོས་ཡོད་ཅེས་པ་ལ་སོགས་པ་གསུངས་ཏེ། མེད་པའི་རྒྱུན་གྱི་དུས་ན་དངོས་ཡོད་མིན་ཏེ། གལ་ ཏེ་དངོས་པོར་མི་འགྱུར་ན། དངོས་པོ་ཡོད་པར་ནམ་ཞིག་འགྱུར་ཏེ། མེད་པའི་དུས་ན་དངོས་པོ་མ་སྐྱེས་པ་ཡིན་ན་བརྒྱ་ལ་ཡང་དངོས་པོར་མི་འགྱུར་ཏེ། དངོས་པོ་མེད་པའི་འགལ་བས་རྟག་ཏུ་གེགས་བྱེད་པའི་ཕྱིར་རོ། །དེ་ཉིད་ཀྱིས་བསྐྱེད་པས་ན་དངོས་པོས་དངོས་པོ་མེད་པ་ཉམས་
Page: 478 ༄༅། །པར་འགྱུར་རོ་ཞེ་ན། དངོས་པོ་སྐྱེས་པར་ཞེས་པ་ལ་སོགས་པ་གསུངས་ཏེ། ན་ཞེས་པ་ནི་གང་གི་ཕྱིར་ཏེ། སྐྱེས་པར་མ་གྱུར་ཅིང་འབྱུང་བར་མ་གྱུར་ན། དངོས་མེད་དང་ནི་བྲལ་མི་འགྱུར་ཏེ། སྔ་ན་མེད་པའི་ངོ་བོ་དང་མི་འབྲལ་ཞིང་བྲལ་བ་མ་ཡིན་ནོ། །འོན་ཏེ་དེ་ལྟར་ གྱུར་ན་ཡང་མེད་པ་དང་བྲལ་བར་མི་འགྱུར་མོད། དེ་དང་མ་བྲལ་བ་ཉིད་དུ་དངོས་པོ་འགྱུར་བར་འགྱུར་ཏེ། དངོས་པོས་བྱུང་ན་ཡང་དངོས་པོ་དང་དངོས་པོ་མེད་པ་དག་ཕན་ཚུན་སྤངས་པའི་ཕྱིར་ཕྱི་ནས་དངོས་པོ་མེད་པ་ཉིད་དང་བྲལ་བར་འགྱུར་རོ་ཞེ་ན། དངོས་མེད་ཅེས་པ་ལ་སོགས་པ་གསུངས་ཏེ། གལ་ཏེ་སྔར་དངོས་པོ་ཉིད་དུ་གྱུར་ན་རིམ་པ་འདིར་འགྱུར་བ་ཞིག་ན། འདི་ཡང་ཡོད་པ་མ་ཡིན་ནོ། །ཡང་ནི་གང་གི་ཕྱིར་ཏེ། མ་བྲལ་བ་ཉིད་ཡིན་ཞིང་མ་འགགས་པ་ཡིན་ན། དངོས་པོ་མེད་པ་ལ་དངོས་པོ་ཡོད་པའི་སྐབས་མི་སྲིད་ལ། སྐབས་ཡོད་པ་མ་ཡིན་ཏེ། དེར་འགྱུར་ཞིང་དངོས་ པོ་ཡོད་པ་སྲིད་པ་མ་ཡིན་ཏེ། དངོས་པོ་འབྱུང་བ་དང་འགལ་བ་དངོས་པོ་མེད་པ་ཉིད་ཡོད་པའི་ཕྱིར་རོ། །རྒྱུ་ཉིད་ཀྱིས་མེད་པའི་དངོས་པོ་དེ་ཟློག་པར་བྱེད་དོ་ཞེ་ན། མ་ཡིན་ཏེ། རྒྱུ་དེ་ནི་འབྲས་བུ་ཉིད་ལ་བྱེད་པའི་ཕྱིར་རོ། །གང་འབྲས་བུ་བསྐྱེད་པ་དེ་ཉིད་ཀྱིས་དེ་མེད་པ་ཡང་ཟློག་པར་བྱེད་པ་ ཡིན་ནོ་ཞེ་ན། འབྲས་བུ་སྐྱེད་པར་བྱེད་པ་དེ་ཉིད་ཀྱིས་གལ་ཏེ་དེ་དང་འགལ་བའི་མེད་པ་བཟློག་པ་བསྐྱེད་པར་གྱུར་ན་འགྱུར་བ་ཡིན་མོད་ཀྱིས་དེ་ལ་ནུས་པ་མ་ཉམས་པ་ལ་དེའི་འབྲས་བུ་སྐྱེད་པར་ནུས་པ་མ་ཡིན་ནོ། །རྒྱུ་ཡིས་དེ་མེད་པ་དེ་དང་འགལ་བ་བྱེད་པ་མ་ཡིན་ཏེ། རྒྱུའི་དུས་ན་ཡང་ སྔ་ན་མེད་པ་དེ་ཡོད་པས་ན་ལྷན་ཅིག་གནས་པའི་ཕྱིར་རོ། །དེ་ལྟ་བས་ན་ཡོད་པའི་བདག་གམ་མེད་པའི་བདག་ཉིད་ཀྱིས་འབྲས་བུ་ལ་རྒྱུའི་བྱེད་པ་མི་འཐད་དོ། །གཉི་ག་དང་གཉི་ག་མ་ཡིན་པའི་ཕྱོགས་ལ་ཡང་མི་འཐད་དེ། ཕྱོགས་དེ་ཉིད་སོ་སོ་བཀག་པ་ཉིད་ཀྱིས་རྒྱུའི་བྱེད་པ་དགག་ པ་བྱས་པར་འགྱུར་རོ་ཞེས་བལྟ་བར་བྱའོ། །དེ་དག་སྲིད་པ་ཡང་མ་ཡིན་ནོ། །འགལ་བ་དག་གཅིག་ལ་དུས་གཅིག་ན་དགག་པ་དང་སྒྲུབ་པའི་དངོས་པོ་མེད་པ་དང་། དངོས་པོ་དག་མི་རིགས་པའི་ཕྱིར་རོ། །དེ་སྐད་དུ་ཡང་། དངོས་པོ་ཡོད་པ་མི་སྐྱེ་ཞིང་། །མེད་པའང་མ་ཡིན་
Page: 479 ཡོད་མེད་མིན། །རང་ལས་མ་ཡིན་གཞན་ལས་མིན། །གཉི་ག་ལས་མིན་ཇི་ལྟར་སྐྱེ། །ཞེས་གསུངས་སོ། །དེ་ལྟར་རེ་ཞིག་དོན་དམ་པར་དངོས་པོ་སྐྱེ་བ་ཇི་ལྟར་ཡང་རིགས་པ་མ་ཡིན་ལ། སྐྱེས་པ་ཡང་ཇི་ལྟར་རང་བཞིན་ཉམས་པར་མི་རིགས་སོ་ཞེས་དངོས་པོའང་ཞེས་པ་ལ་སོགས་པ་ གསུངས་ཏེ། འང་གི་སྒྲས་ནི་སྔ་མ་ལ་ལྟོས་ནས་ཡིན་ཏེ། ཇི་ལྟར་དངོས་པོ་མེད་པ་དངོས་པོར་མི་འགྱུར་བ་དེ་བཞིན་དུ་དངོས་པོ་ཡང་མེད་པར་འགྱུར་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་བཞིན་གཉིས་སུ་ཐལ་ཕྱིར་ཏེ། དངོས་པོར་ཡོད་པ་གང་གི་ཚེ་དངོས་པོ་མེད་པའི་རང་བཞིན་དུ་འགྱུར་ན་དེའི་ཚེ་ དངོས་པོ་གཅིག་ཉིད་རང་བཞིན་གཉིས་སུ་ཐལ་བར་འགྱུར་ཏེ། གཅིག་ཉིད་དངོས་པོ་དང་དངོས་པོ་མེད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དངོས་པོ་ཉིད་ཡོངས་སུ་སྤངས་ནས་དངོས་པོ་མེད་པའི་ངོ་བོར་འགྱུར་རོ་ཞེས་པ་བརྗོད་པར་མི་རིགས་སོ། །དེའི་ཚེ་ཡང་དངོས་པོ་ཉིད་དངོས་པོ་ཡིན་པའི་ཕྱིར་ གང་ཞིག་མེད་པའི་དངོས་པོར་འགྱུར་རོ་ཞེས་པ་ནི་རིགས་པ་མ་ཡིན་ལ། ཡོད་པའི་རང་བཞིན་དོན་དམ་པ་མ་ཡིན་ན་ལྡོག་པར་རིགས་པ་མ་ཡིན་ཏེ། དོན་དམ་པ་ཉིད་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་དངོས་པོ་སྐྱེ་བ་དང་འཇིག་པ་དག་དོན་དམ་པར་མེད་པར་ བསྒྲུབས་ནས། མཇུག་བསྡུ་བའི་ཕྱིར། དེ་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཏེ་བརྗོད་པའི་རིམ་པས་སྐྱེ་བ་དང་འགག་པ་མི་རིགས་པའི་ཕྱིར་རོ། །འང་ཞེས་པ་ནི་གཏན་ཚིགས་ཏེ། གང་གི་ཕྱིར་འགག་པ་མེད་དེ། འཇིག་པ་མེད་པ་ཡིན་ལ། དངོས་པོ་ ཡང་ཡོད་མིན་ཏེ། ཡང་གི་སྒྲས་ནི་སྡུད་པ་ཡིན་ཏེ། ཐམས་ཅད་ཀྱི་ཚེ་ཐམས་ཅད་ཀྱི་དུས་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་ཡིན་ཏེ། ཆོས་མཉམ་པ་ཉིད་དང་། ཆོས་གནས་པ་ཉིད་དང་། ཆོས་ངེས་པ་ཉིད་དང་། ཆོས་ཀྱི་དབྱིངས་ཉིད་དང་། དེ་བཞིན་ཉིད་དང་། ཕྱིན་ཅི་མ་ལོག་པའི་དེ་བཞིན་ཉིད་དང་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འགྲོ་བ་འདི་དག་ཐམས་ཅད་ནི་རྟག་ཏུ་མ་སྐྱེས་མ་འགགས་པ་ཉིད་ཡིན་ཏེ། དོན་
Page: 480 ༄༅། །དམ་པར་མ་སྐྱེས་པ་ནི་མ་བྱུང་བ་ཉིད་ཡིན་ལ། མ་འགགས་པ་ནི་མ་ཞིག་པ་ཡིན་ནོ། །དེ་ལྟ་བས་ན་སྔར་བརྗོད་པའི་སྐྱེ་བ་དང་། འགག་པ་དང་བྲལ་བས་མ་ལུས་པ་འདི་དག་ཐམས་ཅད་རང་བཞིན་མེད་པ་དང་གཞི་མཐུན་པ་ཡིན་ནོ། །འགྲོ་བ་ནི་སྣ་ཚོགས་པ་ཡིན་ཏེ། སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་མིང་ཅན་ནམ་གཡོ་བ་དང་མི་གཡོ་བ་ཡིན་ལ། སྒྱུ་མ་སྐྱེ་བ་དང་འགག་པ་བཞིན་དུ་ཐ་སྙད་ཀྱི་དབང་གིས་ཡང་སྐྱེ་བ་དང་འགག་པ་གཉི་ག་ཡིན་ནོ། །འདི་ནི་ཀུན་རྫོབ་ཀྱི་བདེན་པ་མི་འགག་གོ་ཞེས་བསྟན་པ་ཡིན་ཏེ། ཆོས་ཡང་དག་པར་སྡུད་པར་ཡང་ དེ་སྐད་དུ། རིགས་ཀྱི་བུ་དེ་བཞིན་ཉིད་ཅེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཚིག་བླ་དགས་ཏེ། སྟོང་པ་ཉིད་དེ་ནི་མི་སྐྱེ་མི་འགག་གོ། །སྨྲས་པ་གང་འདི་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ཆོས་ཐམས་ཅད་ནི་སྟོང་པའོ་ཞེས་གསུངས་ཏེ། དེ་བས་ན་ཆོས་ཐམས་ཅད་ནི་མི་སྐྱེ་མི་འགག་གོ། །བྱང་ ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། །ཇི་ལྟར་ཁོང་དུ་ཆུད་པ་བཞིན་ཏེ། ཆོས་ཐམས་ཅད་མི་སྐྱེ་ཞིང་མི་འགག་གོ། །སྨྲས་པ། གང་འདི་བཅོམ་ལྡན་འདས་ཀྱིས་འདུས་བྱས་ཀྱི་ཆོས་ཐམས་ཅད་ནི་སྐྱེའོ་འགག་གོ་ཞེས་གསུངས་ན། དེ་བཞིན་ གཤེགས་པས་འདི་ཅི་ལ་དགོངས་ཏེ་གསུངས། སྨྲས་པ། རིགས་ཀྱི་བུ་འཇིག་རྟེན་གནས་པ་སྐྱེ་བ་དང་། འགག་པ་ལ་མངོན་པར་ཆགས་པས་དེ་ལ་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོས་འཇིག་རྟེན་སྐྲག་པའི་གནས་བསལ་བའི་ཕྱིར། ཐ་སྙད་ཀྱི་དབང་གིས་སྐྱེའོ་འགག་གོ་ཞེས་ གསུངས་ཏེ། འདི་ལ་ཆོས་གང་ཡང་སྐྱེ་བ་དང་འགག་པ་མེད་དོ་ཞེས་གསུངས་སོ། །དེ་ལྟ་བས་ན་ཆོས་ཐམས་ཅད་མ་སྐྱེས་པ་དང་མ་འགགས་པའི་རང་བཞིན་ཡིན་པས་གདོད་མ་ནས་ཞི་བ་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་ཏེ། དེ་ལྟར་ན་འགྲོ་བ་རང་བཞིན་མེད་པ་ ཉིད་ཡིན་ལ་དེའི་ཁོངས་སུ་གཏོགས་པའི་དམྱལ་བ་ལ་སོགས་པའི་འགྲོ་བ་རྣམས་ཀྱང་རང་བཞིན་མེད་པ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྨི་ལམ་ཞེས་པ་ལ་སོགས་པ་གསུངས་ཏེ། རྨི་ལམ་དང་མཚུངས་པ་གང་རྣམས་ཡིན་པ་དེ་རྣམས་ལ་དེ་སྐད་ཅེས་བརྗོད་དེ། ངེས་ཉིད་ཅེས་
Page: 481 པ་ནི་ངེས་པར་གཟུང་བའོ། །རྨི་ལམ་ན་མཐོང་བའི་རང་བཞིན་གྱི་འགྲོ་བ་རྣམས་ནི་དམྱལ་བ་དང་། ཡི་དགས་དང་། དུད་འགྲོ་དང་། མི་དང་། ལྷའི་རིགས་མཐུན་པའི་ཁྱད་པར་རྣམས་སོ། །དཔེར་ན་རྨི་ལམ་ན་ཡུལ་གཞན་ལ་སོགས་པར་འགྲོ་བ་དང་། འོང་བ་དང་བདེ་བ་དང་། སྡུག་བསྔལ་ བ་ལ་སོགས་པ་མྱོང་བ་དེ་བཞིན་དུ་དོན་དམ་པའི་དེ་ཁོ་ན་ཉིད་ཁོང་དུ་མ་ཆུད་པ་དམྱལ་བ་ལ་སོགས་པ་རྣམས་སུ་རིག་པར་བྱ་སྟེ། དེ་ཁོ་ན་ཉིད་ནི་མ་ཡིན་ནོ། །ཇི་ལྟར་ཞེ་ན། རྣམ་པར་དཔྱད་ན་ཆུ་ཤིང་དང་མཚུངས་པ་ཡིན་ཏེ། འདི་ནི་གཏན་ཚིགས་ཀྱི་ཚིག་ཡིན་ནོ། །ཆོས་ཐམས་ཅད་རང་ བཞིན་མེད་པ་ཉིད་ཀྱིས་རྣམ་པར་དཔྱད་ཅིང་རྣམ་པར་བརྟགས་པ་ན་གང་གི་ཕྱིར་ཆུ་ཤིང་དང་མཚུངས་པ་ཡིན་ཏེ། ཆུ་ཤིང་བཞིན་དུ་སྙིང་པོ་མེད་པའི་འགྲོ་བ་རྣམས་ཡིན་ནོ་ཞེས་པའི་དོན་ཏོ། །འདིས་ནི་སྔར་བརྗོད་པའོ། །འདི་ནི་སྒྱུ་འདྲ་དེ་ཕྱིར་སྙིང་ལ་འཇིགས་སྤོང་ཤེས་ཕྱིར་བརྩོན་པ་བསྟེན། ། ཞེས་པ་ལ་སོགས་པ་དེ་ཡང་བསྒྲུབ་པར་བསྟན་པར་འགྱུར་རོ། །གང་གི་ཕྱིར་ཆོས་ཐམས་ཅད་མ་སྐྱེས་པ་དང་མ་འགགས་པ་དེའི་ཕྱིར་མྱ་ངན་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མྱ་ངན་ལས་འདས་པའི་ཆེད་དུ་ཆོས་ཐམས་ཅད་ཀྱི་སྒྲིབ་པ་སྤངས་པས་འཆིང་བ་ཐམས་ཅད་ལས་ གྲོལ་བ་ཡིན་ནོ། །མྱ་ངན་ལས་མ་འདས་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཞགས་པའི་དབང་དུ་གྱུར་པའི་སེམས་ཀྱི་རྒྱུད་འཁོར་བའི་བཙོན་རའི་ནང་དུ་ཆུད་པ་ཡིན་ནོ། །དེ་དག་གཉི་ག་ཡང་ཁྱད་པར་མེད་དེ། ཐ་དད་པ་ཡོད་པ་མ་ཡིན་ལ། སྲིད་པ་མ་ཡིན་ནོ། །ཇི་ ལྟར་ཞེ་ན། དངོས་པོ་ལ་སྟེ་དོན་དམ་པར་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་མེད་པ་ཉིད་ཀྱིས་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་པའི་ཕྱིར་རོ། །ཡང་ཀུན་རྫོབ་ཏུ་ནི་ཁྱད་པར་ཡོད་པ་ཡིན་ནོ་ཞེས་ལན་གྲངས་དུ་མར་བསྟན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སངས་ རྒྱས་རྣམས་དང་སེམས་ཅན་ཁམས། །དོན་གྱིས་དེ་དང་ཐ་དད་མེད། །བདག་ཉིད་ཀྱང་ནི་གཞན་རྣམས་ཀྱང་། །དེ་དང་མཉམ་པར་ཁྱོད་བཞེད་ལགས། །ཞེས་སོ། །དེའི་ཕྱིར་བྱིས་པའི་སྐྱེ་བོ་དོན་དམ་པའི་དེ་ཁོ་ན་ཉིད་ཡོངས་སུ་མ་ཤེས་པ་མངོན་པར་ཞེན་པས་སྒྲོ་བཏགས་པས་འགྲོ་
Page: 482 ༄༅། །བའི་ཚོགས་ཉེ་བར་བརྟགས་ནས་བདག་ཉིད་ཀྱིས་བདག་ཉིད་འཁྲུག་པར་བྱེད་དོ་ཞེས་ཉེ་བར་བསྟན་པའི་ཕྱིར། དེ་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ལྟར་བཤད་པའི་ཚུལ་གྱིས་སྟོང་པ་སྟེ། རང་བཞིན་མེད་པ་རྣམས་ལ་ཐོབ་པ་ཅི་ཡོད་དེ། རྙེད་པ་གང་གིས་ གར་འགྱུར་བ་ཅུང་ཟད་གང་ལས་ཀྱང་ཐོབ་པ་མ་ཡིན་ནོ། །ཤོར་ཅི་ཡོད་དེ། རྙེད་པ་གང་ཞིག་ཤོར་བས་ཁྲོ་བར་འགྱུར་བ་ཅི་ཞིག་གང་གིས་ཡང་ཤོར་བར་འགྱུར། རིམ་གྲོ་བྱས་པ་ནི་མཆོད་པ་ཡིན་ལ། ཡོངས་སུ་བརྙས་པ་ནི་གནོད་པ་བྱས་པ་ཡང་ཡིན་ཏེ། གང་གིས་གང་ཞིག་སྲིད་པར་ འགྱུར། །དངོས་པོའི་རང་བཞིན་མེད་པ་ན། །གང་གིས་གང་ལའང་མ་ཡིན་ནོ། །ཞེས་པའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། བདེ་བ་དང་སྡུག་བསྔལ་གང་ལས་ཡིན་ཏེ། སྡུག་བསྔལ་གྱི་རྒྱུ་མེད་པའི་ཕྱིར་རོ། །འང་གི་སྒྲས་ནི་གཉི་ག་ཕན་ཚུན་བསྡུ་བའི་དོན་ཏོ། །གང་ཞིག་ཐོབ་པ་དང་སྤང་ བའི་དོན་དུ་འབད་པ་བྱེད་པ་དགའ་བ་ཅི་ཡོད་དེ། དེ་དགའ་བའི་རང་བཞིན་ཉིད་ཀྱིས་ཕོངས་པ་ཅི་ཞིག་ཡོད་དེ། བརྟགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །མི་དགའ་བ་ཅི་ཡོད་དེ། འདོད་པར་བྱ་བ་མ་ཡིན་པ་ཅི་ཞིག་ཡོད། འདོད་པར་བྱ་བ་མ་ཡིན་པ་ཡང་དོན་དམ་པར་ཅུང་ཟད་ཀྱང་མེད་དོ། །དེ་ལྟར་ ན་ཅིའི་དོན་དུ་སྡུག་པ་དང་། མི་སྡུག་པ་དང་ཕྲད་པ་དང་བྲལ་བའི་དོན་དུ་འབད་པར་བྱེད། གང་ཞིག་སྲིད་དེ་སྐྱེ་བོ་གང་ཞིག་རྙེད་པའི་དོན་དུ་སྲེད་པར་བྱེད། གང་ལ་དེ་སྲེད་པར་བྱེད་དེ། ཞེན་པའི་གནས་ཀྱི་དངོས་པོ་འགའ་ཞིག་ལ་སྲེད། དེ་ཉིད་དུ་ནི་བཙལ་བྱས་ནས་ཏེ། རང་བཞིན་ གྱིས་ཡོངས་སུ་བཙལ་བས་སོ། །དེའི་ཡུལ་མེད་པའི་ཕྱིར་ཡུལ་མེད་པ་ཉིད་ཀྱིས་དེ་ཡང་མེད་པ་ཡིན་ནོ། །གང་གི་དབང་གིས་ལས་དེ་དང་དེ་སོགས་པ་ན། རྣམ་པར་དཔྱད་པ་ན་སྟེ། དོན་དམ་པར་རང་བཞིན་གྱིས་ངོ་བོ་ངེས་པར་དཔྱད་པ་ནའོ། །གསོན་པའི་འཇིག་རྟེན་ནི་སེམས་ཅན་གྱི་ འཇིག་རྟེན་ནའོ། །གང་ཞིག་ཏེ་འགའ་ཞིག་ཉིད་མ་ཡིན་པ་ཡིན་ཏེ། དེ་མེད་པའི་ཕྱིར་རོ། །གང་ཞིག་འདིར་ནི་འཆི་འགྱུར་ཏེ། །གསོན་པའི་འཇིག་རྟེན་ལ་དཔྱད་པས་སེམས་ཅན་གྱི་འཇིག་རྟེན་མེད་པའི་ཕྱིར་རོ། །གང་ཞིག་འདིར་གསོན་པའི་འཇིག་རྟེན་འཆི་འགྱུར་ཏེ། སྲོག་གི་དབང་པོ་རྒྱུན་ཆད་
Page: 483 པར་འགྱུར། འབྱུང་འགྱུར་གང་ཡིན་ཏེ། གང་ཞིག་སྐྱེ་བར་འགྱུར་བ་ཡིན། བྱུང་གྱུར་གང་ཡིན་ཏེ། སྔར་སྐྱེས་པར་འགྱུར་རོ། །དེ་ལྟར་ན་འདས་པ་ལ་སོགས་པའི་ཐ་སྙད་ནི་བརྟགས་པ་ཉིད་ཡིན་ནོ། །གཉེན་གང་བཤེས་ཀྱང་གང་ཞིག་ཡིན། །གང་གིས་གང་སྡུག་པ་ཡིན། གང་གིས་གང་བཤེས་ཡིན་ཏེ། འདིར་ཞེས་པ་ནི་ཐམས་ཅད་དུ་སྦྱར་བར་བྱའོ། །གང་ཞིག་མངོན་པར་ཞེན་པས་མི་དགེ་བ་ཡང་འགྲང་བར་མི་བྱེད། དེ་ལྟར་རང་བཞིན་གྱིས་སྟོང་པ་ཉིད་ཡིན་པའི་ཕྱིར་རྟོགས་པས་སྒྲོ་བཏགས་པ་ཉིད་དེ་དེ་ཁོ་ན་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཐམས་ཅད་ཅེས་པ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ནི་ བརྗོད་པ་འདི་དང་གཞན་ཡང་ངོ་། །ནམ་མཁའ་འདྲ་བ་ནི་བརྟགས་པའི་དེ་ཁོ་ན་ཉིད་སྟོང་པ་ཉིད་ཡིན་པའི་ཕྱིར་ནམ་མཁའ་དང་མཚུངས་པ་ཡིན་ནོ། །ཡོངས་སུ་གཟུང་བར་གྱིས་ཞེས་པ་ནི་མེད་པ་ཉིད་ལ་ཡང་རང་གི་ངོ་བོ་སྒྲོ་བཏགས་སོ། །བདག་འདྲས་ཞེས་པ་ནི་གཞུང་རྩོམ་པ་པོ་བདག་ཉིད་དཔེར་བརྗོད་པར་ མཛད་པ་ཡིན་ནོ། །བདག་འདྲ་ནི་དོན་དམ་པའི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པའི་བྱིས་པའི་སྐྱེ་བོ་རྣམས་སོ། །མི་བདེན་པའི་རྣམ་པར་རྟོག་པས་དཀྲུགས་པའི་སེམས་རབ་ཏུ་འཁྲུག་པར་བྱེད་དོ། །ལོག་པའི་མངོན་པར་ཞེན་པ་ཁྲོ་བར་བྱེད་དེ། དགའ་བར་བྱེད་པ་ནི་བརྫུན་པའི་རྙེད་པ་དང་མ་བྲལ་ བས་རབ་ཏུ་དགའ་བར་འགྱུར་བ་ཡིན་ནོ། །གང་རྣམས་ཀྱིས་ཤེ་ན། འཐབ་དང་སྤྲོ་བའི་རྒྱུ་རྣམས་ཀྱིས་ཏེ། འཐབ་པའི་རྒྱུ་རྣམས་ཀྱིས་ནི་རྩོད་པའི་རྒྱུ་རྣམས་ཀྱིས་སོ། །སྤྲོ་བའི་རྒྱུ་རྣམས་ཀྱིས་ཏེ། དགའ་བའི་རྒྱུ་རྣམས་ཀྱིས་ཡིན་ལ། ཇི་ལྟར་རིགས་པར་སྦྱར་བར་བྱའོ། །དེ་ལྟ་བས་ན་དོན་དམ་ པའི་དེ་ཁོ་ན་ཉིད་ཀུན་རྫོབ་ཉིད་ཀྱིས་དངོས་པོའི་རང་བཞིན་ལ་བདེན་པ་ཉིད་དུ་མངོན་པར་ཞེན་པ་རྣམས་འདི་དག་ཐམས་ཅད་འདོད་པར་བྱེད་དེ། དོན་དམ་པར་རྟོག་པ་རྣམས་ཀྱིས་ནི་མ་ཡིན་ནོ། །དེ་སྐད་དུ་ཡང་། འདི་རྙེད་ཁོ་ན་ཤེས་པར་བྱ་སྟེ། འདི་ལྟ་སྟེ། ཀུན་རྫོབ་དང་དོན་དམ་པའོ། །དེ་ཡང་བཅོམ་ལྡན་ འདས་ཀྱིས་སྟོང་པ་ཉིད་དུ་ལེགས་པར་གཟིགས། ལེགས་པར་མཁྱེན། ལེགས་པར་མངོན་སུམ་དུ་མཛད་པ་ཡིན་ཏེ། དེའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བརྗོད་དོ། །དེ་ལ་ཀུན་རྫོབ་ནི་འཇིག་རྟེན་པའི་སྤྱོད་པ་ཡིན་ལ། དེ་བཞིན་གཤེགས་པས་གཟིགས་པ་གང་ཞིག་ནི་ཡང་དོན་དམ་པར་ཡིན་ཏེ།
Page: 484 ༄༅། །དེ་ནི་བརྗོད་དུ་མེད་པ་ཤེས་པར་བྱ་བ་མ་ཡིན་པ་དང་། རྣམ་པར་ཤེས་པར་བྱ་བ་མ་ཡིན་པ་དང་། བསྟན་པ་མ་ཡིན་པ་དང་། རབ་ཏུ་བསྟན་པར་བྱ་བ་མ་ཡིན་པ་ཡིན་ཏེ། ཇི་སྲིད་དུ་བྱ་བ་མ་ཡིན་པ་དང་བྱེད་པ་མ་ཡིན་པ་ནས། རྙེད་པ་མ་ཡིན་མི་རྙེད་པ་མ་ཡིན། བདེ་བ་མ་ ཡིན། སྡུག་བསྔལ་མ་ཡིན། གྲགས་པ་མ་ཡིན། མ་གྲགས་པ་མ་ཡིན། གཟུགས་ཅན་མ་ཡིན། གཟུགས་ཅན་མ་ཡིན་པ་མ་ཡིན་ནོ་ཞེས་པ་ལ་སོགས་པའོ། །དེ་ལ་རྒྱལ་བས་འགྲོ་བའི་དབང་བྱས་ནས། །འཇིག་རྟེན་ལ་ནི་ཕན་ཕྱིར་ཀུན་རྫོབ་བསྟན། །གང་གིས་འགྲོ་བ་བདེ་ གཤེགས་ལ་བསྙེན་ཏེ། །བདེ་བའི་ཆེད་དུ་དང་བ་སྐྱེ་བར་འགྱུར། །མི་ཡི་སེང་གེས་ཀུན་རྫོབ་བཅས་པ་ཡི། །སེམས་ཅན་གྱུར་པ་འགྲོ་བ་དྲུག་ཏུ་གསུངས། །དམྱལ་བ་དུད་འགྲོ་དེ་བཞིན་ཡི་དགས་དང་། །ལྷ་མིན་མི་དང་ལྷ་ཡི་ཚོགས་རྣམས་དང་། །དམན་པའི་རིགས་དང་དེ་བཞིན་ རིགས་མཐོ་དང་། །ཕྱུག་པོའི་རིགས་དང་དབུལ་པོའི་རིགས་རྣམས་སོ། །ཞེས་བྱ་བ་ལ་སོགས་པའོ། །འདི་ཡང་དེ་ཁོ་ན་ཉིད་ཤེས་པའི་འབྲས་བུ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མྱ་ངན་འབད་རྩོལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བུ་དང་བུ་མོ་ལ་སོགས་པ་དང་བྲལ་བས་བྱས་པའི་ མྱ་ངན་དང་བདེ་བ་དང་སྡུག་བསྔལ་སྤང་བ་དང་ཐོབ་པའི་རྒྱུ་མཚན་གྱིས་ཡོངས་སུ་ངལ་བའི་དུབ་པ་དང་། མྱ་ངན་དང་བྲལ་བ་དེ་རྣམས་ཀྱིས་བདག་དང་འདྲ་བའི་འཚོ་བར་བྱེད་པ་ཡིན་ཏེ། ཚེགས་ཆེན་གྱིས་ཞེས་པ་དང་འབྲེལ་ཏོ། །མི་དགའ་བ་ཡང་ཡིན་ཏེ། རྙེད་པ་དང་བཀུར་སྟི་ལ་ སོགས་པ་དང་བྲལ་བ་ནི་མི་དགའ་བ་སྟེ། ཡིད་མི་བདེ་བ་ཡང་ཡིན་ནོ། །ཕན་ཚུན་གཅོད་པ་དང་འབིགས་པ་དང་ཞེས་པ་ལ། ཕན་ཚུན་ཏེ་ཕན་ཚུན་དུའོ། །གཅོད་པ་ནི་རྐང་པ་དང་ལག་པ་དང་མགོ་བོ་དང་སྣ་དང་རྣ་བ་ལ་སོགས་པ་རྣམས་སོ། །འབིགས་པ་ནི་ཕྱི་རོལ་གྱི་བྱིན་པ་དང་བླ་དང་ བྲང་དང་རྩིབ་ལོགས་དང་དཔུང་པ་ལ་སོགས་པ་རྣམས་སོ། །དང་གི་སྒྲ་རྗེས་སུ་འཇུག་པ་ཡིན་ནོ། །གཅོད་པ་དང་འབིགས་པ་དེ་རྣམས་ཀྱིས་ཀྱང་འཚོ་བར་བྱེད་པ་ཡིན་ཏེ། དུས་ཀྱི་རིམ་པས་ཚེའི་འདུ་བྱེད་པ་འཕན་པ་ཡིན་ནོ། །ཚེགས་ཆེན་ནི་དཀའ་བ་ཆེན་པོ་སྟེ། ཇི་ལྟར་ཐོབ་
Page: 485 པའི་ཟས་དང་གོས་ལ་སོགས་པའོ། །ཇི་ལྟར་གྱུར་པའི་རྒྱུད་ཀྱིས་ཤེ་ན། སྡིག་གི་བདག་ཉིད་བདེར་འདོད་རྣམས། །ཞེས་པ་ལ། སྡིག་གིས་ཏེ། མི་དགེ་བའི་ལས་རྣམས་ཀྱིས་སོ། །བདག་ཉིད་དེ་རང་ཉིད་ཡིན་ལ། བདེ་བ་འདོད་པ་ནི་བདེ་བ་འདོད་པའི་ངང་ཚུལ་ལོ། །ཇི་ལྟར་གྱུར་པ་དང་ཡང་དག་ པར་དཔྱད་པར་གྱིས་ཀྱང་ཤི་ནས་ལྟུང་བ་ཡིན་ཏེ། གང་གང་རྣམས་སུ་འཆི་བ་ནི་སྲོག་གི་དབང་པོ་བོར་བ་ཡིན་ལ། ལྟུང་བ་ནི་འགྲོ་བ་ཡིན་ནོ། །ངན་སོང་རྣམས་ནི་དམྱལ་བ་དང་། ཡི་དགས་དང་། དུད་འགྲོ་རྣམས་སོ། །ཇི་ལྟ་བུར་གྱུར་པ་རྣམས་སུ་ཞེ་ན། ཡུན་རིང་མི་བཟད་རྣམས་སུ་ སྟེ། །ཡུན་རིང་བ་ནི་དུས་རིང་པོར་གྱུར་པའོ། །མི་བཟད་པ་ནི་ཤིན་ཏུ་བཟོད་པར་མི་ནུས་པ་མྱོང་བར་བྱ་བའི་རྣམ་པར་སྨིན་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ངན་སོང་དེ་རྣམས་སུ་དེ་རྣམས་ཡིན་པ་དེ་ལ་དེ་སྐད་དུ་བརྗོད་དོ། །དེ་རྣམས་སུ་ཡང་ཡིན་ཏེ། འང་གི་སྒྲས་ནི་བརྗོད་པ་སྡུད་པའམ། ཐ་དད་ པའི་རིམ་པ་ཡིན་ནོ། །རྣམ་པ་གང་གིས་ཤེ་ན། ཡང་དང་ཡང་འོངས་ཏེ་ཞེས་པ་ལ་སོགས་པ་གསུངས་ཏེ། བདེ་བ་མང་པོ་སྤྱད་སྤྱད་ནས། །ཞེས་པ་ནི་བདེ་བ་བསྐྱེད་པར་གྱུར་ནས་སོ། །ཇི་ལྟར་ཞེ་ན། བདེ་འགྲོ་ཡང་དང་ཡང་འོངས་ནས་ཏེ། མཛེས་པའི་ལྷ་དང་མིའི་འགྲོ་བའོ། །སླར་ ཡང་དང་ཡང་ཐོབ་ནས་དེ་ལྟ་བུར་གྱུར་པ་རྣམས་ཀྱི་སྡུག་བསྔལ་བརྒྱུད་པའི་རྒྱ་མཚོ་མི་མངོན་པར་གྱུར་པ་དང་། མངོན་པར་གྱུར་པ་ཡིན་ནོ་ཞེས་བསྟན་པའི་ཆེད་དུ་སྲིད་པ་ན་ཞེས་པ་ལ་སོགས་པ་གསུངས་ཏེ། སྲིད་པ་ནི་འཁོར་བ་ཡིན་ཏེ། འདོད་པ་དང་གཟུགས་དང་། གཟུགས་མེད་པའི་རང་ བཞིན་དུའོ། །གཡང་ས་དང་ཡང་ཤིན་ཏུ་མང་བའི་ཉེ་བར་གནོད་པའོ། །དེར་ནི་འདི་ཉིད་མི་འདྲ་ཞེས་པ་ལ། དེར་ནི་སྲེད་པའམ། གཡང་སའོ། །དེ་ཉིད་མིན་འདི་འདྲ་བ་ནི་རྨོངས་པས་བསླུ་བ་འདི་ལྟ་བུ་སྟེ། སྐྱེ་བོ་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་ལ་རྣམ་པ་ཇི་ལྟ་བར་བསྟན་པའམ་ ཡོངས་སུ་སྣང་བཞིན་པའོ། །དེར་ཡང་ཕན་ཚུན་འགལ་བས་ན་སྟེ་དེར་ཡང་རྣམ་པ་འདི་ལྟར་དེ་ཁོ་ན་ཉིད་མ་ཡིན་ན་ཕན་ཚུན་འགལ་བས་ཏེ་ལོག་པར་རྟོགས་པ་ཡིན་ནོ། །རྒྱུ་གང་གིས་ཤེ་ན། སྲིད་པ་འདི་ཉིད་འདྲ་བ་མེད། །ཅེས་ཏེ། དེ་ལྟ་བས་ན་དངོས་པོའི་རང་བཞིན་ནི་འདི་ལྟ་བུ་ཡིན་ཏེ།
Page: 486 ༄༅། །རྣམ་པ་དུ་མར་སྒྲོ་བཏགས་པའི་ཕྱིར་རོ། །དེར་ཡང་དཔེ་མེད་པའི་མི་བཟད་པ་མཐའ་ཡས་པའི་སྡུག་བསྔལ་གྱི་རྒྱ་མཚོའོ། །དེར་ཡང་འདི་ལྟ་བུ་དཔེ་དང་བྲལ་བ་ཡིན་ནོ། །དེ་དང་གཞན་འདི་འདྲ་བའི་སྡུག་བསྔལ་མེད་པས་ན་དཔེར་བརྗོད་པར་མི་ནུས་པ་མི་བཟད་པ། བཟོད་པར་ དཀའ་བའི་ཚོར་བའོ། །མཐའ་ཡས་པ་ནི་དུས་ཆད་པ་མེད་པར་རྣམ་པར་སྨིན་པས་མཐར་གཏུགས་པ་མེད་པའི་སྡུག་བསྔལ་རྣམས་ཤིན་ཏུ་དྲག་པའི་ཕྱིར་ཐེག་པ་ཆེན་པོ་མ་གཏོགས་པ་རྣམས་ཀྱིས་ཐར་པར་མི་ནུས་པའི་ཕྱིར་རྒྱ་མཚོ་ཡིན་ནོ། །དེ་ལྟར་ན་ཡང་ཇི་ལྟར་ཡང་བརྩོན་འགྲུས་ཆེན་པོས་ དགེ་བའི་ཕྱོགས་བསགས་པས་དུས་ཡུན་རིང་པོ་ནས་བདེ་གཤེགས་ཐོབ་ནས་གནས་པར་ནུས་པ་ཡིན་ནོ་ཞེས་དོགས་པས། དེར་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། དེར་དེ་ལྟ་བུའི་གཟུགས་ཀྱིས་ཞུགས་པ་ན་འདི་ལྟར་ཡོངས་སུ་མཐོང་བར་གྱུར་པའི་གཟུགས་སྟོབས་ཆུང་བ་དང་། བརྩོན་ འགྲུས་དམན་པ་ཞེས་པའི་ཐ་ཚིག་སྟེ། དེར་ཡང་ཚེ་ཐུང་བ་དང་། དེར་ཡང་འདི་ལྟ་བུར་གྱུར་པ་ཡོད་པ་ཡིན་ན་ཡང་། ཐུང་བ་སྟེ་རིང་བ་མ་ཡིན་པའོ། །ཚེ་ནི་ཚེའི་འདུ་བྱེད་པ་རྣམས་སོ། །དེར་ཡང་གསོན་པ་དང་ནད་མེད་པའི་བྱེད་པ་རྣམས་ཀྱིས་སོ། །གསོན་པ་ནི་ཡུན་རིང་པོའི་ དུས་སུ་འཚོ་བའི་བྱ་བ་རྣམས་ཀྱིས་ཏེ། ཁྲུས་དང་བསྐུ་བྱུག་ལ་སོགས་པ་རྣམས་ཀྱིས་སོ། །ནད་མེད་པ་ནི་ནད་མེད་པའི་ཤུགས་ཏེ། ནད་ཉེ་བར་ཞི་བའི་དོན་དུ་བྱ་བའི་ཁྱད་པར་དགེ་བའི་རྩ་བ་བསགས་པ་མེད་པར་ཚ་བ་དང་ཁ་བ་དང་བསྐ་བ་ལ་སོགས་པའི་སྨན་རྣམས་ཀྱིས་སོ། །ཚེ་ནི་ དོན་མེད་མྱུར་འདའ་ཞེས་པ་འཆད་པར་འགྱུར་བ་དང་འབྲེལ་ཏོ། །དེ་བཞིན་དུ་བཀྲེས་ནི་ངལ་བ་དང་སྟེ། བཀྲེས་པ་ནི་ལྟོགས་པ་ཡིན་ནོ། །ན་བ་ནི་ནད་པའོ། །ངལ་བ་ནི་ལམ་གྱིས་དུབ་པ་ལ་སོགས་པ་སྟེ། དེ་རྣམས་ཀྱིས་སོ། །གཉིད་དང་འཚེ་བ་ཞེས་ཏེ། གཉིད་ནི་རྨི་ལམ་ མོ། །འཚེ་བ་ནི་རྒོད་པ་དང་། རབ་ཏུ་རྒོད་པ་དང་། རྣམ་པར་འཚེ་བ་ལ་སོགས་པ་བྱས་པའོ། །སྦྲུལ་དང་སྟག་དང་རི་དགས་དང་སྦྲང་བུ་དང་ཤ་སྦྲང་ལ་སོགས་པ་རྣམས་ཀྱིས་བྱས་པའི་བསད་པ་དང་། བཅིངས་པ་དང་། བརྡེགས་པ་ལ་སོགས་པའི་མཚན་ཉིད་ཀྱིས་དེ་བཞིན་དུ་ཡིན་ནོ། །
Page: 487 བྱིས་དང་འགྲོགས་པ་དོན་མེད་ཀྱི། །དེ་བཞིན་དུ་ཡིན་ཏེ། བྱིས་པ་རྣམས་ནི་སོ་སོའི་སྐྱེ་བོ་རྣམས་ཡིན་ལ། འགྲོགས་པ་ནི་འབྲེལ་པའོ། །ཇི་ལྟ་བུར་གྱུར་པས་ཤེ་ན། དོན་མེད་ཀྱིས་ཏེ། བདག་ལ་བསྟོད་པ་ལ་སོགས་པ་དག་འཁྱལ་པ་ལ་སོགས་པ་མང་པོ་རྣམས་ཀྱིས་སོ། །དེ་བཞིན་དུ་ཞེས་པ་ ནི་སྔར་བརྗོད་པའི་རིམ་པ་འབའ་ཞིག་གིས་མ་ཡིན་གྱི། འདིས་ཀྱང་དོན་མེད་པར་ཚེ་ནི་དོན་མེད་འགྱུར་བ་ཡིན་ནོ། །དོན་མེད་པ་ནི་འབྲས་བུ་མེད་པ་ཉིད་ཡིན་ཏེ། དགེ་བའི་ཕྱོགས་བསགས་པ་དང་བྲལ་བའི་ཕྱིར་རོ། ཚེ་དོན་མེད་པར་འདའ་བ་ནི་འགྲོ་བའོ། །མྱུར་བ་ནི་མགྱོགས་པ་དེ་དམ་པ་ མ་ཡིན་པའི་བྱ་བ་ལ་ཞུགས་པས་མྱུར་བ་ཉིད་དུ་ཡོངས་སུ་ཟད་པའི་ཕྱིར་རོ། །དེ་ལྟར་ན་ཡང་ད་ལྟར་བྱུང་བའི་དུས་སུ་ཡང་རྣམ་དཔྱོད་ཤིན་ཏུ་རྙེད་པར་དཀའ་སྟེ། རྣམ་པར་དཔྱོད་པ་ནི་བླང་བར་བྱ་བ་དང་དོར་བར་བྱ་བ་ཤེས་པའམ། རྣམ་པར་གཡེངས་པ་དོར་བའོ། །རྙེད་པར་དཀའ་བ་ནི་ ཇི་ལྟར་ནི་ཤིན་ཏུ་དཀའ་བས་ཀྱང་མི་རྙེད་པའོ། །དེ་ལྟར་གྱུར་པ་དེ་ལྟར་ན་ཡང་གལ་ཏེ་བརྒྱ་ལ་མཉམ་པར་གཞག་པ་སྐྱེ་བར་འགྱུར་ལ། དེའི་ཚེ་དགེ་བར་འགྱུར་ན། དེ་ཡང་མེད་དོ་ཞེས་བསྟན་པའི་ཕྱིར། དེར་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེར་ཡང་དེ་དེ་ལྟ་བུའི་གནས་ སྐབས་སུ་གྱུར་པ་ནའོ། །རྣམ་པར་གོམས་པ་ནི་ཡོངས་སུ་འདྲིས་པའི་རྒོད་པའོ། །དེ་བཟློག་པ་ནི་ཞི་བར་བྱེད་པའོ། །འགྲོ་བ་དེར་གྱུར་པ་ན་གང་ལས་ཀྱང་ཡོད་པ་མ་ཡིན་ནོ། །དེར་ཡང་དོན་མེད་པ་བརྒྱུད་པས་གནས་པ་རྣམས་བརྒྱ་ལ་དགེ་བའི་ཕྱོགས་ལ་རྟོག་ཅིང་སྐྱེད་པར་བྱེད་པ་ནི་ངན་ སོང་ཆེན་པོར་ཉོན་མོངས་པའི་བདུད་དམ་ལྷའི་བུའི་བདུད་ལྟུང་ཕྱིར་བརྩོན་པར་བྱེད་དོ། །ངན་སོང་ཆེན་པོར་ལྟུང་བར་བྱེད་པའི་ཕྱིར་ཏེ། ལྟུང་བའི་རྒྱུ་མཚན་དུ་ཡིན་ལ་མནར་མེད་པའི་དམྱལ་བ་ལ་སོགས་པ་རྣམས་སུ་དོར་བའི་དོན་ཏོ་ཞེས་པའི་ཐ་ཚིག་གོ། །དེ་ལྟར་ཡང་བརྒྱ་ལ་བདེན་པ་དང་། དཀོན་མཆོག་ལ་སོགས་པ་ལ་མངོན་པར་ཡིད་ཆེས་པའི་དབང་གིས་ཇི་ལྟར་ཡང་དགེ་བས་ཉེ་བར་སྐྱེ་བར་འགྱུར་རོ་ཞེ་ན། དེར་ནི་ལོག་པའི་ལམ་ཞེས་པ་ལ་སོགས་པ་གསུངས་ཏེ། དེར་འདི་ལྟ་བུའི་གནས་སྐབས་ཐོབ་པར་འགྱུར་ཏེ། ཡང་དག་པའི་ལྟ་བའི་མི་མཐུན་པའི་ཕྱོགས་ལོག་
Page: 488 ༄༅། །པའི་ལམ་ཚུ་རོལ་མཛེས་པ་དང་། སྤྱོད་པ་ལ་སོགས་པས་ཡོངས་སུ་བསྟན་པ་མང་བའི་ཕྱིར་ཏེ། མི་ཆེ་བའི་ཕྱིར་རོ། །ཐེ་ཚོམ་ནི་ཡང་དག་པའི་ལམ་ལ་མ་ཡིན་ཏེ། བློ་གྲོས་ཕྱིན་ཅི་ལོག་པ་ཡང་ཡིན་ནོ། །བརྒལ་དཀའ་སྟེ་བརྒྱ་ལ་བདེ་འགྲོ་ཐོབ་ཀྱང་བརྒྱ་ ལ་ཡང་ཐེ་ཚོམ་དོར་བར་ནུས་པ་མ་ཡིན་ནོ། །སླར་ཡང་དལ་བ་རྙེད་དཀའ་བ་ཡིན་ཏེ། མི་ཁོམ་པ་བརྒྱད་དང་བྲལ་བ་རྙེད་པར་དཀའ་ཞིང་མཆོག་ཏུ་རྙེད་པར་དཀའ་བ་ཉིད་ཡིན་ཏེ། རྒྱ་མཚོ་ཆེར་ཡངས་པའི་གཉའ་ཤིང་གི་བུ་གར་རུས་སྦལ་གྱི་མགྲིན་པ་ཆུད་པ་ལྟར་ཡིན་ནོ། །བརྒྱ་ལམ་ཞིག་ན་དལ་བ་ གཞན་ཡོད་ཀྱང་། །སངས་རྒྱས་འབྱུང་བ་ཤིན་ཏུ་དཀའ་སྟེ། སངས་རྒྱས་བཅོམ་ལྡན་འདས་འགྲོ་བ་མཐའ་དག་སྣང་བར་མཛད་པ་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཉོན་མོངས་པའི་ཟུག་རྔུ་འབྱིན་པ་འབྱུང་བ་སྟེ། སྐྱེ་བ་ཤིན་ཏུ་རྙེད་པར་དཀའ་བ་ཡིན་ཏེ། ཇི་ལྟར་ཡང་འགའ་ཞིག་ཏུ། ཨུ་དུམྺཱ་ རའི་མེ་ཏོག་བཞིན་དུ་འཁོར་བའི་རྒྱ་མཚོ་ལས་ཐར་པའི་ཐབས་སུ་གྱུར་པ་རྙེད་པར་དཀའ་བ་ཡིན་ནོ། །ཇི་ལྟར་ཡང་། སངས་རྒྱས་འབྱུང་བ་ཡོད་ན་ཡང་། །ཉོན་མོངས་ཆུ་བོ་སྤང་དཀའ་སྟེ། །ཉོན་མོངས་པ་རྣམས་ནི་འདོད་ཆགས་ལ་སོགས་པ་ཡིན་ལ། ཆུ་བོ་ནི་རྒྱུན་མི་ཆད་པར་འབབ་པ་ཡིན་ཏེ། དེ་ཡང་དཀའ་བ་ཡིན་ཏེ། སྡུག་བསྔལ་བས་ཀྱང་སྤོང་བར་མི་ནུས་པ་མ་ཡིན་ནོ། །དེའི་ཕྱིར་ཨེ་མ་སྡུག་བསྔལ་བརྒྱུད་པར་འགྱུར་ཏེ། དེའི་ཕྱིར་དེ་ལྟར་ན་ཀྱེ་མ་ཞེས་སྐྱེ་བའོ། །སྡུག་བསྔལ་ཏེ་དཀའ་བ་བརྒྱུད་པ་ཡིན་ནོ། །སྡུག་བསྔལ་གཅིག་ལས་ཐར་ཡང་སྡུག་བསྔལ་གཞན་དུ་ལྟུང་ བའི་ཕྱིར་རོ། །ད་ནི་སེམས་ཅན་རྗེས་སུ་སྡུག་བསྔལ་བར་གྱུར་པ་རྣམས་ཉིད་བལྟས་ནས་སྙིང་རྗེས་གདུངས་པའི་ཐུགས་དང་ལྡན་པ་གཞན་སྡུག་བསྔལ་བས་སྡུག་བསྔལ་བར་གྱུར་པའི་བསྟན་བཅོས་མཛད་པའི་སེམས་ཅན་རྣམས་ཀྱིས་སྡུག་བསྔལ་ལ་མྱ་ངན་མཛད་པས། ཀྱེ་མ་སྡུག་ པ་ཞེས་པ་ལ་སོགས་པ་གསུངས་ཏེ། ཀྱེ་མ་དང་སྡུག་ཅེས་པ་ནི་སྐྱོ་བ་ལ་སྡུད་པའི་ཚིག་ཡིན་ནོ། །ཤིན་ཏུ་མྱ་ངན་འོས་ནི་ཤིན་ཏུ་ཡང་མྱ་ངན་དུ་བྱ་བར་འོས་པ་ཡིན་ཏེ། ཕན་པ་དང་མི་ཕན་པ་ངོ་མི་ཤེས་པའི་སེམས་ཅན་འདི་རྣམས་སྡུག་བསྔལ་གྱི་རྒྱ་མཚོ་དེའི་དབའ་རླབས་བརྒྱུད་པར་སྐྱེ་བ་དང་
Page: 489 འཇིག་པས་དཀྲུགས་པའི་སེམས་དང་ལྡན་པ་རྣམས་སོ། །མྱ་ངན་བྱ་བར་འོས་པའི་སེམས་ཅན་འདི་རྣམས་གང་ཞེ་ན། དེ་ལྟར་ཤིན་ཏུ་སྡུག་བསྔལ་ཡང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གང་དག་མ་རིག་པས་ལོང་བར་བྱས་པས་ཡེ་ཤེས་ཀྱི་མིག་གིས་མི་མཐོང་བར་གྱུར་ པ་དེ་རྣམས་སོ། །རང་སྡུག་པར་གནས་པ་མི་མཐོང་བ་ཡིན་ནོ། །རང་ནི་བདག་ཉིད་ཡིན་ལ། སྡུག་བསྔལ་བར་གནས་པ་ཉིད་ཀྱང་ཤིན་ཏུ་སྡུག་བསྔལ་བར་གནས་པའོ། །དེ་ལྟར་ཞེས་པ་ནི་བརྗོད་པའི་རིམ་པས་སོ། །སྡུག་པས་གནས་པ་ནི་ཤིན་ཏུ་སྡུག་བསྔལ་བར་གནས་པ་སྟེ། སྡུག་ བསྔལ་ནི་ཉེ་བར་ཐོབ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིའི་རྗེས་སུ་མཐུན་པའི་དཔེས་གསལ་བར་བསྟན་པའི་ཕྱིར། དཔེར་ན་འགའ་ཞིག་ཅེས་པ་ལ་སོགས་པ་གསུངས་ཏེ། ཡང་ཡང་ཁྲུས་བྱས་པ་ནི་ཆུའི་ནང་དུ་ཁྲུས་བྱས་ཤིང་བྱས་ནས་སོ། །དཔེར་ན་འགའ་ཞིག་སྟེ། བློ་ཉམས་ པ་གྲང་བས་ཉེན་པའི་བདེ་བ་འདོད་པ་འཇུག་པ་ཡིན་ནོ། །རབ་ཏུ་འཇུག་པ་ཡིན་ནོ། །ཡང་དང་ཡང་ཞེས་པ་ནི་སྐད་ཅིག་མ་སོ་སོའམ། ཡང་ནས་ཡང་དུའོ། །དེ་ལྟར་ཞེས་པ་ནི་སེམས་ཅན་རང་ཉིད་བདེ་བར་གནས་པ་བདག་ཉིད་བདེ་བ་ཕུན་སུམ་ཚོགས་པར་སེམས་ཤིང་གོ་བ་ཡིན་ནོ། །དེ་ བཞིན་དུ་ཡང་སྡུག་བསྔལ་བར་གནས་པ་ཡིན་ནོ། །དེ་ལྟར་ཞེས་པ་ནི་བརྗོད་པའི་རིམ་པས་སོ། །སྡུག་པར་གནས་པ་ནི་སྡུག་བསྔལ་གྱི་མེ་འབར་བའི་ནང་དུ་ཞུགས་པ་ཡིན་ནོ། །ཀྱེ་མ་སྡུག་བསྔལ་ཤིན་ཏུ་མང་བའི་མི་ཤེས་པའི་མུན་པས་མནན་པ་འདི་རྣམས་བདག་ཉིད་ལ་ཡོད་པར་གྱུར་ པའི་བག་མེད་པ་ཡང་མི་མཐོང་ངོ་ཞེས་བསྟན་པའི་ཕྱིར་རོ། །རྒ་དང་ཞེས་པ་ལ་སོགས་པ་གསུངས་ཏེ། རྒས་ཤིང་གོག་པ་གང་རྣམས་ལ་མེད་པ་དེ་ནི་རྒ་བ་མེད་པ་ཡིན་ལ། འཆི་བ་དང་བྲལ་བ་ནི་འཆི་བ་མེད་པ་ཡིན་ཏེ། དེ་རྣམས་ནི་རྒ་བ་དང་འཆི་བ་མེད་པ་བཞིན་དུ་རོལ་པའི་སྤྱོད་ པས་གནས་པ་གང་རྣམས་ཡིན་པ་དེ་རྣམས་ལ་དེ་སྐད་ཅེས་བརྗོད་དོ། །དེ་རྣམས་ཉིད་ནི་རོལ་པ་འདིས་གནས་ཤིང་ངེས་པར་སྤྱོད་པས་གནས་པ་རྣམས་ལ་འོང་བར་འགྱུར་བ་ཡིན་ཏེ་བསྙེན་པར་བྱེད་དོ། །རྒུད་པ་ནི་དེ་རྣམས་ཐམས་ཅད་ཀྱི་སྡུག་བསྔལ་གྱི་རྒྱུ་དག་པ་དང་། ནད་ལ་
Page: 490 ༄༅། །སོགས་པས་རྒུད་པར་བྱས་པའོ། །ཇི་ལྟར་འགྲོ་བར་འགྱུར་ཞེ་ན། དང་པོ་ཉིད་དུ་བསད་བྱས་ནས། །ཞེས་ཏེ། མཐར་ཕྱིས་བཅོས་སུ་མེད་ཅིང་སྤང་དུ་མེད་པ། དང་པོར་བསད་པར་བྱས་ནས་ཏེ། སྔར་བྱས་ནས་སོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་ གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་ཕྱོགས་བཞི་ནས་རི་ཆེན་པོ་སྲ་བ། བརྟན་པ། སྙིང་པོ་དང་ལྡན་པ། མ་ཞིག་པ། མ་གས་པ། འཕན་མེད་པ། ཤིན་ཏུ་མཁྲེགས་པ། གཅིག་ཏུ་སྟུག་པ། གཞི་ནམ་མཁའ་ལ་རེག་ཅིངས་བཟློག་པ་སྟེ། རྩྭ་དང་ཤིང་དང་ཤིང་གེལ་པ་ དང་ཡལ་ག་དང་ལོ་མ་ཐམས་ཅད་སེམས་ཅན་སྲོག་ཆགས་འབྱུང་པོ་ཐམས་ཅད་ཕྱེ་མར་འཐག་ཅིང་འོང་བ་དེ་དག་ནི་མགྱོགས་པས་འབྲོས་པའམ། སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བཟློག་པའམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་བཟློག་པར་སླ་བ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་དེ་ བཞིན་དུ་འཇིག་པ་ཆེན་པོ་བཞི་འདི་དག་འོངས་ཏེ། དེ་དག་ལས་མགྱོགས་པས་འབྲོས་པས་སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བཟློག་པའམ། རྫས་དང་སྔགས་དང་སྨན་གྱིས་བཟློག་པར་སླ་བ་མ་ཡིན་ནོ། །བཞི་གང་ཞེ་ན། རྒ་བ་དང་། ན་བ་དང་། འཆི་བ་དང་། རྒུད་པའོ། །རྒྱལ་ པོ་ཆེན་པོ་རྒ་བ་ནི་དར་ལ་བབ་པ་འཇོམས་ཤིང་འོང་། ནད་ནི་ནད་མེད་པ་འཇོམས་ཤིང་འོང་། རྒུད་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཤིང་འོང་། འཆི་བ་ནི་སྲོག་འཇོམས་ཤིང་འོང་། དེ་དག་ལས་མགྱོགས་པས་འབྲོས་པའམ། སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བཟློག་ པའམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་ཞི་བར་བྱ་བར་སླ་བ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་རི་དགས་ཀྱི་རྒྱལ་པོ་སེང་གེ་ནི་རི་དགས་ཀྱི་ཚོགས་ནང་དུ་ཞུགས་ནས་རི་དགས་བཟུང་སྟེ། ཇི་ལྟར་འདོད་པ་བཞིན་དུ་བྱ་བ་བྱེད་དོ། །རི་དགས་དེ་ནི་སྟོབས་ཆེ་བའི་ཁ་མི་བཟད་པར་བཟུང་བས་ དབང་མེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་འཆི་བདག་གི་གསལ་ཤིང་གིས་ཟུག་སྟེ་རྒྱགས་དང་ནི་བྲལ། མགོན་ནི་མེད། སྐྱབས་ནི་མེད། དཔུང་གཉེན་ནི་མེད། ཤི་བས་ནི་འཇིགས། ཚིགས་ནི་འབྱེ་ཞིང་བྲལ། ཤ་དང་ཁྲག་ནི་སྐམ། ལུས་ནི་ནད་ཀྱིས་གདུང་། སྐོམ་ནི་སྐོམ། བཞིན་ནི་གྱུར།
Page: 491 རྐང་ལག་ནི་གཡོབ། ལས་ནི་མི་ནུས། མཐུ་ནི་མི་བྱེད། ཁ་ཆུ་དང་། སྣབས་དང་། གཅིན་དང་། ངན་སྐྱུགས་ཀྱིས་ནི་ལུས་ལ་གོས། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་དབང་པོ་ནི་འགགས། སྐྱིགས་བུ་ནི་འབྱུང་། སྒྲ་ངར་ངར་པོ་ནི་འདོན། སྨན་པས་ནི་བོར། སྣམ་དང་། ཁ་ཟས་དང་། བཟའ་བ་དང་། ཐུག་པ་ཐམས་ཅད་ཀྱིས་ནི་གླེས་ལ་བོར་ཏེ། འགྲོ་བ་མཐའ་དག་ཏུ་ནི་འགྲོ། མལ་གྱི་ཐ་མ་ལ་ནི་ཉལ། ཐོག་མ་མེད་པའི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། འཁོར་བའི་རྒྱུན་དུ་ནི་ནུབ། སྲོག་ནི་ཅུང་ཟད་ཅིག་ལུས། གཤིན་རྗེའི་མིས་ནི་འཇིགས་སྐྲག །བྱུར་གྱི་དབང་ དུ་ནི་སོང་། དབུགས་རྒྱུ་བ་ནི་ཆད། ཁ་དང་སྣ་ནི་འགགས། སོ་ནི་གཙིགས། སྦྱིན་པ་སྦྱིན་ནོ་ཞེས་དེ་སྐད་གསོལ་བ་ནི་འདེབས། ལས་ཀྱི་སྲིད་པ་ལས་ཡང་སྲིད་པ་ལ་ནི་འཇུག །ང་གཅིག་པུ་གཉིས་སུ་མེད་ཅིང་གྲོགས་ནི་མེད་དེ། འཇིག་རྟེན་འདི་ནི་འདོར། འཇིག་རྟེན་ཕ་རོལ་དུ་ནི་འགྲོ། ལམ་ ཆེན་པོར་ནི་འཇུག །མུན་པ་ཆེན་པོར་ནི་ཞུགས། གཡང་ས་ཆེན་པོར་ནི་ལྷུང་། ཁྲོད་སྟུག་པོར་ནི་འཇུག །དགོན་པ་ཆེན་པོར་ནི་འགྲོ། རྒྱ་མཚོ་ཆེན་པོས་ནི་ཁྱེར། ལས་ཀྱི་རླུང་གིས་ནི་བདས། ས་ཚུགས་མེད་པའི་ཕྱོགས་སུ་འགྲོ། གཡུལ་ངོ་ཆེན་པོར་ནི་འཇུག །གདོན་ཆེན་པོས་ནི་ཟིན། ནམ་མཁའ་ ལ་ནི་འཆེལ། ཕ་མ་དང་། ཕུ་ནུ་དང་། སྲིང་མོ་དང་། བུ་དང་བུ་མོས་ནི་བསྐོར། དབུགས་ནི་ཆད། ནོར་བགོ་བཤའ་བྱ་ཞེས་ནི་ཟེར། ཀྱི་ཧུད་མ། ཀྱི་ཧུད་ཕ། ཀྱི་ཧུད་བུ་ཞེས་ཟེར་ཏེ། སྐྲ་ནི་བཤིག་སྟེ། སྦྱིན་པ་དང་། དཀའ་ཐུབ་དང་། ཆོས་འབའ་ཞིག་གྲོགས་སུ་གྱུར་པ་ན། ཆོས་མ་གཏོགས་པར་ སྐྱབས་གཞན་མེད། མགོན་གཞན་མེད། གནས་གཞན་མེད། དཔུང་གཉེན་གཞན་མེད་དོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་ཆོས་ནི་གླིང་དང་། གནས་དང་། མགོན་དང་། བཞོན་པ་དང་། ཉལ་བ་ལ་མལ་འཇམ་པོ་དང་། སྐོམ་པ་ལ་ཆུ་གྲང་མོ་དང་། ཤིན་ཏུ་བཀྲེས་པ་ལ་ཁ་ ཟས་བཟང་པོ་དང་། མྱ་ངན་གྱིས་གནོད་པ་ལ་དབུགས་འབྱིན་པ་དང་། གདུངས་པ་ལ་ཚིམ་པ་དང་། དགོན་པར་ལམ་སྟོར་བ་ལ་ལམ་སྟོན་པ་དང་། ནད་ཀྱིས་བཏབ་པ་ལ་སྨན་དང་། སྨན་པ་དང་ནད་གཡོག་བྱེད་པ་དང་། ཆུས་ཁྱེར་བ་ལ་གཟིངས་དང་། འདམ་བུ་བྱིང་བ་ལ་འཇུ་ས་
Page: 492 ༄༅། །དང་། བརྒལ་དཀའ་བའི་ཟམ་པ་དང་། ཉམ་ང་བ་ལ་འབབ་སྟེགས་དང་། མུན་ཁུང་ལ་སྒྲོན་མ་དང་། རྒྱ་མཚོ་ཆེན་པོ་ལ་གྲུ་དང་། ལྷགས་པས་ཉེན་པ་ལ་རླུང་མེད་པའི་གནས་དང་། ཡུལ་གཞན་དུ་འགྲོ་བ་ལ་ལམ་རྒྱགས་དང་། དབུལ་པོ་ལ་ནོར་དང་། བྱེད་པར་འདོད་པ་ ལ་གྲོགས་དང་། གཅད་པར་འདོད་པ་ལ་ལག་ཆ་དང་། གཞིག་པར་འདོད་པ་ལ་རྡོ་རྗེ་དང་། གཡུལ་ངོར་ཞུགས་པ་ལ་གོ་ཆ་དང་། འཇིགས་པ་ལ་སྟོབས་དང་། ལྡན་པའི་གྲོགས་དང་། འཐབ་པ་ལ་དཔུང་གཉེན་དང་། དོགས་པ་ལ་གོ་འབྱེད་པ་དང་། མུ་གེ་ལ་ནོར་དང་ལྡན་པ་དག་མགོན་དང་། སྐྱབས་དང་། གནས་དང་། རྟེན་དུ་གྱུར་པ་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་འཇིགས་པ་འདི་དག་སྤོང་བའི་དོན་དུ་དགེ་བའི་ཕྱོགས་ཉིད་ཤེས་རབ་ཀྱིས་དག་པར་བྱ་བ་རྣམས་ལ་འབད་པར་བྱའོ། །ད་ནི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱིས་སྡུག་ བསྔལ་བ་རྣམས་ཀྱི་སྡུག་བསྔལ་བསལ་བའི་ཆེད་དུ་རང་གི་བསམ་པས་སྨོན་པས། དེ་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཞེས་པ་ནི་སྔར་བརྗོད་མ་ཐག་པའི་ཚུལ་གྱིས་སོ། །སྡུག་བསྔལ་མེས་གདུངས་ལ་ཞེས་པ་ནི་སྡུག་བསྔལ་ཉིད་མེ་ཡིན་ཏེ། དེས་གདུངས་པའི་སེམས་ ཅན་རྣམས་སོ། །ཞི་བ་སྟེ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱི་མེའི་གདུང་བ་ཞི་བར་བྱེད་པར་བདག་ནམ་ཞིག་འགྱུར་ཏེ། དུས་ནམ་བྱེད་ཅིང་བསྒྲུབ་པར་འགྱུར། ཇི་ལྟར་ཞེ་ན། རང་གི་བདེ་བའི་ཡོ་བྱད་ཀྱིས། །ཞེས་ཏེ། བདེ་བའི་ཡོ་བྱད་ནི་བདེ་བ་སྒྲུབ་པར་བྱེད་པའི་གོས་དང་། རྒྱན་དང་། བྱུག་པ་དང་། མལ་སྟན་ལ་སོགས་པ་རྣམས་སོ། །ཇི་ལྟ་བུ་ཞིག་ཉེ་བར་བསགས་པས་ཡིན་ལ་གཞན་གྱིས་མ་ཡིན་ཞེ་ན། རང་གིས་ཏེ་རང་གིས་བདག་ཉིད་ཀྱིས་ཡིན་ལ། བདག་རང་ཉིད་ཀྱིས་ཉེ་བར་བསགས་པས་ཡིན་ནོ་ཞེས་པའི་དོན་ཏོ། །ཅི་སྤྲུལ་པ་ལ་སོགས་པ་བསྟན་པས་ཡིན་ ནམ། གཞན་གྱིས་ཡིན་ཞེ་ན། བསོད་ནམས་སྤྲིན་ལས་ལེགས་བྱུང་བས། །ཞེས་ཏེ། བསོད་ནམས་ཉིད་སྤྲིན་ཡིན་ཏེ། སྡུག་བསྔལ་གྱིས་གདུང་བ་ཐམས་ཅད་ཀྱིས་ཉེན་པ། ཞི་བ་བདེ་བའི་ཡོ་བྱད་བསིལ་བའི་ཆར་པ་སྦྱིན་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་རྣམས་ལས་ལེགས་པར་བྱུང་བ་ནི་ངེས་པར་
Page: 493 འབྱུང་བ་སྟེ་དེ་རྣམས་ཀྱིས་སོ། །དེ་ལྟར་མངོན་པར་མཐོ་བ་ཕུན་སུམ་ཚོགས་པར་གཞན་རྣམས་ཀྱིས་སེམས་བྱས་ནས། ངེས་པར་ལེགས་པ་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། ནམ་ཞིག་དམིགས་པ་ཞེས་པ་ལ་སོགས་པ་གསུངས་ཏེ། ནམ་ཞིག་ཅེས་པ་ནི་དུས་ནམ་ཞིག་ནའོ། །དམིགས་པའི་ ལྟ་བ་ཅན་རྣམས་དངོས་པོ་ལ་འཛིན་པའི་མངོན་པར་ཞེན་པ་ཅན་རྣམས་ལ་བསྟན་པར་བྱ་སྟེ། རབ་ཏུ་བསྟན་པར་བྱའོ། །སྟོང་པ་ཉིད་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དོ། །ཇི་ལྟར་ཞེ་ན། ཀུན་རྫོབ་ཀྱི་ཐ་སྙད་ཀྱིས་ཡིན་ཏེ། གཞན་དུ་ན་རྣམ་པར་རྟོག་པའི་ཡུལ་དུ་གྱུར་པས་དོན་དམ་པར་སྟོང་པའི་སྟོང་པ་ ཉིད་བསྟན་པར་མི་ནུས་པའི་ཕྱིར་རོ། །དེ་ལྟར་ངེས་པར་ལེགས་པའི་རྒྱུ་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུ་མཚན་ཉེ་བར་བསྟན་ནས། དེའི་རྒྱུ་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་ཉེ་བར་བསྟན་པའི་ཕྱིར། བསོད་ནམས་ཞེས་པ་ལ་སོགས་པ་གསུངས་ཏེ། བསོད་ནམས་ནི་སྦྱིན་པ་ལ་སོགས་པ་ཡིན་ལ། ཚོགས་པ་ནི་ ཕུང་པོ་ཡིན་ནོ། །དེ་ནམ་ཞིག་དམིགས་པའི་ལྟ་བ་ཅན་རྣམས་ལ་སྟོན་པར་འགྱུར་ཞེས་པ་དང་འབྲེལ་ཏོ། །གུས་པར་ཞེས་པ་ནི་གུས་པ་ཆེན་པོས་ཏེ། བཀུར་སྟིས་ཡིན་གྱིས་ཇི་ལྟར་ཡང་རུང་བས་ནི་མ་ཡིན་ནོ། །རྣམ་པ་གང་ཞིག་གིས་ཤེ་ན། དམིགས་པ་མེད་པའི་ཚུལ་གྱིས་ཏེ། སྦྱིན་པ་དང་། གཏོང་བ་པོ་དང་། ལེན་པ་པོ་ལ་སོགས་པ་མི་དམིགས་པ་ལ་སོགས་པའི་སྦྱོར་བས་ཏེ། འཁོར་གསུམ་ཡོངས་སུ་དག་པས་ཞེས་པའི་ཐ་ཚིག་གོ། །དེ་ལྟར་བསོད་ནམས་ཀྱི་ཚོགས་ཉེ་བར་བསགས་པས་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། །དེ་ཉིད་ནི་ འདི་དག་ཐམས་ཅད་ཀྱིས་ཉོན་མོངས་པ་མ་ལུས་པའི་རྒྱུ་སྒྲོ་འདོགས་པ་མཐའ་དག་གི་གཉེན་པོ་ཉིད་ཀྱིས་སྒྲིབ་པ་ཐམས་ཅད་སྤོང་བའི་ཐབས་ཡིན་པའི་ཕྱིར་དང་། དེ་བཞིན་གཤེགས་པའི་མ་ལུས་པ་ཐོབ་པའི་རྒྱུ་ཉིད་ཡིན་པའི་ཕྱིར། སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་ ཐབས་སུ་གྱུར་པ་ཤེས་རབ་སྐྱེ་བར་འགྱུར་ཞེས་བསྟན་པར་འགྱུར་རོ། །གང་རྣམས་ཀྱིས་ནི་ཟབ་མོའི་ཚུལ་རྟོགས་ཤེས་རབ་སྒྲིན་པོས་འཁྲུལ་པ་རབ་སྤངས་པ། །ཀུན་ནས་ཉོན་མོངས་རྣམ་བྱང་ཕྱོགས་ལ་དྲི་མེད་མཁྱེན་པ་མཐོ་བའི་དཔའ་བོ་རྣམས། །མཁས་ལ་དེ་
Page: 494 ༄༅། །རྣམས་ཀྱིས་ནི་ཡོན་ཏན་སྐྱོན་ནི་འདྲེས་ལས་དེ་ཡིས་སྙིང་པོ་བླང་། །གལ་ཏེ་ཉེས་པ་བརྗོད་ན་དྲི་མ་ཐམས་ཅད་དུག་བཞིན་དུ་ནི་དོར་བར་བྱ། །བདག་གིས་འདིར་ནི་རིགས་པ་མ་ཡིན་བརྗོད་པ་དང་། །བདག་གིས་འཁྲུལ་པ་དེ་ཉིད་མཆོག་ཏུ་སྐྱེས་གྱུར་པ། ། འདིར་ནི་བདག་གིས་བློ་གྲོས་མཁས་པ་རྣམས་ཀྱིས་ནི། །རང་གིར་བྱས་ཏེ་དེ་ལྟར་གཟུང་བར་བྱ་མིན་ནམ། །ཀུན་རྫོབ་གང་ཞིག་བརྒྱ་ལ་ཡིད་ཀྱིས་སྤྱོད་ཡུལ་དུ་ནི་གྱུར་པ་ཡི། །དེ་འདྲའི་དོན་ལ་བདག་འདྲའི་བློ་གྲོས་གང་གིས་མི་འཁྲུལ་ཡིན། །དེ་ཕྱིར་ལེགས་གསུངས་དོན་ནི་ངེས་ པ་དང་ལྡན་དབུ་མའི་ལུགས་བསྟེན་པ། །འདིར་ནི་ཡོན་ཏན་ཕྲ་བ་ཅུང་ཟད་མཐོང་བླང་བྱ་ཡིས་གློ་བུར་འགྱུར། །ཡང་དག་ཤེས་པ་མི་མཐུན་ཕྱོགས་ཀྱི་ལྟ་བ་སྡུག་པའི་རྨོངས་པ་ཞི་བར་བྱ་ཆེད་དུ། །ཤེས་རབ་ཀྱིས་ནི་གསལ་བར་རྣམ་པར་བཤད་པའི་ཚིག་གི་འགྲེལ་པ་ བྱས་པ་ཡིས། །བདག་གིས་བསོད་ནམས་གང་ཞིག་ཉེར་བསགས་ཕན་པའི་འབྲས་བུ་དེ་ཡིས་མྱུར་བར་སྐྱེ་བོ་ཀུན། །འཇམ་དཔལ་བཞིན་དུ་ཡོན་ཏན་དམ་པ་གཅིག་གིས་གནས་ལ་ཤེས་རབ་འབྱུང་གནས་སྐྱེ་བར་ཤོག །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ འཇུག་པ་ལས་ཤེས་རབ་ཀྱི་ལེའུའི་རྒྱ་ཆེར་བཤད་པ། དགེ་སློང་མཁས་པ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ་རྫོགས་སོ།། །།བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་བཤད་ལས་ལེའུ་དང་པོ་གཉིས་དང་། བརྩོན་འགྲུས་བསམ་གཏན་ཤེས་རབ་ཀྱི་ཊཱི་ཀ་མཁས་པ་ཆེན་པོ་སུ་མ་ཏི་ཀཱིརྟི་དང་། ལོ་ཙཱ་བ་དར་མ་གྲགས་ཀྱིས་བསྒྱུར་བའོ། །དབུ་རུ་བྱང་ངོས་སྐྱུང་ཀ་མཁར་གྲགས་སུ། །མཁས་པ་ཆེན་པོ་བློ་གྲོས་བཟང་གྲགས་པ། །ལྡོང་སྟོང་ མཆོད་གནས་རྒྱ་སྒོམ་མཆེད་གྲོགས་ཀྱིས། །གསོལ་བཏབ་དགེ་སློང་དར་མ་གྲགས་ཀྱིས་བསྒྱུར།། །།