Jump to content

གསང་སྔགས་ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ་ཤེས་རབ་སྙིང་རྗེའི་འབར་བའི་སྤྲིན་ཕུང་བཞུགས་

From Wikisource

Page no: 1གསང་སྔགས་ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ་ཤེས་རབ་སྙིང་རྗེའི་འབར་བའི་སྤྲིན་ཕུང་བཞུགས་སོ།

མཆོད་བརྗོད

[edit]

Page no: 2རབ་འབྱམས་གསང་ཆེན་ཞི་ཁྲོའི་ཁྱབ་བདག་ཆེ། དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ་བཏུད་ནས།

རྩོམ་པ་དམ་བཅའ་བ།

[edit]

མི་ཤིགས་གཞོམ་མེད་ནཱ་དའི་སྒྲ་དབྱངས་ཆེ། སྒྲ་ཡི་གཟུགས་ཤར་ཡིག་བརྒྱའི་རྣམ་བཤད་འབྲི།

གཞུང་དོན།

[edit]

ཨཱོྃ་བཛྲ་སཏྭ་ས་མ་ཡ་ནི། ཨཱོྃ་ནི་རབ་བསྔགས་ཏེ་ཐུན་མོང་ལྟར་ན་རྒྱུད་རྡོ་རྗེ་རྩེ་མོ་ལས། ཨཱོྃ་ནི་ཅི་ཞིག་ཡིན་པར་བརྗོད། མཆོག་དང་ནོར་གཏེར་དཔལ་དང་གཡང་། སྐལ་པ་བཟང་པོ་རྣམས་དང་ལྡན། དམ་བཅའ་བ་དང་བཀྲ་ཤིས་དོན། ནོར་བུ་ འཛིན་པའི་སྔགས་སུ་བརྗོད། ཞེས་གསུངས་པ་བཞིན་ནོ། ཐུན་མོང་མིན་པ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོ་གཞོམ་མེད་ཡི་གེའི་ རྣམ་པར་ཤར་བ་སྐུ་ལྔའམ་སྐུ་གསུམ་སྐབས་འདིར་གཙོ་བོ་མཚོན་པའོ། བཛྲ་ནི་རྡོ་རྗེ། སཏྭ་ནི་སེམས་དཔའ། ས་མ་ཡ་ནི་དམ་ཚིག་སྟེ། དེ་བསྡོམས་ན།

Page no: 3རྡོ་རྗེ་སེམས་དཔའི་དམ་ཚིག་ནི། ཞེས་པ་སྟེ། དེའང་བཛྲ་ནི་ཤེས་རབ་སྟོང་པ་ཉིད་ཀྱི་རང་བཞིན་སྟོང་པ་ཉིད་བཅུ་དྲུག་གམ་བཅོ་བརྒྱད་ཀྱི་ངོ་བོ་འདུས་མ་བྱས་ཀ་དག་ཁྲེགས་ གཅོད་ཟང་ཐལ་ནི་གང་གིས་ཀྱང་མི་ཕྱེད་པའི་དོན་ཏོ། སཏྭ་ནི་སེམས་དཔའ་སྟེ་ཐབས་སྙིང་རྗེ་ཆེན་པོའི་དོན་ཏེ། བསྐལ་མང་གི་མཐའ་དང་། འགྲོ་མང་གི་ཡུན་དང་། བྱ་དཀའ་བའི་གནས་ལ་སེམས་ སྟོབས་དཔའ་མི་ཞུམ་བདག་ཉིད་དོ། དེའང་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། ཞེས་གསུངས་པ་ལྟར་རོ། དེ་ལྟར་སྟོང་པ་ཉིད་དང་ སྙིང་རྗེ་དབྱེར་མི་ཕྱེད་ཅིང་ཟུང་དུ་འཇུག་པའི་རོ་མཉམ་བདེ་བ་ཆེན་པོ་རིག་སྟོང་ཟུང་འཇུག་གི་ཡེ་ཤེས་ནི་ཕྱོགས་དུས་རྒྱལ་བ་ཀུན་གྱི་ཐུགས་རྡོ་རྗེའང་ཡིན་ལ། དེ་ཉིད་རིགས་དང་དཀྱིལ་འཁོར་ཀུན་གྱི་ ཁྱབ་བདག་ཡིན་པའི་ཕྱིར་རྡོ་རྗེ་སེམས་དཔའ་ཞེས་བྱའོ། དེའང་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས། རྡོ་རྗེ་སེམས་དཔའ་ཇི་ལྟ་བུ་ཞེ་ན། ཁྱབ་བདག་ཅེས་སྨོས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་

Page no: 4ཀྱི་བདག་པོ་ཡིན་པའི་ཕྱིར་རོ། རྡོ་རྗེ་སེམས་དཔའ་བཤད་པར་བྱ་སྟེ། སྤོང་བ་ལྔ་དང་ཡེ་ཤེས་ལྔ། རྡོ་རྗེ་ཞེས་ནི་མངོན་པར་བརྗོད། དེའང་རྣམ་པར་ཤེས་པ་ལྔ་པོ་སྤོང་བར་བྱེད། དེའང་སྐུ་གསུང་ ཐུགས་ཀྱི་དམ་ཚིག་གསུམ་སྟེ། སྐུའི་ལུས་ལྷའི་སྐུར་བསྒོམ་ཞིང་ལུས་ཀྱི་མི་དགེ་བ་སྲོག་གཅོད་མ་བྱིན་ལེན་མི་ཚངས་སྤྱོད་པ་གསུམ་སྤོང་། གསུང་གི་དམ་ཚིག་ངག་སྔགས་བཟླ་ཞིང་ངག་གི་མི་དགེ་བ་ རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་བཞི་སྤོང་། ཐུགས་ཀྱི་དམ་ཚིག་ཡིད་ཏིང་ངེ་འཛིན་བསྒོམ་ཞིང་ཡིད་ཀྱི་མི་དགེ་བ་བརྣབས་སེམས་གནོད་སེམས་ལོག་པར་ལྟ་བ་དང་བཅས་པ་སྤོང་བའོ། ཡེ་ཤེས་ལྔའི་ངོ་ བོ་ཉིད་སྟོང་པ་འོད་གསལ་བ་ནི་རྡོ་རྗེར་བཤད་དོ། དེ་ཉིད་སེམས་དཔའ་སྟེ་ངོ་བོ་ཉིད་གང་ལ་ཡོད་པ་ནི་རྡོ་རྗེ་སེམས་དཔའ་འོ། ཞེས་སོགས་གསུངས་པ་ལྟར་རོ། ས་མ་ཡ་ནི་དམ་ཚིག་སྟེ། དེ་ལ་དམ་ ཚིག་ངོ་བོ་ནི། སྔགས་ལ་ཞུགས་པའི་བརྟུལ་ཞུགས་བཟང་པོ་མི་ཉམས་པར་བསྲུང་གི་ལྷག་བསམ་ཅན་ནོ་ཞེས་ཀུན་མཁྱེན་ཀློང་ཆེན་གསུང་། ཀུན་མཁྱེན་རོང་ཟོམ་གྱིས། དམ་ཚིག་སྒྲ་དོན་དུ་མ་ལ་

Page no: 5འཇུག་མེད་ཀྱི། ཚིག་གཟུགས་པོར་འཇུག་པ་ནི། གཞུང་ལུགས་མཐུན་པར་བདེན་པའི་དམོད་བཙུགས་ཏེ། མི་ནུས་པ་ལ་སོགས་པ་མི་གནང་ཞིང་འདའ་བར་མི་རུང་བའི་ བཀའི་མཚན་ཉིད་ཅེས་གསུངས། སྤྱིར་ཐེག་པ་རིམ་དགུས་བསྡུས་པའི་སྤྱི་དང་ཁྱད་པ་དང་ལྷག་པའི་དམ་ཚིག་ཤིན་ཏུ་མང་པོ་དེ་རྣམས་བསྡུས་ན་སོར་བྱང་སྔགས་གསུམ་གྱི་སྡོམ་པ་དང་དམ་ཚིག་མ་ལུས་ པ་ལ་འདུས། དེའང་མདོར་བསྡུས་ན། སྐབས་འདིར་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་གསང་བ་ཟབ་མོའི་གནས་སྐབས་ཀྱི་དུས་དེ་ལས་མི་འདའ་བའི་ཡེ་སྲུང་རྒྱལ་པོའི་དམ་ཚིག་སྲུང་མཚམས་ རྣམ་རྟོག་ལས་འདས་པའི་དམ་ཚིག་ཆེན་པོ་བཟུང་དགོས་པའི་དོན་ཏོ། དེའང་མངའ་རིས་པཎྜི་ཏ་པདྨ་དབང་རྒྱལ་གྱིས། མདོར་ན་རང་ལུས་རྡོ་རྗེ་གསུམ་ཤེས་ན། སྔགས་ཀྱི་དམ་ཚིག་ས་ཡ་འབུམ་སྟེ་ འདུས། ཞེས་གསུངས་པ་ལྟར་རོ། མ་ནུ་པཱ་ལ་ཡ་ནི། མ་ནུ་ནི་རྗེས་སུ། པཱ་ལ་ཡ་ནི་སྐྱོང་བ། དེ་བསྡོམས་ན། བདག་ལ་རྗེས་སུ་སྐྱོང་མཛོད་ཀྱེ། ཞེས་པའི་དོན་ནི། ཚེ་གཅིག་མི་སློབ་ཟུང་

Page no: 6འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་ལ་དམ་ཚིག་སྤྱིར་མི་དགེ་བ་བཅུ་སྤོང་བ་དང་། བྱེ་བྲག་སོར་བྱང་སྔགས་གསུམ་གྱི་དམ་སྡོམ་བསྲུང་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་ལ། མ་བསྲུང་ན་ངན་ སོང་དང་མནར་མེད་དུ་སྐྱེ་བར་འགྱུར་བས་ཕུང་འཚེངས་ཤིན་ཏུ་ཆེ་བས་ན། བདག་སོགས་རྡོ་རྗེ་ཐེག་པའི་ཐབས་དང་ཤེས་རབ་ཟུང་འཇུག་གི་ལམ་ཟབ་མོའི་རྗེས་སུ་འཇུག་པ་ལ་སྐུ་གསུང་ཐུགས་གསང་བ་ ཟབ་མོའི་ཕྱག་རྒྱ་ལས་ནམ་ཡང་མི་འདའ་བའི་ཡེ་ཤེས་རྡོ་རྗེས་སྐྱོངས་ཤིག་ཅེས་པའོ། བཛྲ་སཏྭ་ཏྭེ་ནོ་པ་ནི། བཛྲ་ནི་རྡོ་རྗེ། སཏྭ་ནི་སེམས་དཔའ། ཏྭེ་ནོ་པ་ནི་ཁྱེད་ཀྱིས་ཉེ་བར་ཞེས་པ་སྟེ། ཏ་བ་ཁྱེད་ ཀྱི་སྐད་དོད་ལ་བརྩེགས་པ་ན་ཏྭ། དབྱངས་ཨེ་དང་སྦྱར་བས་ཏྭེ་ན། ཨུ་པ་ཉེ་བའི་སྐད་དོད་ལ་སྔ་མའི་ཨ་དང་ཕ་རོལ་གྱི་ཨུ་ལས་ཨ་ཨུ་ཨོའོ་ཞེས་པས་ཨོ་ལ་དྲངས་པས་ནོ་སྟེ། དེས་ན་ཏྭེ་ནོ་པ་ཁྱེད་ཀྱིས་ ཉེ་བར་ཞེས་བྱའོ། དེ་བསྡོམས་ན། རྡོ་རྗེ་སེམས་དཔའ་ཁྱེད་ཉེ་བར། ཞེས་དང་། ཡང་། ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ་ནི། ཏིཥྛ་ནི་བཞུགས་པ། དྲྀ་ཌྷོ་ནི་བརྟན་པར། མེ་ནི་བདག །བྷ་ཝ་ནི་མཛོད་ཅིག །

Page no: 7ཅེས་པ་སྟེ་དེ་བསྡོམས་ན། བརྟན་པར་བདག་ལ་བཞུགས་པར་མཛོད། ཅེས་པའི་སྔགས་ཚིག་གཉིས་ཀ་དེའི་དོན་ནི། བསྐྱེད་རིམ་ལྟར་ན་སྐྱབས་འགྲོ་དང་བྱང་ཆུབ་སེམས་ བསྐྱེད་སྔོན་དུ་འགྲོ་བས་ཏིང་འཛིན་རྣམ་གསུམ་ངང་ནས་རང་ཉིད་བདག་དམ་ཚིག་སེམས་དཔའ་རྡོ་རྗེ་སེམས་དཔའ་བསྒོམ། དེ་ནས་འོག་མིན་ཞིང་ནས་ལྷ་ཡེ་ཤེས་སེམས་དཔའ་རྡོར་སེམས་སྤྱན་དྲངས་ ནས་རང་ལ་དམ་ཡེ་དབྱེར་མེད་ཕྱག་རྒྱས་བཅིངས་ཏེ་ཏིང་འཛིན་སེམས་དཔའི་ཐུགས་ཀར་ཟླ་སྟེང་ཧཱུྂ་ཡིག་དང་སྔགས་ཕྲེང་སྤྲོ་བསྡུ་ལས་བཞིས་རང་གཞན་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་ཉེས་ལྟུང་སྒྲིབ་ གཉིས་ཀྱིས་བསྡུས་པ་རྣམས་སྦྱངས་ནས་ཁམས་གསུམ་སྣོད་བཅུད་ཐམས་ཅད་འོག་མིན་ཞིང་དང་། རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད་ཡིན་པར་དམིགས་པ་གཏད་ལ་སེམས་བཟུང་བ་ནི། རྡོ་རྗེ་སེམས་དཔའ་ཁྱེད་ཉེ་བར། བརྟན་པར་བདག་ལ་བཞུགས་པར་མཛོད། ཅེས་པའི་དོན་ཏེ། རྫོགས་རིམ་མཚན་བཅས་ལྟར་ན། རྡོ་རྗེ་ཕུང་པོའི་ལུས་ཀྱི་གྲོང་ཁྱེར་ན་གནས་པ་རྩ་དང་། གཡོ་བ་

Page no: 8རླུང་དང་། བཀོད་པ་བྱང་ཆུབ་སེམས་ཐིག་ལེ་གནད་དུ་བསྣུན་པ་ལ་བརྟེན་ནས་བདེ་སྟོང་ཕྱག་རྒྱ་ཆེན་པོའི་བདེ་གསལ་མི་རྟོག་པའི་ཡེ་ཤེས་མངོན་སུམ་ལམ་དུ་བྱེད་ནས་བརྟན་གཡོ་སྣང་སྲིད་འཁོར་འདས་ ཀྱི་ཆོས་རྣམས་བདེ་སྟོང་ཡེ་ཤེས་ཕྱག་རྒྱ་ཆེན་པོའི་ཀློང་ལས་མི་འདའ་བར་རྒྱས་འདེབས་པ་ནི། རྡོ་རྗེ་སེམས་དཔའ་ཁྱེད་ཉེ་བར། བརྟན་པར་བདག་ལ་བཞུགས་པར་མཛོད། ཅེས་པའོ། ཡང་རྫོགས་ རིམ་མཚན་མེད་རྫོགས་ཆེན་ལྟར་ན། དེའང་རྫོགས་ཆེན་རྒྱུད་ལས། རིག་པ་མི་འགྱུར་རྡོ་རྗེའི་ངང་། སེམས་ཅན་སྒྲོལ་ལ་ཆེས་དཔའ་བ། ཐམས་ཅད་མཉམ་པ་ཉིད་རྟོགས་པས། རྡོ་རྗེ་སེམས་དཔའ་ མངོན་དུ་འགྱུར། ཞེས་པ་ལྟར་ཀ་དག་ཁྲེགས་གཅོད་དང་ལྷུན་གྲུབ་ཐོད་རྒལ་གྱི་ལམ་མཆོག་རྨད་དུ་བྱུང་བ་ཐབས་ཤེས་དབྱེར་མེད་རང་གི་རིག་པ་རིག་སྟོང་དོན་གྱི་རྡོ་རྗེ་སེམས་དཔའ་དེ་ཉིད་ནི་སྔོན་ཆད་ ཚེ་རབས་ཐོག་མེད་ནས་ད་ལྟའི་བར་རང་ངོ་མ་ཤེས་པས་ནོར་ལ། ད་ནི་བླ་མའི་བཀའ་དྲིན་གྱིས་རང་རིག་རྡོ་རྗེ་སེམས་དཔའ་དེ་ངོ་རང་ཐོག་ཏུ་འཕྲོད། ཐག་གཅིག་ཐོག་ཏུ་བཅད། གདིང་གྲོལ་ཐོག་ཏུ་

Page no: 9བཅའ་བའི་རང་རིག་བཞི་ཆ་སུམ་བྲལ་ཟང་ཐལ་འདུས་མ་བྱས་པའི་ངང་དུ་འཇོག་པ། སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། ཞེས་གསུངས་པ་ལྟ་བུའི་ཚུལ་ གྱིས་མངོན་སུམ་དུ་གྱུར་པ་ལ། རྡོ་རྗེ་སེམས་དཔའ་ཁྱེད་ཉེ་བར། བརྟན་པར་བདག་ལ་བཞུགས་པར་མཛོད། ཅེས་ཉེ་བར་བརྟན་པར་དེ་ལས་མི་གཡོ་བར་གནས་དགོས་པའི་དོན་ཏོ། སུ་ཏོ་ཥྱོ་མེ་བྷ་ ཝ་ནི། སུ་ནི་ལེགས་པར། ཏོ་ཥྱོ་ནི་ཚིམ་པར། མེ་ནི་བདག། བྷ་ཝ་ནི་མཛོད་ཅིག། དེ་བསྡོམས་ན། ལེགས་པར་ཚིམ་པར་བདག་མཛོད་ཅིག། ཅེས་པའོ། དེའི་དོན་ནི། ཆོས་བཞི་བསྟན་ པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། བཞི་གང་ཞེ་ན། འདི་སྟ་སྟེ། རྣམ་པར་སུན་འབྱིན་ པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། སོར་ཆུད་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། ཞེས་གསུངས་པ་ལྟར། སྟོབས་བཞི་ཚང་བའི་སྒོ་ནས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྤྱི་བོར་བསྒོམ་

Page no: 10ནས་བདུད་རྩི་འབེབས་སྦྱོང་གིས་རང་གི་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་ཐམས་ཅད་སྐད་ཅིག་གིས་བྱང་ནས་གནས་སྐབས་འགྱུར་བཅས་ཀྱི་ཚོར་བདེ་ཙམ་མ་ཡིན་པར་འཕོ་འགྱུར་སྤྲོས་པ་དང་བྲལ་བའི་ བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་དགའ་བ་བཞིའམ་བཅུ་དྲུག་གི་ངོ་བོ་དབབ་བཟུང་ལྡོག་དཀྲམ་གྱིས་ཆགས་བྲལ་བདེ་བ་ཆེན་པོའི་རོས་ཚིམ་པར་མཛོད་ཅིག་ཅེས་པའོ། སུ་པོ་ཥྱོ་མེ་བྷ་ཝ་ ནི། སུ་ནི་ལེགས་པར། པོ་ཥྱོ་ནི་རྒྱས་པར། མེ་ནི་བདག། བྷ་ཝ་ནི་མཛོད་ཅིག། དེ་བསྡོམས་ན། ལེགས་པར་རྒྱས་པར་བདག་མཛོད་ཅིག། ཅེས་པའི་དོན་ནི། སྟོན་པ་མཚུངས་པ་མེད་པའི་ གསུང་གི་བདུད་རྩིའི་སྙིང་པོ་ཉན་རང་དགྲ་བཅོམ་རྣམས་ཆོས་དང་གང་ཟག་གི་བདག་མེད་ཕྱེད་གཉིས་སྤངས་དང་རྟོགས་པའི་ཤེས་རབ་དང་། བྱང་ཆུབ་སེམས་བདག་མེད་གཉིས་རྟོགས་ཀྱི་ཤེས་རབ་སྟོང་ ཉིད་སྙིང་རྗེའི་སྙིང་པོ་ཅན་དང་། གསང་སྔགས་ཕྱི་རྒྱུད་པ་རྣམས་ཀྱི་དོན་དམ་མཚན་མ་མེད་པའི་དབྱིངས་ལས་ཀུན་རྫོབ་རིགས་གསུམ་རྡོ་རྗེ་འཛིན་པའི་སྤངས་རྟོགས་དང་། ནང་རྒྱུད་བསྐྱེད་པ་མ་ཧཱ་ཡོ་

Page no: 11གའི་དག་མཉམ་བདེན་པ་དབྱེར་མེད་རྟོགས་པའི་ལྟ་སྒོམ་སྤྱོད་འབྲས་དང་། ལུང་ཆེན་ཨ་ནུ་ཡོ་གའི་ནང་རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེ་དཀྱིལ་འཁོར་གསུམ་གྱི་བྱང་ཆུབ་པའི་ ལྟ་སྒོམ་སྤྱོད་འབྲས་དང་། རྫོགས་ཆེན་ཨ་ཏི་ཡོ་གའི་རང་རིག་གདོད་ནས་སྐུ་གསུམ་ངོ་བོར་རྟོགས་པའི་རིག་སྟོང་ཟུང་འཇུག་ཐིག་ལེ་ཉག་གཅིག་རང་རིག་རྡོ་རྗེ་སེམས་དཔའི་ཀློང་དུ་ལ་བཟླ་བའི་མན་ ངག། སྔོན་འགྲོ་འཁོར་འདས་རུ་ཤན་ཕྱེས། ལུས་ངག་ཡིད་གསུམ་སྦྱོང་སྟེ་སོར་གཞུག་དང་རྣལ་དུ་དབབ། དངོས་གཞི་ཀ་དག་ཁྲེགས་གཅོད་དང་། ལྷུན་གྲུབ་ཐོད་རྒལ་གྱི་ལམ་མཆོག་བསྒོམ་ནས་ ཚེ་གཅིག་ལུས་གཅིག་རང་རིག་གདོད་མའི་རྒྱལ་སར་འགོད་པའི་འོད་གསལ་སྣང་བཞིའི་ལམ་མཆོག་མཐར་ཕྱིན་ཏེ་ལེགས་པར་རྒྱས་པར་བདག་མཛོད་ཅིག་ཅེས་པའོ། ཨ་ནུ་རཀྟོ་མེ་བྷ་ཝ་ནི། ཨ་ནུ་ནི་ རྗེས་སུ། རཀྟོ་ནི་ཆགས་པར། མེ་ནི་བདག། བྷ་ཝ་ནི་མཛོད་ཅིག། དེ་བསྡོམས་ན། བདག་ལ་རྗེས་སུ་ཆགས་པར་མཛོད། ཅེས་པའི་དོན་ནི། དྲི་མེད་བཤགས་རྒྱུད་ལས། ཐུགས་རྗེ་ཆེན་པོ་

Page no: 12བཅོམ་ལྡན་རྡོ་རྗེ་སེམས། སོགས་ནས། བྱམས་མགོན་ཐུགས་རྗེའི་ལྷ་ཁྱེད་དགོངས་སུ་གསོལ། བདག་ནི་ཐོག་མ་མེད་པའི་དུས་མཐའ་ནས། ལམ་ལོག་ལམ་སྟོར་སྲིད་པའི་འཁོར་བར་འཁྱམས། ཞེས་སོགས་གསུངས་པ་ལྟར་ནས་བཟུང་མཐར། དཔའ་བོ་ཁྱོད་ལ་ཐུགས་རྗེའི་སྟོབས་མངའ་ཞིང་། སྔོན་འབྱུང་འབྲེལ་བའི་ལས་ཀྱི་འཕྲོ་བཙན་ན། ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར། སྙིང་ ནས་ད་གཟིགས་ཐུགས་རྗེ་རྒྱལ་བའི་ལྷ། ཞེས་གསུངས་པ་ལྟར་ཀུན་རྫོབ་ཏུ་སྙིང་ནས་མོས་གུས་སྐྱོ་ཤས་དད་པ་ཚད་མེད་པའི་སྒོ་ནས་ཐུགས་རྗེ་ཆེན་པོས་སྐྱོབ་པར་བསྐུལ་བ་དང་། དོན་དམ་པར་ནི་ཐ་ མལ་པའི་འཁོར་གསུམ་རྟོག་པའི་ཆགས་པའི་དྲི་མ་སྤངས་པའི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཡེ་ཤེས་ཆོས་ཀྱི་སྐུ་ནམ་མཁའ་དང་དབྱེར་མེད་རོར་རོ་གཅིག་པར་ངང་དུ་སེམས་འཇོག་པ་ལ་བྱ་སྟེ། སྒྱུ་འཕྲུལ་ལས། ཆགས་བྲལ་ལ་སོགས་ཆགས་པ་ཆེ། ཞེས་གསུངས་པ་ལྟར་སྤྲུལ་སྐུ་ཆགས་བྲལ་གྱི་ཚུལ་མིན་པ་རྡོ་རྗེ་ཆགས་པ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་ཕུན་སུམ་ཚོགས་ངེས་པ་ལྔ་ལྡན་གྱི་

Page no: 13སྒོ་ནས་ཆགས་པ་ཅན་གྱི་རྣམ་པར་བཞེངས་པའི་རྡོ་རྗེ་སེམས་དཔའ་ཁྱོད་བདག་ལ་རྗེས་སུ་བརྩེ་བར་མཛོད་ཅིག་ཅེས་པའོ། སརྦ་སིདྡྷི་མྨེ་པྲ་ཡཙྪ་ནི། སརྦ་ནི་ཐམས་ཅད་དང་། སིདྡྷི་ནི་དངོས་གྲུབ་དང་། སྨེ་ནི་བདག་ལ་དང་། པྲ་ཡཙྪ་ནི་སྩོལ་ཅིག་ཅེས་པའོ། དེ་བསྡོམས་ན། དངོས་གྲུབ་ཐམས་ཅད་བདག་ལ་སྩོལ། དེ་ལ་དངོས་གྲུབ་ལ་མདོར་བསྡུས་ན་གཉིས་ཏེ། མཆོག་ གི་དངོས་གྲུབ་དང་། ཐུན་མོང་གི་དངོས་གྲུབ་བོ། སྙིང་ནས་དད་པས་སྐྱབས་གནས་དཀོན་མཆོག་རྩ་བ་གསུམ་ལ་སྐྱབས་སུ་སོང་། རང་དོན་ཡིད་བྱེད་ཀྱི་འཁྲིས་མེད་པར་སྙིང་ཁོང་རུས་པའི་གཏིང་ནས་ གཞན་ཕན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད། ལམ་ཚོགས་གཉིས་སྨིན་གྲོལ་བསྐྱེད་རྫོགས་གཉིས་ལ་བློ་སྦྱངས་ནས། ལམ་ལྔ་ས་བཅུའམ་རིག་འཛིན་རྣམ་པ་བཞིའམ་སྣང་བཞི་མཐར་ཕྱིན་གྱི་ས་ ལམ་ཡོངས་སུ་རྫོགས་པ་བགྲོད་ནས། རང་དོན་དུ་སྤངས་རྟོགས་མཐར་ཕྱིན་པ་དང་། གཞན་དོན་མཁྱེན་བརྩེ་ནུས་གསུམ་མཐར་ཕྱིན་ནས་འཁོར་བ་མ་སྟོང་གི་བར་ཕྲིན་ལས་འབད་མེད་ལྷུན་གྲུབ་རྟག་


Page no: 14ཁྱབ་འགྱེད་པའི་རྫོགས་པའི་སངས་རྒྱས་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་སངས་རྒྱས་པ་ནི་མཆོག་གི་དངོས་གྲུབ་ཡིན་ནོ། ཐུན་མོང་གི་དངོས་གྲུབ་ནི། རྒྱུད་རྡོ་རྗེ་གུར་ལས། མིག་སྨན་དང་ནི་རྐང་ མགྱོགས་དང་། རལ་གྲི་དང་ནི་ས་འོག་གྲུབ། རིལ་བུ་དང་ནི་མཁའ་སྤྱོད་ཉིད། མི་སྣང་བ་དང་བཅུད་ཀྱིས་ལེན། ཞེས་གསུངས་པ་ལྟ་བུའི་གྲུབ་པ་བརྒྱད་དང་། གཞན་ཡང་། ནད་དང་མུ་གེ་མེ་ཆུ་ དམག་མཚོན། རྒྱལ་པོས་ཆད་པ། དུས་མིན་འཆི་བ་སོགས་འཇིགས་པ་བརྒྱད་ཞི་བ་དང་། ཚེ་དང་བསོད་ནམས། དཔལ་དང་གཟི་བརྗིད། འཁོར་དང་ལོངས་སྤྱོད་རྣམས་རྒྱས་པ་དང་། ཕ་དང་མ་ དང་། བླ་མ་དང་གྲོགས་པོ་ལྟར་དུ་མོས་པ་དབང་དུ་འདུས་པ་དང་། དགྲ་སྡེ་འཇིགས་པ་དང་། བསྐྲད་བསད་དགུག་སོགས་དྲག་པོའི་དངོས་གྲུབ་རྣམས་ནི་ཐུན་མོང་གི་དངོས་གྲུབ་བོ། མདོར་ན་མཆོག་ གི་དངོས་གྲུབ་སངས་རྒྱས་ཀྱི་གོ་འཕང་དང་། ཐུན་མོང་གི་དངོས་གྲུབ་གྲུབ་པ་ཆེན་པོ་བརྒྱད་དང་ཕྲིན་ལས་བཞིའི་དངོས་གྲུབ་འབད་མེད་དུ་སྩོལ་ཅིག་ཅེས་པའོ། སརྦ་ཀརྨ་སུ་ཙ་མེ་ནི། སརྦ་ནི་ཐམས་

Page no: 15ཅད། ཀརྨ་ནི་ལས། སུ་ནི་རྣམས། ཙ་ནི་ཡང་། མེ་ནི་བདག་སྟེ། དེ་བསྡོམས་ན། ལས་རྣམས་ཐམས་ཅད་ལའང་བདག། ཅེས་པའོ། དོན་ནི་ལས་ཐམས་ཅད་ལའང་ ཞེས་པ་ནི་རྡོ་རྗེ་སེམས་དཔའི་ཕྲིན་ལས་ཐམས་ཅད་ལའང་མངའ་དབང་འབྱོར། རྒྱས་པར་ནི་ཕྲིན་ལས་ཉེར་བདུན་ནམ་ཕྲིན་ལས་རྣམ་བཞི་དང་། བསྡུས་ན། རྟོགས་པས་བདག་རྒྱུད་གྲོལ། ཐུགས་རྗེས་ གཞན་རྒྱུད་གྲོལ། འབྲེལ་ཚད་དོན་དང་ལྡན་པའི་དངོས་གྲུབ་ཐམས་ཅད་བདག་ལ་སྩོལ་ཅིག་ཅེས་པའོ། ཙིཏྟཾ་ཤྲཱེ་ཡཾ་ཀུ་རུ་ཧཱུྃ་ནི། ཙིཏྟཾ་ནི་སེམས། ཤྲེ་ཡ་ནི་དགེ་བར། ཀུ་རུ་ནི་མཛོད་ཅིག། ཧཱུྃ་ནི་ཐུགས་ཡེ་ཤེས་ཆེན་པོ་མཚོན་པའོ། དེ་དག་བསྡོམས་ན། བདག་གི་སེམས་ནི་དགེ་བར་མཛོད། ཅེས་སོ། དོན་ནི་དེའང་ཐེག་པ་ཐུན་མོང་ལྟར་ན་ཇི་སྐད་དུ་ཆེད་དུ་བརྗོད་པའི་ཚོམས་ལས། ཆོས་རྣམས་སྔོན་དུ་ཡིད་འགྲོ་སྟེ། ཡིད་མགྱོགས་ཡིད་ནི་གཙོ་བོ་ཡིན། ཞེས་གསུངས་པ་ལྟར་ལས་ཐམས་ཅད་བྱེད་པ་པོ་ནི་སེམས་ཡིན་པའི་ཕྱིར་དུས་རྟག་ཏུ་དྲན་པ་དང་ཤེས་བཞིན་དང་བག་ཡོད་པའི་

Page no: 16སྒོ་ནས་སེམས་དགེ་བར་མཛོད་ཅིག་ཞེས་སྨོན་པའམ། ཐུན་མིན་ལྟར་ན་རྒྱུད་ལས། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། དུ་མའི་ཉམས་ཀྱིས་སྣ་ཚོགས་གར་མཛད་དོ། ཞེས་པ་ལྟར་བདེ་བ་ཆེན་ པོ་ཡེ་ཤེས་གཉུག་མའི་སེམས་ཀྱི་རྡོ་རྗེ་ཉིད་ཀྱི་རང་རྩལ་ལས་བརྟན་གཡོ་སྲིད་ཞིའི་གནས་སྣང་གི་བཀོད་པ་འདི་ཉིད་འཕྲུལ་ཞིང་ཅི་ཙམ་དུ་མར་ཤར་ནའང་། དོན་དུ་སེམས་ཉིད་བདེ་བ་ཆེན་པོ་རང་བྱུང་ རིག་པའི་ཀློང་ལས་ཕྱི་རོལ་ཏུ་ཅུང་ཟད་ཙམ་ཡང་འཕོས་པ་མི་སྲིད་པའི་ཕྱིར་རིག་པའི་ངང་དུ་གྲོལ་བ་ངེས་གསང་ཐེག་པ་ལས་མི་འདའ་བར་བསྐུལ་བ་སྟེ། རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེས། སྣང་ སྲིད་ཆོས་ཀུན་རིག་པའི་ཀློང་ལས་ཤར། ཤར་བ་ཉིད་ཀྱང་རིག་པའི་ཀློང་དུ་གྲོལ། ཞེས་གསུངས་པ་ལྟར་རོ། ཧཱུྂ་ནི་ཐུགས་སྲོག་ཡེ་ཤེས་ཀྱི་ངོ་བོ། སྡུག་བསྔལ་འཆོས་ཤིང་འཇོམས་པ། བདག་རྟོག་ གསོད་ཅིང་སྲིད་པའི་འཆིང་ཞགས་གཅོད་པར་བྱེད་པའི་རང་བཞིན་ཏེ། རྒྱུད་རྡོ་རྗེ་རྩེ་མོ་ལས། ཡི་གེ་ཧཱུྃ་ནི་ཅི་ཡིན་བརྗོད། སྡུག་བསྔལ་འཆོས་ཤིང་འཇོམས་པར་བྱེད། གདུག་པ་སྔགས་ཀྱིས་གསོད་

Page no: 17བྱེད་ཅིང་། སྲིད་པའི་ཞགས་པ་གཅོད་པར་བྱེད། ཧཱུྂ་ནི་མཆོག་ཏུ་དྲན་པར་བྱས། ཞེས་གསུངས་པ་ལྟར་རོ། ཐུན་མོང་མིན་པ་ལྟར་ན་ཧཱུྃ་ནི་རིག་སྟོང་ཟུང་འཇུག་གི་ཡེ་ཤེས་ རྫོགས་པ་ཆེན་པོ་སངས་རྒྱས་ཀྱི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་མཚོན་པ་སྟེ། དེ་ནི་ཡེ་ཤེས་ལྔ་དང་དེ་བཞིན་གཤེགས་པ་རིགས་ལྔ་ལ་རྒྱས་གདབ་པའམ་དེའི་ངང་དུ་གཞི་ལམ་འབྲས་ གསུམ་རྫོགས་པའམ་དེའི་སྤྱི་གཟུགས་ཉིད་ཡིན་པར་མཚོན་ཏེ། སློབ་དཔོན་ཆེན་པོ་ཕྱོགས་གླང་གིས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། ཡེ་ཤེས་དེ་ནི་དེ་བཞིན་གཤེགས། བསྒྲུབ་བྱའི་དོན་དང་ དེ་ལྡན་པས། གཞུང་ལམ་དག་ལ་དེ་སྨྲས་བསྙད། ཅེས་དང་། འཇམ་དཔལ་ཞལ་ལུང་ལས། རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས། ཡོངས་སུ་དག་སྐུ་རྡོ་རྗེ་འཆང་ཆེན་པོ། ཞེས་པ་གསུངས་ པ་ལྟར་རོ། ཧ་ཧ་ཧ་ཧ་ནི་གཞི་ལམ་འབྲས་བུའི་གནས་ལུགས་ཐད་ཀ་ནས་མངོན་པར་སྟོན་པའི་ཕྱིར་དུ་རྡོ་རྗེ་བཞད་པ་བརྒྱ་ལྡན་སྒྲ་དབྱངས་ཆེན་པོ་ཡིན་ཏེ། འདི་དག་གི་དོན་ནི་བསམ་གྱིས་མི་ཁྱབ་པའི་

Page no: 18རྡོ་རྗེའི་ཚིག་སྟེ། དེའང་ཐེག་པ་སྤྱི་ཁྱབ་ལྟར་ན་ནང་པའི་གྲུབ་མཐའ་བཞི། ནང་པའི་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི། གཙོ་བོ་ཐེག་པ་ཆུང་ངུ་ལྟར་ན་སྒོམ་པ་བདེན་པ་བཞི་དང་། གཙོ་བོ་ཐེག་པ་ ཆེན་པོ་ལྟར་ན་བྱང་ཆུབ་སེམས་ཀྱི་ངོ་བོ་ཚད་མེད་བཞི། ཐུན་མིན་གསང་སྔགས་རྡོ་རྗེ་ཐེག་པ་ལ་བསྐྱེད་རིམ་ལྟར་ན་ནང་རྡོ་རྗེ་ལུས་ཀྱི་རྩ་འཁོར་ལོ་བཞི། སྦྱང་བྱའི་གནས་སྐབས་བཞིའི་དྲི་མ་བཞི། སྦྱོང་བྱེད་དབང་བཞི། རྫོགས་རིམ་མཚན་བཅས་ལྟར་ན་དགའ་བ་བཞི། མཚན་མེད་ལྟར་ན་སྟོང་པ་བཞི། འབྲས་བུ་ལྟར་ན་སྐུ་བཞི་སོགས་བསམ་གྱིས་མི་ཁྱབ་པའི་གཞི་ལམ་འབྲས་བུའི་རྣམ་གཞག་ རྣམས་ཀྱང་དོན་དུ་རིག་སྟོང་ཟུང་འཇུག་རྡོ་རྗེ་སེམས་དཔའི་ངོ་བོར་རྟོགས་པའི་ཕྱིར་དང་། དེར་ཐམས་ཅད་འདུས་པ་འདི་ཤིན་ཏུ་ཡ་མཚན་པའོ། གྲུབ་མཐའ་བཞི་ནི། ཉན་ཐོས་བྱེ་བྲག་སྨྲ་བ་དང་། མདོ་སྡེ་པ་དང་། ཐེག་ཆེན་སེམས་ཙམ་པ་དང་། དབུ་མ་པའོ། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ནི། འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་དང་། མྱ་ངན་

Page no: 19འདས་པ་ནི་ཞི་བ་དང་། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའོ། བདེན་པ་བཞི་ནི། སྡུག་བསྔལ་བདེན་པ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མོ། ཚད་ མེད་བཞི་ནི། བྱམས་པ་ཚད་མེད་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་སོ། སློབ་པའི་ལམ་བཞི་ནི། ཚོགས་ལམ་དང་། སྦྱོར་ལམ་དང་། མཐོང་ལམ་དང་། སྒོམ་ལམ་མོ། རྩ་ འཁོར་ལོ་བཞི་ནི། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། སྙིང་ག་ཆོས་ཀྱི་འཁོར་ལོ། ལྟེ་བ་སྤྲུལ་པའི་འཁོར་ལོའོ། གནས་སྐབས་དྲི་མ་བཞི་ནི། སད་པ་དང་། རྨི་ ལམ་དང་། གཉིད་ཐུག་དང་། སྙོམས་འཇུག་གམ། ལུས་དང་། ངག་དང་། ཡིད་དང་། དེ་གསུམ་གྱི་བག་ཆགས་དྲི་མའོ། དབང་བཞི་ནི། བུམ་དབང་། གསང་དབང་། ཤེས་རབ་ཡེ་ཤེས་ དབང་། དོན་དམ་ཚིག་དབང་ངོ་། དེ་ལྟ་བ་ལ་སྦྱར་ན། ཀུན་མཁྱེན་ཀློང་ཆེན་པས་འདི་ལྟར་གསུངས་ཏེ། བུམ་དབང་གིས་སྣང་སེམས་སྒྱུ་མ་ལྟ་བུའི་སྐུར་གནས་པས་སེམས་ཙམ་གྱི་ལྟ་བ་རྟོགས།

Page no: 20གསང་དབང་གིས་ཆོས་ཐམས་ཅད་སྤྲོས་བྲལ་རབ་ཏུ་མི་གནས་པར་བསྟན་པས་དབུ་མའི་ལྟ་བ་རྟོགས། ཤེས་རབ་ཡེ་ཤེས་དབང་གིས་བདེ་སྟོང་དབྱེར་མེད་བསྟན་པས་གསང་སྔགས་ནང་པ་མ་ཧཱ་དང་ཨ་ནུ་ གཉིས་ཀྱི་ལྟ་བ་རྟོགས། ཚིག་དབང་གིས་བློ་འདས་རིག་པ་བྱང་ཆུབ་སེམས་སུ་བསྟན་པས་རྫོགས་པ་ཆེན་པོའི་ལྟ་བ་རྟོགས་སོ། དགའ་བཞི་ནི། དགའ་བ་དང་། མཆོག་དགའ་དང་། ཁྱབ་པར་དགའ་ བ། ལྷན་སྐྱེས་ཀྱི་དགའ་བའོ། སྟོང་པ་བཞི་ནི། སྟོང་པ་ཉིད་དང་། སྣང་སྟོང་ཟུང་འཇུག་དང་། སྤྲོས་བྲལ་སྟོང་པ་དང་། མཉམ་པ་ཆེན་པོའི་སྟོང་པའོ། ཡང་ན། ཡོད་པ། མེད་པ། གཉིས་ ཀ། གཉིས་མིན་སྟོང་པའོ། སྐུ་བཞི་ནི། སྤྲུལ་སྐུ། ལོངས་སྐུ། ཆོས་སྐུ། ངོ་བོ་ཉིད་སྐུའོ། ཧ་བཞི་རྒྱལ་བསྟན་རིམ་དགུའི་ཐེག། ལྟ་སྒོམ་སྤྱོད་འབྲས་ཀུན་ཀྱང་མཚོན། ཞེས་སོ། ཧོཿནི་ རྡོ་རྗེ་དགྱེས་པའི་བཞད་སྒྲ་ཆེན་པོའི་ཚིག་གཉིས་སུ་མེད་པའི་དོན་ཏེ། ཡུལ་གཟུགས་ལ་སོགས་པ་ཕྱི་རོལ་གྱི་ཁམས་དྲུག། ནང་མིག་གི་དབང་པོ་སོགས་ཁམས་དྲུག་དང་། གསང་བ་མིག་གི་རྣམ་པར་

Page no: 21ཤེས་པ་སོགས་ཤེས་པའི་ཁམས་དྲུག་ཕུང་པོ་ལྔ་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་ཀྱིས་བསྡུས་པའི་ཤེས་བྱའི་དངོས་པོ་ཀུན་ཡེ་ནས་སྣང་སྟོང་གསལ་སྟོང་བདེ་སྟོང་ རིག་སྟོང་ཟུང་འཇུག་ཆོས་དབྱིངས་ཐིག་ལེ་ཆེན་པོ་གཅིག་གི་ངོ་བོར་ཡེ་ནས་མཉམ་པ་ཆེན་པོར་བཟླུམ་ཟིན་པས་ན་ཡེ་སངས་རྒྱས་ཚར་བས་ད་གཟོད་གསར་དུ་སངས་རྒྱས་བསྒྲུབ་རྒྱུ་མེད་པའི་ཕྱིར་ཏེ། ཨོ་རྒྱན་སངས་རྒྱས་གཉིས་པའི་མན་ངག་ལྟ་ཕྲེང་ལས། དེའང་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་ལས་བདག་ཉིད་ཀྱང་ཡེ་ནས་ལྷའི་རང་བཞིན་ཡིན་གྱི་དུ་གསར་དུ་སྒྲུབ་པ་མ་ཡིན་ནོ། ཞེས་དང་། དེའང་རྫོགས་པ་ཆེན་པོ་ཀུན་བྱེད་རྒྱལ་པོའི་རྒྱུད་ལས། སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། ཇི་བཞིན་པ་ལ་འཆོས་པར་མ་བྱེད་ཅིག། སྔར་སངས་རྒྱས་པས་གསར་དུ་འཚང་རྒྱ་མེད། ཅེས་ སོགས་གསུངས་པ་ལྟར་རོ། བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་ནི། བྷ་ག་ཝཱན་ནི་བཅོམ་ལྡན་འདས། སརྦ་ནི་ཐམས་ཅད། ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཞེས་བྱ། དེ་བསྡོམས་ན། བཅོམ་ལྡན་དེ་

Page no: 22བཞིན་གཤེགས་པ་ཀུན། དེའི་དོན་ནི། བྷ་ག་ཝཱན་ནི། སྤྱིར་བཏང་སྐལ་ལྡན་ཞེས་པར་འཇུག་མོད། སྐབས་འདིར་ནི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དཔལ་ཕུན་སུམ་ཚོགས་པ་དེ་ ལ་འཇུག་པའི་ཕྱིར་ན། བཅོམ་ལྡན་འདས་ཞེས་བྱ་སྟེ་བདུད་བཞི་བཅོམ་པའི་ཕྱིར་དང་། ལེགས་པའི་ཡོན་ཏན་དྲུག་དང་ལྡན་པའི་ཕྱིར་དང་། སྲིད་ཞི་གཉིས་ཀའི་མཐའ་ལས་འདས་པའི་ཕྱིར་སྐབས་ འདིར་སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འོ། སརྦ་ནི་ཀུན། ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཞེས་པ་སྟེ། མཁའ་ཁྱབ་ཤེས་བྱའི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཇི་ལྟར་གནས་པ་དེ་ ཁོ་ན་ཉིད་གཟིགས་ནས། དེ་ལྟར་གཤེགས་པས་སངས་རྒྱས་པའི་ཕྱིར་ནས་དེ་བཞིན་གཤེགས་པ་ཞེས་བྱའོ། བཛྲ་མཱ་མེ་མུཉྩ་ནི། བཛྲ་ནི་རྡོ་རྗེ། མ་ནི་དགག་སྒྲ། མེ་ནི་བདག། མུཉྩ་དོར་ཅིག་ ཅེས་པ་སྟེ་དེ་རྣམས་བསྡོམས་ན། རྡོ་རྗེ་བདག་ནི་མ་དོར་ཅིག། ཅེས་བྱ་སྟེ། དེའང་སྒོ་གསུམ་སྣང་སྤྱོད་ཐམས་ཅད་ལྷ་སྔགས་ཆོས་ཉིད་མཉམ་པ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོར་སྨིན་པའི་ཕྱིར་ན་མཚན་རྟོག་

Page no: 23གཉིས་འཛིན་ཐམས་ཅད་ལྷག་མེད་དུ་འཇོམས་པའི་རྡོ་རྗེ་དམིགས་མེད་ཀྱི་སྙིང་པོ་དང་ཟུང་དུ་འཇུག་པའི་བདེ་བ་ཆེན་པོ་རིག་སྟོང་ཟུང་འཇུག་རྫོགས་པ་ཆེན་པོ་དེ་ལས་ནམ་ཡང་ མི་འདའ་བའམ་དེ་ཉིད་མ་བོར་མཛོད་ཅིག་ཅེས་པའོ། བཛྲི་བྷ་ཝ་ནི། བཛྲི་ནི་རྡོ་རྗེ་ཅན། བྷ་ཝ་ནི་མཛོད་ཅིག་ཅེས་པ་སྟེ། དེ་བསྡོམས་ན། རྡོ་རྗེ་ཅན་དུ་མཛད་དུ་གསོལ། དེའི་དོན་ནི། དེའང་སྔ་ མ་དང་སྦྱར་དགོས་ཏེ། མཚན་འཛིན་གྱི་རྣམ་པར་རྟོག་པ་ལྷག་མེད་དུ་འཇོམས་པའི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་རིག་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེན་པོ་རྡོ་རྗེ་ཅན་བདག་མཛོད་ཅིག་ཅེས་པའོ། མ་ ཧཱ་ས་མ་ཡ་སཏྭ་ཨཱཿནི། མ་ཧཱ་ནི་ཆེན་པོ། ས་མ་ཡ་ནི་དམ་ཚིག། སཏྭ་ནི་སེམས་དཔའ། ཨཱཿནི་གསུང་རྡོ་རྗེ་མཚོན་པའི་ཡིག་འབྲུའོ། དེ་བསྡོམས་ན། དམ་ཚིག་ཆེན་པོ་སེམས་དཔའ་གསུང་ ཞེས་པ་སྟེ་གོང་དུ་བཤད་པ་ལྟར། དེའང་སྤྱིར་ཐེག་པ་ཆེན་པོ་མདོ་སྔགས་སྤྱིའི་ལྟ་བའི་སྲོག་ཤིང་ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཆེན་པོ་ཟུང་དུ་འཇུག་ལྟ་བ་འདི་ཉིད་གཞིར་བཞག་པའི་སྟེང་

Page no: 24ནས། འབྲས་བུ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ལ་དགོངས་པའི་ཞེ་ཕུག་གཅིག་ཉིད་ཡིན་པ་ལ། བགྲོད་བྱེད་ལམ་གྱི་ཆ་ནས་མདོ་སྔགས་གཉིས་ལ། རྨོངས་དང་མ་རྨོངས་དང་། ཐབས་མང་ཉུང་དང་། དཀའ་ངལ་ཡོད་མེད་དང་། དབང་པོ་རྣོ་མི་རྣོ་བའི་ཁྱད་པར་ཡོད་པའི་ཕྱིར་ན་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཆེན་པོ་དང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་གཉིས་ལ། ཁྱད་པར་ཅུང་ཟད་ཡོད་པས་མིང་སོ་ སོར་འདོགས་ཏེ། དེའང་སློབ་དཔོན་ཏྲི་པི་ཊཀ་ཀས་ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། ཐབས་མང་དཀའ་བ་མེད་པ་དང་། དབང་པོ་རྣོན་པོའི་དབང་བྱས་ནས། སྔགས་ ཀྱི་ཐེག་པ་ཁྱད་པར་འཕགས། ཞེས་འབྱུང་བ་ལྟར་རོ། དེ་ལ་སྤྱིར་གསང་སྔགས་རྡོ་རྗེ་ཐེག་པ་འོག་མ་རྣམས་ཀྱི་སྒོ་གསུམ་གྱི་སྒྲིབ་པ་དག་ན་རྣམ་པར་དག་པའི་ལྷའི་ངོ་བོ་རུ་འགྱུར་རུང་འདོད་ཀྱི་ཡེ་ནས་ རྣམ་པར་དག་པའི་ལྷའི་ངོ་བོར་མི་འདོད་དོ། གསང་སྔགས་ལས་ཀྱང་གསང་ཆེན་ནང་རྒྱུད་སྡེ་གསུམ་གྱིས་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཡེ་ནས་གདོད་མ་ཉིད་ནས་དག་མཉམ་བདེན་པ་

Page no: 25དབྱེར་མེད་ཀྱི་དཀྱིལ་འཁོར་གསུམ་གྱི་ངོ་བོ་རིག་སྟོང་ཟུང་འཇུག་ཐིག་ལེ་ཉག་གཅིག་གི་ཀློང་དུ་མ་བཙལ་ཡེ་རྫོགས་ཀྱི་ཚུལ་དུ་རྫོགས་པའི་ཕྱིར་ན། ཡེ་གྲོལ་སྤང་བླང་དགག་ སྒྲུབ་སོགས་མཚན་འཛིན་ཐམས་ཅད་ཡེ་སངས་ཡེ་དག་ཆེན་པོ་ཡིན་ཏེ། སྨིན་གླིང་གཏེར་ཆེན་གྱིས་སྨོན་ལམ་རྡོ་རྗེའི་རྒྱ་མདུད་ལས། ཐིག་ལེ་ཆེན་པོར་སྐུ་དང་ཞིང་ཁམས་རྫོགས། དམ་ཚིག་ཆེན་ པོར་སྤང་བླང་མཚན་མ་དག། ཁྱབ་གདལ་ཆེན་པོར་རེ་དོགས་མདུད་པ་གྲོལ། རྫོགས་པ་ཆེན་པོའི་ཆོས་སྐུ་མངོན་གྱུར་ཤོག། ཅེས་གསུངས་པ་ལྟར་བཅོས་མའི་སྤང་བླང་དགག་སྒྲུབ་མཚན་འཛིན་ ཐམས་ཅད་ཡེ་ནས་མ་སྤངས་རང་གྲོལ་ཆེན་པོའི་ལྟ་བ་དེ་ཉིད་རྟོགས་ན་དམ་ཚིག་ཆེན་པོའི་སེམས་དཔའ་འམ་དམ་ཚིག་ཆེན་པོ་འཛིན་པའི་སྙིང་སྟོབས་ཅན་ཡང་དེ་ཡིན་པར་བསྟན་པའོ། ཨཱཿནི་གསུང་རྡོ་ རྗེའི་ངོ་བོ་སྟེ། དེ་ཉིད་བརྗོད་མེད་བརྗོད་པ་ཀུན་གྱི་རྒྱུ་རུ་གྱུར་པའི་གཞོམ་མེད་ན་དཱའི་སྒྲ་དབྱངས་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་གསུང་གསང་བ་བསམ་གྱིས་མི་ཁྱབ་པའི་གདུལ་བྱ་རྣམས་ལ་གསུང་

Page no: 26རབ་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་ཞི་བསིལ་བདུད་རྩིའི་ཆར་ཆེན་འབེབས་པའི་གསུང་རྡོ་རྗེའི་ངོ་བོ་དེ་ཡིན་པར་སྟོན་པ་མཚོན་པའི་ཕྱིར་དང་། མ་ཟད་ཡི་གེ་བརྒྱ་པ་འདི་ནི་ཕྱོགས་བཅུ་དུས་བཞིའི་ སངས་རྒྱས་ཐམས་ཅད་གསུང་རྡོ་རྗེ་སྔགས་ཀྱི་ཡིག་འབྲུའི་ཚུལ་དུ་སྤྲུལ་པ་ཡིན་པར་སྟོན་པའི་ཕྱིར་ན་ཐ་མར་གསུང་རྡོ་རྗེའི་རང་གཟུགས་ཡིག་འབྲུ་ཨཱཿཉིད་བསྟན་པ་ཡིན་ཏེ། འཇམ་མགོན་མི་ཕམ་རིན་ པོ་ཆེས། ཡེ་ཤེས་སྐུ་ཡི་བདག་ཉིད་རིག་པའི་ལྷ། གྲུབ་པ་བཞི་ལྡན་སྔགས་ཀྱི་ཚུལ་ཤར་བས། རྩ་གནས་ཡི་གེ་འཁོར་ལོར་བྱིན་བརླབས་ཏེ། རླུང་སྔགས་དབྱེར་མེད་རྡོ་རྗེའི་གསུང་འགྲུབ་ཤོག། ཞེས་གསུངས་པ་ལྟར། གང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་གྱུར་ན། གདུལ་བྱ་རྣམས་འདུལ་བའི་ཕྲིན་ལས་ཆེན་པོ་ནི་གསུང་རྣམ་པ་ཐམས་ཅད་པ་ཆེན་པོ་གསུང་རྡོ་རྗེ་འདི་སངས་རྒྱས་ དངོས་ཡིན་པ་དེ་ཉིད་སྟོན་པའི་ཆེད་དུ་ཐ་མར་གསུང་རྡོ་རྗེའི་ཡིག་འབྲུ་ཨཱཿསྨོས་པའོ། གཞན་ཡང་ཡིག་བརྒྱ་འགའི་མཐར་ཧཱུྃ་ཕཊ྄ཿཀྱང་ཡོད་པ་དེའང་ཧཱུྃ་རིག་སྟོང་ཟུང་འཇུག་ལྷུན་གྲུབ་ཀྱི་ཡེ་ཤེས་ཆེན་པོ་

Page no: 27དང་། ཕཊ྄་ནི་ཐ་མལ་མཚན་རྟོག་ཐམས་ཅད་ཐད་ཀར་གཅོད་པའི་ཁྲེགས་གཅོད་ཆེན་པོ་ཟུང་དུ་འཇུག་པའི་ལྟ་བ་ཉིད་ཡིན་པར་སྟོན་ལ། ཡིག་བརྒྱའི་ཐོག་མར་སྐུ་རྡོ་རྗེ་ མཚོན་པའི་ཡིག་འབྲུ་ཨོཾ་དང་། མཇུག་ཏུ་གསུང་རྡོ་རྗེའི་ཡིག་འབྲུ་ཨཱཿདང་། ཐ་མར་ཐུགས་རྡོ་རྗེའི་ཡིག་འབྲུ་ཧཱུྃ། བཀའ་བརྒྱད་བདེར་གཤེགས་འདུས་པ་ལས། ཕྱོགས་བཅུའི་སངས་རྒྱས་དེ་བཞིན་ གཤེགས། རིགས་ལྔ་རིགས་བརྒྱ་ཇི་སྙེད་རྣམས། གསང་ཆེན་རིགས་གཅིག་འདི་ལ་འདུས། སྙིང་པོ་ཡི་གེ་འབྲུ་གསུམ་གྱིས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འཐོབ། ཅེས་དང་། མཉམ་པ་ཆེན་ པོའི་ཡིག་འབྲུ་ཕཊ྄་ཀྱིས་སྣང་སྲིད་སྣོད་བཅུད་ཀྱི་དངོས་པོ་འདི་དག་གྲྭ་མ་ཉམས། སྤུ་མ་བརྗེས་པར་ཐད་ཀར་ཆོས་སྐུ་ཀུན་ཏུ་བཟང་པོའི་དགོངས་པ་རིག་སྟོང་རང་བྱུང་གི་ཡེ་ཤེས་བཞི་ཆ་སུམ་བྲལ་གྱི་ངོ་བོ་ ལས་དུས་རྟག་ཏུ་མི་གཡོ་བར་ལ་བཟླས་ཏེ་ངང་བསྐྱངས་ན་གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་པོའི་གོ་འཕང་དམ་པར་སྐད་ཅིག་མ་གཅིག་ཏུ་འཚང་རྒྱས་སྟོན་པ་མཚོན་པའི་ཆེད་དུ་ཡིན་ཏེ།

Page no: 28འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། སྐད་ཅིག་གཅིག་ལ་རྫོགས་སངས་རྒྱས། ཞེས་གསུངས་པ་ལྟར་རོ།

མཇུག་བསྡུས།

[edit]

སླར་སྨྲས་པ། གཟུང་འཛིན་རྣམ་པར་རྟོག་པའི་མཚན་ རྟོག་བརྒྱ། སྟོང་ཆེན་མཉམ་པ་ཆེན་པོར་དག་པའི་སྐུ། རང་སྣང་ཞི་ཁྲོ་དམ་པ་རིགས་བརྒྱའི་གཙོ། བཅོམ་ལྡན་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཆེ། ཚེ་གཅིག་གྲོལ་བ་སྟེར་བའི་རྡོ་རྗེའི་ལམ། རྡོ་རྗེའི་ གསུང་གང་ཐ་མལ་སྣང་ངོ་ལ། མངོན་དུ་སྣང་བའི་གསུང་གི་རྡོ་རྗེ་ཆེ། རྡོ་རྗེའི་ཡི་གེ་བརྒྱ་པ་འདི་ཉིད་རྨད།

བཤགས་པ།

[edit]

མཚན་འཛིན་རྣམ་པར་རྟོག་པའི་རང་སྣང་ལས། མཚན་མེད་གསུང་གི་རྡོ་རྗེའི་ཡིག་བརྒྱ་ ལ། མཚན་རྟོག་འགྲེལ་པ་བྲིས་རློམ་ནོར་འཁྲུལ་འབུམ། མཚན་མེད་ཆོས་དབྱིངས་ཆེན་པོའི་ཀློང་དུ་བཤགས།

བསྡོ་སྨོན།

[edit]

འདིར་འབད་དགེ་བས་བདག་དང་ཕ་མས་གཙོས། འགྲོ་ཀུན་ལས་ཉོན་རྣམ་རྟོག་ དྲྭ་བ་འབུམ། ཐབས་ཤེས་རྡོ་རྗེ་དྲིལ་བུའི་མཚོན་ཆེན་ཐོགས། རྡོ་རྗེ་སེམས་དཔའི་གོ་འཕང་ཆེ་ཐོབ་ཤོག། ཅེས་པ་འདིའང་སྲིད་པ་གསུམ་གྱི་ལྷ་མིའི་སྟོན་མཆོག་ཟས་གཙང་སྲས་པོ་དང་། སངས་རྒྱས་གཉིས་པ་པདྨ་སཾ་

Page no: 29བྷའི་གསུང་རབ་དྲི་མ་མེད་པའི་ལམ་བཟང་ལ་སྙིང་ནས་དྭངས་འདོད་ཡིད་ཆེས་ཀྱི་སྒོ་ནས་རྗེས་སུ་འཇུག་རློམ་རྒྱལ་ཁམས་པ་རྙིང་མཁན་མིང་འཛིན་དཔལ་ལྡན་ཤེས་རབ་ཅེས་པས། རྒྱུ་དང་མི་རྒྱུ་དབྱར་ཀྱི་ དགའ་སྟོན་ལོངས་སྤྱོད་པའི་དུས་སུ། ནུབ་ཕྱོགས་ཨ་མི་རི་ཀའི་གྲོང་ཁྱེར་ཕི་ལོ་རི་ད་ཏཱ་ལའི་ཕྲེང་བའི་ནུབ་ལྗོངས་སུ། མནྡཱ་ར་ཝའི་གཙུག་ལག་ཁང་དུ། ཕྱི་ལོ་༡༩༨༧ ཟླ་བ་དགུ་པའི་ཚེས་༢༠ ལ་བྲིས་པས་ཀྱང་ཡུན་རིང་ཞུ་དག་ མ་གྱུར་པར་ནར་འགྱང་གྱུར་པ་ལ། དད་ལྡན་ཨ་ནས་ཡང་ཡང་ནན་བསྐུལ་ལྟར་སླར་ཡང་དཔལ་ལྡན་པདྨ་བསམ་ཡས་གླིང་དུ་ཅུང་ཟད་བཅོས་ཞུས་བྱས་ཏེ་བྲིས་པའི་དགེ་བས་བདག་སོགས་འགྲོ་རྣམས་སྒོ་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་ ཀློང་དུ་བཟླུམ་པའི་རྒྱུར་གྱུར་ཅིག།