Jump to content

དུར་ཁྲོད་བརྒྱད་ཅེས་བྱ་བ

From Wikisource
དུར་ཁྲོད་བརྒྱད་ཅེས་བྱ་བ། (1737–1744)
by མི་གསལ།, translated by ཞུ་ཆེན་ཚུལ་ཁྲིམས་རིན་ཆེན།
མི་གསལ།412921དུར་ཁྲོད་བརྒྱད་ཅེས་བྱ་བ།1737-1744ཞུ་ཆེན་ཚུལ་ཁྲིམས་རིན་ཆེན།


སྡེ་དགེ་བསྟན་འགྱུར། རྒྱུད་འགྲེལ། ཇ༽

[ 1 ] ༄༅༅། །རྒྱ་གར་སྐད་དུ། ཨཥྚཥྨ་ཤཱ་ན་ནཱ་མ། བོད་སྐད་དུ། དུར་ཁྲོད་བརྒྱད་ཅེས་བྱ་བ། ཀྱེའི་ རྡོ་རྗེ་ལ་ཕྱག་འཚལ་ལོ། །ཞིང་བརྒྱད་ལ་སོགས་པ་རྣམས་འཇིག་རྟེན་སྐྱོང་བ་བརྒྱད་པོ་དང་། ཀླུའི་རྒྱལ་པོ་རིགས་བརྒྱད་དང་། ཞིང་གི་བདག་པོའི་ལྷ་དང་། ཤིང་དང་། ཆར་སྤྲིན་རིམ་པ་ཇི་ལྟ་བ་བཞིན་བལྟ་བར་བྱའོ། །དང་པོར་རེ་ཞིག་ཤར་དུ་ནཱ་ག་པུཥྤའི་ཤིང་དང་། ཨཊྚ་ཧ་ས་དང་། དབང་པོ་དང་། ཀླུའི་རྒྱལ་པོ་པདྨ་ཆེན་པོ་དང་། ཆར་སྤྲིན་གྷོ་ར་ཞེས་བྱ་བ་གུར་གུམ་གྱི་མདོག་ལྟ་བུའོ། །ལྷོ་རུ་ཨ་མྲའི་ཤིང་དང་། ཙ་རི་ཏྲ་དང་། གཤིན་རྗེ་དང་། ཀླུའི་རྒྱལ་པོ་རིགས་ལྡན་དང་། ཆར་སྤྲིན་ཙཎྜ་ཞེས་བྱ་བ་སྔོན་པོའོ། ། ནུབ་ཏུ་ཤིང་ཨ་ཤྭཏྛ་དང་། ཀོ་ལ་གི་རི་དང་། ཆུ་བདག་དང་། ཀླུའི་རྒྱལ་པོ་སྟོབས་ཀྱི་རྒྱུ་དང་། ཆར་སྤྲིན་གྷ་ན་ཞེས་བྱ་བ་མདོག་དཀར་པོའོ། །བྱང་དུ་ཤིང་པུནྣཱ་ག་ར་དང་། ཛ་ཡཎྚི་དང་། ལུས་ངན་པོ་དང་། ཀླུའི་རྒྱལ་པོ་དུང་སྐྱོང་དང་། ཆར་སྤྲིན་ཨ་པ་རྟོ་ཞེས་བྱ་བ་ ཁ་དོག་སེར་པོའོ། །དབང་ལྡན་དུ་ཤིང་ནྱ་གྲོ་ངྷ་དང་། ཨུཛྫ་ཡ་ནི་དང་། དྲག་པོ་དང་། ཀླུའི་རྒྱལ་པོ་འཇོག་པོ་དང་། ཆར་སྤྲིན་གརྫི་ཏ་ཞེས་བྱ་བ་ཁ་དོག་ནག་པོའོ། །མེ་རུ་ཤིང་ཀ་རཉྫ་དང་། པྲ་ཡཱ་ག་དང་། མེ་དང་། ཀླུའི་རྒྱལ་པོ་པདྨ་ཞེས་བྱ་བ་དང་། ཆར་ སྤྲིན་གྷརྨི་ཏ་ཞེས་བྱ་བ་ཁ་དོག་སྣ་ཚོགས་སོ། །བདེན་བྲལ་དུ་ལ་ཏ་ཛ་ཏའི་ཤིང་དང་། རྣ་འཆུས་ས་མ་དང་། སྲིན་པོ་དང་། ཀླུའི་རྒྱལ་པོ་མཐའ་ཡས་དང་། ཆར་སྤྲིན་འབབ་པ་ཞེས་བྱ་བ་ནག་པོའོ། །རླུང་དུ་ཤིང་ཨུ་དུམྺཱ་ར་དང་། ལྷ་མོའི་མཁར་དང་། རླུང་ [ 2 ] དང་། །ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་དང་། ཆར་སྤྲིན་པུ་རཱ་ཎ་ཞེས་བྱ་བ་དཀར་ནག་གི་མདོག་གོ་ཞེས་བྱ་བ་ལ་སོགས་པའི་ཞིང་རིམ་པ་ཇི་ལྟ་བས་ཤེས་པར་བྱའོ།། །།རྒྱ་གར་གྱི་མཁན་པོ་རཏྣ་ཤྲཱི་མི་ཏྲ་དང་། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་ བསྒྱུར་བའོ།།

This work was published before January 1, 1930, and is in the public domain worldwide because the author died at least 100 years ago.